Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 178

Văn bản gốc(Tây Tạng)

Trang 11 / 21 (50.000 ký tự/trang)
སུམ་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པའི་མཚན་ཉིད་ཀྱི་ཡུལ་གྱི་དབྱེ་བ་ཚད་མ་གང་གིས་རྟོགས། ཅི་མངོན་སུམ་གྱིས་ཡིན་ནམ། འོན་ཏེ་རྗེས་སུ་དཔག་པས་ཡིན་ནམ། དེ་སྟེ་ཚད་མ་གཞན་གྱིས་ཡིན། གལ་ཏེ་གཞལ་བྱ་གཉིས་ཉིད་ནི། །ཚད་མ་གཞན་གྱིས་

རྟོགས་འགྱུར་ན། །གཏན་ཚིགས་འགལ་བ་ཉིད་འགྱུར་ཏེ། །གསུམ་པ་དག་ཀྱང་ཡོད་ཕྱིར་རོ། །འོན་ཏེ་ཚད་མ་གཉིས་ཉིད་ཀྱིས། །ཡིན་ན་ཕན་ཚུན་བརྟེན་པར་འགྱུར། །ཚད་མ་གསུམ་ལ་སོགས་པ་ཡིས། །གཞལ་བྱ་གཞན་ནི་གྲུབ་པ་ན། །ཚད་
མ་གསུམ་སོགས་འགྲུབ་འགྱུར་གྱི། །མངོན་པར་འདོད་པར་འགྲུབ་མི་འགྱུར། །ཚད་མའི་དབྱེ་བས་གཞལ་བྱ་ཡི། །དབྱེ་བ་སྒྲུབ་པར་བྱེད་པ་ཡིན། །ལྐོག་གྱུར་ཉིད་ཀྱང་རྗེས་དཔག་གིས། །ཇི་ལྟར་འགྲུབ་པར་འགྱུར་བ་ཡིན། །ལྐོག་ལ་མངོན་སུམ་འཇུག་མིན་ཏེ། །འཇུག་ན་
རྗེས་དཔག་དོན་མེད་ཡིན། །གལ་ཏེ་མངོན་སུམ་འཇུག་ན་ནི། །ལྐོག་གྱུར་ཉིད་དུའང་ཇི་ལྟར་འགྱུར། །མངོན་སུམ་ལོག་པར་འགྱུར་བ་ཡི། །དངོས་པོ་ཉིད་ནི་ལྐོག་གྱུར་ཡིན། །དེ་ལ་མངོན་སུམ་འཇུག་པ་མིན། །དབང་པོ་མཐོང་བ་མེད་པར་ནི། །དེས་དེ་རྟོགས་པ་ཞེས་བྱ་བའི། །
ཚིག་གི་ཚུལ་འདི་སྔོན་མེད་ཡིན། །དེ་ཕྱིར་མངོན་སུམ་ཡུལ་ཉིད་ནི། །མངོན་སུམ་ལས་ནི་རྟོགས་པར་འགྱུར། །ལྐོག་གྱུར་ལ་ནི་ཚད་མེད་ཕྱིར། །ཇི་ལྟར་གཞལ་བྱ་གཉིས་སུ་ངེས། །དེའི་ཕྱིར་གཞལ་བྱ་གཉིས་མ་གྲུབ་པའམ། འགལ་བ་ཡིན་ན་ཇི་ལྟར་སྒྲུབ་པར་བྱེད་པ་ཡིན།
གལ་ཏེ་གཞལ་བྱ་གཉིས་ཡིན་དུ་ཆུག་པ་དེ་ལྟ་ན་ཚད་མ་དེ་ཙམ་ཁོ་ནར་འགྱུར་དགོས་སོ་ཞེས་བྱ་བ་ག་ལས་ཡིན། འབྲེལ་པ་གྲུབ་པ་མེད་པར་ནི། །གཏན་ཚིགས་ཀུན་ལས་ངེས་མི་འགྱུར། །འབྲེལ་པ་རབ་ཏུ་གྲུབ་པ་ཡང་། །མངོན་སུམ་ཚད་མ་དང་ལྡན་མིན། །ཚད་མ་ཉིད་ནི་ཐུན་
མོང་བའི། །སྒྲུབ་བྱེད་མངོན་སུམ་ཇི་ལྟར་ཡིན། །དེ་མ་གྲུབ་ན་མངོན་སུམ་གྱིས། །དེ་དང་འབྲེལ་པ་ཇི་ལྟར་ངེས། །དེ་ལྟར་གཞལ་བྱ་གཉིས་མ་གྲུབ་པའམ། གཞན་གྱིས་གྲུབ་ན་འགལ་བར་འགྱུར་བ་དང་། ཡང་ན་དེ་དང་འབྲེལ་པ་མ་གྲུབ་པས། གཏན་ཚིགས་མ་ངེས་པ་
ཡིན་ནོ་ཞེ་ན། འདིར་བཤད་པ་ཡུལ་རྣམ་པ་གཉིས་ནི་མངོན་སུམ་ཁོ་ནས་རབ་ཏུ་གྲུབ་སྟེ། འདྲ་བ་དང་མི་འདྲ་བར་རྟོགས་པ་ཉིད་ནི་ཤེས་པ་ཉིད་ཀྱི་ཆོས་ཡིན་ལ། དེ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །ཤེས་པའི་རང་གི་ངོ་བོ་ལ་འཁྲུལ་པ་ཡོད་པ་ཡང་མ་ཡིན་ཏེ། དེ་

ལ་འཁྲུལ་པར་དོགས་ན་ཐ་སྙད་མེད་པར་འགྱུར་བས་གཏན་ཚིགས་བརྗོད་པ་དང་། ཕྱིར་རྒོལ་བ་དང་། འདྲི་བའི་ཚིག་གི་སྐབས་མེད་པར་འགྱུར་རོ། །མྱོང་བ་མེད་པ་གང་གི་ཚིག །གང་ཞིག་ཏུ་ནི་འཇུག་པར་འགྱུར། །འབྲེལ་མེད་རྟེན་ལ་ཚིག་དག་ནི། །འཇུག་པར་གང་ནའང་ཡོད་
མ་ཡིན། །དངོས་གཞན་དག་གི་ཐ་དད་ཀྱང་། །ཤེས་པ་ཐ་དད་ལས་ཡིན་ན། །དེ་ཡི་ངོ་བོར་གྱུར་པ་ཡི། །ཚད་མའི་དབྱེ་བ་ཅིས་མི་འགྲུབ། །རྟོགས་པ་ཉིད་ནི་ཐ་དད་འགྱུར། །ཚད་མའི་དབྱེ་བ་ཇི་ལྟར་ཡིན། །སྔོན་དུ་སྤྱི་ཡི་མཚན་ཉིད་དུ། །ཚད་མ་འདི་ནི་གྲུབ་གྱུར་པ། །དེ་
ཡི་ཐ་དད་ཐ་སྙད་འདི། །དེ་ལྟར་བསྒྲུབ་བྱར་རྟོགས་མིན་ནམ། །འདི་མེ་ཞེས་བྱ་མངོན་སུམ་ཉིད། །རྣམ་རྟོག་བཅས་པར་གང་སྨྲས་ལ། །ངོ་བོ་མངོན་སུམ་ལས་གྲུབ་ཅིང་། །སྔོན་དང་འདྲ་དོན་གཏན་ཚིགས་ལས། །དེ་ལྟར་དོན་བཟུང་མེད་པར་ནི། །དོན་གཉེར་དོན་སྒྲུབ་ལ་འཇུག་
མེད། །འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་ཐ་སྙད་ལས་ཚད་མའི་སྤྱིའི་མཚན་ཉིད་ནི་དང་པོ་ཉིད་དུ་གྲུབ་པ་ཡིན་ལ། ད་ལྟ་ནི་ཐ་དད་པའི་ཐ་སྙད་ཙམ་ཞིག་བསྒྲུབ་བྱར་འགྱུར་བ་ཡིན་ནོ། །དེ་ལ་འདི་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་གཅིག་ཉིད་དེ། འདི་ལྟ་སྟེ་འདི་ནི་མེ་
ཡིན་ཏེ། འདི་ལས་མངོན་པར་འདོད་པའི་དོན་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་གང་སྨྲས་པ་དེ་ལ། འདི་ནི་གཉིས་ཡིན་ཏེ། རྟོགས་པའི་རྣམ་པ་ཐ་དད་པའི་ཕྱིར་རོ། །རྟོགས་པ་རྣམ་པ་ཐ་དད་པས་ནི་ཕྱི་རོལ་གྱི་དངོས་པོ་ཡང་ཐ་དད་པར་རྟོགས་པ་ཡིན་ན། དེའི་ངོ་བོར་
གྱུར་པའི་ཚད་མ་ལྟ་ཅི་སྨོས། དེ་ལ་འབར་བའི་རྣམ་པ་ཅན་གྱི་རང་གི་ངོ་བོ་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། མངོན་དུ་བྱས་པའི་ཕྱིར་དང་། མངོན་སུམ་དེ་ནི་ལྐོག་ཏུ་མ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །སྤྱིའི་རྣམ་པར་རྟོག་པ་སྔར་གྱི་དོན་བྱ་བ་བྱེད་པ་དང་། ཆོས་མཐུན་པ་ནི་ལྐོག་ཏུ་
གྱུར་པ་ཡིན་པའི་ཕྱིར། ཚད་མ་གཞན་གྱི་ཡུལ་ཡིན་ནོ། །འོན་ཏེ་དེ་ལ་འཇུག་པར་བྱེད་པ་ནི་མངོན་སུམ་ཁོ་ན་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །རྟོགས་པ་གཞན་ནི་དེ་ན་ཡོད་ཀྱང་ཚད་མ་མ་ཡིན་ཏེ། གང་གི་ཕྱིར་ཇི་སྙེད་དེ་དང་ལྷན་ཅིག་ཡོད་དོ་ཅོག །ཐམས་ཅད་ནི་ཚད་མར་འགྱུར་བ་

