Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 178

Văn bản gốc(Tây Tạng)

Trang 12 / 21 (50.000 ký tự/trang)
ལང་བློ་མི་སྐྱེ་བ་མིན། །བག་ཆགས་སད་བྱེད་དེ་མིན་ཕྱིར། །དེ་ལ་བ་ལང་བློར་མི་འགྱུར། །རྟ་དེ་ནི་བ་ལང་ཉིད་
ཀྱི་བག་ཆགས་སད་པར་བྱེད་པ་མ་ཡིན་པའི་ཕྱིར། དེ་ལ་བ་ལང་གི་བློ་མེད་པ་ཡིན་ཏེ། བ་ལང་ཞེས་བྱ་བའི་བརྡ་ནི་དེ་ཉིད་ལ་གྲུབ་པའི་ཕྱིར་རོ། །བ་ལང་ཉིད་མེད་པ་ལས་ནི་མ་ཡིན་གྱི་འོན་ཀྱང་དེ་འདྲ་བའི་འདུས་བྱས་པ་མེད་པའི་ཕྱིར་རོ། །གང་གིས་དེ་ཡོད་དམ་འོན་ཏེ་མ་ཡིན་ཞེས་རྣམ་པར་གཞག་
པར་བྱ་བ་སྤྱིའི་རྣམ་པ་གསལ་བ་ལས་ཐ་དད་པ་ནི་དེ་ལ་རྟོགས་པ་མེད་དོ། །དེའི་ཕྱིར་སྤྱི་ནི་མ་བརྟགས་ན་ཉམས་དགའ་བར་གྲགས་པ་ཙམ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །གལ་ཏེ་དོན་དམ་པ་མ་ཡིན་ན་བ་ལང་ཉིད་དང་། རྟ་ཉིད་ཕན་ཚུན་ལྡོག་པར་ཇི་ལྟར་འགྱུར་ཞེ་ན། ཕན་ཚུན་ལྡོག་པ་ནི་
རྟོགས་པ་ཉིད་དམ་གསལ་བ་ཉིད་ཡིན་ནོ། །གལ་ཏེ་གསལ་བ་མེད་ཀྱང་བརྡར་རྩོལ་བ་ཙམ་ལས་ཐམས་ཅད་ལ་སྤྱིའི་བློ་འབྱུང་བ་མ་ཡིན་ན་ནི་དེའི་ཚེ་ལྡོག་པ་ལས་སྤྱི་ནུས་པ་མེད་པར་མི་འགྱུར་བ་ཡིན་ནོ། །སྤྱི་ནི་ཁྱབ་པ་ཡིན་ཏེ་དེས་ན་ཐམས་ཅད་དུ་སྤྱིའི་བློ་སྐྱེ་བ་ཡིན་ནོ་ཞེ་ན། རབ་རིབ་ཅན་གྱིས་ཉེ་
བར་དམིགས་པའི་སྐྲ་ཤད་ལ་སོགས་པ་ཡང་དེ་ལྟ་བུ་ཁོ་ནར་ཐལ་བར་འགྱུར་རོ། །གཞན་གྱིས་མ་མཐོང་བའི་ཕྱིར་མ་ཡིན་ནོ་ཞེ་ན། སྤྱི་ཡང་དེའི་རྩོལ་བ་ལ་སོགས་པ་དང་བྲལ་བས་མི་རྟོགས་པ། དེ་ལ་ཡང་སྐྱོན་དུ་འགྱུར་རོ། །དེ་ཡོད་ན་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་
ཏེ། སྐྲ་ཤད་ལ་སོགས་པ་ཡང་རབ་རིབ་ཡོད་ན་གཞན་གྱིས་ཅི་ལྟར་མི་དམིགས། རབ་རིབ་ཀྱིས་ཉམས་པའི་ཕྱིར་དེ་ཁོ་ན་མ་ཡིན་པ་དམིགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ཁོ་ན་མ་ཡིན་པ་ཞེས་བྱ་བ་ནི་ཅི་ཞིག །དབང་པོ་ཉམས་པས་དམིགས་པར་བྱ་བ་ཉིད་དོ་ཞེ་ན། ཅི་ལྟར་ཉམས་པ་
ཡིན། དེ་ཁོ་ན་ཉིད་མ་ཡིན་པ་ལ་དམིགས་པར་བྱེད་པ་ཉིད་དོ་ཞེ་ན། འདི་ནི་ཕན་ཚུན་བསྟེན་པའི་ཉེས་པར་འགྱུར་རོ། །གཞན་ཡང་སྤྱི་ཡང་ཕྱིན་ཅི་ལོག་གི་བག་ཆགས་སད་པས་ཉམས་པར་བྱས་པའི་ནང་གི་བྱེད་པས་དམིགས་པ་ཡིན་པའི་ཕྱིར་འདི་ནི་མཚུངས་སོ། །གལ་ཏེ་ཁྱབ་བྱེད་ཡིན་པའི་

ཕྱིར། །སྤྱི་མི་ལྡོག་པ་ཉིད་ཅེ་ན། །རབ་རིབ་ཅན་གྱི་རྣམ་ཤེས་ཀྱི། །རྟོགས་བྱའམ་ཁྱབ་བྱེད་ཉིད་དུ་འགྱུར། །གལ་ཏེ་དབང་པོ་ཉམས་པ་ཡིས། །འཛིན་ཕྱིར་སྦྲང་བུ་མི་བདེན་ན། །མི་བདེན་པ་ཉིད་མ་གྲུབ་པར། །ཉམས་པ་རབ་ཏུ་འགྲུབ་མི་འགྱུར། །ཉམས་པ་བདེན་པ་མ་ཡིན་པས།
དོན་བྱེད་གྲུབ་པ་མིན་ཞེ་ན། །དེ་ཡི་འཛིན་བྱེད་ཉམས་པ་འདི། །སྤྱི་ལའང་མཚུངས་པར་འགྱུར་བ་ཡིན། །དེས་ན་སྤྱི་ནི་དོན་བྱེད་ནུས་པ་མ་ཡིན་ཏེ། ཤེས་པ་ཙམ་ལའང་ནུས་པ་མེད་པའི་ཕྱིར་རོ། །དེ་བརྡ་རྩོལ་བ་ལ་སོགས་པ། །ནང་གི་ཡན་ལག་རྗེས་འཇུག་ཕྱིར། །བུམ་པ་ལ་
འདེགས་སྤྱི་དང་ནི། །གྲངས་སོགས་བློས་ནི་བཤད་པ་ཡིན། །གཟུགས་དང་རོ་དང་དྲི་དང་རེག་པའི་རྟེན་བུམ་པའི་ཡན་ལག་ཅན་གྱི་རྫས་སོ། །འདེགས་པ་ནི་བྱ་བའོ། །གྲངས་ནི་ཡོན་ཏན་ནོ། །འདི་ལའོ་སྙམ་པའི་བློ་ནི་འདུ་བའི་ཡུལ་ཅན་ཡིན་ཏེ། དེའི་གཟུང་བ་ནི་འདུ་བའོ། །དེ་དག་
གི་བློ་གང་ཡིན་པ་དེ་ཡང་བརྡ་རྩོལ་བ་ལ་སོགས་པ་ནང་གི་རྒྱུ་ཙམ་ལ་རག་ལས་པ་ཡིན་གྱི། ཡུལ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནི་མ་ཡིན་ནོ། །འདི་ལྟར། གཟུགས་སོགས་ལས་ནི་ཐ་དད་པར། །རྫས་ཞེས་བྱ་བ་ཡོད་མིན་ཏེ། །བུམ་པའི་བདག་ལ་བུམ་པའི་བློ། །རྗེས་འགྲོ་
ལྡོག་པ་ཡོད་མ་ཡིན། །མིག་ལ་སོགས་པའི་བློས་ནི་གཟུགས་ལ་སོགས་པ་འབའ་ཞིག་དམིགས་ཏེ། དེས་ན་དེ་མ་དམིགས་པས་སད་པར་བྱས་པ་ཐོག་མ་མེད་པའི་བག་ཆགས་ཀྱི་མཚན་ཉིད་རང་གི་རྒྱུ་ཁོ་ན་ལས་འདི་བུམ་པའོ་སྙམ་དུ་གཅིག་ཉིད་དུ་མངོན་པར་ཞེན་པའི་བློ་སྐྱེ་བར་སྐྱེ་བོས་ཉམས་སུ་
མྱོང་བ་ཡིན་གྱི། བུམ་པ་ལ་སོགས་པ་རྫས་ཀྱི་ངོ་བོ་ཉིད་གཞན་ནི་ཡོངས་སུ་བརྟགས་ན་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །གལ་ཏེ་རྫས་ནི་མཐོང་བའམ་རེག་པས་ཡོངས་སུ་གཅོད་པ་མ་ཡིན་ནམ། རྫས་ནི་རྣམ་པ་གཉིས་ཏེ་བལྟ་བར་བྱ་བ་དང་རེག་པར་བྱ་བའོ་ཞེ་ན། དེ་ཡང་མི་རིགས་
ཏེ། འདི་ལྟར། རྫས་དེ་གཟུགས་ལས་གཞན་མིན་པའམ། །འོན་ཏེ་བཟློག་པར་འཛིན་པ་ཡིན། །གཞན་མ་ཡིན་པས་འཛིན་ན་ནི། །གཟུགས་ཉིད་གཟུགས་ལྡན་ཡོད་མ་ཡིན། །གཞན་དུ་རིག་པ་ཡིན་ན་བློ། །རྣམ་པ་གཉིས་སུ་མྱོང་འགྱུར་ན། །རྣམ་པ་གཉིས་སུ་སྣང་བར་ནི། །མིག་

ཤེས་ཙམ་ལས་འགྱུར་བ་མིན། །ཅི་སྟེ་བུམ་པའོ་སྙམ་པའི་བློ་ནི། གཟུགས་སོ་སྙམ་པ་མ་ཡིན་ན། དེས་ན་རིག་པ་ཐ་དད་པ་ཅི་ལྟར་མེད། འདི་ལྟར། བུམ་པའམ་སྣམ་བུ་དམར་སྙམ་པའི། །བློ་ནི་འཁྲུལ་པ་མེད་པ་ཡིན། །དོན་འཇིག་བྱེད་པའི་རྒྱུ་མཚན་
ཡང་། །རིག་པ་ལས་གཞན་ཡོད་མ་ཡིན། །གལ་ཏེ་གཟུགས་ཙམ་རིག་པ་ཡིན་ན་ནི། དམར་པོའོ་སྙམ་པ་ཁོ་ནར་འགྱུར་གྱི་བུམ་པའོ་སྙམ་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། དམར་པོ་དང་ནི་མི་དམར་བའི། །དོན་ལ་བུམ་པར་ཐ་སྙད་བྱེད། །བུམ་པ་དང་ནི་བུམ་མིན་པའི། །དོན་
ཡང་དམར་པོའི་སྒྲ་ཡིས་བརྗོད། །དེས་ན་རྗེས་འགྲོ་ལྡོག་པ་ལས། །ཐ་དད་ཡོངས་སུ་བརྟགས་ནས་ནི། །ཐ་དད་དོན་དུ་སྟོན་བྱེད་ཀྱི། །དངོས་པོ་དེ་བཞིན་གནས་མ་ཡིན། །ཞེས་བྱ་བ་འདི་ནི་གཞན་དུ་དཔྱད་ཟིན་ཏོ། །ཅི་སྟེ་གལ་ཏེ་ཡན་ལག་ཅན་མེད་པར་གཟུགས་ལ་སོགས་པ་འབའ་
ཞིག་ཡིན་ལ། གང་ལ་གཟུགས་ཡོད་པ་དེ་ཉིད་ལ་རེག་པ་ཡོད་དོ་ཞེས་བྱ་བའི་བློར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་གྱི་ན་སྟེ། ཚོགས་པ་གཅིག་ལ་རག་ལས་དང་། །འབྲས་བུ་གཅིག་ལ་མཁོ་བའི་ཕྱིར། །ཚོགས་པ་གཅིག་ཏུ་རབ་བརྟགས་པས། །གང་ལ་དེ་ལ་ཞེས་བྱར་རྟོག །དམག་
གང་ལ་གླང་པོ་ཆེ་ལ་སོགས་པ་ཡོད་པ་དེ་ལ་སྐྱེས་བུ་ཡོད་པ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་གང་ན་པ་ལ་ཤ་ལ་སོགས་པ་ཡོད་པའི་ནགས་དེ་ཉིད་ལ་སེང་ལྡེང་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་མེད་དམ་ཅི། སྐྱེས་བུ་ལ་སོགས་པ་ལས་ཐ་དད་པའི་དམག་གམ། པ་ལ་ཤ་ལ་སོགས་
པ་ལས་ཐ་དད་པའི་ནགས་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཚོགས་པ་གཅིག་ལ་རག་ལས་པ་ཉིད་དམ་འབྲས་བུ་གཅིག་པ་ཉིད་ཀྱི་ཕན་ཚུན་མ་བྲལ་བ་ལ་བརྟེན་པ་ན་སྐྱེ་བོས་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་ཕན་ཚུན་ཐ་དད་པ་མེད་པའི་ལུས་སུ་གྱུར་པའི་གཟུགས་ལ་སོགས་པ་
ཉིད་ཡན་ལག་ཅན་ཡིན་ཏེ། གཟུགས་ལ་སོགས་པའི་བུམ་པ་དང་ཀ་བ་ལ་སོགས་པ་བཞིན་དུ་ཕན་ཚུན་ཐ་དད་པ་མ་ཡིན་ནོ། །ཡན་ལག་ཅན་ནི་ནགས་ཚལ་ལ་སོགས་པ་ལྟར་ཐ་སྙད་ཙམ་ནི་མ་ཡིན་ནོ། །དེའི་ཡན་ལག་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྟགས་པས་དེ་ལྟར་

བཞག་པ་ཡིན་ནོ། །འདི་ལྟར་མཐོང་བ་གང་ཡིན་པ་དེ་ཉིད་ལ་རེག་གོ་ཞེས་བྱ་བ་ལ་སོགས་པ་དང་། ཡུལ་ཐ་མི་དད་པར་ཡང་རྟོགས་པ་ཡིན་ནོ། །གཟུགས་ཀྱི་ཡུལ་སྤངས་ནས་རེག་པའམ་མྱངས་པར་རྟོགས་པའི་བློ་ནི་མེད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། གལ་ཏེ་གཟུགས་སོགས་
ཕན་ཚུན་དུ། །རང་བཞིན་ཐ་དད་མེད་གྱུར་ན། །གཟུགས་སོགས་དབྱེ་བ་གང་ལས་ཡིན། །དེ་ཉིད་གཞན་དུ་ཅི་ལྟར་འགྱུར། །དེ་ཉིད་ནི་གཞན་མ་ཡིན་ཏེ། སྣང་བ་ཐ་མི་དད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་གཅིག་པོ་དེ་ཉིད་དབང་པོ་ཐ་དད་པས་གཟུང་བའི་ཕྱིར་ཐ་དད་པ་ལྟ་བུར་རྟོགས་
པ་ཡིན་ཏེ་མིག་གི་དབང་པོས་རྟོགས་ན་ནི་གཟུགས་ཉིད་ཡིན་ལ། ལུས་ཀྱིས་རྟོགས་ན་ནི་རེག་བྱ་ཉིད་དང་ལྕེས་རྟོགས་པ་ན་ནི་རོ་ཉིད་ཡིན་ནོ་ཞེ་ན། །དེ་ནི་མི་བདེན་ཏེ། འཛིན་པའི་དབྱེ་བས་གཅིག་པ་ཡི། །དངོས་ཉིད་གཞན་དུ་རྟོགས་སམ་ཅི། །འོན་ཏེ་ཐ་དད་རྟོགས་པའི་ལམ་དུ་
གནས་པ་ཐ་དད་ཉིད། རེ་ཞིག་གཅིག་ཉིད་དོ་ཞེས་བྱ་བ་ལ་ནི་ཚད་མ་མེད་དོ། །གཅིག་ཉིད་ནི་འཛིན་པའི་བྱེ་བྲག་གིས་ཐ་དད་པར་རྟོགས་པ་མ་ཡིན་ཏེ་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་གཞན་དུ་འཛིན་པ་མེད་པས་རྟེན་མེད་པ་དེ་ཉིད་མ་འཁྲུལ་བར་བརྗོད་དོ་ཞེ་ན། དེ་ནི་དེ་ལྟར་དོན་
དམ་ཉིད། །ཡིན་པར་ཅི་ཡི་ཕྱིར་མི་རྟོག །ཐ་མི་དད་པར་རྟོགས་པ་ནི། །མེད་པའི་ཕྱིར་ན་རྟོགས་མ་ཡིན། །ཅི་སྟེ་ཡང་ཐ་དད་པ་ཡུལ་གཅིག་པ་དང་། མི་འབྲེལ་བ་ཇི་ལྟར་འགྱུར་སྙམ་ན། དེ་ནི་རྟོགས་པར་སླ་སྟེ་འདི་ལྟར། དེ་ལས་གཞན་དུ་སྣང་མེད་ཕྱིར། །ཡུལ་ནི་ཡུལ་ཅན་ལས་གཞན་
མིན། །ཡུལ་ཅན་སྣང་བར་ཐ་དད་ཕྱིར། །གང་ལས་ཐ་དད་མེད་པ་ཡིན། །ཡུལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དག་ལས་གཞན་མ་ཡིན་ནོ། །དེ་དེ་དག་ལ་ཐ་དད་པ་ཡང་། ཐ་དད་པར་སྣང་བ་ཉིད་ལས་ཡིན་གྱི། ཡུལ་ཐ་དད་པས་ནི་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་
ཕྱིར་མི་རྟོགས་པ་ཉིད་དུ་འགྱུར་རོ། །རང་གི་ངོ་བོས་ཐ་དད་ན་ནི་གཟུགས་ལ་སོགས་པ་ཡང་ཐ་དད་པ་ཉིད་དོ། །སྣང་བའི་རང་བཞིན་ལས་རང་བཞིན་གཞན་ནི་ཡོད་པ་མ་ཡིན་ནོ། །སྣང་བ་ཡང་ཐ་དད་པ་ཁོ་ནའོ། །གཟུགས་སྣང་བ་ཉིད་ནི་དེ་སྣང་བ་མ་ཡིན་ཏེ། དབང་པོ་གཞན་དོན་མེད་པར་