མ་ཡིན་ཏེ། ལུས་དང་ས་གཞི་ལ་སོགས་པ་ཡང་ཚད་མར་ཐལ་བའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། རྗེས་འགྲོ་ལྡོག་པ་དག་གིས་ན། །ཉེར་མཁོ་ཅིག་ཤོས་དག་ཏུ་གནས། །དེ་མེད་པར་ནི་མངོན་སུམ་ཉིད། །འབའ་ཞིག་འཇུག་པར་བྱེད་མ་ཡིན། །
ཅི་སྟེ་ཤིན་ཏུ་གོམས་པ་ལས་མངོན་སུམ་འབའ་ཞིག་འཇུག་པར་བྱེད་པ་མཐོང་བ་ཡིན་པས་ན། འདྲ་བ་འཛིན་པའི་རྣམ་པ་ཅན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། མངོན་སུམ་གྱིས་རྟོགས་པ་འབའ་ཞིག་དང་པོའི་ཚེ་འཇུག་པར་བྱེད་པ་མ་མཐོང་བའི་ཕྱིར་རོ། །དང་པོ་
མ་ཡིན་ཀྱང་ཕྱིས་འགྱུར་རོ་ཞེ་ན། འདི་ནི་གླེན་པའི་གཏམ་ཡིན་ཏེ། །གང་དེ་གང་ཞིག་ཡུལ་དེར་ནི། །དང་པོ་ཞུགས་པ་ན་བྱེད་ན། །དང་པོ་འཇུག་པར་མི་བྱ་སྟེ། །དེ་ཡི་འོག་ཏུ་འཇུག་པར་འགྱུར། །ཞེའོ། །འདི་ལྟར་དང་པོ་འཇུག་པ་མེད་ན། ཕྱིས་ཀྱི་གོམས་པ་ཅན་གྱི་འཇུག་
པ་དེ་ཉིད་ག་ལས་ཡིན། དེའི་འོག་རོལ་པ་རྣམས་ཀྱི་དེའི་འོག་རོལ་གྱི་ངོ་བོ་ནི་འདི་ཁོ་ན་ཡིན་ཏེ། སྔ་མ་མེད་ན་མེད་པ་ཉིད་གང་ཡིན་པའོ། །དེའི་ཕྱིར་མངོན་སུམ་དང་ཅིག་ཤོས་ཀྱི་རྟོགས་པ་འཇུག་གི་དེ་ལྟ་མ་ཡིན་ན་འཇུག་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་། གང་ཞིག་དུ་སོགས་
རྟགས་ལས་ནི། །མེ་སོགས་འགའ་ལ་འཇུག་བྱེད་པ། །དེ་ནི་མངོན་སུམ་མེད་ནའང་མཐོང་། །དེས་ན་དེ་ཡང་དོན་མེད་འགྱུར། །ཇི་ལྟར་ཤིན་ཏུ་གོམས་པ་ལས་ལྐོག་ཏུ་གྱུར་པའི་རྟོགས་པ་མེད་ཀྱང་མངོན་སུམ་ཉིད་དུ་འཇུག་པ་དེ་བཞིན་དུ། མངོན་སུམ་གྱི་རྟོགས་པ་མེད་ཀྱང་དུ་བ་ལ་སོགས་
པ་ལས་མེ་ལ་སོགས་པ་ལ་འཇུག་པའི་ཕྱིར། མངོན་སུམ་དེ་ཡང་འཇུག་པར་བྱེད་པར་མི་འགྱུར་རོ། །ཅི་སྟེ་ཡང་། མངོན་སུམ་མེད་པར་རྗེས་དཔག་གིས། །རང་དོན་སྒྲུབ་པར་བྱེད་མ་ཡིན། །དེ་མེད་པར་ཡང་མངོན་སུམ་ནི། །གོམས་ལས་འཇུག་པར་བྱེད་པ་ཡིན། །དེ་ཕྱིར་དེ་ལ་
མངོན་སུམ་ཉིད། །ཚད་ཡིན་གང་དུའང་རྗེས་དཔག་མིན། །དེ་མེད་པར་ཡང་དེ་འགྲུབ་ཕྱིར། །མངོན་སུམ་ཉིད་ནི་ཚད་མ་ཡིན། །ཞེས་བྱ་བར་སེམས་ན། འདིར་སྨྲས་པ། གོམས་མེད་མངོན་སུམ་ཚད་མ་ཉིད། །མིན་ཞེས་འདི་ལ་བཤད་ཟིན་ཏོ། །དེ་ཕྱིར་འདི་ལ་རྗེས་དཔག་ཉིད། །

སྒྲུབ་པར་བྱེད་པ་ཡིན་ཞེས་རྟོགས། །གཞན་ཚེ་མཁོ་བ་མེད་ཅེས་ཏེ། །གཞན་ཚེའང་མཁོ་བ་མེད་མ་ཡིན། །གོམས་པ་མེད་ན་སྐྱེ་བོ་རྣམས། །རྗེས་དཔག་མིན་པ་གང་ལས་འཇུག །མཁོ་བ་མེད་ན་འགའ་ཞིག་ཀྱང་། །དོན་དུ་གཉེར་བར་ཇི་ལྟར་འགྱུར། །དངོས་པོ་དོན་དུ་གཉེར་བའི་
ཡུལ། །མཁོ་བ་མེད་པར་རིགས་མ་ཡིན། །ཅི་སྟེ་མངོན་སུམ་འཇུག་དོན་དུ། །རྗེས་སུ་དཔག་པ་དོན་གཉེར་ན། །རྟགས་ལ་མངོན་སུམ་དག་ཀྱང་ནི། །ཚུལ་འདི་ཉིད་ལས་འདའ་མི་འགྱུར། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཡང་རང་གི་ཡུལ་ལ་ཚད་མ་མ་
ཡིན་ནོ་ཞེས་གནས་ཏེ། དེ་ཉིད་དེ་ལྟར་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །ཅི་སྟེ་དེ་ཚད་མ་མ་ཡིན་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར། འཇུག་ལ་མཚུངས་པ་ཉིད་ཡིན་ཡང་། །གལ་ཏེ་འགའ་ཞིག་འཇུག་བྱེད་ན། །ད་ནི་འཇུག་བྱེད་ཅིག་ཤོས་ཀྱི། །རྣམ་
དབྱེ་མཚོན་པ་མེད་པར་འགྱུར། །འཇུག་པར་བྱེད་པ་ལས་ཚད་མ་ཉིད་གཞན་ནི་མེད་དེ། དེས་ན་མངོན་སུམ་དང་ཅིག་ཤོས་གཉིས་ཀ་མཚུངས་པར་ཚད་མ་ཡིན་པའམ། ཡང་ན་འགའ་ཡང་མ་ཡིན་ནོ། །འོན་ཏེ་ཡང་དེ་ལ་འཇུག་པར་བྱེད་པ་ནི་མངོན་སུམ་ཡིན་ལ་འབྲས་བུའི་རྟགས་ལ་སོགས་པའི་ཡུལ་
ཅན་མངོན་སུམ་མ་ཡིན་པ་ནི། ཡོད་པ་ཙམ་དུ་ཉེ་བར་གནས་པ་ཡིན་གྱི། དེ་ལ་འཇུག་པར་བྱེད་པའི་བྱ་བ་ནི་མེད་དོ་སྙམ་ན་དེ་ཡང་མི་བདེན་ཏེ། དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལ་འཇུག་པར་བྱེད་པ་མངོན་སུམ་ཉིད་ཡིན་ནོ་ཞེས་བྱ་བའི་ངེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །མངོན་སུམ་ལ་ཡང་ཡོད་པ་
ཙམ་ལས་གཞན་འཇུག་པར་བྱེད་པ་ཉིད་ནི་མེད་དེ། ཐམས་ཅད་རྗེས་སུ་འགྲོ་བ་དང་ལྡོག་པ་ཙམ་གྱིས་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་དོན་དམ་པར་འགའ་ཡང་གང་ལ་ཡང་བྱ་བ་དང་བཅས་པ་
མ་ཡིན་ནོ། །བྱ་བ་དང་བཅས་པ་ཞེས་བྱ་བའི་དོན་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཏེ། འདི་ཡང་ཕྱིས་བཤད་པར་བྱའོ། །གཞན་ཡང་། འདིར་ཡང་རྟགས་ཀྱི་སྒྲུབ་བྱེད་ཀྱི། །མངོན་སུམ་ཉིད་ཀྱིས་འཇིག་རྟེན་གཞན། །གྲུབ་ཕྱིར་རྟགས་ཅན་ལ་གནོད་ཀྱང་། །ངེད་ལ་ཆད་པ་ཅི་ཞིག་ཡོད། །གལ་

ཏེ་མེ་ལ་སོགས་པའི་ཡུལ་ཅན། རྟགས་ཅན་གྱི་ཤེས་པ་ཚད་མ་མ་ཡིན་ཡང་མངོན་སུམ་གྱི་ངོ་བོ་ལས། མ་འདས་པར་འཇུག་པའི་རྟགས་ཀྱི་ཤེས་པ་ཉིད་ཀྱིས་འཇིག་རྟེན་ཕ་རོལ་ལ་སོགས་པ་རྟགས་དང་རྟགས་ཅན་ཡུལ་དུ་བྱས་པའི་ཕྱིར། ངེད་ལ་ཆད་པ་ཅི་
ཞིག་ཡོད། །རྗེས་དཔག་ཚད་མ་ཉིད་མིན་པ། །འཇིག་རྟེན་གཞན་སོགས་མི་འགྲུབ་ཕྱིར། །མེད་ལྟར་མ་གྱུར་ཅིག་ཅེས་དེ། །ཚད་མ་ཉིད་མིན་འགོག་པར་བྱེད། །གལ་ཏེ་རྗེས་སུ་དཔག་པ་ཚད་མ་མ་ཡིན་ན་དེའི་ཡུལ་འཇིག་རྟེན་ཕ་རོལ་ལ་སོགས་པ་མི་འགྲུབ་པའི་ཕྱིར་རོ། །མེད་
པར་འགྱུར་དུ་དོགས་ནས་ཁོ་བོ་ཅག་གི་རྗེས་སུ་དཔག་པ་སྤོང་བར་ཟློག་པར་ཟད་ཀྱི། བསམ་པ་གཞན་གྱིས་ནི་མ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་འཇིག་རྟེན་ཕ་རོལ་ལ་སོགས་པའི་མངོན་སུམ་དུ་མ་གྱུར་པ་ཡང་མངོན་སུམ་གྱི་ཡུལ་དུ་བྱེད་ན། རྗེས་སུ་དཔག་པ་ཚད་མར་
བསྒྲུབས་པས་ངེད་ལ་ཅི་ཞིག་བྱ། འདི་ལྟར་འབད་པ་ཆེན་པོ་ཡིས། །གྲུབ་པར་འདོད་པ་གང་ཡིན་པའི། །དོན་དེ་གལ་ཏེ་འབད་མེད་པར། །གྲུབ་ན་གང་གཞན་དོན་དུ་གཉེར། །རྣམ་པ་གཅིག་གིས་འབད་པ་མེད་པར་གྲུབ་པའི་དོན་ལ། རྟོགས་པ་དང་ལྡན་པའི་སྐྱེ་བོ་སུ་ཞིག་
འབད་པའི་ངལ་བའི་སྣོད་རྣམས་གཞན་སྟོན་པར་བྱེད། གལ་ཏེ་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བའི་དོན། མངོན་སུམ་ཙམ་གྱིས་གྲུབ་ན། དེ་ལ་རྗེས་སུ་དཔག་པ་ཉེ་བར་ལེན་པ་ནི་ཅི་དགོས། གཞན་ཡང་། གལ་ཏེ་ལྐོག་ཀྱང་མངོན་སུམ་ལས། །འགྲུབ་ཅེས་དོན་འདི་འདོད་ན་
ནི། །ཐམས་ཅད་འགྲུབ་པར་འགྱུར་བས་ན། །ཐམས་ཅད་དོན་ཀུན་རིག་པར་འགྱུར། །འབྲེལ་པ་མེད་ཕྱིར་མིན་ཞེ་ན། །འོ་ན་དེ་ནི་རྗེས་དཔག་ཉིད། །རྗེས་སུ་དཔག་པ་སྨྲ་བ་པ་རྣམས་ཀྱང་འབྲེལ་པ་ལས་རྟོགས་པ་མ་གཏོགས་པ་གཞན་ནི་རྗེས་སུ་དཔག་པར་འདོད་པ་མ་ཡིན་ནོ། །
དེའི་ཕྱིར་གང་ཞིག །འདྲ་བའི་ངོ་བོར་རྟོགས་པ་དེ་ནི་སྤྱིའི་མཚན་ཉིད་ཁོ་ན་ཡིན་ལ། དེ་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །འདིས་ནི་འབྲས་བུའི་རྟགས་ཀྱི་ཡུལ་བསྟན་ཏོ། །སྒྲའི་ཡུལ་ཉིད་ཀྱང་སྒྲ་ལས་བྱུང་བའི་ཤེས་པས་རྟོགས་པར་བྱ་བ་ཡིན་ནོ། །སྒྲའི་ཤེས་པ་

དེ་ཉིད་ཀྱང་རང་ལ་སྣང་བའི་ཡུལ་ཉིད་རྟོགས་པར་བྱེད་པ་ཡིན་ནོ། །འདིས་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་བསྟན་ཏོ། །འདི་ལྟར། ཉེ་བར་འཇལ་བས་བ་ལང་གི །དངོས་པོ་འདྲ་བའི་ངེས་པ་ཡིན། །འདྲ་བ་དེ་ནི་སྒྲ་ལས་སྔར། །དེས་ནི་རབ་ཏུ་རྟོགས་པ་ཉིད། །དེ་
ཡི་ངོ་བོ་མངོན་སུམ་གྱི། །ཤེས་པ་ཉིད་ཀྱིས་ཁོང་དུ་ཆུད། །དེ་ཡི་འདྲ་བ་འབའ་ཞིག་ནི། །སྒྲ་ཡི་ཤེས་པའི་སྤྱོད་ཡུལ་ཡིན། །འདི་ལྟར་འདི་དེ་དང་འདྲའོ་ཞེས་བྱ་བ་དང་། འདི་དང་འདྲའོ་ཞེས་བྱ་བ་ནི་དོན་གཅིག་པ་ཡིན་ལ། དེའི་རྗེས་སུ་བྱེད་པའི་བྱ་བ་ཡང་གཉི་ག་ལས་དམིགས་
པ་ཡིན་ནོ། །མངོན་སུམ་གྱིས་ནི་གཉི་ག་རྟོགས་པར་མི་ནུས་ཏེ། དེས་ན་འདྲ་བ་ནི་སྒྲའི་སྤྱོད་ཡུལ་དུ་གྱུར་པ་རང་བཞིན་གྱི་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །དེ་ནི་འདི་དང་འདྲ་བ་ཡིན་ཏེ། འདིའི་རྣམ་པ་དེ་ལ་ཡང་མཐོང་བའི་ཕྱིར་དང་། འདྲ་བའི་ཐ་སྙད་ཙམ་དེ་ལ་ཡང་སྒྲུབ་
པའི་ཕྱིར་དང་། དེ་ལྟ་བུ་ཤེས་པའི་རྒྱུ་མཚན་དུ་གྱུར་པའི་རྣམ་པ་གཉིས་ནི་སྔ་མ་དང་ཕྱི་མའི་མངོན་སུམ་དག་ཁོ་ནས་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྒྲའི་ཡུལ་ནི་རང་གི་མཚན་ཉིད་ནི་མ་ཡིན་ནོ། །སྒྲ་སྨོས་པས་ནི་རྣམ་པར་རྟོག་པ་ཉིད་མཚོན་པ་ཡིན་ཏེ། རྣམ་པར་རྟོག་པ་ཡུལ་ཡིན་ནོ་
ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་རྒྱུ་མཚན་གཞན་ཡོད་པ་ན་བློ་མེད་པར་ཞེས་བྱ་བ་འདིས་ནི་མི་དམིགས་པ་འཕེན་པ་ཡིན་ཏེ། གང་ལ་བློ་མེད་པ་དེ་ནི་མེད་པ་ཡིན་ནོ། །དེ་ལ་བློ་འགའ་ཞིག་ལ་ཤེས་པ་འཇུག་པ་ན། ད་ནི་གཞན་ལ་མ་ཞུགས་སོ་ཞེས་རྟོགས་པ་ཡིན་ཏེ། ངེས་པའི་རྣམ་པ་
ཅན་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་བདག་ཉིད་འཇུག་པ་ནི་དམིགས་པ་མ་ཡིན་ནོ། །དེས་ན་མངོན་སུམ་ཉིད་ཀྱིས་ཐ་དད་པར་སྨྲ་བའི་དངོས་པོ་རྣམ་པ་གཉིས་རྟོགས་པ་ཡིན་ཏེ། རྟོགས་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །འདྲ་བ་དང་མི་འདྲ་བ་ལ་སོགས་པ་འདི་ཐམས་ཅད་ནི་
ལྐོག་ཏུ་གྱུར་པ་དང་། ཅིག་ཤོས་ཀྱི་རྟོགས་པའི་སྤྱོད་ཡུལ་ཡིན་ལ། དེ་ཡང་དོན་བྱེད་པ་ནུས་པ་དང་མི་ནུས་པ་ལ་ཤེས་པ་ཡིན་ནོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །དེ་ལས་ལྐོག་དུ་གྱུར་པ་ལས་མངོན་སུམ་ཡོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། གང་ལ་ང་ནི་མེད་པ་

དེ། །ངས་གསལ་མངོན་སུམ་ལས་གཞན་ཡིན། །འདི་ཙམ་ཉིད་ཀྱི་དོན་རྣམས་ཀྱིས། །ལྐོག་གྱུར་ཉིད་ནི་ངེས་པ་ཉིད། །ཉམས་སུ་མྱོང་བའི་བདག་ཉིད་ཀྱི། །མངོན་སུམ་བདག་ཉིད་རིག་པ་ཉིད། །ངེས་པ་ཉིད་དུ་རྟོགས་ཉིད་ནི། །གཞན་པ་ལྐོག་
གྱུར་རྟོགས་པ་ཡིན། །ལྐོག་གྱུར་ཉིད་ནི་མངོན་སུམ་གྱིས། །རྟོགས་ཀྱང་དོན་གྱི་ངོ་བོ་ནི། །ལྐོག་གྱུར་ཉིད་དེ་དེ་དོན་ལ། །མངོན་སུམ་འཇུག་པ་ཡོད་མ་ཡིན། །མངོན་སུམ་དོན་ཤེས་མེད་པར་ནི། །ལྐོག་ཉིད་ཇི་ལྟར་རིག་པར་བྱེད། །དེ་རིག་ན་ནི་དེ་ཡི་ཆོས། །
ངོ་བོ་ཉིད་འགྱུར་རྟོགས་པར་འགྱུར། །གལ་ཏེ་ལྐོག་ཏུ་གྱུར་པའི་དོན་མངོན་སུམ་གྱིས་ཤེས་པ་ཡིན་ན་དེའི་ཚེ་དེའི་ཆོས་རྟོགས་པར་འགྱུར་ཏེ། ཆོས་ནི་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་མ་ཡིན་པ་ནི་དེའི་ཆོས་སུ་མི་འཐད་པའི་ཕྱིར་རོ། །དེ་དང་འབྲེལ་པའི་ཕྱིར་དེའི་ཆོས་ཡིན་ནོ་ཞེ་ན། འོ་
ན་ནི་མངོན་སུམ་གྱིས་ཡོངས་སུ་ཤེས་པ་ཉིད་ཡིན་ཏེ། དངོས་པོ་དེ་དང་འབྲེལ་པའི་ཆོས་མངོན་སུམ་དུ་རིག་ན། ལྐོག་ཏུ་གྱུར་པའི་དངོས་པོ་ཉིད་ཀྱང་མངོན་སུམ་གྱིས་རིག་པར་འགྱུར་དགོས་སོ། །དེས་ན་ལྐོག་ཏུ་གྱུར་པ་ཉིད་དུ་འདོད་པའི་དངོས་པོ་ནི་ལྐོག་ཏུ་གྱུར་པ་ཉིད་དུ་མི་འགྱུར་བ་
དེས་ན་རྗེས་སུ་དཔག་པ་མི་འཇུག་སྟེ། མངོན་སུམ་གྱིས་གཟུང་བ་ཉིད་རྗེས་སུ་དཔག་པའི་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། རང་རིག་པ་ཡི་མངོན་སུམ་ནི། །ལྐོག་གྱུར་ཉིད་ལ་འཇུག་པ་ཡིན། །དབང་པོ་ཤེས་པ་གཞན་དག་ནི། །དེ་ཡི་ཆོས་ཅན་ལ་འཇུག་
གོ། །གཉིས་རྟོགས་ན་འབྲེལ་པ་རྟོགས་པར་འགྱུར་ལ། གཉིས་ཀྱང་ཚད་མ་གཅིག་ཉིད་ཀྱིས་ནི་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེ་ལ་རང་རིག་པས་ནི་དོན་གྱི་ཆོས་ལྐོག་ཏུ་གྱུར་པ་ཉིད་རྟོགས་པར་འགྱུར་ལ། ལྐོག་ཏུ་གྱུར་པའི་ཆོས་ཅན་གྱི་དངོས་པོ་ནི་མངོན་སུམ་གཞན་དབང་
པོའི་ཤེས་པས་རྟོགས་པར་འགྱུར་ལ། དེ་ལས་ནི་འབྲེལ་པ་རྟོགས་པ་ཡིན་ནོ། །དེས་ན་ལྐོག་ཏུ་གྱུར་པ་ཉིད་མངོན་སུམ་གྱིས་རྟོགས་ཀྱང་དངོས་པོ་རྗེས་སུ་དཔག་པས་རྟོགས་པའི་ཕྱིར། རྗེས་སུ་དཔག་པ་མི་འཇུག་པ་མ་ཡིན་ནོ། །གཞན་ཡང་། ཐ་དད་མེད་པར་གནས་པ་ཡི། །