ཐལ་བར་འགྱུར་བ་དང་སྣང་བ་ཐ་མི་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དབང་པོ་ཐ་དད་པའི་ཕྱིར་ཐ་དད་དོ་ཞེ་ན། དེ་ནི་མི་བདེན་ཏེ། དབང་པོ་ཐ་དད་ཀྱང་ཐ་མི་དད་པ་ཐ་དད་པར་སྣང་བ་ནི་མ་ཡིན་ཏེ། དེ་ལྟར་ཡིན་ན་ནི་ཐ་མི་དད་པ་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་བའི་
ཕྱིར། ཡན་ལག་ཅན་ནི་གཟུགས་ལ་སོགས་པ་ཙམ་དུ་ཐལ་བར་འགྱུར་རོ། །གལ་ཏེ་དབང་པོའི་མཐུ་ལས་གཞན་དུ་གྱུར་པའི་དོན་ཡང་རྣམ་པ་གཞན་དུ་རྟོགས་པ་ཡིན་ན་ནི་མིག་སེར་ཅན་ལ་དུང་སེར་པོར་སྣང་བ་བཞིན་དུ་འཁྲུལ་པ་ཉིད་དུ་འགྱུར་རོ། །ཅི་སྟེ་མི་སླུ་བའི་ཕྱིར་མ་འཁྲུལ་བ་ཉིད་དོ་
སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མི་སླུ་བ་ཡང་སྣང་བ་ཉིད་ཡིན་པས་དེ་ཡང་དབང་པོའི་ཁྱད་པར་ཉིད་ལས་སྣང་བའི་རྣམ་པ་དེ་ལྟར་འགྱུར་བ་དེའི་ཕྱིར་ན་དེ་ཡང་འཁྲུལ་པ་ཁོ་ན་ཡིན་པས་ཇི་ལྟར་མ་གྲུབ་པ་འགྲུབ་པར་འགྱུར། མི་སླུ་བའམ་གཞན་གྱི་སྣང་བ་ནི་དབང་པོས་བྱས་པ་ཡིན་པ་
ན་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་རྟོགས་པ་མེད་པའི་ཕྱིར་དོན་ཞེས་བྱ་བ་མེད་པས་ཡན་ལག་ཅན་གྱི་སྒྲུབ་པར་བྱེད་པ་ནི་ལེགས་པ་ཁོ་ན་ཞིག་གོ། །དོན་མེད་པར་སྒྲུབ་པར་བྱེད་པ་ནི་ཡན་ལག་ཅན་གྱི་སྒྲུབ་བྱེད་མ་ཡིན་ཏེ། དེ་ནི་དོན་གྱི་ཁྱད་པར་ཉིད་དུ་འདོད་པའི་ཕྱིར་རོ། །
དེའི་ཕྱིར་དབང་པོའི་བྱེད་པ་ལས་ནི་གཅིག་དུ་མར་སྣང་བ་མ་ཡིན་ཏེ། འོན་ཀྱང་གཟུགས་ལ་སོགས་པ་ནི་དུ་མ་ཉིད་དོ། །དེའི་ཕྱིར་གཅིག་ཏུ་རྟོགས་པ་ནི་ནང་གི་བྱེད་པ་ལ་རག་ལས་པ་ཉིད་དོ། །འདེགས་པའི་རྟོགས་པ་ཡང་ལག་པ་ལ་སོགས་པའི་སྐད་ཅིག་ཡུལ་གཞན་དང་གཞན་དུ་སྐྱེ་བ་
ཡིན་ནོ། །འདེགས་སོ་སྙམ་པ་ནི་ནང་གི་བྱེད་པ་ཉིད་ལས་དེའི་ཚོགས་པ་འབའ་ཞིག་ལ་རྟོགས་པས་སྒྲོ་འདོགས་པ་ཡིན་གྱི། ཡུལ་གྱི་སྟོབས་ཀྱིས་འབྱུང་བ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་ནི་སྔ་མ་དང་ཕྱི་མའི་སྐད་ཅིག་རྣམས་ཀྱིས་གསལ་བར་བྱ་བའི་ལས་ཉིད་འདེགས་པའི་ཤེས་པའི་ཡུལ་
ཡིན་ནོ་ཞེ་ན། མ་ཡིན་ཏེ། སྤྱི་ནི་གསལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །ལས་ཉིད་ཀྱི་སྤྱི་ནི་ལས་ཀྱི་གསལ་བ་རྣམས་ཀྱིས་གསལ་བར་བྱ་བ་ཡིན་གྱི་དོན་གྱི་སྐད་ཅིག་རྣམས་ཀྱིས་ནི་མ་ཡིན་ནོ། །ལག་པ་ལ་སོགས་པའི་སྐད་ཅིག་མའི་གསལ་བ་ལ་བརྟེན་པའི་ལས་ཀྱི་གསལ་

བ་གཞན་ནི་ཡོད་པའམ་དམིགས་པ་མ་ཡིན་ལ། གསལ་བ་གཞན་གྱིས་ཀྱང་སྤྱི་གསལ་བར་བྱ་བ་མ་ཡིན་ནོ། །འོན་ཏེ་ལས་ཉིད་ཀྱི་རིགས་ལག་པ་ལ་སོགས་པའི་སྐད་ཅིག་གིས་གསལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། སྐད་ཅིག་རེ་རེས་གསལ་བར་བྱ་བ་མ་ཡིན་པའི་ཕྱིར་
རོ། །འདེགས་པ་ཉིད་ལ་སོགས་པའི་སྐད་ཅིག་གཅིག་གིས་གསལ་བར་བྱ་བ་མ་ཡིན་ཏེ། སྐད་ཅིག་དང་པོ་ཁོ་ནར་རྟོགས་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ལས་ཉིད་ཀྱི་རིགས་ནི་དུས་ཅིག་ཅར་དུ་གསལ་བར་བྱ་བ་མ་ཡིན་ནོ། །བརྡ་སྤྲོད་པ་བས་ནི་གདོན་མི་ཟ་བར་གཞན་གྱི་གྲུབ་པའི་མཐའི་རྗེས་སུ་
འཇུག་པར་བྱ་བ་ནི་མ་ཡིན་ཏེ། ཁོ་བོ་ཅག་གི་ལྟ་བ་རྣམ་པར་གནས་པ་ནི་འདི་ཁོ་ནའོ་སྙམ་ན་དེ་ནི་མི་བདེན་ཏེ། གལ་ཏེ་རིགས་རེ་རེས་གསལ་བ་མ་ཡིན་ན་འོ་ན་ནི་སྤྱིས་གསལ་བར་བྱ་བར་འགྱུར་ཏེ། རྣམ་པ་གཞན་མེད་པའི་ཕྱིར་རོ། །གོམས་པ་ལས་གཅིག་གིས་གསལ་བར་འགྱུར་རོ་ཞེ་
ན། འོ་ན་ནི་གོམས་པ་ཉིད་ནང་གི་རྒྱུ་ཡིན་པའི་ཕྱིར་ཤེས་པ་དེ་ཡུལ་གྱི་སྟོབས་ཀྱིས་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་ལྡན་པའི་རྣམ་པར་དབྱེ་བའི་ཤེས་པ་ལ་ཡང་བརྗོད་པར་བྱའོ། །དེ་སྐད་དུ་ཡང་། གྲངས་ལྡན་པ་ལ་སོགས་པ་དང་། །དེ་ལྡན་རང་གི་ངོ་བོ་དང་། །བརྗོད་པ་ལས་ནི་ཐ་དད་པའི། །
ངོ་བོ་བློ་ལ་སྣང་བ་མེད། །ཅེས་བཤད་པ་ཡིན་ནོ། །གལ་ཏེ་དོན་བྱེད་པར་མི་ནུས་པ་ཞེས་བྱ་བ་སྤྱིའི་མཚན་ཉིད་མ་ཡིན་ནམ་དེས་ན་སྐྲ་ཤད་ལ་སོགས་པ་ཡང་དོན་བྱེད་མི་ནུས་པའི་ཕྱིར་སྤྱིར་ཐལ་ལོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། སྐྲ་ཤད་སོགས་ནི་སྤྱི་མིན་ཏེ། །དོན་དུ་ཞེན་པ་མེད་ཕྱིར་
རོ། །ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །རང་གི་མཚན་ཉིད་ཀྱིས་བདག་ཉིད་ཀྱི་དོན་ཉིད་སྤྱིའི་རང་བཞིན་དུ་རྟོགས་པ་ན་སྤྱི་ཡིན་ནོ། །གལ་ཏེ་འདི་རང་གི་མཚན་ཉིད་ཡིན་ན་དོན་བྱ་བ་བྱེད་པའི་ཕྱིར་ཇི་ལྟར་སྤྱི་ཡིན་ཏེ། སྤྱི་ནི་དོན་བྱ་བ་བྱེད་པ་མེད་པ་ཡིན་པའི་ཕྱིར་རོ། །
དོན་བྱེད་པ་མེད་པ་ནི་དོན་དུ་ཡང་ཇི་ལྟར་འགྱུར་ཏེ། དོན་བྱེད་པ་ཉིད་ཀྱིས་དོན་ཡིན་པའི་ཕྱིར་རོ། །དོན་བྱ་བ་བྱེད་པ་དང་། ཅིག་ཤོས་གཉི་ག་ནི་གཅིག་ལ་ཡོད་པར་མི་འགྱུར་རོ་ཞེ་ན། འདི་ནི་འཐད་པར་དཀའ་བ་མ་ཡིན་པའི་ཕྱིར་ཏེ། དངོས་སུ་དོན་བྱེད་མི་ནུས་དང་། །བརྒྱུད་པ་ཡིས་ནི་ནུས་

པའི་ཕྱིར། །དེ་ནི་སྤྱི་དང་དོན་ཉིད་དང་། །ནུས་པ་དང་ནི་ནུས་མེད་ཉིད། །སྤྱི་ནི་དོན་དུ་ཞེན་པའི་ཕྱིར། །དོན་ཡིན་ཏེ། དོན་དམ་པར་ནི་དོན་མེད་པ་ཉིད་དོ། །འདིའི་དོན་ཉིད་ནི་ཉེ་བར་བཏགས་པ་ཡིན་ཏེ། བརྒྱུད་ནས་དོན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་
སྒྲའི་ཡུལ་སྤྱི་ཡིན་ཏེ། ཆུ་ཀླུང་གི་འགྲམ་ན་ཁ་རའི་ཕུང་པོ་ཡོད་དོ་ཞེས་བྱ་བ་ནི་བརྒྱུད་ནས་ཀྱང་དོན་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། དེ་སྤྱི་མིན་མོད་ངེད་ལ་ནི། །ཆད་པ་ཅི་ཡོད་སྒྲ་རྣམས་ནི། །ཚད་མ་མིན་པར་སྒྲུབ་པའི་ཕྱིར། །མཆོག་ཏུ་ལེགས་པར་འགྱུར་བ་ཉིད། །འདི་ལྟར་སྤྱི་ནི་
ཁོ་བོ་ཅག་ཚད་མའི་ཡུལ་དུ་འདོད་པ་ཡིན་ནོ། །གལ་ཏེ་དེ་ཡང་ཚད་མའི་ཡུལ་ཡིན་ན་ནི། སྒྲ་ཚད་མར་འགྱུར་རོ། །འོ་ན་ཇི་ལྟར་སྒྲའི་ཡུལ་སྤྱི་ཡིན་པར་བརྗོད་ཅེ་ན། སྤྱི་ཁོ་ན་སྒྲའི་ཡུལ་ཡིན་ནོ་ཞེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་སྤྱི་ནི་སྒྲའི་ཡུལ་ཁོ་ན་ཡིན་གྱི། ཡུལ་མ་ཡིན་པ་ནི་མེད་དོ་ཞེས་
བྱ་བ་ཡིན་ནོ། །སྒྲའི་ཡུལ་ཉིད་ཀྱིས་ནི་རྗེས་སུ་འགྲོ་བའི་རྣམ་པ་ཉིད་མཚོན་པ་ཡིན་ནོ། །དེ་བཞིན་དུ་ཡུལ་མ་ཡིན་པ་རང་གི་མཚན་ཉིད་ཞེས་ཏེ། སྐྲ་ཤད་ལ་སོགས་པ་རང་གི་མཚན་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། སྒྲ་འགའིའང་ཡུལ་མ་ཡིན་པ་ནི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདིར་ཡང་
རང་གི་མཚན་ཉིད་ཁོ་ན་ཡུལ་མ་ཡིན་པ་ནི་མ་ཡིན་གྱི་འོན་ཀྱང་རང་གི་མཚན་ཉིད་ནི་ཡུལ་མ་ཡིན་པ་ཁོ་ནའོ། །སྒྲའི་ཡུལ་མ་ཡིན་པ། སྒྲ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ནི་ཚད་མ་མ་ཡིན་པ་ཉིད་དོ། །འདི་ལྟར། ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་སྤྱི་ཡི་མཚན་ཉིད་ནི། །
བྱ་སྟེ་ཡུལ་གྱི་དབྱེ་བ་ཡིས། །དེ་ལ་ཐ་དད་སྒྲུབ་པ་ཡིན། །དེ་ཡི་ཡུལ་ཉིད་ཐ་དད་པར། །བསྒྲུབ་བྱ་ཉིད་དུ་འདོད་པ་ཡིན། །དེས་ན་ཚད་མའི་ཡུལ་མིན་པ། །ཡུལ་ཉིད་དུ་ནི་ཇི་ལྟར་འགྱུར། །གལ་ཏེ་དོན་ཉིད་སྤྱི་ཡིན་ན་དངོས་པོ་མེད་པ་ནི་སྤྱི་ཉིད་དུ་མི་འགྱུར་ཏེ་དོན་གྱིས་སྟོང་པའི་ཕྱིར་རོ། །
དེ་ནི་ཡུལ་མ་ཡིན་པ་ཡང་མ་ཡིན་ཏེ། མི་དམིགས་པའི་ཡུལ་ཡིན་པའི་ཕྱིར་རོ། །སྤྱིའི་ངོ་བོ་ཡང་ཡིན་ཏེ། སྔ་ན་མེད་པ་དང་ཞིག་ནས་མེད་པ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་ནི་དང་པོ་མེད་པ་དང་། དེ་ལྟར་མེད་པ་ཞེས་གསལ་བས་ཁྱབ་པར་བྱེད་པ་

ཡིན་པའི་ཕྱིར་རོ་ཞེ་ན། དེ་ལ་ཡང་ལན་དུ། ཤེས་བྱར་འཛིན་ཕྱིར་ཞེས་བྱ་བ་ཡིན་ཏེ། དངོས་པོ་མེད་པ་ཡང་རྣམ་པ་འགའ་ཞིག་གིས་ཤེས་བྱ་ཉིད་ཡིན་ནོ། །གཞན་གྱི་དངོས་པོ་ཉིད་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ལ་དེ་ཡང་དོན་བྱ་བ་བྱེད་པ་ཁོ་ནའོ། །ཡང་ན་དེ་ཡང་
ཚད་མས་ཡོངས་སུ་གཅད་པར་བྱ་བ་ཉིད་དོ། །དགོས་པ་ཡོད་པའི་ཕྱིར་ནུས་པ་ཡང་ཡིན་ནོ། །དངོས་པོ་མེད་པས་ཀྱང་དགོས་པར་འགྱུར་བ་ཉིད་དེ་དོགས་པ་མེད་པར་འགྲོ་བའི་དོན་ཡིན་པའི་ཕྱིར་རོ། །དེས་ན་དེ་ལ་དོན་དུ་མོས་པ་ཡོད་པའི་ཕྱིར་དངོས་པོ་མེད་པ་ནི་རང་གི་ངོ་བོས་དོན་ཁོ་ནའོ། །སྐྲ་ཤད་
ལ་སོགས་པ་ནི་མ་ཡིན་ཏེ། འཁྲུལ་པའི་ཤེས་བྱ་ཉིད་དུ་ཡོངས་སུ་དཔྱོད་པའི་ཕྱིར་རོ། །གལ་ཏེ་སྐྲ་ལ་སོགས་པ་ཡང་གང་གི་ཚེ་འདི་ལྟ་བུར་གྱུར་པའི་སྐྲ་ལ་སོགས་པ་འདི་ནི་མི་བདེན་ནོ་ཞེའམ། བདེན་པའི་སྐྲ་དང་འདྲ་བའོ་ཞེས་ཤེས་པ་དེའི་ཚེ་དེ་ལ་ཡང་རང་དང་རྗེས་སུ་མཐུན་པའི་དགོས་པ་མི་
བདེན་པའི་རྒྱུ་མཚན་ཅན་གེགས་མེད་པར་འགྲོ་བ་ལ་སོགས་པ་ཡོད་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་དེ་དག་ཀྱང་ཚད་མའི་ཡུལ་ཉིད་དུ་འགྱུར་རོ། །ཅི་སྟེ་དེ་ལྟར་ཡོངས་སུ་བཅད་པ་ནི་སྤྱིའི་རང་བཞིན་ཁོ་ནའོ་སྙམ་ན། དེ་ལྟ་ན་ནི་གསལ་བར་སྣང་བ་ཉིད་དུ་མི་འགྱུར་རོ། །གསལ་བར་སྣང་བ་ཉིད་ཀྱིས་དོན་
ཡིན་ན་ནི་རང་གི་མཚན་ཉིད་ཡིན་པས། དེའི་ཤེས་པ་དོན་མེད་པ་ཅན་དུ་མི་འགྱུར་བའི་ཕྱིར་མ་འཁྲུལ་བར་འགྱུར་རོ་ཞེ་ན། བཤད་པ། དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། །སྐྲ་སོགས་ཞེས་བྱའི་བློ་དག་ནི། །སྤྱི་ཡི་སྤྱོད་
ཡུལ་ཅན་ཡིན་ལ། །སྐྲ་སྣང་དོན་མེད་ཅན་ཡིན་ནོ། །གལ་ཏེ་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ལ་སོགས་པ་ཡང་མི་བདེན་པར་ཡོངས་སུ་གཅོད་པ་དེའི་ཚེ། མི་བདེན་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། དོན་བྱེད་པའི་ཤེས་པའམ་སྐྱེས་བུ་གཞན་གྱིས་མ་དམིགས་པའི་ཕྱིར། དེས་དམིགས་པར་
རུང་བ་ཉིད་མེད་པར་ཡོངས་སུ་བཅད་པས་ན་དངོས་པོ་མེད་པར་གཞལ་བྱ་ཉིད་ཡིན་ནོ། །དེས་ན་དངོས་པོ་མེད་པ་ཉིད་དུ་གཞལ་བར་བྱ་བ་ནི་སྤྱིའི་མཚན་ཉིད་དུ་བཀག་པ་མེད་པ་ཁོ་ནའོ། །ཡང་གང་གི་ཚེ་འདི་ནི་སྐྲ་ལ་སོགས་པ་གཞན་དང་འདྲ་བ་ཡིན་ནོ་སྙམ་པ་དེའི་ཚེ་ཤེས་པའི་རང་བཞིན་ལ་འདྲ་བར་ཐ་སྙད་