བསྒྲུབ་པའི་ངོ་བོ་ཉིད་ཀྱི་ཆོས། །དངོས་པོ་གཟུང་བ་མེད་པར་ནི། །རིག་པར་འཐད་མིན་བཟློག་པ་མིན། །དངོས་པོ་དང་ཐ་མི་དད་པ་སྒྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་དེ་ནི། ཆོས་ཅན་དང་ལྷན་ཅིག་ཚད་མ་གཅིག་གིས་གཟུང་བར་བྱ་བ་ཡིན་གྱི། ལྐོག་ཏུ་གྱུར་པ་ཉིད་ནི་མངོན་སུམ་གྱི་
རྟོགས་པ་སྟོང་པ་ཙམ་ཡིན་པས་དེ་ནི་ཆོས་ཅན་འཛིན་པ་ལ་མི་ལྟོས་སོ། །ཅི་སྟེ་ལྐོག་ཏུ་གྱུར་པ་ལ་མངོན་སུམ་མི་འཇུག་ན་རྗེས་སུ་དཔག་པ་ཇི་ལྟར་འཇུག་ཅེ་ན། འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ལྟར། རྗེས་སུ་དཔག་པས་དངོས་པོ་དེའི། །ལྐོག་གྱུར་ཉིད་ནི་སྒྲུབ་མི་
བྱེད། །མངོན་སུམ་ཉིད་དུ་འགྱུར་ན་ཡང་། །མཐོང་བའི་ངོ་བོ་སྒྲུབ་པ་ཡིན། །གང་གིས་དེ་ལ་མངོན་སུམ་འཇུག་པར་འདོད་པ་རྗེས་སུ་དཔག་པས་དངོས་པོའི་ལྐོག་ཏུ་གྱུར་པ་ཉིད་ནི་མི་སྒྲུབ་ཀྱི། འོན་ཀྱང་འདིའི་ལྐོག་ཏུ་གྱུར་པ་ཉིད་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ་ཞེས་འདི་
ནི་བརྗོད་ཟིན་ཏོ། །ལྐོག་ཏུ་གྱུར་པ་ཉིད་མངོན་སུམ་གྱིས་གྲུབ་པ་ཡིན་ཡང་དོན་གྱིས་མེ་ལ་སོགས་པའི་མཚན་ཉིད་དོན་བྱེད་པར་ནུས་པ་འདི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་ནི་སྔར་མངོན་སུམ་ཞུགས་པ་ཉིད་དོ། །དེས་ན་རྗེས་སུ་དཔག་པ་འཇུག་པ་མི་འགལ་ལོ། །
གཞན་ཡང་། རྗེས་སུ་དཔག་པ་དེ་ཉིད་ཀྱི། །ངོ་བོ་རྟོགས་པར་མི་ནུས་ཕྱིར། །དེ་ཡི་ལྐོག་ཏུ་གྱུར་པ་ཉིད། །དེ་ཡི་ཤུགས་ཀྱིས་གནས་པ་ཡིན། །དེའི་ངོ་བོ་ལ་རྗེས་སུ་དཔག་པ་འཇུག་པ་མི་ནུས་པ་འདི་ཉིད་ལྐོག་ཏུ་གྱུར་པ་ཉིད་ཡིན་ལ། འདིའི་དེ་ཡང་དེ་ཉིད་ཀྱི་ཚེ་འགྱུར་བ་ཡིན་ཏེ། དེས་
ན་དེ་ལ་སྔར་ཚད་མ་འཇུག་པ་ལ་མི་ལྟོས་སོ། །གང་གིས་དེ་ལ་མངོན་སུམ་འཇུག་པ་ལ་ལྟོས་པར་འགྱུར་བ་ལྐོག་ཏུ་གྱུར་པ་ཉིད་ཀྱི་སྒོ་ནས་ནི་དོན་དུ་གཉེར་བ་སུ་ཡང་མེད་ཀྱི། དེ་ནི་མི་འདོད་ཀྱང་འགྱུར་བ་ཡིན་ནོ། །འདིས་ནི་ཚད་མར་རབ་ཏུ་གྲུབ་པ་ཡང་གཏན་ལ་ཕབ་པ་ཡིན་ཏེ།
ལྐོག་གྱུར་དངོས་པོ་གྲུབ་ན་ནི། །འདི་ཡི་ཚད་མ་ཉིད་འགྲུབ་སྟེ། །ལྐོག་གྱུར་དངོས་པོར་གྲུབ་ཉིད་ཀྱིས། །དེ་དང་འབྲེལ་པར་གྲུབ་ཕྱིར་རོ། །དངོས་དང་འབྲེལ་པ་ཙམ་གྱིས་ནི། །ཤེས་པ་ཚད་མར་བརྗོད་པ་ཡིན། །དངོས་པོ་དང་ནི་འབྲེལ་པ་ཡི། །ཚད་མ་རྟགས་ལས་ཡོད་

པ་རིགས། །ལྷག་པ་དག་ནི་སྔར་ཉིད་དུ། །བསྟན་ཕྱིར་བརྗོད་པར་བྱ་བ་མིན། །གལ་ཏེ་གཞལ་བྱ་གཉིས་ནི་གཞལ་བྱ་ཉིད་རྣམ་པ་གཉིས་ཡིན་ནོ། །གཞལ་བྱ་གཉིས་ནི་རྒྱུ་ཡིན་ལ་ཚད་མ་གཉིས་ནི་འབྲས་བུ་ཡིན་ཏེ། དེས་ན་རྒྱུ་ལས་འབྲས་བུ་ཇི་ལྟར་
འགྲུབ་ཅེ་ན། འདིར་སྨྲས་པ། གང་ཕྱིར་ཚོགས་པ་ཡོད་གྱུར་ན། །རྒྱུ་ལས་འབྲས་བུ་སྐྱེ་འགྱུར་བ། །དེ་ཕྱིར་འབྲས་བུ་རྒྱུ་ལས་ནི། །མི་རིགས་པས་ནི་ཇི་ལྟར་འགྱུར། །གལ་ཏེ་ཡང་གདོན་མི་ཟ་བར་རྒྱུ་ནི་འབྲས་བུ་དང་ལྡན་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་རིགས་མོད་ཀྱི། འོན་ཀྱང་
འདིར་རྒྱུ་ལས་འབྲས་བུ་འགྲུབ་པར་འགྱུར་བ་ཉིད་དོ། །གཞལ་བྱ་གཉིས་ལས་ཚད་མ་གཉིས་ཐམས་ཅད་ཀྱི་ཚེ་སྒྲུབ་པ་ནི་མ་ཡིན་གྱི་འོན་ཀྱང་ཚོགས་པ་ཡོད་པའི་ཕྱིར་རོ་ཞེས་ཁོ་བོ་ཅག་སྨྲའོ། །ཚོགས་པ་སྲིད་པ་ཉིད་ཀྱང་ཕྱིས་བསྟན་པར་བྱའོ། །གཞལ་བྱ་གཉིས་གྲུབ་པས་ནི་གདོན་མི་ཟ་བར་ཚད་
མ་གཉིས་འགྲུབ་པ་ཡིན་ཏེ། གང་ལས་འདིའི་ངེས་པའི་མཚན་ཉིད་རབ་ཏུ་འགྲུབ་པ་དེ་ཉིད་ཚད་མ་ཡིན་ནོ། །གཅིག་གིས་ནི་གཉིས་མི་འགྲུབ་བོ་ཞེས་བསྟན་ཟིན་ཏོ། །གང་གི་ཚེ་འདི་ཚད་མ་གསུམ་ལ་སོགས་པ་བསལ་བའི་དོན་ཡིན་པ་དེའི་ཚེ་ནི། ཡུལ་གཞན་མེད་པས་ཁྱད་པར་བྱེད་པ་
མེད་པའི་ཕྱིར་ཚད་མ་གཞན་ལོག་པར་བསྒྲུབ་པ་ཡིན་ནོ། །གཞལ་བྱ་དང་བྲལ་བའི་ཚད་མ་ནི་མེད་དེ། རང་གི་ངོ་བོའམ་གཞན་གྱི་ངོ་བོར་གྱུར་པའི་གཞལ་བྱ་མེད་ན་ཤེས་པ་འདི་མེད་པར་འགྱུར་བའི་ཕྱིར་གང་ཞིག་ཚད་མ་ཡིན། བདག་ཉིད་ཡོད་དོ་ཞེ་ན། རང་དང་གཞན་གྱི་ངོ་བོར་གཞལ་བྱ་
མེད་ན་དེ་ཉིད་མེད་པར་ཐལ་བའི་ཕྱིར་ཚད་མ་ཞེས་བྱ་བར་མི་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོས་རྟོགས་པའི་ཡུལ་ནི་གཅིག་ཡིན་ལ། དེ་ལས་གཞན་པ་ནི་གཞན་ཡིན་ནོ་ཞེས་བྱ་བར་གནས་སོ། །དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་
ཡོད་པ་ཡིན། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་ནོ། །གལ་ཏེ་དེ་དོན་བྱེད་ནུས་པ་གང་ཡང་མེད་པ་མ་ཡིན་ནམ། ཇི་ལྟར་དོན་བྱེད་ནུས་པ་དོན་དམ་པར་ཡོད་པའི་མཚན་ཉིད་དུ་འགྱུར། འདི་ལྟར། དོན་བྱེད་ནུས་པ་ཉིད་དུ་ནི། །གང་

གིས་གང་ཞིག་རྟོགས་པ་ཡིན། །ཤེས་པ་དང་ནི་ཤེས་བྱ་དག །དེ་ལྟར་རྟོགས་པ་ཡོད་མ་ཡིན། །རྟག་པ་དང་མི་རྟག་པ་དང་ཤེས་པ་དང་ཤེས་བྱ་ལ་ཡང་རུང་སྟེ། དོན་བྱ་བ་བྱེད་པ་ཉིད་དམ་དོན་བྱེད་པ་ཉིད་དུ་ཡང་མངོན་སུམ་མམ་རྗེས་སུ་དཔག་པས་རྟོགས་པ་མེད་དོ། །འདི་ལྟར།
ལྡོག་པ་གྲུབ་པ་མེད་པའི་ཕྱིར། །རྟག་ལ་ནུས་པ་ཡོད་མ་ཡིན། །རྗེས་འགྲོ་གྲུབ་པ་མེད་པའི་ཕྱིར། །མི་རྟག་པ་ལ་ནུས་པ་མེད། །རྗེས་འགྲོ་ལྡོག་པ་དག་གིས་ནི། །ཁྱབ་པ་ནུས་པ་ཡིན་པར་རྟོགས། །གཉི་ག་ལྟར་ཡང་དེ་དག་ནི། །མ་གྲུབ་ནུས་པ་ཇི་ལྟར་བརྗོད། །རྟག་པ་
ཡུལ་ཐམས་ཅད་དུ་ཁྱབ་པ་དང་འབྲས་བུ་འགའ་ལ་ཡང་བྱེད་པ་མེད་པ་ནི་ནུས་པ་ཞེས་བྱ་བ་མ་ཡིན་ནོ། །གལ་ཏེ་ཁྱབ་པ་དང་དུས་ཐམས་ཅད་དུ་གནས་པ་ནུས་པ་མ་ཡིན་ཡང་། མ་ཁྱབ་པ་དང་དུས་གཞན་དུ་གནས་པ་ནི་ཡིན་པ་ཉིད་དོ་སྙམ་ན། དེ་ནི་མི་བདེན་ཏེ། དེ་ཡུལ་ཁྱབ་མིན་གང་
ལས་ཡིན། །རྟོགས་མེད་ལས་ཡིན་ག་ལ་རྟག །ཇི་ལྟར་ཁྱབ་བྱེད་དེ་མ་ཡིན། །དེ་ལྟར་དེ་ལ་རྟག་པ་མེད། །སྐད་ཅིག་ཡིན་ཕྱིར་མི་རྟག་པའི། །དངོས་པོ་འབྲས་བུ་ག་ལ་ཡོད། །སྐད་ཅིག་མ་ཡི་དངོས་རྣམས་ནི། །དངོས་པོ་ཙམ་དུ་རྣམ་པར་གནས། །གལ་ཏེ་དེ་ཡི་དེ་མ་ཐག །གཞན་
ཡོད་ཕྱིར་ན་ནུས་པར་བརྗོད། །གཞན་གྱིའང་དེ་མ་ཐག་ཡིན་ཕྱིར། །འདི་ནི་དེ་ཡང་འབྲས་བུར་འགྱུར། །དངོས་པོ་སྐད་ཅིག་མ་ཀུན་གྱི། །སྔ་མ་ཐམས་ཅད་ལྟོས་པ་ཡིན། །དེ་མེད་པར་ཡང་དེ་ཡོད་ཕྱིར། །ཞེ་ན་སྐད་ཅིག་ལ་ཇི་ལྟར་འབྲས་བུ་སྐད་ཅིག་མ་ཉིད་ནི་དེ་མེད་ཀྱང་ཡང་འབྱུང་བར་
རིགས་པ་མ་ཡིན་ཏེ། དེ་ནི་དེ་ཉིད་ཀྱི་ཚེ་ཡོད་པའི་ཕྱིར་དང་། གཞན་གྱི་ཚེ་ནི་ནམ་ཡང་མེད་པའི་ཕྱིར་རོ། །ཅི་སྟེ་རྒྱུ་དང་འབྲས་བུ་ནི་རྒྱུན་ཡིན་པར་བརྗོད་ན། སྐྱོན་འདི་མེད་དོ་སྙམ་ན་མ་ཡིན་ཏེ། རྒྱུན་ནི་དེ་ལས་ཐ་དད་པའི་ཕྱིར་རོ། །ཡོད་ན་ནི་དེ་ལ་རྒྱུ་དང་འབྲས་བུའི་ཡོད་པ་ཡིན་པས་
སྐད་ཅིག་མ་ལ་ནུས་པ་མེད་པའི་ཕྱིར་མེད་པར་ཐལ་བར་འགྱུར་རོ། །འབྲེལ་པས་རྒྱུ་དང་འབྲས་བུ་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལས་གཞན་པའི་འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུན་དེ་ནི་སྐད་ཅིག་མ་ཐམས་ཅད་ཀྱི་དེ་མ་ཐག་པ་ཡིན་པས་ཐམས་ཅད་

ཀྱི་རྒྱུན་དུ་འགྱུར་རོ། །དེ་ལ་ཡང་སྔར་བརྗོད་པ། རྟག་པ་དང་སྐད་ཅིག་མའི་སྐྱོན་དེ་ཉིད་ཡིན་ནོ། །ཡང་བཤད་པ། རྒྱུན་ཉིད་དེ་ལས་གཞན་པ་དང་། །ནུས་པའང་དེ་ཉིད་ཡིན་འགྱུར་ན། །ནུས་པ་མེད་ཕྱིར་སྐད་ཅིག་རྣམས། །མེད་འགྱུར་བརྟགས་པ་དོན་མེད་ཡིན། །དེ་
དང་འབྲེལ་པས་ནུས་པའི་ཕྱིར། །གལ་ཏེ་ནུས་པར་རྟོགས་བྱེད་ན། །དངོས་ཀྱི་ནུས་པས་སྟོང་པའི་ཕྱིར། །དེ་ནི་བརྙན་པོའི་རྒྱན་དུ་འགྱུར། །གལ་ཏེ་རྒྱུན་དང་ཅིག་ཤོས་དང་། །རྒྱུ་དང་འབྲས་བུ་འབྲེལ་གྱུར་པ། །དེ་ལྟ་ཡིན་ན་ཁམས་གསུམ་གྱི། །སྐད་ཅིག་རྣམས་ཀྱི་རྒྱུན་དུ་འགྱུར། །རྒྱུན་
ཡང་འབྲས་བུ་བྱེད་པ་ཡིས། །ནུས་ལས་ཡོད་མིན་དེ་ཡི་ཕྱིར། །རྟགས་དང་ཅིག་ཤོས་ཕྱོགས་དག་གི །སྐྱོན་དེ་ཉིད་དུ་ཁྱེད་ལ་འགྱུར། །གལ་ཏེ་རྒྱུན་གཞན་དག་ཏུ་ནི། །འགྲོ་ན་ཐུག་པ་མེད་པར་འགྱུར། །རྒྱུན་ནི་འབྲས་བུ་ཉིད་དུའང་། །སྐད་ཅིག་ལ་ནི་འབྲས་ཉིད་མེད། །གང་ཕྱིར་འདིར་
ཡང་རྒྱུན་གཞན་གྱི། །འབྲས་བུ་བྱེད་པར་འགྱུར་དེའི་ཕྱིར། །འབྲས་བུ་ཉིད་ཀྱི་བློ་དེ་ནི། །ཐུག་པ་མེད་པའི་སྟག་གིས་ཟོས། །གཞན་ཡང་། ཤེས་ལས་གཞན་པའི་འབྲས་བུ་ཡིས། །གལ་ཏེ་རྒྱུ་ནི་ཡོད་འགྱུར་ན། །འབྲས་བུ་གཞན་སྐྱེ་མེད་པར་ནི། །འབྲས་བུའང་ཡོད་པར་འགྱུར་མ་ཡིན། །དེས་
ན་ཐུག་པ་མེད་པའི་ཕྱིར། །རྩ་བའི་ཡོད་པ་ཉིད་མེད་འགྱུར། །ཤེས་པའི་འབྲས་བུས་ཐམས་ཅད་ཀྱི། །ཡོད་ཉིད་དེ་ལས་གནོད་པ་མེད། །འདི་ལའང་ཤེས་བྱ་ཤེས་པ་ཡི། །འབྲས་དང་ལྡན་པར་གང་ལས་རིག། །ཤེས་བྱ་གཉིས་ནི་ཤེས་པ་ཡིས། །རྒྱུ་འབྲས་ཉིད་དུ་རྟོགས་འགྱུར་ཏེ། །མདུན་ན་
གནས་པ་ཉིད་དུ་ནི། །གཉི་ག་སྣང་བ་ཡིན་ཕྱིར་རོ། །ཤེས་པ་འབྲས་བུ་ཉིད་དུ་ནི། །དེའམ་གཞན་གྱིས་རྟོགས་མ་ཡིན། །མངོན་སུམ་དེ་ཉིད་ལས་མིན་ཏེ། །དེ་སྔར་འཇུག་པ་མིན་ཕྱིར་རོ། །འཇུག་ན་དེ་འབྲས་ཉིད་མི་འགྱུར། །དེ་ཡང་སྔ་མ་ལས་འཇུག་ན། །དེ་ལྟར་མཐར་ཐུག་
ཉིད་མེད་པས། །འབྲས་བུ་རྟོགས་པར་ག་ལ་འགྱུར། །གལ་ཏེ་དུས་མཉམ་ཉིད་དག་ནི། །རྒྱུ་དང་འབྲས་བུར་འགྱུར་སྙམ་ན། །ཁྱད་པར་མེད་ཕྱིར་སྣང་བ་ཡིས། །དུས་མཉམ་ཀ་བ་བུམ་པ་དག །དེར་འགྱུར་དེ་ལྟ་མ་ཡིན་ན། །རྣལ་མ་ཉིད་ཀྱང་འགྲུབ་མི་འགྱུར། །གལ་ཏེ་བུམ་པ་