བྱེད་པའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་ཉིད་ཡིན་པས་སྐྲ་ལ་སོགས་པ་གཞལ་བྱ་ཉིད་ཡིན་ནོ། །འོ་ན་ཇི་ལྟར་སྤྱི་གསལ་བར་སྣང་བ་ཡིན་ཞེ་ན། ཤེས་པའི་རང་བཞིན་གྱིས་དོན་ཡིན་པའི་ཕྱིར་ན་ནི་རང་གི་མཚན་ཉིད་ཁོ་ནའོ། །དེ་ལྟར་ན་མངོན་སུམ་
དུ་འགྱུར་རོ་ཞེ་ན། འགྱུར་བ་ཁོ་ན་སྟེ་རང་རིག་པའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །ཅི་ལྟར་སྤྱིའི་རང་ཉིད་ཡིན་ནོ་ཞེ་ན། རྣམ་པར་རྟོག་པའི་ཤེས་པ་གཞན་གྱིས་སྔར་གྱི་སྒྲ་ལ་སོགས་པ་དང་འདྲ་བར་ཡུལ་དུ་བྱས་པའི་ཕྱིར་རོ། །འདི་ལྟར། རབ་རིབ་ཅན་ཤེས་རྟོགས་བྱ་བ། །སྐྲ་
སོགས་བདེན་མིན་སྔོན་ཆད་ནི། །དེ་བཞིན་ཉིད་དུ་དམིགས་པའི་ཕྱིར། །ཡང་ན་ཚུལ་མཐུན་ཕྱིར་འདྲ་ཡིན། །བདེན་པ་ལས་བཟློག་པའམ། འདྲ་བ་ཉིད་ནི་སྔོན་རང་བཞིན་གྱིས་རྗེས་སུ་འབྲང་བ་མེད་ན་མི་འགྱུར་བ་ཡིན་ཏེ། དེས་ན་འདྲ་བ་དང་མི་བདེན་པ་དག་ནི་རྣམ་པར་རྟོག་པས་གཅད་པར་
བྱ་བ་ཡིན་ནོ། །སྔ་མ་དང་ཕྱི་མའི་རང་བཞིན་ལ་འཇུག་པ་ནི་རྣམ་པར་རྟོག་པ་མེད་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དེས་ན་ལྐོག་ཏུ་གྱུར་པ་ཉིད་ཀྱིས་སྤྱི་ཡིན་ནོ། །འོ་ན་དོན་མེད་པའི་ཤེས་པ་གང་ཡིན་ཞེ་ན། སྐྲར་སྣང་བའི་དབང་པོའི་རྣམ་པར་ཤེས་པ་ནི་དོན་མེད་པ་ཡིན་ནོ། །བསམ་
པ་ནི་རང་རིག་པ་ལ་ནི་མངོན་སུམ་ཡིན་ལ། སྐྲ་ལ་སོགས་པའི་རང་བཞིན་ལ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་རྗེས་སུ་དཔག་པ་དང་། དབང་པོའི་ཤེས་པ་ནི་དོན་མེད་པའོ་ཞེས་རྣམ་པར་དབྱེ་བ་ཡིན་ནོ། །དེ་ཉིད་དབང་པོའི་ཤེས་པ་ཡིན་ལ་དེ་ཉིད་རང་རིག་པ་མ་ཡིན་ནམ། རང་རིག་པའི་
རྣམ་པར་ཤེས་པ་ལས་གཞན་དབང་པོའི་ཤེས་པ་ནི་མེད་དོ། །རང་རིག་པ་དེ་ཉིད་དབང་པོ་ལ་བརྟན་ནས་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེ་ན། དོན་ལ་དེ་ནི་དབང་ཤེས་ཡིན། །དོན་མེད་ན་ནི་འཁྲུལ་པར་འདོད། །རང་རིག་དབང་པོ་ལས་མིན་ཏེ། །དེ་མེད་པར་ཡང་འཇུག་ཕྱིར་རོ། །གང་ཞིག་མེད་
ཀྱང་གང་འབྱུང་བ་དེ་ནི་དེའི་རྒྱུ་ནི་དེ་མ་ཡིན་ནོ། །དབང་པོ་མེད་ན་རང་རིག་པ་ཡོངས་སུ་གསལ་བར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ཡང་མི་བདེན་ཏེ། རང་རིག་པ་ཐམས་ཅད་ནི་རང་གི་ངོ་བོས་གསལ་བ་ཡིན་ནོ། །གང་ཞིག་གང་ལ་རང་གི་ངོ་བོ་དངོས་སུ་བྱེད་པའི་རྣམ་པར་སྣང་བ་དེ་གསལ་བ་

ཡིན་ནོ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་རང་གི་རང་བཞིན་ཡང་དངོས་སུ་སྣང་བ་ཡིན་ནོ། །རང་གི་ངོ་བོ་ཉིད་ནི་ལྐོག་ཏུ་གྱུར་པ་མ་ཡིན་ཏེ་རང་གི་ངོ་བོ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་མི་གསལ་བ་ཐམས་ཅད་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །རྨི་ལམ་གྱི་ཤེས་པ་དབང་པོ་མེད་ཀྱང་
གསལ་བའི་རང་བཞིན་ཡིན་ནོ། །དེས་ན་དབང་པོ་ནི་དོན་ཉིད་ལ་འཇུག་པར་བྱེད་པ་ཡིན་ལ། དེ་མེད་ན་ནི་དོན་མེད་པ་ཅན་ཉིད་དོ། །དེས་ན་སྐྲའི་ཤེས་པ་ནི་དོན་མེད་པ་ཅན་ཡིན་ཏེ། དེ་ལ་སྐྲ་ཐོབ་པ་ནི་མེད་དོ། །དེའི་ཕྱིར་དོན་ལ་ལྟོས་ནས་དོན་མེད་པ་ཅན་ཡིན་ནོ་ཞེས་བྱ་བར་གདེང་བ་
ཡིན་ནོ། །གལ་ཏེ་ཤེས་པའི་རང་བཞིན་གྱི་དོན་ཡིན་ན་སྤྱི་ཡང་རང་གི་མཚན་ཉིད་དང་། གསལ་བར་སྣང་བར་ཐལ་བའི་ཕྱིར་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ལྟར། གལ་ཏེ་སྤྱི་ནི་ཤེས་ངོ་བོས། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །དོན་གྱི་
ངོ་བོ་ཉིད་ཀྱིས་སྤྱི། །ཤེས་པའི་རང་བཞིན་ཉིད་ཀྱིས་ན་རང་གི་མཚན་ཉིད་དང་གསལ་བར་སྣང་བ་ནི་སྤྱི་ལ་ཡོད་པ་ཉིད་དོ། །དེའི་གསལ་བར་སྣང་བ་ཉིད་ནི་དེ་ལྟ་བུར་གྱུར་པ་ཁོ་ན་ཡིན་ནོ། །དོན་ནི་མི་གསལ་བ་ཉིད་དུ་འགྱུར་བ་ཡིན་ཏེ། གཞན་ལ་ལྟོས་ནས་གཞན་མི་གསལ་བར་སྣང་བ་ཉིད་
དུ་སྣང་བའི་ཕྱིར་རོ། །ཤེས་པའི་རྣམ་པ་ནི་དེ་ཉིད་ཡིན་ཏེ། གང་ལ་ལྟོས་ནས་དེ་མི་གསལ་བ་ཉིད་དུ་བརྗོད་པར་འབྱུང་། དེའི་ཕྱིར་རང་གི་ངོ་བོ་གསལ་བར་སྣང་བའི་ཕྱིར་མི་གསལ་བ་ཉིད་དུ་ག་ལ་འགྱུར། རྣམ་པ་ཐམས་ཅད་སྣང་བ་གང་ཡིན་པ་འདི་ཉིད་གསལ་བ་ཉིད་ཡིན་ནོ། །དོན་
གྱི་རང་བཞིན་ནི་གཞན་ཡིན་པའི་ཕྱིར། དེ་མི་སྣང་ན་མི་གསལ་བ་ཉིད་དུ་སྣང་བ་ཡིན་ནོ། །འོ་ན་དེ་ཇི་ལྟར་དེ་སྤྱི་ཉིད་དང་། མི་གསལ་བར་སྣང་བ་ཡིན་ཞེ་ན། བཤད་པ་ཕྱི་རོལ་གྱི་དོན་གྱི་ངོ་བོ་ཉིད་ཀྱིས་སྤྱི་ཉིད་དོ། །དཔྱད་པས་ན་ངོ་བོ་སྟེ་ངེས་པར་བརྟགས་པ་ཞེས་བྱ་བའོ། །དོན་དུ་
ངེས་པར་བརྟགས་པས་སྤྱི་ཉིད་དང་། དོན་མི་གསལ་བར་སྣང་བ་ཉིད་དོ། །དེ་མི་གསལ་བ་ཉིད་དང་སྤྱིའི་རྣམ་པ་ནི་ལྐོག་ཏུ་གྱུར་པ་ཉིད་ཀྱིས་ཡིན་ནོ། །འདི་ལྟར། ཀུན་ལ་ངོ་བོ་མཚུངས་ཕྱིར་དང་། །དེ་ལྡོག་པ་ལ་བརྟེན་ཕྱིར་རོ། །རྣོ་བ་དང་ཞན་པ་དང་དྲག་པ་དང་། ཙན་དན་གྱི་ལ་སོགས་

པ་ཐམས་ཅད་ལ་ངོ་བོ་མཚུངས་པ་ཉིད་དེ། སྣང་བ་དང་བརྟགས་པའི་དོན་གཅིག་ཏུ་བྱས་པའི་ཕྱིར་གཅིག་ཉིད་དུ་ལྷག་པར་ཞེན་པས་དེ་ཐུན་མོང་ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་ལྟར་མཚུངས་པ་རྣམས་ཀྱི་ངོ་བོ་ཡིན་པས་ནི་དེ་སྤྱི་ཉིད་དུ་ཉེ་བར་རྟོགས་པ་ཡིན་ནོ། །
ཤེས་པའི་རྣམ་པ་ཡང་གསལ་བ་དེའི་རང་བཞིན་དུ་ཞེན་པ་ཡིན་ནོ། །ཁྲ་བོ་ལ་སོགས་པ་གསལ་བ་མཐའ་དག་ལ་གནས་པ་ཉིད་ཀྱིས་སྤྱིའི་རྣམ་པར་གྱུར་པའི་ཤེས་པའི་རྣམ་པ་ཁྱད་པར་དུ་གྱུར་པ་ནི་ཀུན་རྫོབ་ཏུ་སྤྱིའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟར་ལྷག་པར་ཞེན་པའི་ཕྱིར་རོ། །དེ་ལ་དེ་ལས་
སྐྱེས་པའི་ལྷག་པར་ཞེན་པའི་རྒྱུ་ནི་བག་ཆགས་ཀྱི་ཁྱད་པར་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །དེ་ནི་ལྡོག་པའི་ཁྱད་པར་དེ་ལ་བརྟེན་ནས་བྱུང་བའི་ཕྱིར་རོ། །དེ་ནི་བརྒྱུད་ནས་ལྡོག་པའི་དོན་ལ་བརྟེན་ནས་སྐྱེས་པའི་ཕྱིར་དང་། ལྡོག་པའི་དོན་རྣམས་ལ་འཇུག་པར་བྱེད་པ་
ཡིན་པའི་ཕྱིར་རོ། །ལྡོག་པ་དེ་ཉིད་ནི་སྤྱི་ཡིན་ཏེ། ལྡོག་པ་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་དང་། ལྡོག་པ་དང་འབྲེལ་པས་དོན་གྱི་རྣམ་པ་ཡང་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་ལྟར་རྣམ་པ་སྤྱི་ཡིན། གཟུགས་ལ་སོགས་པ་ཉིད་ཁྱད་པར་མེད་པས་རྗེས་སུ་དཔག་
པའི་སྤྱོད་ཡུལ་གྱི་སྤྱི་མ་ཡིན་ནམ། གསལ་བ་གཞན་མ་སྤངས་པའི་གསལ་བ་ཉིད་སྤྱིར་བརྗོད་པ་ཡིན་ཏེ། གསལ་བ་མཐའ་དག་སྤངས་ནས་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་ཚད་མར་ཁས་ལེན་པས་ནི་གདོན་མི་ཟ་བར་མཚོན་ཟིན་པས་
མཚོན་པ་ཉིད་ཀྱིས་གསལ་བ་ཡུལ་ཉིད་དུ་ཁས་བླང་བར་བྱ་དགོས་ཀྱི། རྣམ་པ་ཙམ་གྱི་མཐར་ཐུག་པ་ནི་མ་ཡིན་ཏེ། འཇུག་པར་བྱེད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྤྱི་འབའ་ཞིག་འཛིན་པ་ལ་ཡང་སྐྱོན་འདི་ཉིད་ཡིན་ནོ། །དེའི་ཕྱིར་ཤེས་པའི་རང་བཞིན་གྱི་དོན་སྤྱིར་སྨྲ་བ་
རྣམས་ཀྱི། ཤེས་པའི་རྣམ་པ་དེ་ལས་གསལ་བ་རྗེས་སུ་དཔག་པའི་ཕྱིར་སྤྱིའི་རྗེས་སུ་དཔག་པས་གསལ་བའི་ཡུལ་ཅན་དུ་འགྱུར་རོ། །དེ་ལ་སྤྱིས་ཀྱང་གསལ་བ་དཔོག་པ་ནི་མ་ཡིན་ཏེ། དེ་ལ་ཡང་སྤྱི་སྣང་བར་འགྱུར་བའི་ཕྱིར་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པའི་དོན་མེད་

པ་ཉིད་དོ། །སྤྱི་བརྒྱུད་པ་དེ་ཙམ་དུ་ཟད་པ་ནི་མ་ཡིན་ཏེ། སྤྱི་ལས་སྤྱི་རྗེས་སུ་དཔོག་ཅིང་དེ་ལས་ཀྱང་སྤྱི་གཞན་དཔོག་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་མཐར་ཡང་གསལ་བ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་གསལ་བ་ཉིད་སྤྱི་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར།
བརྗོད་པ་ཉིད་ཕྱིར་ཏེ་དངོས་མིན། །དབང་སོགས་འབྲས་བཅས་ཉིད་ཕྱིར་རོ། །མིང་སོགས་བརྗོད་ན་འཆད་པ་པོ། །ཉན་པོ་བརྗོད་བྱ་རྗེས་འབྲེལ་ཕྱིར། །མིང་སོགས་འབྲེལ་པ་མེད་པ་ཅན། །དོན་ལ་འཇུག་པར་མི་འགྱུར་རོ། །སྤྱིའི་གཟུགས་ལ་སོགས་པ་ཉིད་ནི་སྤྱིའི་ཤེས་པས་རྟོགས་པའི་
སྤྱི་མ་ཡིན་ནོ། །གཟུགས་ལ་སོགས་པ་རེ་རེའམ་མཐའ་དག་སྤྱིའི་ཤེས་པས་རྟོགས་གྲང་། གལ་ཏེ་མཐའ་དག་རྟོགས་ན་ནི་དེའི་ཚེ་དབང་པོའི་ཚོགས་འབྲས་བུ་མེད་པར་འགྱུར་ཏེ། སྒྲ་ལས་སྐྱེས་པའི་སྤྱིའི་ཤེས་པ་གང་ཡིན་པ་དེས་གསལ་བའི་རང་བཞིན་ཐམས་ཅད་རྟོགས་པའི་ཕྱིར་
རོ། །མིག་ལ་སོགས་པ་དབང་པོའི་ཚོགས་ནི་གསལ་བ་རྟོགས་པའི་དོན་དུ་འདོད་པ་ཡིན་ན། གསལ་བ་དེ་ནི་མིག་ལ་སོགས་པ་དང་བྲལ་ཡང་རྟོགས་པའི་ཕྱིར་དབང་པོས་ཅི་ཞིག་བྱ། དབང་པོ་ནི་བདེ་བའི་དོན་དུ་འདོད་པ་ཡིན་ཏེ། འདི་ལྟར་དབང་པོ་ལ་བརྟེན་ནས་འགྱུར་བའི་བདེ་བ་དེ་ནི་
གཞན་དུ་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། དེ་ཡང་སྒྲ་ཉིད་ལས་རྟོགས་པའི་ཕྱིར་རོ། །དབང་པོ་མེད་པར་སྒྲ་ལས་ནི། །བདེ་སྐྱེ་མ་ཡིན་བདེ་སྐྱེ་བར། །རྟོགས་ཙམ་ཡིན་ན་སྒྲ་ལས་ཀྱང་། །བདེ་བ་དེ་ཉིད་སྐྱེ་བ་ཡིན། །གལ་ཏེ་དེ་ཡང་རྟོགས་སམ་ལས། །བདེ་བ་སྐྱེ་བ་མེད་ཅེ་ན། །
བདེ་བ་སྐྱེ་བའི་ངོ་བོར་ནི། །རྟོགས་པ་ཅི་ལྟར་དེ་མ་ཡིན། །གལ་ཏེ་བདེ་བ་སྐྱེ་བའི་རང་བཞིན་དུ་རྟོགས་ཀྱང་དེ་ལྟར་མ་ཡིན་ན། དེ་ལྟར་གྱུར་ན་ནི་རྟོགས་པ་གཞན་ལ་ཡང་ཅི་ཞིག་ཡིད་བརྟེན་དུ་ཡོད། རྟོགས་པར་གྱུར་པ་ཁོ་ན་ཡོད་པ་ཡིན་ནོ། །འོན་ཏེ་དབང་པོའི་ཚོགས་དོན་མེད་པ་ཡིན་ཡང་
ལས་ཀྱི་དབང་གིས་སྐྱེས་པ་ཡིན་ནོ་ཞེ་ན། སྐྱེས་སུ་ཆུག་མོད་མིག་ཞར་ཡང་གཟུགས་མཐོང་བས་དེ་འབྲས་བུ་མེད་པ་ཉིད་དུ་རྟོགས་པར་འགྱུར་དགོས་ན། དེ་ལྟ་ན་ནི་མ་ཡིན་ནོ། །དེའི་ཕྱིར་གསལ་བ་ཉིད་སྒྲ་ལས་རྟོགས་པ་ནི་མ་ཡིན་ནོ། །དེས་ན་གཟུགས་ལ་སོགས་པའི་རང་བཞིན་ནི་སྤྱི་མ་