འབའ་ཞིག་ཀྱང་། །མཐོང་ཕྱིར་འབྲས་བུ་མ་ཡིན་ན། །ཤེས་པའང་དེ་ཡོད་མ་ཡིན་པར། །འཇུག་པ་མཐོང་བ་མིན་ནམ་ཅི། །གལ་ཏེ་ཤེས་ཏེ་གཞན་མིན་ན། །དེས་ན་འཁྲུལ་པ་མེད་སྙམ་ན། །ཀ་བའང་ཅི་ཕྱིར་གཞན་མ་ཡིན། །ངོ་ཤེས་སྐྱེ་བར་མཚུངས་པ་ཡིན། །དེ་ལྟ་
ན་ནི་རྟག་འགྱུར་ན། །ངོ་ཤེས་ཚད་མ་ཉིད་མ་ཡིན། །སྔ་མ་ཕྱི་མའི་ངོ་བོ་དག །གཅིག་ཏུ་རྟོགས་པ་ཡོད་མིན་ཏེ། །སྔ་དང་ཕྱི་མའི་རྟོགས་པ་ཡིས། །སོ་སོར་གཟུང་བ་མེད་པའི་ཕྱིར། །གཉིས་ལ་འགྲན་པ་འཇུག་བཞིན་གྱི། །འདི་ནི་ཚད་མ་ཡིན་མ་ཡིན། །རྟོགས་པ་སྔ་མ་
ཕྱི་མ་དང་། །ཕན་ཚུན་འདྲེས་པ་མེད་པ་ན། །དེ་ལས་དྲན་པ་འབྱུང་འགྱུར་གྱི། །གཅིག་ཉིད་ཤེས་པར་བྱེད་པ་མིན། །གལ་ཏེ་བདག་ཅིག་ཡོད་ཀྱང་དེས། །ཇི་ལྟར་རིག་འགྱུར་དེ་ཡང་ནི། །མངོན་སུམ་ལ་སོགས་ཚད་མ་ཡིས། །དོན་རྣམས་རྟོགས་པར་བྱེད་པ་ཡིན། །བདག་
ལ་བརྟེན་པ་ཙམ་གྱིས་ནི། །ཤེས་པ་ཚད་མར་མི་འགྱུར་ཏེ། །བདག་ལ་བརྟེན་པ་མ་ཡིན་ཡང་། །མི་སླུ་བ་ལས་ཚད་མ་ཉིད། །མཐོང་བ་ཕྱི་ནས་ཐོབ་ན་ནི། །ཚད་མ་ཚད་མ་ཉིད་དུ་འགྱུར། །གལ་ཏེ་བདག་མེད་རྟག་ཉིད་དུ། །དངོས་པོ་འདི་རྟོགས་མིན་ཞེ་ན། །བདག་ཡོད་
ན་ཡང་གང་རུང་གི །ཚད་མ་ཉིད་དུ་འགྱུར་མ་ཡིན། །མངོན་སུམ་དང་ནི་རྗེས་དཔག་དག །ཁོ་ན་དེར་ཡང་ཚད་མ་ཡིན། །སྔ་མ་ཕྱི་མའི་ངོ་བོར་ནི། །བདག་གམ་ཡང་ན་གཞན་གྱིས་ཀྱང་། །བདག་གཞན་རྟོགས་པ་ཡིད་མིན་པ། །དེ་ལས་རྟག་པ་ཡོད་མི་སྲིད། །དེས་ན་ཤེས་པ་
དོན་གྱི་ནི། །འབྲས་བུ་ཉིད་དུ་རྟོགས་མ་ཡིན། །ཤེས་པ་མྱོང་བའི་བདག་ཉིད་ནི། །བདག་དང་དེ་ཡི་རིག་བྱ་རིག །སྔ་ཕྱི་བདག་ཉིད་རྒྱུ་འབྲས་ལ། །མངོན་སུམ་འཇུག་པར་འགྱུར་མ་ཡིན། །འོ་ན་རྗེས་སུ་དཔག་པ་ལས། །འབྲས་བུའི་སྔོན་དུ་རྒྱུ་རིག་པས། །དེ་ལས་ཤེས་པ་
འདི་སྐྱེས་ཞེས། །འབྲས་བུ་ཉིད་དུ་ཤེས་འགྱུར་ན། །རྗེས་དཔག་དེ་ཡང་མངོན་སུམ་གྱིས། །རབ་ཏུ་རྟོགས་པ་མེད་པ་ཡི། །དངོས་ལ་འཇུག་པ་ཡོད་མིན་ཞེས། །སྔར་ཉིད་རབ་ཏུ་བསྟན་ཟིན་ཏོ། །སྔོན་རོལ་མངོན་སུམ་ཚད་མེད་ན། །རྗེས་དཔག་ཚད་མར་འགྱུར་མ་ཡིན། །དེ་

ལ་སྔོན་རོལ་རྗེས་དཔག་ཉིད། །ཡོད་དོ་ཞེ་ན་ཐུག་མེད་འགྱུར། །འབྲས་སོགས་གཞལ་བྱ་རེ་ཞིག་ཞོག །གང་ལ་དེ་ཡོད་དེ་རྟོགས་མེད། །གཞི་མེད་སྐྱེད་འགྲུབ་མེད་པ་བཞིན། །ཆོས་གྲུབ་ཆོས་ཅན་མེད་མི་འཐད། །ཤེས་པ་དམིགས་དང་བཅས་གྱུར་ན། །དངོས་
པོ་རབ་ཏུ་འགྲུབ་པར་འགྱུར། །གང་ཚེ་དངོས་པོ་གྲུབ་མེད་པ། །དེ་ཚེ་གང་ཞིག་རྒྱུ་འབྲས་ཡིན། །དམིགས་པ་དང་བཅས་པ་ཉིད་དུ་ཇི་ལྟར་མ་གྲུབ་ཅེ་ན། བརྗོད་པ། འགྲོ་འདིར་རྒྱུ་ཉིད་དམིགས་པར་ནི། །འགྱུར་གྱི་སྣང་བ་ཙམ་གྱིས་མིན། །སྣང་བ་ཙམ་གྱིས་ཡིན་ན་ནི། །རབ་རིབ་ཅན་བློའང་དེར་འགྱུར་རོ། །གང་
ཞིག་གང་གི་རྒྱུ་ཡིན་པ། །དེ་མེད་པར་ནི་དེ་མེད་པས། །མིག་སོགས་བློ་ཡང་དམིགས་པ་ནི། །མེད་ན་གནས་པར་མི་འགྱུར་འཐོབ། །ཟླ་གཉིས་རྣམ་ཅན་མིག་སོགས་ཤེས། །དམིགས་པ་མེད་ཀྱང་སྐྱེ་བར་མཐོང་། །དེའི་ཕྱིར་དམིགས་པའི་རྒྱུ་མེད་ཀྱང་སྐྱེ་བར་མཐོང་བས་འཁྲུལ་པའི་ཕྱིར་ན་དམིགས་པ་ནི་རྒྱུ་ཡིན་
པ་དང་རྣམ་པར་ཤེས་པ་ནི་འབྲས་བུ་ཡིན་པར་མི་འགྱུར་བར་རིགས་སོ། །འདི་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། ཕན་ཚུན་ཐ་དད་པར་གྱུར་པ་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་གང་ཡིན་པའོ། །རྒྱུར་འདོད་པ་མེད་པར་འབྲས་བུ་འདོད་པ་ཡོད་ན་ནི་དེ་དེའི་རྒྱུ་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་ནོ། །དེས་
ན་དམིགས་པ་མེད་པའི་ཕྱིར་དངོས་པོ་མཐའ་དག་མ་གྲུབ་པས་རྒྱུ་དང་འབྲས་བུའི་དངོས་པོ་ག་ལ་ཡོད། ཅི་སྟེ་རྒྱུ་ཉིད་ཀྱིས་ནི་དམིགས་པ་མ་ཡིན་གྱི་འོན་ཀྱང་གཟུང་བར་བྱ་བ་ཉིད་ཀྱིས་ཡིན་ནོ་སྙམ་ན། དེ་ལྟར་ཡང་མི་འཐད་དེ། འདི་ལྟར། སྔོན་པོ་ལ་སོགས་མ་རྟོགས་པའི། །གཟུང་བ་གཞན་ནི་གང་
ནའང་མེད། །སྔོ་སོགས་དག་ནི་གང་ནའང་མེད། །སྔོ་སོགས་དག་ནི་འཁྲུལ་པ་ཡི། །རྣམ་ཤེས་ལ་ཡང་སྣང་བ་ཡིན། །གསལ་བར་མདུན་དུ་སྣང་བ་ཉིད། །འཁྲུལ་པའང་མཐོང་བ་མིན་ནམ་ཅི། །དེ་ཕྱིར་གང་ཞིག་འཁྲུལ་པ་ལས། །མ་གཏོགས་གཟུང་བ་ཡོད་མ་ཡིན། །ཅི་སྟེ་ཡང་། མྱོང་བ་
ཐམས་ཅད་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མེད་དེ། འདི་ལྟར། འཁྲུལ་པའི་སེམས་ལ་དོན་བྱེད་པ། །འགའ་ཡང་སྣང་བ་ཡོད་མ་ཡིན། །དེ་ཕྱིར་འདིར་ནི་ཡུལ་མེད་པ། །འཁྲུལ་ཡིན་བཟློག་པ་གཞན་དུ་ཡོད། །འདི་ལ་ཡང་བརྗོད་པ། དོན་བྱེད་མྱོང་བ་དེ་ལས་གཞན། །དོན་གྱི་བདག་ཉིད་ཡིན་ནམ་ཅི། །འོན་

ཏེ་དེ་མྱོང་ཡིན་ཡང་རུང་། །དེ་དག་ཀུན་ཀྱང་ཡོད་མ་ཡིན། །འདི་ལྟར། དེ་ཡི་བྱ་བ་དོན་གཞན་ན། །དེ་མེད་པས་ན་དེ་མེད་མིན། །འབྲས་བུ་མེད་པར་འགྱུར་བས་ན། །དེ་ཡང་མེད་པར་འགྱུར་བ་མིན། །གལ་ཏེ་དོན་བྱ་བ་མངོན་པར་འདོད་པའི་འབྲས་བུ་མེད་པས་ནི་དེ་ཉིད་དེ། མེད་པར་འགྱུར་གྱི་རྒྱུ་ཡང་མེད་པར་
འགྱུར་རོ་ཞེས་བྱ་བ་ག་ལས་ཡིན། གཞན་མེད་ན་གཞན་མེད་པར་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འབྲས་བུ་མེད་ན་འབྲས་བུ་མེད་པའི་ནུས་པ་ཉིད་མེད་དུ་ཆུག་ཀྱང་རང་གི་ངོ་བོ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །ཅི་སྟེ་ཤེས་པ་དོན་བྱ་བ་ཡིན་ནོ་ཞེ་ན། དེ་ལ་ཡང་རྣམ་པ་
གཉིས་ཏེ། དེ་ཉིད་དམ་ཤེས་པ་གཞན་ཡིན། གལ་ཏེ་ཡང་སྐྱེ་བའི་ཤེས་པ་དེ་ཉིད་དོན་བྱ་བ་ཡིན་ནོ་ཞེ་ན། འཁྲུལ་པ་ལ་ཡང་འཁྲུལ་པའི་ཤེས་པ་ཡང་ནས་ཡང་དུ་སྐྱེ་སྟེ། འཁྲུལ་པའི་ཤེས་པ་སྐད་ཅིག་གཅིག་ཁོ་ན་སྐྱེ་བར་འགྱུར་དགོས་པ་ནི་མ་ཡིན་ནོ། །ཅི་སྟེ་རེག་པ་ལ་སོགས་པའི་ཤེས་པ་ཡིན་
ནོ་ཞེ་ན། དེ་ཡང་མི་བདེན་ཏེ། གལ་ཏེ་གཞན་སྐྱེས་ཏེ་དེ་ལྟ་ན་ཡང་། དེ་ཡི་ཡུལ་ཉིད་ཡོད་འགྱུར་གྱི། །གཞན་དག་མྱོང་ན་གཞན་དག་ནི། །དངོས་པོ་ཡོད་པར་ཅི་ལྟར་འགྱུར། །མྱོང་བ་གཞན་ལ་རང་མྱོང་ལ། །ཡིད་མི་ཆེས་པ་གང་གིས་ཟློག །དེ་ནི་མྱོང་ཡང་མི་བདེན་པར། །དོགས་པར་ཅི་ལྟར་འགྱུར་
མ་ཡིན། །ལུས་ཀྱི་མྱོང་བ་མིག་གིས་ནི། །མྱོང་བ་ལས་ཁྱད་ཅི་ཞིག་ཡོད། །གལ་ཏེ་དོན་དེར་ཚིམ་ཞེ་ན། །ཡོངས་སུ་ཚིམ་པར་ག་ལས་རྟོག །ཇི་ལྟར་མིག་གི་རྣམ་པར་ཤེས་པ་དམིགས་པ་མེད་པ་དེ་བཞིན་དུ་རེག་པའི་རྣམ་པར་ཤེས་པ་ཡང་ཡིན་ཏེ། གཉི་ག་ཡང་དབང་པོའི་རྣམ་པར་ཤེས་པ་ཉིད་དུ་ཁྱད་
པར་མེད་པའི་ཕྱིར་རོ། །རབ་རིབ་ལ་སོགས་པས་ཉམས་པ་སྲིད་པ་ནི་གཉི་ག་ལ་ཡང་མཚུངས་ཏེ། གཉི་ག་ལ་ཡང་མཐོང་བའི་ཕྱིར་རོ། །མཁྲིས་པའི་རིམས་ཀྱིས་ཉམས་པ་ལས་དྲོ་བར་མྱོང་བའི་ཕྱིར་རོ། །ཡོངས་སུ་ཚིམ་པའི་ཕྱིར་རོ་ཞེ་ན། གྲང་བའི་དུས་སུ་མཁྲིས་པའི་རིམས་ཀྱིས་ཉམས་པས་ཚ་བར་
མྱོང་བ་ལ་ཡང་ཅི་སྟེ་ཡོངས་སུ་ཚིམ་པ་མེད། གཞན་ཡང་། མྱོང་བ་ཚད་མ་ཡིན་ན་ནི། །ཡོངས་སུ་ཚིམ་པ་དོན་ཅི་ཡོད། །མྱོང་བ་ཚད་མ་མིན་ན་ཡང་། །ཡོངས་སུ་ཚིམ་པ་དོན་ཅི་ཡོད། །གལ་ཏེ་མྱོང་བ་ཚད་མ་ཡིན་ན་དེ་ཉིད་ཀྱི་དོན་གྲུབ་པས་ཡོངས་སུ་ཚིམ་པ་གཞན་གྱིས་ཅི་ཞིག་བྱ། མྱོང་བས་མ་གྲུབ་གང་ཡིན་

པ། །ཡོངས་སུ་ཚིམ་པ་བརྒྱ་ཡིས་ཀྱང་། །ཅི་ལྟར་འགྲུབ་འགྱུར་གཞན་པ་ཡི། །ཡོངས་སུ་ཚིམ་པ་སྒྲུབ་བྱེད་མིན། །མྱོང་བ་ལས་གཞན་པའི་ཡོངས་སུ་ཚིམ་པ་ཅི་དགོས། དོན་སྒྲུབ་པར་བྱེད་དོ་ཞེ་ན། ཅི་ལྟར་གཞན་གྱིས་གཞན་འགྲུབ། འབྲེལ་པའི་ཕྱིར་རོ་ཞེ་ན། འབྲེལ་པ་གང་
གིས་འགྲུབ། ཡོངས་སུ་ཚིམ་པ་ལས་སོ་ཞེ་ན། དེར་ཡང་འབྲེལ་པ་གྲུབ་པ་ལ་ལྟོས་པར་བྱ་བ་ཡིན་པའི་ཕྱིར། ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་ཉམས་སུ་མྱོང་བ་ལས་སོ་ཞེ་ན། དེ་ཉིད་ལས་དོན་གྲུབ་པའི་ཕྱིར། །ཡོངས་སུ་ཚིམ་པ་དོན་མེད་དོ། །དེ་ལ་ཡང་སྐྱོན་དེ་ཉིད་ཡིན་ནོ། །གལ་ཏེ་ཉམས་སུ་མྱོང་བ་
ལས་དོན་གྲུབ་ན་སྔར་ཉམས་སུ་མྱོང་བ་ལས་ཅིའི་ཕྱིར་མ་ཡིན། འདིས་ནི་དོན་དུ་མོས་པ་ཡང་གསལ་བ་ཡིན་ཏེ། འདི་ལྟར། མྱོང་བ་ལས་གཞན་དོན་དུ་ནི། །མོས་པ་དོན་གྱི་སྒྲུབ་བྱེད་མིན། །མོས་པ་ཉམས་མྱོང་ཉིད་ཡིན་ཡང་། །མྱོང་ཉིད་དོན་ཀུན་སྒྲུབ་བྱེད་ཡིན། །འདིས་ནི་མངོན་པར་འདོད་པ་དང་དྲན་
པ་དང་སྡང་བ་དང་འདོད་པ་ལ་སོགས་པ་ཡང་བཤད་པ་ཡིན་ནོ། །གཞན་ཡང་ཉམས་སུ་མྱོང་བ་ལས་མངོན་པར་འདོད་པ་ལ་སོགས་པ་ཡིན་གྱི་དེ་དག་ལས་ནི་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །ཅི་སྟེ་ཡང་ཉམས་སུ་མྱོང་བ་ཐམས་ཅད་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་མོད་ཁོ་བོ་ཅག་ལ་
ཆད་པ་ཅུང་ཟད་ཀྱང་མེད་དོ། །ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་ཅི་ལྟར་ཞེ་ན། འཇིག་རྟེན་འཇིག་རྟེན་མིན་དོན་དུ། །ཚད་མ་ཅིག་ཤོས་རྣམ་པར་གནས། །རྣམ་དབྱེ་དེ་ནི་ཅི་ལྟར་ཤེས། །གནོད་བྱེད་ཅིག་ཤོས་དང་འབྲེལ་ཕྱིར། །གང་གིས་གནོད་བྱེད་ཅིག་ཤོས་དག །འཇིག་རྟེན་ཅིག་
ཤོས་ཉིད་དུ་གནས། །གནོད་དང་ཅིག་ཤོས་སྲིད་ཕྱིར་ན། །ཐུག་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་ཐུན་མོང་པ་ནི་འཇིག་རྟེན་པ་ཡིན་ལ་གཞན་དུ་ནི་ཅིག་ཤོས་ཡིན་ནོ་ཞེ་ན། དེ་ནི་གྱི་ན་སྟེ་འདི་ལྟར། གང་ཕྱིར་མངོན་སུམ་རྗེས་དཔག་གིས། །དེ་དག་རིག་པ་ཡོད་མ་ཡིན། །མངོན་སུམ་གྱིས་རིག་རང་
ཉིད་ཀྱི། །རིག་བྱ་གཞན་ལ་དེ་ཡོད་མིན། །ང་ལ་སྣང་བ་འདི་ནི་གཞན་ལ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་མངོན་སུམ་ནི་མི་འཇུག་གོ། །རྗེས་སུ་དཔག་པས་རིག་པ་ཡིན་ནོ་ཞེ་ན། འབྲེལ་པ་གཟུང་བ་མེད་པར་ནི། །རྗེས་དཔག་སྐྱེ་བར་ག་ལ་འགྱུར། །སྤུ་ལྡང་སོགས་འབྲས་མཐོང་ཕྱིར་ན། །རང་ཉིད་མཐོང་ལ་

རྗེས་དཔག་མེད། །འབྲས་བུ་དུ་བ་མཐོང་བ་ལས། །མེ་དེ་ཉིད་ཅེས་རབ་སྒྲུབ་མིན། །གང་ཕྱིར་སྤྱི་ཡི་ཡུལ་ཅན་གྱི། །རྗེས་དཔག་ཁྱད་པར་རིག་པ་མིན། །དེར་དུ་ཐ་དད་ཕྱིར་ཞེ་ན། །སྤུ་ལྡང་བའང་གཅིག་ཉིད་ཅི། །གཅིག་ཏུ་མངོན་པར་ཞེན་པ་ནི། །ཤེས་པ་ལས་གཞན་རིག་པ་མེད། །གལ་ཏེ་གང་
ལ་ངས་མིག་གིས་བལྟས་པ་དེ་ཉིད་ལ། འདིས་ཀྱང་ཡིན་ན་ཞེས་བྱ་བའི་ཐ་སྙད་ལས་གཅིག་པ་ཉིད་ཡིན་ནོ་ཞེ་ན། འདི་ནི་རབ་རིབ་ཀྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ཡང་མཚུངས་པ་ཡིན་ཏེ། དེ་ལ་ཡང་རབ་རིབ་ཅན་གཉིས་དོན་གཅིག་ཏུ་མངོན་པར་ཞེན་པས་མཚུངས་སོ། །གཞན་ཡང་ཇི་ལྟར་
རབ་རིབ་ཅན་དམིགས་པ་འགའ་ཞིག་གིས་རིག་པ་དེ་ལྟར་གཞན་དུ་ཡང་ཡིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་ནི་ཐམས་ཅད་ཀྱིས་རིག་པ་ཡིན་ནོ་ཞེ་ན། འདི་ལ་ཚད་མ་མེད་དོ། །རབ་རིབ་ཅན་གྱིས་བུམ་པ་ལ་སོགས་པ་རིག་པ་ཡང་མ་ཡིན་ནོ། །གལ་ཏེ་དབང་པོ་ཉམས་པ་ཡིན་པའི་ཕྱིར་རིག་པ་
ཡིན་ཡང་སྐྱོན་མེད་དོ་ཞེ་ན། དབང་པོ་ཉམས་པ་ཉིད་གང་ལས་ཤེས། མི་བདེན་པའི་དོན་རིག་པ་ལས་སོ་ཞེ་ན། འདི་ནི་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་ཏེ། ཉམས་པ་ཡིན་ན་མི་བདེན་པར་འགྱུར་ཞིང་། མི་བདེན་པ་ཡིན་ཡང་ཉམས་པ་ཉིད་དུ་འགྲུབ་པའི་ཕྱིར་རོ། །དེས་ན་གཞན་གྱིས་ཅུང་ཟད་ཀྱང་
དམིགས་པ་མ་ཡིན་ནོ། །གལ་ཏེ་མི་དམིགས་པ་ཉིད་དོ་ཞེས་བྱ་བར་ཡང་མི་འགྲུབ་བོ་ཞེ་ན། གཞན་གྱིས་དམིགས་པར་བྱ་བས་དབེན་པ་དམིགས་པའི་བདག་ཉིད་ཀྱི་མངོན་སུམ་ཉིད་ཀྱིས་གཞན་གྱིས་དམིགས་པར་བྱ་བ་ཉིད་འགོག་པ་ཡིན་ནོ། །གལ་ཏེ་གཞན་གྱི་མངོན་སུམ་ནི་དེའི་ཡུལ་མ་ཡིན་པའི་
ཕྱིར་དགག་པར་མི་ནུས་སོ་ཞེ་ན། འོ་ན་དེས་དམིགས་པར་བྱ་བ་གཞན་གྱིས་དམིགས་པར་བྱ་བའི་ངོ་བོར་ཅི་ལྟར་འགྱུར། གལ་ཏེ་དེའི་ངོ་བོ་དམིགས་ཀྱི་གཞན་གྱིས་དམིགས་པ་ཉིད་དུ་ནི་དམིགས་པ་མ་ཡིན་ནོ་ཞེ་ན། དེའི་ངོ་བོ་ལས་གཞན་གཞན་གྱིས་དམིགས་པ་ནི་གང་ཞིག་ཡིན། ཅི་སྟེ་དེའི་ངོ་བོ་ཉིད་
དོ་ཞེ་ན། དེའི་ངོ་བོ་ཉིད་དུ་ཅི་ལྟར་མ་དམིགས། གཞན་གྱི་ངོ་བོ་ཉིད་ཡིན་ན་ནི་དེ་གཞན་གྱིས་དམིགས་པར་ཅི་ལྟར་འགྱུར། དམིགས་པར་བྱ་བ་ཉིད་གཞན་གྱིས་དམིགས་པར་ཅི་ལྟར་འགྱུར། དམིགས་པར་བྱ་བ་ཉིད་གཞན་གྱིས་དམིགས་པ་ཡིན་གྱི་དོན་དེ་ཉིད་མ་ཡིན་པའི་ཕྱིར་ཅི་ལྟར་འདི་གཞན་གྱིས་