ཡིན་ནོ། །དེ་ལྟ་ན་ནི་འོ་ན་མིང་ལ་སོགས་པའི་རང་བཞིན་དུ་འགྱུར་བ་ཡིན་པས་དབང་པོའི་ཚོགས་འབྲས་བུ་མེད་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། མི་ལྡན་འདུ་བྱེད་འཆད་པོ་དང་། །ཉན་པོའམ་དོན་དང་འབྲེལ་པའམ། །འབྲེལ་མེད་འཆད་པོ་ལ་སོགས་
དང་། །འབྲེལ་ན་དོན་ལ་འཇུག་མི་འགྱུར། །འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་པའི་མིང་དང་མཚན་མ་རྟོགས་ན་དོན་རྟོགས་པ་ནི་མ་ཡིན་ན། མ་རྟོགས་པའི་དོན་ལ་ཇི་ལྟར་འཇུག་པར་འགྱུར། མ་རྟོགས་པ་ལ་ཡང་འཇུག་ན་ནི་ཐམས་ཅད་ལ་འཇུག་པར་ཐལ་བའི་ཕྱིར་དང་རྟོགས་པ་དོན་མེད་པར་ཐལ་
བའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་མཚན་མ་གང་ཡིན་པ་དོན་གང་ཡིན་པ་དེ་གཉིས་ནི་ཚུལ་འདྲ་བའི་ཕྱིར་གཅིག་རྟོགས་པས་ཀྱང་གཞན་ལ་འཇུག་པ་ཡིན། དཔེར་ན་ཙི་ཏ་ཏྲ་ཨ་ག་ད་དང་། སྣ་ཚོགས་བརྩོན་འགྲུས་ཞེས་བྱ་བའི་མཚེ་མ་གཉིས་ལས་གཅིག་བརྗོད་པས་དེར་གཞན་ལ་
འཇུག་པར་མི་འགྱུར་བ་ནི་མ་ཡིན་པ་བཞིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། དེར་འཁྲུལ་འདིར་ནི་མ་འཁྲུལ་ཡིན། །འཁྲུལ་ན་དངོས་པོ་རིག་མི་འགྱུར། །འཁྲུལ་ཀྱང་དངོས་པོ་རིག་ཅེས་པ། །འདི་ནི་ཕན་ཚུན་འགལ་བ་ཡིན། །གལ་ཏེ་མིང་དང་མཚན་མ་སྣང་བ་ཡིན་ན་བློ་དེ་ཇི་ལྟར་འཁྲུལ་
པ་ཡིན། འཁྲུལ་པ་ཡིན་ནོ་ཞེ་ན་ནི། དམིགས་པ་མེད་པ་ཉིད་དེ། དེ་ལྟར་གྱུར་ན་ནི་མིང་དང་། མཚན་མ་རྟོགས་པར་མི་འགྱུར་ཏེ། མིང་དང་མཚན་མའི་རང་བཞིན་སྣང་བ་མེད་པའི་ཕྱིར་རོ། །དེ་ལ་ཡང་མིང་དང་མཚན་མ་གཞན་རྟོགས་ན་ནི་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་མཚེ་མ་
དག་ལས་འཁྲུལ་པར་ཤེས་པ་ལ་ཡང་མིང་དང་མཚན་མ་སྣང་བ་ཉིད་ཡིན་པས་དཔེ་མ་གྲུབ་བོ། །དེར་ཡང་དེ་རྟོགས་པ་ཉིད་ཀྱིས་འཇུག་པའི་ཕྱིར་ཇི་ལྟར་དོན་ལ་འཇུག་པར་འགྱུར་ཞེས་བྱ་བའི་རྩོད་པ་ནི་དེ་ལ་ཡང་ཡོད་པའི་ཕྱིར་དཔེ་ནི་བསྒྲུབ་བྱའི་ཕྱོགས་སུ་བཞག་པ་ཉིད་དོ། །ཁས་བླངས་ནས་ཀྱང་
བརྗོད་པ་ནི། །གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་འགྱུར་ན་དུས་ཀུན་དང་། །ཡུལ་ལ་འཁྲུལ་མིན་ཤེས་པ་ལ། །མཚུངས་མིན་རྣམ་པ་དེ་འདྲའི་བློ། །སྐྱེ་ཕྱིར་གཞན་ལ་དེ་མེད་དེ། །བློ་ནི་ཁས་ལེན་མེད་ཕྱིར་རོ། །ཕྱི་རོལ་དོན་དུ་སྣང་བ་ཅན། །ཁས་ལེན་ན་ཡང་རྣམ་ཤེས་

ལས། །ཐ་དད་པ་ནི་ཚད་ཅན་མིན། །ལྡོག་པ་གྲུབ་པ་མེད་ཕྱིར་རོ། །གལ་ཏེ་གཞན་རྟོགས་ཀྱང་ཕྱི་རོལ་ལ་འཇུག་པ་འདི་ཚུལ་འདྲ་བས་བསྐྱེད་པའི་འཁྲུལ་པའི་རྒྱུ་ཅན་ཡིན་ན་དེའི་ཚེ་དུས་ཐམས་ཅད་དུ་མི་འགྱུར་རོ། །མཚེ་མ་དག་གཅིག་རྟོགས་པ་ན་དུས་ཐམས་ཅད་དུ་གཞན་ཁོ་ན་
ལ་འཇུག་པ་ནི་མ་ཡིན་ཏེ། དེ་ལ་ཡང་འཇུག་པ་མཐོང་བའི་ཕྱིར་རོ། །ལུས་ཅན་དང་ལུས་ཅན་མ་ཡིན་པའི་ཚུལ་འདྲ་བ་ཡང་མེད་དེ་མཐུན་པ་མེད་པའི་ཕྱིར་རོ། །དེ་ཡོད་ན་ཡང་མི་ལྡན་པའི་འདུ་བྱེད་དུ་མི་འགྱུར་ཏེ། གཟུགས་ལ་སོགས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་གཟུགས་ཀྱི་ཕུང་
པོའི་ནང་དུ་འདུས་པའི་ཕྱིར་རོ། །གཞན་ཡང་ཡུལ་འདི་ཉིད་དུ་རྟོགས་སོ་ཞེས་ཡུལ་ལ་འཁྲུལ་པར་ཡང་མི་འགྱུར་རོ། །དེ་དང་གཞན་གྱི་ཡུལ་དག་གི་ཚུལ་འདྲ་བ་མ་ཡིན་ནོ། །འོན་ཏེ་ཡུལ་ཡང་རང་གི་ངོ་བོས་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཡང་མིང་དང་མཚན་མ་འཁྲུལ་
པས་རྟོགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཡུལ་ཞེས་བྱ་བ་རྟོགས་པ་མེད་པའི་ཕྱིར་ཡུལ་གྱི་ཁྱད་པར་ལ་འཇུག་པར་མི་འགྱུར་རོ། །ཡུལ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྟོགས་པས་ནི་ཡུལ་གྱི་ཁྱད་པར་དང་འབྲེལ་པའི་གཟུགས་ལ་སོགས་པ་འགའ་ཞིག་ལ་འཇུག་པ་ནི་མ་ཡིན་ནོ། །
གཅིག་ཏུ་ཞེན་པའི་ཕྱིར་འཇུག་པ་ཡིན་ནོ་ཞེ་ན། གཅིག་ཏུ་ཞེན་པ་ཞེས་བྱ་བ་འདི་ཅི་ཞིག །མིང་དང་མཚན་མ་ལ་འཇུག་པའི་ཡུལ་གྱི་དོན་དུ་ཡིན་པར་རྟོགས་པའོ་ཞེ་ན། ཇི་ལྟར་གཞན་ལ་གཞན་དུ་རྟོགས་ཏེ། བུམ་པ་ནི་སྣམ་བུའི་རང་བཞིན་དུ་རྟོགས་པ་མེད་དོ། །དེའི་རང་བཞིན་དེར་ལྷག་
པར་ཞེན་པར་བྱས་པའི་ཕྱིར་རོ་ཞེ་ན། འོ་ན་ནི་ལྷག་པར་ཞེན་པར་བྱས་པ་གང་ཡིན་པ་དེ་ཉིད་རྟོགས་པར་འགྱུར་གྱི་མིང་དང་མཚན་མ་ནི་དྲི་ཙམ་ཡང་མ་ཡིན་ནོ། །གང་ལྷག་པར་ཞེན་པར་བྱས་པ་དེ་ཉིད་ལ་འཇུག་པར་འགྱུར་གྱི་ཕྱི་རོལ་གྱི་དོན་ལ་ནི་མ་ཡིན་ནོ། །ཅི་སྟེ་དེ་ལ་མིང་དང་མཚན་མར་
ལྷག་པར་ཞེན་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་མིང་དང་མཚན་མ་ཉིད་རྟོགས་པ་ཡིན་པས་ཅི་ལྟར་ཕྱི་རོལ་ལ་འཇུག །ཉ་ཕྱིས་ལ་དངུལ་དུ་ཞེན་པ་ནི་ཇི་ལྟར་ཉ་ཕྱིས་ལ་འཇུག་ཅེ་ན། ཉ་ཕྱིས་ཀྱང་དེ་ན་ཡོད་པའི་ཕྱིར་དང་། ཡུལ་དེ་ཡང་མངོན་སུམ་གྱིས་གཟུང་བའི་ཕྱིར་རོ། །མིང་དང་མཚན་མའི་

ཡུལ་ནི་ཡོངས་སུ་འཛིན་པ་མ་ཡིན་ཏེ། ཡུལ་ཡོངས་སུ་འཛིན་པ་ནི་ཡུལ་ན་གཞན་པར་འགྱུར་རོ། །དེ་ནི་གཞིའི་དོན་གྱི་ཡུལ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ། །ཉ་ཕྱིས་ཀྱི་ཡུལ་ཡིན་གྱི་དངུལ་གྱི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་
ཡིན་ནོ་ཞེ་ན། མ་ཡིན་ཏེ་དངུལ་ནི་མེད་པའི་ཕྱིར་ཡུལ་མེད་པ་ཡིན་གྱི། མིང་དང་མཚན་མ་ནི་ཡུལ་མེད་པ་མ་ཡིན་ནོ། །དངུལ་ནི་མཐོང་བས་སྒྲོ་འདོགས་པ་ཡིན་ནོ། །མིང་དང་མཚན་མ་ནི་མཐོང་བ་མེད་དེ། དེ་ནི་སྒྲོ་འདོགས་པའི་དུས་ཉིད་ཀྱི་ཚེ་མཐོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་
འདི་ནི་སྒྲོ་བཏགས་པས་འཇུག་པ་མ་ཡིན་ནོ། །བྲམ་ཟེའི་ཁྱེའུ་ལ་མེར་རྟོགས་པ་བཞིན་དུ་བློ་འཁྲུལ་པས་གཟུང་བ་ཉིད་ཀྱང་མ་ཡིན་ནོ། །ཤིན་ཏུ་གོམས་པའི་ཕྱིར་མ་ཡིན་ནོ་ཞེ་ན། ཤིན་ཏུ་གོམས་སོ་ཞེས་བྱ་བ་འདི་ག་ལ་རྟོགས་ཏེ་ཚད་མ་མེད་པའི་ཕྱིར་རོ། །ཚད་མས་རྟོགས་ན་དེ་ལྟར་ཐ་སྙད་
བྱ་བ་ཡིན་གྱི་གཞན་དུ་ན་མ་ཡིན་ནོ། །གཞན་དུ་ནི་ཐ་སྙད་འཐད་པ་མ་ཡིན་ནོ། །དེ་ཉིད་ཀྱིས་བརྟག་པར་བྱ་བ་ཡིན་པ་དེ་ནི་ཚད་མ་མེད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་མ་ཡིན་ཡང་ཐ་སྙད་འདོགས་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་རོ། །གང་གི་སྒྲ་ལས་དོན་ལ་རེག་པ་མེད་པ་ཅན་
རང་གི་རྣམ་པ་ཉིད་ཀྱིས་ཤེས་པ་སྐྱེ་བ་དེའི་ལྟར་ན་དོན་ལ་འཇུག་ཅེ་ན། ཤེས་པ་སྟེ་ཤེས་པའི་རྣམ་པར་བརྗོད་པར་བྱ་བ་ཡིན་པ་ལ་ནི་མཚུངས་པ་མ་ཡིན་ཏེ། འཁྲུལ་པའི་བློ་སྐྱེ་བའི་ཕྱིར་རོ། །བག་ཆགས་ཀྱི་སྟོབས་ཀྱིས་དེ་ལྟར་སྐྱེ་བ་ན་རང་གི་ངོ་བོ་ཉིད་ལ་ཁྱད་པར་ཅན་གྱི་ཡུལ་ན་གནས་པའི་དོན་
དུ་རློམ་པས་ཐ་སྙད་འདོགས་པ་པོ་འཇུག་པར་བྱེད་པའི་ཕྱིར་འདི་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་ཅི་སྲིད་རང་གི་ངོ་བོ་ལ་དོན་དུ་སྒྲོ་བཏགས་པས་འཇུག་པ་བྱེད་པ་དེ་ཙམ་གྱིས་འདི་ཡི་ཐ་སྙད་ཡོངས་སུ་རྫོགས་པའི་ཕྱིར་གཞན་གྱིས་ཅི་བྱ། མིང་དང་མཚན་མ་དོན་དུ་རློམ་པ་ལ་རྣམ་པར་རྟོག་
པ་གཉིས་ཏེ། རྟོགས་ནས་དོན་གྱི་རྣམ་པ་ཉིད་དུ་ལྷག་པར་ཞེན་པར་བྱེད་དམ། འོན་ཏེ་མ་རྟོགས་པར་གལ་ཏེ་སྒྲའི་རྣམ་པར་ཤེས་པས་མིང་དང་མཚན་མ་རང་གི་ངོ་བོར་རྟོགས་པ་ཡིན་ན། ཇི་ལྟར་དེ་དོན་དུ་རྟོགས་པར་འགྱུར། རང་གི་ངོ་བོ་ལ་རྟོགས་པ་ནི་གཞན་གྱི་རྣམ་པར་ལྷག་པར་ཞེན་

པར་བརྗོད་པ་མ་ཡིན་ནོ། །རྣམ་པ་གཞན་ནི་དེ་མ་ཡིན་ཏེ། རྣམ་པ་ཐ་དད་པ་ཁོ་ན་ཐ་དད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མིང་དང་མཚན་མ་ནི་དོན་གྱི་རྣམ་པར་རྟོག་པ་མ་ཡིན་ནོ། །རྣམ་པ་འདི་ནི་དོན་གྱི་མ་ཡིན་ཏེ། དེ་ལ་དོན་མེད་པའི་ཕྱིར་རོ། །མིང་དང་མཚན་མ་ཡང་མ་ཡིན་
ཏེ། དེ་མི་འཐད་པའི་ཕྱིར་རོ། །རྣམ་པ་དེ་ནི་ཤེས་པ་ཉིད་ཀྱི་ཡིན་པ་དེ་མཆོག་ཡིན་ནོ། །ཤེས་པའི་རྣམ་པ་དེ་ཉིད་དོན་ཉིད་དུ་རྟོགས་པ་ཡིན་གྱི་བར་གྱི་ཤ་ལྷག་པའི་མིང་དང་མཚན་མས་ཅི་ཞིག་བྱ། ཤེས་པ་ནི་བརྒྱུད་ནས་དེ་ལས་སྐྱེས་པའི་ཕྱིར་དོན་གྱི་རྣམ་པ་དང་ལྡན་པ་ཞེས་བྱ་བར་རིགས་
ན། མིང་དང་མཚན་མའི་དོན་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་དོན་གྱི་རྣམ་པ་དང་ལྡན་པ་ཉིད་ལ་ནི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཅི་སྟེ་དོན་གྱི་རྣམ་པ་ནི་མིང་དང་མཚན་མ་ལས་ཐ་དད་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ཉིད་དོན་ཡིན་པས་དབང་པོའི་ཚོགས་པ་དོན་
མེད་པ་མ་ཡིན་པར་མི་འགྱུར་རོ། །ཅི་སྟེ་ཡང་དེ་ནི་དོན་བྱ་བ་བྱེད་པ་མ་ཡིན་པས་ན། དབང་པོའི་ཚོགས་ནི་དོན་བྱ་བ་བྱེད་པ་འཛིན་པའམ་འབྲས་བུ་དང་བཅས་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། དོན་བྱ་བ་བྱེད་པ་མ་བཟུང་བའི་ཕྱིར་འཇུག་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །ལྷག་པར་
སྒྲོ་བཏགས་པ་ལས་འཇུག་པ་ཡིན་ནོ་ཞེ་ན། ལྷག་པར་སྒྲོ་བཏགས་པ་དེ་ནི་ཤེས་པའི་རྣམ་པ་ཉིད་དོ་ཞེས་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་ན་ནི་དེར་ཡང་མིང་དང་མཚན་མ་གཞན་ཡིན་ལ། དེ་ལ་ཡང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་བས་ལན་དུ་མི་རུང་ངོ་། །དེ་ལ་ཡང་འཁྲུལ་བ་ཉིད་དུ་
འདོད་ན་ནི་མིང་དང་མཚན་མ་ལ་ཚད་མ་མེད་པར་འགྱུར་བའི་ཕྱིར་རོ། །འཁྲུལ་པའི་ཤེས་པས་ནི་དོན་རྣམ་པར་འཇོག་པ་མ་ཡིན་ནོ། །རྣམ་པ་ཡང་དེ་ཉིད་དོན་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ལྡོག་པ་མེད་པའི་ཕྱིར་རོ། །མདོ་སྡེ་པ་བཞིན་དུ་མིང་དང་མཚན་མར་སྒྲུབ་པ་
ལ་ནི་ལྡོག་པར་གྲུབ་པ་མེད་དེ། མིང་དང་མཚན་མའི་ཡུལ་ཅན་དུ་འདོད་པའི་བློ་ནི་ཡིད་ལ་བྱེད་པ་ལ་སོགས་པ་ཙམ་ལས་འབྱུང་བའི་ཕྱིར་རོ། །ཤེས་པ་དོན་གྱི་རྣམ་པ་ཅན་དུ་ཁས་ལེན་ན་ནི་དེ་དོན་གྱི་རྣམ་པ་ཉིད་ཡིན་པར་རིགས་སོ། །ཅིའི་ཕྱིར་རྣམ་པ་མི་གསལ་ཞེ་ན། མ་ཡིན་

ཏེ། ཚོགས་པའི་བྱེ་བྲག་གི་རྣམ་པ་ཆ་འགའ་ཞིག་སྐྱེད་པའི་ཕྱིར་རོ། །གང་ལས་རྣམ་པ་གང་འགྱུར་བ་དེ་བདག་ཉིད་ཐམས་ཅད་ཀྱིས་འགྱུར་བ་ནི་མ་ཡིན་ཏེ། ཆ་འགའ་ཞིག་གིས་འདྲ་བའི་བུ་བཞིན་ནོ། །གལ་ཏེ་ཤེས་པ་ཐམས་ཅད་དོན་གྱི་རྣམ་པ་ཅན་ཉིད་མ་
ཡིན་ཏེ། དེ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་སྣང་བ་གང་ཡིན་པ་དེ་ནི་དོན་ཉིད་ཡིན་ནོ། །དེ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་ཐམས་ཅད་ནི་དོན་ཡིན་གྱི་ཤེས་པ་ནི་མ་ཡིན་ཏེ། དེས་ན་ཤེས་པ་ཐམས་ཅད་དོན་དང་ལྡན་པ་ཡིན་གྱི་རང་གི་རྣམ་པ་ནི་འགའ་ཡང་མེད་པའི་ཕྱིར་གང་ལས་འཁྲུལ་པ་ཡིན།
རྣམ་པ་འདི་ནི་ཤེས་པ་མ་ཡིན་ཏེ་ཕྱི་རོལ་གྱི་ངོ་བོར་སྣང་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཤེས་ཀུན་དོན་ལྡན་ཕྱིར་ཞེ་ན། །འཐད་མིན་རྨི་སོགས་རྣམ་གཞན་དུ། །མཐོང་ཕྱིར་འདུ་བྱེད་ལས་ཀྱང་མིན། །སྔོ་ལ་སོགས་པ་སྣང་ཕྱིར་རོ། །ཐོག་མེད་ཕྱིར་ན་སྔོ་སོགས་མིན། །རུང་
ཡུལ་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །དེས་ནི་མིང་སོགས་བརྗོད་པ་ཡིན། །ཤེས་པ་ཐམས་ཅད་དོན་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་ག་ལས་ཡིན། མདུན་ན་གནས་པའི་རྣམ་པར་ཉམས་སུ་མྱོང་བ་ཙམ་གྱིས་ནི་དོན་དང་ལྡན་པ་མ་ཡིན་ནོ། །དེ་ལྟ་
ཡིན་ནོ་ཞེ་ན་ནི་འཁྲུལ་པ་དང་མ་འཁྲུལ་པའི་རྣམ་པར་དབྱེ་བར་མི་འགྱུར་ཏེ། མཐའ་དག་དམིགས་པ་དང་བཅས་པའི་ཕྱིར་རོ། །དམིགས་པ་དང་བཅས་པ་ཡིན་ཡང་དོན་བྱ་བ་མི་འཐོབ་པའི་ཕྱིར་འཁྲུལ་པ་ཉིད་དུ་ཐ་སྙད་བྱེད་དོ་ཞེ་ན། དེ་ལྟ་ན་འོ་ན་དམིགས་པ་མེད་པ་ཉིད་ཡིན་ཡང་དོན་བྱ་བ་
ཐོབ་པས་ཚད་མར་ཐ་སྙད་བྱ་བར་ཅི་སྟེ་མི་འདོད། འདི་ལ་དེ་ཁོ་ན་ཉིད་ཅི་ཡིན་ཞེ་ན། དམིགས་པ་མེད་པ་ཉིད་དོ། །འདི་ལྟར་རྨི་ལམ་ལ་སོགས་པ་དག་ན་དམིགས་པ་མེད་པ་ཉིད་ཡིན་ཡང་མདུན་ན་གནས་པ་འཛིན་པ་མཐོང་བའི་ཕྱིར་ན་གཞན་དུ་ཡང་དེ་མཐོང་བ་ལས་དམིགས་པ་དང་བཅས་པར་
ནི་མི་འཐད་དོ། །བཟློག་པར་ཅི་ལྟར་མི་འགྱུར་ཞེས་བྱ་བ་ཡང་ལན་མ་ཡིན་ཏེ། དམིགས་པ་དང་བཅས་པ་ཉིད་ནི་གྲུབ་པ་མེད་པའི་ཕྱིར་རོ། །དམིགས་པ་དང་བཅས་པ་ཉིད་ནི་འགར་ཡང་གྲུབ་པ་མ་ཡིན་ནོ། །སད་པའི་གནས་སྐབས་ཡིན་ནོ་ཞེ་ན། འོ་ན་ནི་གནས་སྐབས་དེ་བཞིན་དུ་མེད་

པའི་ཕྱིར་དེར་ཤེས་པ་དམིགས་པ་མེད་པར་འགྱུར་རོ། །དེའི་ཕྱིར་མ་ངེས་པ་ཡིན་ཏེ། རྨི་ལམ་ལ་སོགས་པ་ན་རྣམ་པ་གཞན་དུ་མྱོང་བའི་ཕྱིར་རོ། །ཅི་སྟེ་རྨི་ལམ་གྱི་ཤེས་པ་ཡང་མིང་དང་མཚན་མ་ལ་དམིགས་པ་ཡིན་ཏེ། དེས་ན་རྨི་ལམ་གྱི་ཤེས་པ་དམིགས་པ་མེད་པ་ཞེས་བྱ་བར་མ་གྲུབ་བོ་
ཞེ་ན། འདི་ལ་སྨྲས་པ། རྨི་ལམ་གྱི་ཤེས་པ་ནི་མིང་དང་མཚན་མ་ལ་དམིགས་པ་མ་ཡིན་ཏེ། སྔོན་པོའི་རྣམ་པར་དམིགས་པའི་ཕྱིར་དང་། མིང་དང་མཚན་མ་ནི་རྣམ་པ་དེ་མེད་པའི་ཕྱིར་རོ། །དེར་སྔོན་པོ་ལ་སོགས་པ་ཉིད་དམིགས་པ་ཡིན་ནོ་ཞེས་བྱ་བར་མི་འཐད་དེ། རྣམ་པ་དེ་ནི་སྔོན་པོ་
ལ་སོགས་པ་དང་མི་མཐུན་པའི་ཕྱིར་རོ། །བདེན་པའི་སྔོན་པོ་ལ་སོགས་པ་དེ་ལ་ནི་ཐོགས་པ་མེད་པ་ཉིད་ཡོད་པ་མ་ཡིན་ལ། རྨི་ལམ་གྱི་སྔོན་པོ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ས་ཕྱོགས་ཤིན་ཏུ་དོག་པར་ཡང་གླང་པོ་ཆེའི་ཁྱུ་མཆོག་མཐོང་བའི་ཕྱིར་དང་། གང་གི་ནང་ན་
གནས་པས་མཐོང་བ་དེར་ནི་གླང་པོ་ཆེའི་ཁྱུའི་གོ་སྐབས་མེད་པའི་ཕྱིར་དང་། བཅད་པའི་ནང་ནས་ཕྱིར་འགྲོ་བའི་ཡང་ནུས་པ་མེད་པའི་ཕྱིར་དང་གླང་པོ་ཆེའི་ཁྱུའི་འབྲས་བུ་ཁ་བད་བཤིག་པ་ལ་སོགས་པ་མ་མཐོང་བའི་ཕྱིར་རོ། །མེའི་འབྲས་བུ་ཚིག་པ་ལ་སོགས་པ་ཡང་མ་མཐོང་བའི་ཕྱིར་རོ། །
གལ་ཏེ་གཟུགས་ལ་སོགས་པ་ཐོགས་པ་མེད་པར་དེ་ལྟ་བུར་གྱུར་པ་ཁོ་ན་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི་དེར་སད་པ་ཐམས་ཅད་ཀྱིས་ཅིའི་ཕྱིར་མ་མཐོང་བ་དེ་ལ་དེ་འདྲ་བའི་ཚོགས་པ་མེད་པའི་ཕྱིར་ཏེ། རྨི་ལམ་གྱི་གཟུགས་ལ་སོགས་པ་མཐོང་བའི་རྒྱུ་ནི་གཉིད་ཚོགས་པ་ཅན་ཡིན་ནོ་ཞེ་ན།
གལ་ཏེ་གཉིད་ཚོགས་པ་དང་ལྡན་པ་ཡིན་ན་ཐམས་ཅད་ཀྱིས་མཐོང་བར་འགྱུར་ན། དེ་ལྟ་ནི་མ་ཡིན་ཏེ། ཡུལ་དེ་ཉིད་དུ་གཉིད་ལོག་པ་རྣམས་ཀྱིས་རྨི་ལམ་གཞན་མཐོང་བའི་ཕྱིར་རོ། །རྣམ་པ་གཞན་དུ་མཐོང་བ་ནི་འདུ་བྱེད་ཀྱི་ཁྱད་པར་གྱིས་ཡིན་ཏེ། འདི་ལྟར་སད་པའི་གནས་
སྐབས་ན་གང་གིས་འདུ་བྱེད་པ་ཡོད་པ་དེ་ལྟ་བུ་ཉིད་མཐོང་བར་འགྱུར་བའི་ཕྱིར་ཐམས་ཅད་ཀྱིས་ཐམས་ཅད་མཐོང་བ་མ་ཡིན་ནོ་ཞེ་ན། འདུ་བྱེད་ནི་འདུས་བྱས་པའི་རྣམ་པར་ཤེས་པའི་རྒྱུན་ལས་ཐ་དད་པ་གཞན་མེད་པ་མ་ཡིན་ནམ། དེས་ན་དེ་ལས་སྐྱེས་པའི་རྣམ་པར་ཤེས་པས་ཡུལ་ཉེ་བར་

འཛིན་པའི་ཕྱིར་ཉེ་བ་ཐམས་ཅད་འཛིན་པར་ཐལ་བར་འགྱུར་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེས་པ་ན་ཉེ་བ་རྣམས་ལས་ཀྱང་འགའ་ཞིག་འཛིན་པར་ནི་འཐད་པ་མ་ཡིན་ནོ། །དེའི་ཕྱིར་རྨི་ལམ་དུ་ནི་འགའ་ཡང་སྐྱེས་པ་མེད་དེ་རྣམ་པ་ཐ་དད་པར་འཛིན་པའི་
ཕྱིར་རོ། །སྔོན་གྱི་རང་བཞིན་མ་མཐོང་བ་ལ་ནི་རྣམ་པ་ཐ་དད་པར་འཐད་པ་ཡིན་ཏེ། སྔོན་མཐོང་བ་གང་གིས་འདུ་བྱེད་ཡོད་པ་དེ་ཉིད་དེས་མཐོང་བ་ཡིན་གྱི་གཞན་གྱིས་ནི་སྔོན་མེད་པའི་ཕྱིར། མཐོང་བ་མ་ཡིན་ནོ། །འོ་ན་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ཏེ། སྔོན་གྱི་དུས་དེ་ཉིད་དེའི་དུས་
སུ་མཐོང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེའི་དུས་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ནོ་ཞེ་ན་འདི་ལ་བརྗོད་པ། ཅི་ག་སྣང་བ་ལོག་པའམ། །ཡང་ན་ལོག་པ་སྣང་བ་འདོད། །གལ་ཏེ་ཕྱིན་ཅི་ལོག་སྣང་ན། །དེ་ལ་ཕྱིན་ཅི་ལོག་ཡོད་མིན། །གལ་ཏེ་ཕྱིན་ཅི་ལོག་སྣང་བ་ཡིན་ན་དེ་ལ་ནི་ཕྱིན་ཅི་ལོག་
ཉིད་ཡོད་པ་མ་ཡིན་ནོ། །ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། ཐམས་ཅད་ཀྱིས་དེ་ལྟར་འཛིན་པར་ཐལ། དེ་དག་ཀྱང་ཕྱིན་ཅི་ལོག་སྣང་བ་ཡིན་ནོ་ཞེ་ན། འདི་ནི་མཚར་པོ་མ་ཡིན་ཏེ། གལ་ཏེ་ཐམས་ཅད་ལོག་པ་ནི། །སྣང་ན་ལོག་པ་གང་ལ་ལྟོས། །འཁྲུལ་པ་ཉིད་དུ་ལྟོས་ནས་ནི། །འཁྲུལ་པ་
ཉིད་དུ་འགྱུར་བ་མིན། །འཁྲུལ་པ་ཉིད་ལ་ལྟོས་ནས་ནི། །དེ་ལྟ་བུར་གྱུར་པ་དེ་ལས་གཞན་པ་དག་ཀྱང་འཁྲུལ་པ་ཉིད་དུ་བརྗོད་པ་ནི་མ་ཡིན་ནོ། །གཞན་ཡང་། གཞན་ལ་མངོན་པར་འདོད་པ་ཡི། །ལོག་སྣང་དེ་ནི་གཞན་ལ་འོངས། །འདམ་དུ་ལྟུང་བར་མི་བྱའོ། །མཉམ་པ་དེ་ནི་འདམ་
དུ་ལྟུང་། །རྨི་ལམ་གྱི་མཐོང་བ་ཕྱིན་ཅི་ལོག་སྣང་བ་ཡིན་པར་བསྒྲུབ་པར་བྱའོ་སྙམ་པས་སད་པ་ཕྱིན་ཅི་ལོག་པ་སྣང་བས་བསྒྲུབས་སོ། །ཅི་སྟེ་སྣང་བ་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། འོ་ན་ནི་ཡང་ཕྱིན་ཅི་ལོག་ཉིད་འདི་ནི་སྣང་བ་ཁོ་ན་ཡིན་གྱི། དོན་ནི་མ་ཡིན་པས་དོན་དེ་ཉིད་ཀྱི་ངོ་བོར་སྣང་བའི་ཕྱིར་ཕྱིན་
ཅི་ལོག་པར་སྣང་བ་ཅི་ཡོད། །ཕྱིན་ཅི་ལོག་ཅེས་བྱ་བ་གང་ཡིན་པ་དེའི་རང་བཞིན་ནི་སྣང་བ་ཡིན་ནོ། །གང་གིས་གཞན་ཡང་དེ་ལྟར་རྟོགས་པར་འགྱུར་བ་སྣང་བའི་རང་བཞིན་གཞན་ནི་གཞན་གྱིས་མ་ཡིན་ཏེ། ཤེས་པ་རྣམས་ནི་ཐ་དད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཤེས་པ་ཉིད་དེ་ལྟར་རྟོགས་པ་

ཡིན་པའི་ཕྱིར་རྨི་ལམ་གྱི་མཐོང་བ་དམིགས་པ་དང་བཅས་པ་ཉིད་མ་ཡིན་ནོ། །འདི་ལྟར། དུས་དེར་དོན་དེ་ཡོད་མིན་པར། །འདུ་བྱེད་ལས་ནི་དེ་ལྟར་སྐྱེས། །ཡོད་མིན་མཐོང་བ་མ་ཡིན་ཏེ། །ཤེས་པ་ཁོ་ནས་རང་ཉིད་རིག །ཡུལ་གཞན་ན་གནས་པ་ཡུལ་གཞན་དུ་མཐོང་བ་ཞེས་བྱ་བ་ཉིད་
རིགས་པ་ཡིན་ཡང་། དེའི་ཚེ་ཡོད་པ་མ་ཡིན་པ་དུས་གཞན་དང་འབྲེལ་པ་གོ་ཅི་ལྟར་མཐོང་བར་འགྱུར་བ་ཡིན། དེའི་ཕྱིར་སྔོན་མཐོང་བ་ལས་དེ་ལྟར་སྐྱེས་པའི་ཤེས་པ་ཁོ་ན་རིག་པ་ཡིན་གྱི་དོན་ནི་མ་ཡིན་ཏེ། དེ་ནི་མེད་པའི་ཕྱིར་རོ། །གལ་ཏེ་དུས་གཞན་ཡང་དུས་དེ་ཡིན་པར་མཐོང་ན་ནི། སད་
པའི་གནས་སྐབས་ཀྱི་ཀ་བ་ལ་སོགས་པ་མཐོང་བ་ཐམས་ཅད་དུ་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་པར་འགྱུར་རོ། །མ་ཡིན་ཏེ་དེ་ལ་གནོད་པར་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། གནོད་པར་བྱེད་པ་མེད་པ་ཉིད་ཀྱང་ཕྱིན་ཅི་ལོག་ཏུ་སྣང་བ་ཁོ་ན་མ་ཡིན་ནམ། དོན་ཐོབ་པའི་ཕྱིར་ཕྱིན་ཅི་ལོག་ཏུ་སྣང་བ་མ་
ཡིན་ནོ་ཞེ་ན། དོན་ཐོབ་པ་ཡང་ཕྱིན་ཅི་ལོག་ཏུ་སྣང་བ་ཁོ་ན་མ་ཡིན་ནམ། དོན་ཡོད་པ་ལ་ཕྱིན་ཅི་ལོག་ཏུ་སྣང་བར་ཅི་ལྟར་འགྱུར་ཞེ་ན། དོན་མཐོང་བ་ཉིད་ལ་ཇི་ལྟར་ཐོབ་པར་བྱེད། དེའི་ཚེ་མེད་པའི་ཕྱིར་རོ་ཞེ་ན། མེད་ན་ཅི་ལྟར་རིག །གཞན་གྱི་ཚེ་ན་ཡོད་པའི་ཕྱིར་རོ་ཞེ་ན། འོ་ན་ཇི་
ལྟར་མ་ཐོབ། གཞན་གྱི་ཚེ་ཉིད་ཡོད་པའི་ཕྱིར་ཏེ་དེ་ལྟར་ནི་མེད་པའི་ཕྱིར་རོ་ཞེ་ན། འོ་ན་ཇི་ལྟར་མཐོང་། དེའི་དུས་ཀྱི་རང་བཞིན་གྱིས་ཐོབ་པ་ཡང་དེའི་དུས་སུ་ཅི་སྟེ་མེད། མི་ནུས་པའི་ཕྱིར་རོ་ཞེ་ན། མཐོང་བར་ཅི་ལྟར་ནུས། མཐོང་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། ཅི་ཞིག་མཐོང་བ་དེ་ཉིད་
མི་ཤེས་པ་མ་ཡིན་ནམ། ངོ་ཤེས་པའི་ཕྱིར་མཐོང་བ་འདི་ནི་སྔོན་གྱི་ཡིན་ནོ་ཞེས་ངེས་སོ་ཞེ་ན། མ་ཡིན་ཏེ། རྨི་ལམ་དང་སྐྱེ་བ་གཞན་མཐོང་བ་ལ་ངོ་ཤེས་པ་མེད་པའི་ཕྱིར་རོ། །ངོ་ཤེས་པར་གྱུར་པ་གཞན་དང་ཆོས་མཐུན་པ་ལས་དེར་ཡང་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། དྲི་ཟའི་གྲོང་ཁྱེར་
ལ་སོགས་པ་ལ་མེད་པའི་ཕྱིར་རོ། །དེ་ལ་ནི་ངོ་ཤེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་ནི། ཐམས་ཅད་སྔོན་མ་མཐོང་བ་ཉིད་ངོ་ཤེས་པར་བྱ་བ་ཡིན་པར་འགྱུར་གྱི། ད་ལྟར་བ་མཐོང་བ་ནི་མ་ཡིན་པར་འགྱུར་འདིས་ནི་དྲན་པ་ཉམས་པ་ཡང་བཤད་པ་ཡིན་ནོ། །འཇིག་རྟེན་པ་མ་ཡིན་པ་ཡང་

འདི་ཉིད་ཀྱིས་བཤད་པ་ཡིན་ཏེ། འདི་ལྟར་འཇིག་རྟེན་པ་མ་ཡིན་པ་གང་ཡིན། ཐུན་མོང་མ་ཡིན་པ་གཞན་གྱིས་བལྟ་བར་བྱ་བ་མ་ཡིན་པའོ་ཞེ་ན། འདིར་བརྗོད་པ། དེ་ནི་ཤེས་པ་ཉིད་ཡིན་ཏེ། རུང་བའི་ཡུལ་ན་འདུག་པ་གཞན་གྱིས་མི་ཤེས་པའི་ཕྱིར་འཛིན་པའི་རྣམ་
པ་བཞིན་ནོ། །གཟུང་བར་བྱ་བ་ཉིད་དུ་འཛིན་པའི་ཕྱིར་དོན་ཉིད་ཡིན་གྱི་ཤེས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལ་གཟུང་བར་བྱ་བ་ཉིད་དུ་འཛིན་པ་ནི་མེད་དེ། རང་གི་ངོ་བོར་འཛིན་པའི་ཕྱིར་རོ། །དོན་དེ་ནི་རང་གི་ངོ་བོར་ཡིན་གྱི་གཟུང་བར་བྱ་བ་ཉིད་དུ་ནི་མ་ཡིན་ནོ། །གཟུང་བར་བྱ་བ་ཉིད་ཡིན་ན་ནི།
གཟུང་བར་བྱ་བའི་དོན་དུ་སྣང་བ་ལས་གཞན་མེད་པ། ཡོད་པ་ནི་དེ་ཉིད་ཡིན་པའི་ཕྱིར་དོན་ཞེས་བྱ་བ་མེད་དོ། །གཟུང་བའི་རྣམ་པ་ནི་དོན་ཉེ་བར་མཚོན་པ་ཡིན་གྱི་དེ་ཉིད་ནི་མ་ཡིན་ན། ཅི་ལྟར་གཞན་གྱིས་གཞན་མཚོན་དེའི་ཕྱིར་འདི་ནི་གྱི་ནའོ། །དོན་སྙམ་པའི་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེ་ན། མ་
ཡིན་ཏེ། འདི་ནི་སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །ཞེས་བཤད་ཟིན་ཏོ། །འདིས་ནི་མིང་ལ་སོགས་པ་བཤད་པ་ཡིན་ནོ། །གཞན་ཡང་ཤེས་པ་ཐམས་ཅད་མདུན་ན་གནས་པར་སྣང་བ་ཡིན་པས། འདི་ལ་ནི་ཕྱིན་ཅི་ལོག་པར་སྣང་བ་ཡིན་ལ་འདི་ལ་ནི་མ་ཡིན་ནོ། །
འདི་ལ་ནི་འཇིག་རྟེན་པ་མ་ཡིན་པ་སྣང་ལ་དེ་ལ་ནི་མ་ཡིན་ནོ་ཞེས་གང་ལས་འགྱུར་བ་ཡིན་ནོ་ཞེས་བཤད་པ་ནི། མིག་ལ་སོགས་པའི་བློ་འདོད་པ། །དེ་ཉིད་དོན་ལྡན་གང་གིས་འདོད། །གལ་ཏེ་དོན་ནུས་མཐོང་ཕྱིར་ན། །གཞན་པ་དོན་མེད་ཅན་ཐོབ་འགྱུར། །གཞན་ཡང་མིག་ལ་སོགས་པའི་བློ་ཕྱིན་
ཅི་མ་ལོག་པར་སྣང་བ་གང་ཡིན་པ་དེ་ཉིད་དོན་དང་ལྡན་པ་དོན་ཉེ་བས་བསྐྱེད་པར་གང་གིས་འདོད་དེ་འདི་ལ་རྒྱུ་ཅི་ཞིག་ཡོད། སྣང་བ་ཉིད་དུ་ནི་ཁྱད་པར་མེད་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་དོན་གྱི་ནུས་པ་མཐོང་བའི་ཕྱིར་རོ། །འདི་ལྟར་དོན་དེ་སྔར་གཞན་གྱིས་མཐོང་བའམ་རང་
ཉིད་ཀྱི་རྗེས་སུ་དཔག་པས་ཤེས་པ་ཡིན་ལ། ཕྱིས་ཀྱང་ཐོབ་པ་ཡིན་ཏེ། དེས་ན་དོན་གྱི་ནུས་པ་མཐོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི། གཞན་གང་ལ་དེ་ལྟ་བུའི་ཚོགས་པ་མེད་པའི་ཤེས་པ་དེ་ནི་དོན་མེད་པ་ཅན་འཐོབ་པར་འགྱུར་རོ། །འདི་ལྟར་འདི་ལ་ནི་དོན་མེད་པ་འདི་ལ་ནི་ཡོད་དོ་ཞེས་བྱ་

བའི་བློ་ནི་ཐ་སྙད་པ་ཡིན་ནོ། །བློ་འདི་ནི་མི་སླུ་བ་ཡང་ཡིན་ཏེ། འདི་ལྟར་བདག་ལ་ནི་ཤེས་པ་ཙམ་ཞིག་སྐྱེས་ཀྱི་འདི་ལ་དོན་ཡོད་པ་ནི་མ་ཡིན་ཏེ། འདིར་བདག་ལ་འདི་ལྟར་སྣང་བ་ནི་སྔོན་གོམས་པའི་མཐུ་ལས་ཡིན་ནོ་སྙམ་གྱི། དེ་བདག་གིས་མཐོང་བའམ་བདག་གིས་དྲན་ནོ་ཞེའམ་དོན་འདི་ནི་
འཇིག་རྟེན་པ་མ་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ། །གནོད་པར་བྱེད་པ་གང་གིས་འཇིག་རྟེན་པ་མ་ཡིན་པར་རྟོགས་པ་དེ་ཉིད་ཀྱིས་དོན་མེད་པ་ཅན་ཉིད་དུ་འགྱུར་རོ། །འཇིག་རྟེན་པ་ཉིད་དུ་རྟོགས་པ་ནི་འཇིག་རྟེན་པ་མ་ཡིན་པར་མི་འགྱུར་ཏེ། དེ་ལ་ཕྱིན་ཅི་ལོག་ཏུ་སྣང་བར་ཐལ་བའི་ཕྱིར་རོ། །དེ་
ཡང་འཇིག་རྟེན་པ་མ་ཡིན་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་ཐུན་མོང་མ་ཡིན་པ་ཉིད་དུ་རྟོག་པ་ཡིན་ཏེ། འདི་གཞན་གྱིས་རྟོགས་སོ་སྙམ་པའི་རྟོག་པ་ནི་མེད་དོ། །དོན་གྱི་ཡུལ་ཅན་མི་ཤེས་པ་ལ་ནི་རྗེས་སུ་དཔག་པའི་རྟོག་པ་ཡིན་པ་ཉིད་དུ་རྟོགས་
པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་འདིར་དོན་གཞན་མེད་པ་དེ་ཉིད་ལ་རྟོགས་པ་འདི་འགྱུར་བ་ཡིན་ཏེ། འདི་ནི་རྟོགས་པ་ཙམ་ཡིན་ནོ་སྙམ་གྱི་དོན་ཡིན་ནོ་སྙམ་དུ་རྟོག་པ་ནི་མ་ཡིན་ནོ། །དེའི་ཕྱིར་འཆད་པ་པོ་དང་ཉན་པ་པོ་དག་དང་འབྲེལ་བར་འགྱུར་བའི་མིང་ལ་སོགས་པ་སྣང་བས་དམིགས་པ་
དང་བཅས་པར་ནི་རིགས་པ་མ་ཡིན་ནོ། །འབྲེལ་མེད་ན་ཡང་འཇུག་མི་འགྱུར། །གལ་ཏེ་དོན་དང་འབྲེལ་ལྡན་ཡིན། །འདས་དང་མ་འོངས་བརྗོད་བྱ་མིན། །དོན་དང་དེ་ནི་ཟད་ཕྱིར་རོ། །གལ་ཏེ་མིང་དང་མཚན་མ་དོན་དང་འབྲེལ་པར་ཁས་ལེན་ན། དེའི་ཚེ་མི་འཇུག་པ་ཁོ་ན་སྟེ། གང་གི་
ཕྱིར་དེ་ནི་དོན་དང་ལྷན་ཅིག་ཏུ་ཟད་པའི་ཕྱིར་རོ། །འབྲེལ་པ་མེད་པ་ལ་ནི་ཤིན་ཏུ་ཡང་འཇུག་པ་མེད་པ་ཡིན་ནོ། །གང་ལ་དོན་དང་འབྲེལ་ཀྱང་འབའ་ཞིག་རྟོགས་པའི་ཕྱིར་མི་འཇུག་པར་ཐལ་བ་དེ་ལ་འབྲེལ་པ་མེད་ན་ནི་ཤིན་ཏུ་ཡང་མི་འཇུག་པ་ཁོ་ནའོ། །འདས་པ་དང་མ་འོངས་པའི་དོན་ཀྱང་མེད་
པའི་ཕྱིར་རོ། །གལ་ཏེ་མིང་དང་མཚན་མ་ཡོད་པ་དེ་ལྟ་ན་ཡང་། དོན་ལ་ནི་མི་འཇུག་པ་ཉིད་དེ། དོན་གྱི་རྣམ་པ་མེད་པའི་ཕྱིར་རོ། །གཞན་རྟོགས་པས་གཞན་དུ་འཇུག་པ་ནི་མ་ཡིན་ནོ། །ལྷག་པ་ནི་བཤད་པ་ཡིན་ནོ། །སྒྲ་ཡི་སྤྱི་ནི་བརྗོད་པའི་ཕྱིར། །གལ་ཏེ་ཐལ་བར་མི་འདོད་ན། །དེ་མིན་སྤྱི་

ནི་ཡན་འགར་བ། །བརྗོད་མེད་ཕྱིར་རོ་བརྗོད་ན་ཡང་། །དེ་མཚུངས་མིན་དང་གསལ་བ་མིན། །དེས་ན་རྟག་ཏུ་དམིགས་འགྱུར་ཏེ། །རྟག་ཉིད་ཕྱིར་རོ་གལ་ཏེ་ཡང་། །གསལ་ལས་མངོན་སུམ་ལ་གསལ་ཡིན། །བདག་ལ་ཤེས་པ་བསྐྱེད་པ་ལ། །ནུས་པ་གང་དེ་
ནུས་ཉིད་ཡིན། །གལ་ཏེ་འགའ་ཚེ་ནུས་མེད་ན། །དེ་ནི་ཀུན་ཚེ་ནུས་མེད་འགྱུར། །གལ་ཏེ་སྤྱི་སྒྲའི་ཤེས་པའི་སྤྱོད་ཡུལ་ཡིན་ན། སྤྱི་དེའི་ཡན་འགར་བའམ་གཞན་དུ་འཛིན་པར་འགྱུར། གལ་ཏེ་འབའ་ཞིག་འཛིན་ན་ནི་གསལ་བ་མེད་པར་ཡང་ཤེས་པར་ནི་འགྱུར་ན། འོན་ཀྱང་འདས་
པ་ལ་སོགས་པ་ནི་རྟོགས་པར་མི་འགྱུར་རོ། །སྤྱི་ནི་འདས་པ་ལ་སོགས་པའི་རང་བཞིན་ཡིན་ནོ། །གལ་ཏེ་སྤྱི་འདས་པ་ལ་སོགས་པའི་གསལ་བ་དང་ལྡན་པ་ཡིན་པའི་ཕྱིར་འདས་པ་ལ་སོགས་པར་ཐ་དད་དུ་བྱེད་ཅིང་ལྷག་པར་ཞེན་པར་བྱེད་པ་ཡང་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་གསལ་བའི་རང་
བཞིན་དང་ལྷན་ཅིག་པ་ཉིད་དུ་འཛིན་པར་འགྱུར་ན། གསལ་བ་འདས་པ་ལ་སོགས་པ་ལ་ནི་རང་བཞིན་ཡོད་པ་མ་ཡིན་པས་ཇི་ལྟར་འདས་པ་ལ་སོགས་པའི་གསལ་བའི་རང་བཞིན་གྱི་སྒོ་ནས་འདས་པ་ལ་སོགས་པའི་རང་བཞིན་དུ་རྟོགས་པར་འགྱུར། དེའི་རང་བཞིན་ཡུལ་དུ་མ་བྱས་པར་ནི་
གཞན་དེའི་རང་བཞིན་དུ་འཛིན་ནུས་པ་མ་ཡིན་ནོ། །ཅི་སྟེ་སྤྱི་འབའ་ཞིག་གཟུང་བ་ལ་ཡང་ཐ་སྙད་དུ་འགྱུར་བ་ཡིན་པ་དེའི་ཚེ་ཡང་སྐྱོན་གཞན་ཡིན་ཏེ་དེ་དེའི་སྤྱིར་མི་འགྱུར་བ་དང་། དེས་གསལ་བར་བྱ་བར་མི་འགྱུར་རོ། །དེ་མེད་པར་རང་དབང་དུ་གཟུང་བ་དེ་ནི་འདི་ཡིན་ནོ་ཞེ་ན། བསྙད་པའམ་
དེས་གསལ་བར་བྱ་བ་ཡིན་པར་འོངས་པ་མ་ཡིན་ནོ། །སྒྲོན་མ་ལ་སོགས་པའི་སྣང་བ་ནི་རང་ཤེས་པའི་སྒོ་ནས་རྟོགས་པའི་རྒྱུ་ཡིན་པས་གསལ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་གསལ་བ་རྟོགས་པ་མེད་པར་སྤྱི་ཡན་འགར་བ་རྟོག་པ་མེད་ན་ནི་གསལ་བས་གསལ་བར་བྱ་བར་མི་འགྱུར་རོ། །དེས་ན་
འདི་རྟག་ཏུ་དམིགས་པར་འགྱུར་ཏེ། གསལ་བས་སྟོང་པའི་ས་ཕྱོགས་སུ་ཡང་སྤྱི་དམིགས་པར་འགྱུར་ཏེ། དཔེར་ན་སྒྲ་ལས་གསལ་བ་དེ་མེད་པའི་ཡུལ་དེར་ཡང་དམིགས་པ་བཞིན་ནོ། །འོན་ཏེ་གསལ་བར་བྱེད་པའི་གསལ་བ་མེད་ན་དབང་པོས་འཛིན་པ་མ་ཡིན་ནོ། །སྤྱི་དབང་པོས་གཟུང་བ་ནི་གསལ་

བས་གསལ་བར་བྱ་བ་ཡིན་ཏེ། དཔེར་ན་སྒྲ་ལས་བུམ་པ་ལ་སོགས་པ་རྟོགས་པ་ནི་སྒྲོན་མ་ལ་སོགས་པ་ལ་མི་ལྟོས་ལ། དབང་པོས་རྟོགས་པར་བྱ་བ་ནི་ལྟོས་པ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ནི་མི་རིགས་ཏེ་སྒྲ་ལས་ནི་བུམ་པ་ལ་སོགས་པའི་སྤྱི་ཉིད་རྟོགས་པ་ཡིན་པ་དེས་ན་ཇི་ལྟར་དེ་ཉིད་དཔེ་
ཡིན་པར་འགྱུར་ཏེ་སྤྱི་ནི་ཕྱོགས་སུ་བྱས་པ་ཡིན་པའི་ཕྱིར་རོ། །ཕྱོགས་ཉིད་ནི་དཔེའི་སྐྱོན་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་གལ་ཏེ་སྒྲ་ལས་སྤྱི་རང་གི་ངོ་བོས་རྟོགས་ན་དེ་ལ་མངོན་སུམ་གྱི་རྟོག་པས་ཅི་བྱ། གལ་ཏེ་མངོན་སུམ་གྱི་གཟུང་བ་མེད་ན་ཇི་ལྟར་སྒྲ་ལས་རྟོགས་ཏེ་འབྲེལ་པ་འཛིན་པ་
མེད་པའི་ཕྱིར་རོ་ཞེ་ན་ཅི་སྒྲ་ལས་སྤྱིའི་རྣམ་པ་གང་ཡིན་པ་དེ་ཉིད་སྤྱི་ཡིན་ནམ། དེ་སྟེ་རང་བཞིན་གཞན་ཡིན། གལ་ཏེ་དེ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེ་ན། འོ་ན་ནི་གསལ་བས་གསལ་བར་བྱས་པ་དེ་ཉིད་མངོན་སུམ་གྱིས་རྟོགས་པ་ཡིན་ཏེ། རང་བཞིན་དེ་ཉིད་ཀྱིས་ཤེས་པ་སྐྱེད་པར་འགྱུར་རོ། །
འོན་ཏེ་གང་ཞིག་མངོན་སུམ་གྱིས་རྟོགས་པ་དེ་སྤྱིའི་རང་བཞིན་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་དེ་ལ་བརྡར་བཏགས་པས། ཅི་ལྟར་གཞན་དུ་རྟོགས་པ་ཡིན། སྒྲའི་ཤེས་པ་ལ་ཡང་མངོན་སུམ་གྱིས་རྟོགས་པའི་རང་བཞིན་ཁོ་ནར་སྣང་བར་འགྱུར་ཏེ། དེའི་རང་བཞིན་ནི་ཤེས་པ་གཞན་ལ་ཡང་གཞན་
གྱི་རང་བཞིན་དུ་སྣང་བར་མི་འགྱུར་རོ། །སྤྱི་ནི་རྟག་ཏུ་དེའི་རང་བཞིན་ཉིད་ཡིན་པས་ཐམས་ཅད་ཀྱི་ཚེ་སྣང་བར་འགྱུར་ཏེ། འདི་ལྟར། དེའི་ནུས་པའམ་ནུས་མེད་པ། །ངོ་བོ་ཉིད་ཀྱིས་གང་གནས་པ། །རྟག་ཕྱིར་བཅོས་སུ་ཡོད་མིན་ན། །དེ་ཟད་བྱ་ཕྱིར་ནུས་པ་གང་། །སྤྱི་ཡི་རྣམ་པར་ཤེས་དེ་
ལའང་། །རྗེས་འབྲེལ་སྔོན་པོ་ལ་སོགས་པའི། །རྣམ་པའི་ཆ་ནི་རྣམ་ངེས་གང་། །དེ་ནི་དེ་ལ་གང་གིས་སྤྲུལ། །གལ་ཏེ་སྒྲ་ལས་སྤྱི་འབའ་ཞིག་རྟོགས་ན་སྤྱིའི་རྣམ་པ་འབའ་ཞིག་ཏུ་སྣང་བར་འགྱུར་གྱི། སྔོན་པོ་ལ་སོགས་པའི་རྣམ་པའི་ཆའི་སྐབས་ཡོད་པར་ག་ལ་འགྱུར། གསལ་བ་
ལས་སོ་ཞེ་ན། གསལ་བ་མི་སྣང་ན་ག་ལས་གསལ་བས་བསྐྱེད་པའི་ཕྱིར་ཞེས་ནི་མི་འཐད་དེ། སྤྱི་མེད་པར་ཐལ་བའི་ཕྱིར་ཏེ། དེ་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ། །རྗེས་སུ་སོང་བའི་རྣམ་པ་ཉིད་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་ལས་གཞན་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་སྤྱིའི་རྣམ་པ་

ཡིན་ཡང་དོན་རྣམས་ཀྱི་སྤྱི་ཞེས་བྱ་བར་ནི་མི་འགྱུར་རོ། །གཉི་ག་ཡང་སྣང་ངོ་ཞེ་ན། མ་ཡིན་ཏེ་དབང་པོས་གཟུང་བ་ཉིད་དུ་འགྱུར་རོ། །དབང་པོས་རྟོགས་པར་འགྱུར་བའི་གསལ་བ་དབང་པོའི་གཟུང་བ་ཡིན་པའི་ཕྱིར་མི་རིགས་སོ། །དབང་པོས་གཟུང་བར་བྱ་བ་ཉིད་
དུ་མི་འགྱུར་རོ། །དབང་པོས་རྟོགས་པར་འགྱུར་བའི་གསལ་བ་དབང་པོའི་གཟུང་བ་ཡིན་ནོ་ཞེས་ནི་མི་རིགས་པར་འགྱུར་རོ། །སྒྲ་ལས་རྟོགས་པ་སྤྱིར་མི་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་སྤྱི་ཡོད་དོ་ཞེས་རྟོགས་པ་ནི་མེད་དོ། །ཡིད་ཆེས་པ་མེད་པའི་ཕྱིར་དང་སྣང་བ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་གསལ་བ་ལས་ཐ་དད་པ་སྒྲས་
རྟོགས་པར་བྱ་བ་ནི་མེད་དོ། །དེས་ན་གསལ་བ་ཉིད་སྒྲས་རྟོགས་ན་དབང་པོའི་ཚོགས་འབྲས་བུ་དང་བཅས་པར་མི་འགྱུར་ཏེ། དོན་མེད་པར་འགྱུར་རོ། །གལ་ཏེ་མངོན་སུམ་ཤེས་དོན་ཉིད། །ཕྱིར་ན་དབང་པོ་དོན་མེད་མིན། །དེ་དངོས་གཅིག་ཕྱིར་སྒྲ་སོགས་ལས། །ཐ་དད་སྣང་བློ་ག་
ལས་ཡིན། །མངོན་སུམ་ཉིད་ནི་དོན་གྱི་རང་གི་ངོ་བོ་རྟོགས་པ་ཁོ་ན་ཡིན་ཏེ། དེ་ཡོད་ན་དབང་པོ་རྣམས་དོན་མེད་པ་ཉིད་དོ། །མདུན་ན་གནས་པ་ཉིད་དུ་རྟོགས་པ་མངོན་སུམ་ཡིན་གྱི། མངོན་དུ་བྱེད་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྒྲ་ནི་རྣམ་པ་གཞན་དུ་ཡང་རྟོགས་པའི་ཕྱིར་རོ། །སྒྲ་ནི་
མདུན་ན་གནས་པར་རྟོགས་པ་མ་ཡིན་པ་དེས་ནི་མངོན་སུམ་ཉིད་དུ་མི་འགྱུར་རོ། །བདག་ཉིད་ཐམས་ཅད་རྟོགས་པ་ཡིན་ནོ་ཞེ་ན། སྒྲ་ལས་ཀྱང་དེ་ཉིད་རྟོགས་པ་ཡིན་ཏེ། དེ་ཉིད་ལ་བརྡ་གཟུང་བའི་ཕྱིར་རོ། །ཡོངས་སུ་ཚིམ་པའི་དོན་གྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཁྱོད་ཀྱིས་ཡོངས་སུ་ཚིམ་པ་ནི་
འདི་འདྲ་བ་ཡིན་ནོ་ཞེས་བྱ་བའི་སྒྲ་ཐོས་པ་ལས་ཡོངས་སུ་ཚིམ་པ་ཡང་ཡོད་པའི་ཕྱིར་རོ། །བྱུང་བར་གྱུར་ཏོ་ཞེས་རབ་ཏུ་སྦྱར་བའི་ཕྱིར་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདས་པ་ལས་བྱུང་ནས་གནས་པ་ཞེས་བྱ་བའི་སྦྱོར་བ་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདས་པ་དང་མ་འོངས་པ་དག་དང་། ད་ལྟར་
བ་ཆོད་པ་ཁོ་ན་ལ་སྒྲ་སྦྱོར་བར་འགྱུར་གྱི། མ་ཆོད་པར་སྣང་བ་ཉིད་ལ་ནི་མ་ཡིན་ཏེ། དེ་ལ་སྦྱོར་བ་འབྲས་བུ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་འདས་པ་དང་། ཆོད་པ་ལྟར་མི་རུང་བ་ནི་ཡོངས་སུ་ཚིམ་པའི་རྒྱུ་མ་ཡིན་པ་དེས་ན་དབང་པོ་རྣམས་འབྲས་བུ་དང་བཅས་པ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་

ཏེ། རང་གི་ངོ་བོས་མཐོང་བ་གང་། །དེ་ནི་འདས་སོགས་ཅི་ལྟར་ཡིན། །སྣང་བ་མེད་ལས་འདས་སོགས་ཀྱིས། །ངོ་བོ་གཞན་ནི་རྟོགས་པ་མེད། །མིག་ལ་སོགས་པས་མཐོང་བ་ཡང་། །རང་གི་ངོ་བོས་མཐོང་བ་ཁོ་ནས་མ་ཆོད་པ་དང་ཡོངས་སུ་ཚིམ་པའི་རྒྱུ་ཡིན་ནོ། །རང་གི་ངོ་བོས་
གཟུང་བའི་གླུ་སྒྲ་ནི་ཆོད་ཀྱང་ཡོངས་སུ་ཚིམ་པ་སྒྲུབ་པར་མི་བྱེད་པ་ནི་མ་ཡིན་ནོ། །ཆུ་རླབས་ཀྱི་ཚུལ་དུ་འོངས་པའི་ཕྱིར་མ་ཆོད་པ་ཡིན་ནོ་ཞེ་ན། དེ་ལ་ཡང་སྙིང་པོ་ཡོད་པ་མ་ཡིན་ཏེ། ཉེ་བར་ལེན་པ་རྒྱང་རིང་ཞིང་། །དེ་ནི་རྒྱང་རིང་ཡུལ་ཉིད་དུ། །རྟོགས་ཕྱིར་འོངས་པ་ག་ལ་ཡིན། །ཧ་
ཅང་ཐལ་བ་འཇུག་པར་འགྱུར། །གལ་ཏེ་ཡུལ་རྒྱང་རིང་པོར་རྟོགས་ཀྱང་། ལུས་ལ་གནས་པ་དང་ཕྲད་པ་ཡིན་ན་གཟུགས་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ། །དེས་ན་སྒྲ་དང་རྗེས་སུ་དཔག་པ་ལས་སམ། རྣམ་པར་རྟོག་པ་གཞན་གྱི་དོན་རྟོགས་པ་ལ་ཡང་རུང་སྟེ། རིགས་ངན་ལ་
རེག་པ་དང་། །བགྲོད་པར་མི་བྱ་བ་ལ་བགྲོད་པ་ལ་སོགས་པར་འགྱུར་རོ། །དེས་ན་གལ་ཏེ་སྒྲ་ལས་དོན་རང་གི་ངོ་བོ་ཉིད་ཀྱིས་རྟོགས་ན། འདས་པ་ལ་སོགས་པར་མི་འགྱུར་རོ། །སྣང་བཞིན་པ་ཡང་རང་གི་ངོ་བོས་རྟོགས་པ་ཁོ་ན་ལས་འདས་པ་ལ་སོགས་པ་མ་ཡིན་པ་ཡིན་ནོ། །མི་སླུ་བ་
ཡང་མི་སླུ་བ་ལ་སོགས་པའི་སྒྲ་ལས་ཡོད་པ་ཉིད་དོ། །ཅི་སྟེ་དབང་པོས་རྟོགས་པ་ཉིད་ཡོད་པ་ཡིན་གྱི། རྟོག་པ་ཙམ་ནི་མ་ཡིན་ཏེ། སྒྲའི་རྣམ་པར་རྟོག་པ་ལ་སོགས་པ་ནི་ཡོད་པ་ཉིད་མ་ཡིན་པ་ལ་འཇུག་པ་མཐོང་བའི་ཕྱིར་ཞེ་ན། གལ་ཏེ་དབང་པོས་རྟོགས་པ་ནི། །ཡོད་ཉིད་ཅེ་ན་སྦྲང་
བུ་སོགས། །ཅི་ཕྱིར་ཡོད་མིན་ཉམས་ཕྱིར་ན། །ཇི་ལྟ་བུར་ན་ཉམས་པར་འདོད། །གལ་ཏེ་དེ་ལྟ་མ་ཡིན་པར། །རྟོགས་ཕྱིར་སྦྲང་སོགས་མེད་ཅེ་ན། །དེ་ལྟར་འོ་ན་ངོ་བོ་ཡིས། །རྟོགས་ཕྱིར་ཡོད་པར་འདོད་པ་ཡིན། །དེའི་ཕྱིར་རང་གི་ངོ་བོས་རྟོགས་པ་ཁོ་ན་ཡོད་པ་ཉིད་དང་མངོན་
སུམ་ཉིད་དང་མ་ཆོད་པ་ཉིད་ཡིན་པའི་ཕྱིར། སྒྲ་དང་དབང་པོའི་རྟོགས་པ་གཉིས་ཁྱད་མེད་པས་དབང་པོ་རྣམས་མངོན་སུམ་དུ་རྟོགས་པ་ཉིད་ཀྱི་དགོས་པ་དང་ལྡན་པ་མ་ཡིན་ཏེ་དེས་ན་འབྲས་བུ་མེད་པ་ཉིད་དོ། །འདིའི་ཕྱིར་ཡང་སྤྱི་དངོས་པོ་མ་ཡིན་ཏེ། འདི་ལྟར། རིགས་ལྡན་རིགས་

མིན་གང་གི་ཕྱིར། །གསལ་བའི་ངོ་བོ་གཞན་རྟེན་མེད། །གལ་ཏེ་ཐ་དད་གྲུབ་ཅེ་ན། །ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །རང་གི་རྒྱུ་ལས་གྲུབ་པའི་ཕྱིར། །འབྲས་བུ་རག་ལས་མེད་པ་ཡང་། །རྟོག་པ་ཡིས་ནི་འབྲེལ་པར་བྱེད། །འབྲས་མིན་ཅི་ལྟར་ཡང་ཅི་
ཞིག །གཞན་ཉིད་ཡིན་ན་དེ་འབྲེལ་མེད། །དེ་ཕྱིར་རང་བཞིན་མེད་པར་གྲུབ། །རིགས་དང་ལྡན་པའི་དངོས་པོ་ཉིད། །རིགས་སུ་བརྗོད་དམ། གཞན་ཡིན། དེ་ལ་རེ་ཞིག་གསལ་བའི་རང་བཞིན་ཉིད་ནི་སྤྱིའི་དངོས་པོའི་མ་ཡིན་ཏེ། གང་གི་ཕྱིར་གསལ་བ་རྣམས་གཞན་ལ་བརྟེན་པ་མེད་
པ་སྟེ་མ་འདྲེས་པར་མངོན་སུམ་དུ་རྟོགས་པ་ཡིན་ནོ། །མ་འཁྲུལ་པའི་ཤེས་པས་གཞན་དུ་རྟོགས་པ་ནི་གཞན་དུ་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ཁྲ་བོ་ལ་སོགས་པ་ནི་གཞན་ལ་ལྟོས་པ་མེད་པར་སོ་སོར་རྟོག་པ་ཡིན་ནོ། །འོན་ཏེ་གསལ་བ་གཉིས་པ་ལ་སོགས་པ་ནི་ཕྱིས་སྔ་མ་སྔ་མ་ལ་ལྟོས་
ནས། འདི་ནི་དེ་དང་མཚུངས་སོ་ཞེའམ། དེ་ནི་འདི་ཉིད་དོ་ཞེས་རྟོག་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། མྱུ་གུ་ལ་སོགས་པའི་འབྲས་བུ་ཇི་སྙེད་པ་ཡང་རྟོགས་པས་རང་གི་རྒྱུ་དང་འབྲེལ་པ་ཡིན་ཏེ། གྲུབ་ཟིན་པས་གཞན་ལ་རག་ལས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཅི་སྲིད་མ་གྲུབ་པ་དེ་
སྲིད་དུ་ནི་འདིར་རྟོགས་པ་འབའ་ཞིག་ཡིན་ནོ། །གྲུབ་པའི་དུས་ན་ཡང་དེ་དང་ལྷན་ཅིག་ཏུ་ཡོད་པས་གཞན་ལ་རག་མི་ལས་པའམ། རྒྱུ་ཞིག་པའི་ཕྱིར་འབྲས་བུ་རྣམས་ཀྱང་རྟོག་པ་ཁོ་ནས་རྒྱུ་དང་འབྲེལ་པར་བྱེད་པ་ཡིན་ན། ཤེས་ལྡན་ཅི་བཟློག་པ་ལ་མ་ཡིན་ནམ། དེའི་ཕྱིར་གསལ་བ་
ལས་གསལ་བ་གཞན་ནམ། སྤྱི་ཐ་དད་པ་ཡིན་ན་དེ་འབྲེལ་པ་མེད་པ་ཉིད་ཡིན་ཏེ། དེའི་ཕྱིར་སྤྱི་ནི་ངོ་བོ་ཉིད་མེད་པ་ཡིན་ནོ། །འབྲེལ་པ་མེད་པར་རྟོགས་པ་ལ་ནི་སྤྱི་ཡོད་པ་མ་ཡིན་ནོ། །འོ་ན་ནི་འབྲེལ་པ་མེད་པར་རྟོགས་པའི་དངོས་པོ་མེད་པ་ཡང་སྤྱི་ཐལ་བར་འགྱུར་ཏེ། ངོ་བོ་ཉིད་མེད་
པར་མཚུངས་པའི་ཕྱིར་རོ་ཞེ་ན། མེད་པ་རིགས་སུ་ཐལ་མི་འགྱུར། །དེ་ལ་ལྟོས་པ་མེད་པའི་ཕྱིར། །རི་བོང་གི་རྭ་རི་བོང་གི་རྭ་ཞེས་བྱ་བ་ནི་རང་གི་གསལ་བ་ལ་ལྟོས་ནས་སྤྱིར་འགྱུར་བ་ཁོ་ནའོ། །གཞན་གྱི་གསལ་བ་མ་ཡིན་པ། །ཅིའི་ཕྱིར་ཞེ་ན། སྤྱི་དངོས་པོར་སྨྲ་བ་ལ་ཡང་བ་ལང་ཉིད་

རྟ་དང་བ་ལང་ལ་སོགས་པའི་མ་ཡིན་པ། ཅིའི་ཕྱིར་ལྟོས་པ་མེད་པའི་ཕྱིར་ཏེ། དེ་ནི་རྟ་དང་བ་ལང་ལ་སོགས་པའི་གསལ་བས་གསལ་བར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་བོང་བུའི་རྭ་ལ་སོགས་པ་ལ་ཡང་ཁྲ་བོ་ལ་སོགས་པ་ལ་མི་ལྟོས་པའི་ཕྱིར་དེའི་སྤྱིའི་ངོ་བོ་ཉིད་མ་ཡིན་ནོ། །བ་ལང་ཉིད་ནི་དེ་ལ་བརྟེན་ནས་
འགྱུར་བ་ཡིན་པའི་ཕྱིར་དང་། དེ་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ལྟོས་པའི་མཚན་ཉིད་ཀྱི་འབྲེལ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་སྐྱོན་མེད་དོ། །དེའི་རང་བཞིན་ནི་དེ་རྣམས་ལ་ཡོད་པ་མ་ཡིན་ལ་དེའི་བདག་ཉིད་ཀྱི་འབྲེལ་པ་ཡང་མེད་མོད་ཀྱི། འོན་ཀྱང་ཐོག་མ་མེད་པའི་བག་ཆགས་ཀྱི་
མཐུ་ལས་དེ་ལྟར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ངོ་བོ་ལ་བརྟེན་ནས། །ངོ་བོ་མེད་པའི་རིགས་བརྟགས་པ། །ཁྱད་པར་དེ་ལ་འཇུག་དོན་ཅན། །སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན། །རིགས་ནི་རང་བཞིན་ཡོད་པ་མ་ཡིན་གྱི། འོན་ཀྱང་བརྒྱུད་ནས་སྐྱེ་བའི་མཚན་ཉིད་ཀྱི་རང་བཞིན་རྣམས་ལ་བརྟེན་
པ་ཙམ་ཞིག་ཡིན་པའི་ཕྱིར་རང་བཞིན་དང་ལྡན་པར་རྟོགས་པ་ཡིན་ནོ། །དེ་ལས་སྐྱེས་པ་དེ་ཉིད་ཀྱི་ཕྱིར་དང་། དེར་ལྷག་པར་ཞེན་པ་ཡིན་པའི་ཕྱིར་ན་རིགས་དེ་རྟོགས་པ་ན་ཁྱད་པར་ལ་འཇུག་པ་ཡིན་ནོ། །དེས་ན་ཁྱད་པར་དེ་ལ་འཇུག་པར་བྱ་བའི་དོན་ཅན་གྱི་སྒྲ་རྣམས་ཀྱིས་དེ་ཉིད་བསྟན་པར་
བྱ་བ་ཡིན་གྱི། གཞན་དང་ཐ་དད་མེད་པ་ནི་མ་ཡིན་ནོ་ཞེས་མཇུག་བསྡུ་བའོ། །རིགས་རང་གི་ངོ་བོའི་རྣམ་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་གསལ་བ་དང་། གཅིག་ཏུ་ལྷག་པར་ཞེན་པ་ག་ལས་ཡིན། ངོ་བོ་ཉིད་ནི་མཐོང་བ་ཡིན་གྱི་མ་མཐོང་བར་གཅིག་ཏུ་ལྷག་པར་ཞེན་པ། ཅི་ལྟར་ཡིན་
ཞེ་ན། འདི་ལ་བརྗོད་པ། དེ་ལ་ངོ་བོར་སྣང་བའམ། །དོན་ལ་དེ་ཉིད་དུ་འཛིན་པ། །གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། །དེ་ཁོ་ན་མཐོང་བ་ཉིད་ཀྱིས་དེའི་ངོ་བོར་སྒྲོ་འདོགས་པར་ནི་མ་ཟད་ཀྱི། འཁྲུལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་ཡོད་པ་
ཡིན་ཏེ། དབང་ཕྱུག་ལ་སོགས་པར་རྟོགས་པ་བཞིན་ནོ། །མི་གསལ་བར་སྣང་བ་ཡང་གསལ་བར་སྣང་བ་ལས་ཅི་ལྟར་ཞེས་བྱ་བ་འདི་ལ་ཡང་འཁྲུལ་པ་བརྒྱུད་པ་ཉིད་སྐྱབས་ཡིན་ནོ། །དེའི་ཕྱིར་འཁྲུལ་པ་ནི་འཁྲུལ་པའི་མཐོང་བ་གཞན་ལ་རག་ལས་པ་ཡིན་ལ། དེ་ཡང་

གཞན་ལས་ཡིན་པའི་ཕྱིར། འཁྲུལ་པ་ཐོག་མ་མེད་པ་ཉིད་ལེགས་པ་ཡིན་ནོ། །དེའི་ཕྱིར་དེའི་རང་བཞིན་ནི་མཐོང་བ་ནི་དགོས་པ་མེད་དོ། །ཡང་ན། དོན་རྣམས་ཀྱི་ནི་སྤྱི་གང་ཡིན། །གཞན་ལས་ལྡོག་པའི་མཚན་ཉིད་ཅན། །སྒྲ་འདི་དག་གིས་གང་བརྗོད་
པ། །དེ་ལ་ངོ་བོ་ཅུང་ཟད་མེད། །གཞན་ལས་ལྡོག་པའི་མཚན་ཉིད་ཀྱི་སྤྱི་ལས་ནི་རང་བཞིན་ཡོད་པ་མ་ཡིན་ནོ། །སྒྲས་ནི་མངོན་པར་འདོད་པ་མ་ཡིན་པའི་རིགས་མི་མཐུན་པ་དེ་ལས་ལྡོག་པ་ཙམ་ཉིད་མེད་པ་ཉིད་བྱེད་པ་ཡིན་ལ་ལྡོག་པ་ཡང་སྒྲ་དེ་ལས་འཇུག་པ་མེད་པ་ཁོ་ནའོ། །གལ་ཏེ་
འཇུག་པར་ཡང་བྱེད་པ་ཁོ་ན་མ་ཡིན་ནམ། ལྡོག་པ་ཙམ་གྱིས་ནི་སུ་ཡང་དོན་དུ་གཉེར་བ་མེད་དོ། །བུམ་པ་ཁྱེར་ཤོག་ཅེས་བྱ་བ་སྣམ་བུ་ལ་སོགས་པ་ཁྱེར་ནས་མི་འོང་བ་ཉིད་དོན་དུ་གཉེར་བ་ནི་མ་ཡིན་ནོ་ཞེ་ན་དེ་ནི་མེད་དོ། །ཁྱེར་ཤོག་བྱ་བ་འདི་ཁྱེར་ནས་མི་འོང་བ་འགོག་པ་ཡིན་ལ་
དེ་ལས་ནི་རང་ཉིད་ཁྱེར་ནས་འོང་བར་འགྱུར་རོ། །དེ་ཡང་བུམ་པ་མ་ཡིན་པ་ལ་ཡང་ཐལ་བར་འགྱུར་བས་དེ་འགོག་པ་ཡིན་ཏེ། དགག་པ་ལ་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་སྒྲ་དང་པོའི་སྒྲའི་དོན་སྒྲུབ་པ་ཡིན་པར་འགྱུར་བ་མ་ཡིན་ནམ། དེ་ལ་ནི་དགག་པ་སྲིད་པ་མ་ཡིན་ཏེ།
ཐལ་བ་མེད་པའི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། བཏང་སྙོམས་ལས་ནི་གཞན་མིན་པའི། །ལེན་པ་མི་བྱེད་པ་ཉིད་འདིར། །ཐལ་ཡིན་འདི་ནི་འགོག་བྱེད་དེ། །དེ་ལ་ཐལ་བ་གཞན་ཅི་ཡོད། །འདིར་ནི་སྦྱོར་བ་མེད་པ་ཉིད། །མི་ལེན་པ་ཡིན་པས་ཐལ་བ་དེ་ཉིད་སྒྲོ་འདོགས་པ་འགོག་
པ་ཡིན་ནོ། །གལ་ཏེ་དེ་དགག་པ་ནི་གཞན་སྒྲུབ་པ་ཁོ་ན་མ་ཡིན་ནམ། དེ་ཅི་ལྟར་ན་དེ་ལ་ངོ་བོ་ཉིད་མེད་པ་ཡིན་ཞེ་ན། འདིར་འདི་སྐད་བརྗོད་དེ། དེ་ཡི་ངོ་བོ་བཀག་པ་ན། །གཞན་ནི་རང་ཉིད་རྟོགས་པ་ཡིན། །སྒྲ་ཡི་བྱེད་པ་དེ་ལ་མེད། །དོན་གཉེར་ཡིན་ཕྱིར་རང་གིས་རྟོགས། །གཞན་
ཡོད་པ་ཉིད་གཞན་མེད་པ། །ཡིན་པར་ཅི་ལྟར་འགྱུར་ཞེ་ན། །གཞན་རྟོགས་ན་དེར་རྟོགས་པ་སྐྱེ་བའི་ཕྱིར་ཏེ། དེ་སྐད་བཤད་པ་ནི་རྟོགས་པའི་རང་བཞིན་གྱིས་གཞན་སེལ་བའི་ཕྱོགས་ཡིན་པའི་ཕྱིར་སྐྱོན་མེད་དོ། །རང་གི་བློ་ཉིད་དེས་དབེན་པར་ཉམས་སུ་མྱོང་བ་དག་མེད་དོ་ཞེས་རྟོགས་པའི་ཕྱིར་

རོ། །གལ་ཏེ་རེ་ཞིག་སྤྱིའི་བློ་ནི་ཡོད་པ་ཡིན་ནོ། །དེ་ལ་དོན་གྱི་རྣམ་པ་ཡོད་པ་གང་ཡིན་པ་དེ་ནི་སྤྱི་ཡོད་པ་ཉིད་ཡིན་ནོ། །གལ་ཏེ་རྣམ་པ་གཞན་དུ་སྣང་བའི་ཕྱིར་དེ་ལ་དོན་གྱི་ངོ་བོ་ཉིད་མེད་དུ་ཆུག་མོད། དེ་སྤྱི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བར་ནི་མི་འཐད་དོ་ཞེ་ན། འདི་ལ་བརྗོད་པ་ནི། ངོ་
བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ནི་མཐོང་ཕྱིར་དང་། །དོན་ལ་འཁྲུལ་པའང་མེད་ན་ནི། །སྤྱིར་འདོད་དེ་ཡང་སླར་ཕྱིར་དང་། །དེ་ཉིད་དུ་ན་དོན་དངོས་སུ། །མེད་ཕྱིར་ངོ་བོ་ཅན་མ་ཡིན། །སྤྱིའི་བློ་ལ་སྣང་བ་ནི་སྤྱིར་འདོད་པ་ཡིན་ནོ། །གལ་ཏེ་ངོ་བོ་མེད་པ་ཅན་ཏེ། རྣམ་པ་མེད་པ་ཉིད་དུ་
གྲུབ་ན་དེའི་ཚེ་ངེས་པར་དེ་བློ་ལས་གཞན་དུ་འགྱུར་དགོས་པའི་ཕྱིར་སྤྱིར་འགྱུར་བ་ཡིན་ཏེ། དེ་སྤྱིའི་ངོ་བོ་མཐོང་བའི་ཕྱིར་རོ། །འོན་ཀྱང་དེ་ནི་དོན་ལ་འཁྲུལ་པ་ཡང་ཡིན་ཏེ། དེ་ནི་ཅི་ལྟར་སྤྱིར་མཐོང་བ་དེ་བཞིན་དུ་འཁྲུལ་པ་ཡིན་ནོ་ཞེས་ཀྱང་རྟོགས་པ་ཁོ་ནའོ། །དེ་ཡང་རང་གི་རྣམ་པ་ནི་སྤྱི་མ་
ཡིན་ཏེ། རང་གི་རྣམ་པའི་མཐར་ཐུག་པ་ཉིད་ཀྱི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་ཐ་དད་པའི་ཕྱིར་ཏེ། དོན་ལ་བསླད་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དུ་དོན་གྱི་རང་བཞིན་དུ་མེད་དོ་ཞེས་ཀྱང་རྟོགས་པའི་ཕྱིར་རོ། །སྤྱི་འདི་ནི་ཅི་ལྟར་དེའི་མཐར་ཐུག་པར་རྟོགས་པ་ཞེས་ཟེར། དེ་ལ་བརྟེན་པར་
རྟོགས་པ་བཞིན་དུ་དོན་ལ་ཡོད་པ་མ་ཡིན་ནོ། །དེས་ན་རང་བཞིན་དེས་དམིགས་པ་དང་བཅས་པ་ཉིད་ཀྱིས་ནི་ངོ་བོ་དང་ལྡན་པ་མ་ཡིན་ཏེ། རང་བཞིན་དང་བཅས་པ་མ་ཡིན་ཏེ། དེ་ལྟར་བརྟག་མི་བཟོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སེར་པོ་ལ་སོགས་པ་ཡང་། དུང་དཀར་པོ་ལ་སོགས་པ་ལ་ཡོད་པར་འགྱུར་
བ་ཁོ་ནའོ། །དེའི་ཕྱིར་སྤྱི་ནི་དངོས་པོ་མ་ཡིན་ནོ། །བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཡང་སྤྱི་ནི་དངོས་པོ་མ་ཡིན་ནོ། །སྤྱི་དེ་དང་གཞན་དག་ཏུ་བརྗོད་པར་བྱ་བ་ཉིད་མ་ཡིན། ཡང་དངོས་པོར་འགྱུར་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངོ་བོ་མེད་པས་བརྗོད་བྱ་མིན། །གལ་ཏེ་བརྗོད་པ་འགའ་
ཞིག་ལས། །དངོས་འདོད་དངོས་རྣམས་ཅི་ལྟར་འདོད། །བརྗོད་བྱ་མིན་པ་ཉིད་མ་ཡིན། །གང་ཞིག་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་རང་གི་ངོ་བོ་མེད་པ་ཡིན་ཏེ། དངོས་པོ་ཉིད་དུ་གྱུར་པ་ནི་གདོན་མི་ཟ་བར་དེ་ཉིད་དམ་གཞན་དུ་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །ཅི་

སྟེ་སྤྱི་གཞན་ལས་གཞན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཐ་དད་པ་ཉིད་དུ་ངེས་པར་གྱུར་པ་ནི་སྤྱི་དངོས་པོར་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་དངོས་པོ་ཡིན་ནོ་གསལ་བ་ལས་ཀྱང་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བར་འགྱུར་རོ། །དེ་ཉིད་ལས་བརྗོད་དུ་མེད་པའི་ཕྱིར་
དངོས་པོ་མ་ཡིན་ནོ། །དེ་དང་འབྲེལ་པ་ཉིད་ཀྱི་ཕྱིར་དེ་ལས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ནི་ཐ་དད་པ་ཉིད་ཀྱི་འབྲེལ་པ་ཡིན་ཏེ། དེས་ན་འབྲས་བུ་ཐམས་ཅད་རྒྱུ་ལ་ལྟོས་ནས་རྗོད་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དུ་བ་ནི་མེ་ལས་དེ་ཉིད་དང་གཞན་ཉིད་དུ་
བརྗོད་པར་