དམིགས་པ་ཡིན། གང་ཞིག་དམིགས་པར་བྱ་བ་ཉིད་དུ་དམིགས་པ་ཡིན་ལ་དེ་ལྟ་ན་ཡང་དོན་ནི་གང་གིས་ཀྱང་དམིགས་པར་མི་འགྱུར་རོ། །རང་རང་གས་དམིགས་པར་བྱ་བ་ཕན་ཚུན་ལྡོག་པ། འདི་དག་ཁོ་ན་རང་དང་གཞན་དག་གིས་དམིགས་པ་ཡིན་པའི་ཕྱིར་ཐུན་མོང་དུ་
དམིགས་པ་ཞེས་བྱ་བ་ནི་འགའ་ཡང་མེད་དེ། དམིགས་པ་ལས་ཐ་དད་པའི་དོན་ཡང་མེད་པའི་ཕྱིར་རང་རིག་པ་ཉིད་ཡིན་པས་འཛིན་པའི་རྣམ་པ་ལྟར་གཟུང་བའི་རྣམ་པ་ཡང་རང་རིག་པ་ཙམ་ཉིད་དོ། །གང་ཞིག་ནུས་པའི་མཚན་ཉིད་ཀྱིས་ཡོད་པ་ཉིད་ཡིན་པ་བསམ་པ་ཕྱི་རོལ་གྱི་དོན་ཞེས་བྱ་བ་ནི་མེད་དོ། །ཅི་
སྟེ་མྱོང་བ་ཉིད་ཕན་ཚུན་རྒྱུ་འབྲས་ཀྱི་དངོས་པོ་ཡིན་པའི་ཕྱིར་ནུས་པའི་མཚན་ཉིད་དོན་དམ་པར་ཡོད་པ་གྲུབ་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། རང་རིག་ཙམ་གྱིས་མངོན་སུམ་ལ། །རྗེས་སུ་དཔག་པ་ག་ལ་ཡོད། །ལྐོག་མིན་རྣམ་ཤེས་མངོན་སུམ་ལ། །གང་ཕྱིར་རྗེས་སུ་དཔག་འགྱུར་མིན། །ཤེས་
གཉིས་རྒྱུ་འབྲས་དངོས་པོར་ཡང་། །ཇི་ལྟར་འཛིན་པར་འགྱུར་བ་ཡིན། །རང་ཙམ་རིག་ཕྱིར་དེ་ཉིད་ཀྱི། །མྱོང་བ་གཉིས་སུ་རིག་མ་ཡིན། །གང་ཚེ་རྒྱུ་ནི་རྣམ་པར་ཤེས། །དེ་ཚེ་འབྲས་རིག་མེད་པའི་ཕྱིར། །འབྲས་བུ་རིག་པ་མེད་པར་ནི། །དེ་རྒྱུ་ཉིད་དུ་ཅི་ལྟར་འཛིན། །འབྲས་བུའི་དུས་སུའང་དེ་མེད་
པས། །འབྲས་བུ་ཉིད་དུ་ཅི་ལྟར་འཛིན། །གལ་ཏེ་རྒྱུ་ནི་རྗེས་དཔག་གིས། །ཡོངས་སུ་ཤེས་པར་འདོད་ན་ནི། །དེ་ཚེ་རྗེས་དཔག་གིས་མ་ཤེས། །ད་ལྟར་ཤེས་པར་ཅི་ལྟར་འགྱུར། །སྔར་ནི་མངོན་སུམ་གྱིས་ཤེས་ཤིང་། །ད་ལྟར་རྗེས་དཔག་ལས་ཡིན་ན། །ཤེས་དེ་ད་ལྟར་ཡོད་མིན་ན། །ཇི་ལྟར་
རྗེས་དཔག་ལས་རིག་འགྱུར། །སྔ་མ་ཉིད་དུ་རྗེས་དཔག་ན། །མངོན་སུམ་གྱིས་རིག་མེད་ཕྱིར་རོ། །དེ་ལ་རྗེས་སུ་དཔག་པ་ཡིས། །རིག་འགྱུར་སྔ་ཉིད་བླ་ལྷག་མེད། །སྔ་མ་ཉིད་ནི་ཡོད་མིན་ཏེ། །མངོན་སུམ་གྱིས་ནི་གནོད་ཕྱིར་རོ། །དེ་ཕྱིར་སྔ་དང་ཕྱི་མར་ནི། །ཇི་ལྟ་བུ་ཡང་མྱོང་བ་མེད། །
དྲན་པ་ཙམ་ཞིག་དེར་ཡོད་དེ། །རང་རིག་ཕྱིར་ན་དེ་ཚད་མེད། །རང་ཙམ་རབ་ཏུ་རིག་པ་ཡང་། །དེ་རང་རིག་ལས་མངོན་སུམ་ཡིན། །དེ་ཕྱིར་གཞན་གྱི་འབྲས་བུར་ནི། །དེས་དེ་རིག་པ་ཡོད་མ་ཡིན། །དེ་ཕྱིར་ཤེས་དང་ཤེས་བྱ་དག །ནུས་པ་ཉིད་དུ་འགྲུབ་པ་མེད། །གཞན་ཡང་། རྒྱུ་དང་འབྲས་བུའི་

དངོས་པོ་འདི། །ཡོད་མེད་ཉིད་དུ་རྟོགས་པ་མེད། །མེད་པ་རྟ་ཡི་རྭ་ཉིད་ལས། །རྒྱུ་ཉིད་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་གཏན་ནས་མེད་པའི་ཕྱིར། །དེ་ལ་རྒྱུ་མི་འདོད་ཅེ་ན། །སྔ་ན་མེད་པའང་འབྲས་མི་འགྱུར། །དེ་ཡང་མེད་ཉིད་ལན་གདབ་དཀའ། །ཡོད་ན་སྔོན་མེད་ཅི་ལྟར་ཡིན། །དེ་ནི་
མེད་ནའང་ཅི་ལྟར་འདོད། །མེད་པ་རི་བོང་རྭ་ལ་ནི། །སྔ་མ་མེད་པ་ཡོད་མ་ཡིན། །མཐོང་བ་སྔོན་མེད་ཡིན་ཞེ་ན། །ཕན་ཚུན་རྟེན་པར་འགྱུར་བ་ཡིན། །ཇི་སྲིད་སྔོན་མེད་ཉིད་མིན་པ། །དེ་སྲིད་དངོས་པོར་འདི་མི་འགྲུབ། །ཇི་སྲིད་འདི་དང་སྔ་ན་མེད་པ་དང་འབྲེལ་པ་མ་ཡིན་པ་དེ་སྲིད་དུ་ནི་སྐྱེ་བ་མ་
ཡིན་ལ། ཇི་སྲིད་སྐྱེ་བ་མ་ཡིན་པ་དེ་སྲིད་དུ་ཡང་སྔ་ན་མེད་པ་ཉིད་དེ་མ་ཡིན་ནོ། །གལ་ཏེ་འབྲས་བུས་སྟོང་པའི་རྒྱུ་ཉིད་སྔ་ན་མེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། སྟོང་ཉིད་དེ་ནི་རྒྱུ་མ་ཡིན། །གཞན་པ་དག་ལའང་མེད་དམ་ཅི། །དེས་ན་དེ་དང་ཡང་འབྲལ་བས། །འདི་ནི་དེའི་ཡང་འབྲས་བུར་
འགྱུར། །འབྲས་བུ་ཉིད་ནི་སྔ་ན་མེད་པ་དང་འབྲེལ་པས་ཡིན་ལ། སྔ་ན་མེད་པ་དེ་ཡང་འབྲས་བུས་སྟོང་པའི་དོན་གཞན་ཡིན་ནོ། །དེས་ན་རྒྱུར་མངོན་པར་འདོད་པ་ལས་གཞན་དག་ཀྱང་། སྔ་ན་མེད་པའི་རང་བཞིན་དུ་འགྱུར་རོ། །དེ་དང་ཡང་འབྲེལ་པས་འབྲས་བུར་གྱུར་པའི་དངོས་པོ་ནི་དེའི་ཡང་འབྲས་
བུར་འགྱུར་རོ། །དེའི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །སྔ་ན་མེད་པ་ཞེས་བྱ་བ་མངོན་སུམ་ལ་སོགས་པའི་ཚད་མས་གཟུང་བར་བྱ་བ་ནི་མེད་དེ། རྒྱུ་དང་འབྲས་བུ་དག་གི་རང་གི་ངོ་བོ་ཙམ་ཞིག་གཟུང་བ་ཡིན་ནོ། །གལ་ཏེ་སྔ་ན་མེད་པ་ནི་རྒྱུའི་
རང་བཞིན་ཉིད་ཡིན་ནོ་ཞེ་ན། འབྲས་བུའི་རང་བཞིན་ཡང་དེ་ལྟར་འགྱུར་རོ། །འབྲས་བུ་གཞན་ལ་ལྟོས་ན་དེ་ཡང་འགྱུར་བ་ཉིད་དོ་ཞེ་ན། རྒྱུར་མངོན་པར་འདོད་པ་ལ་ལྟོས་ནས་ཀྱང་ཅི་སྟེ་མི་འགྱུར། དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ་ཞེ་ན། དངོས་པོ་ལ་མི་ལྟོས་པའི་རྟོགས་པ་ཙམ་ལ་སུ་ཡིད་ཆེས།
དེ་ཕྱིར་ཚད་ཡོད་དངོས་པོ་ཡི། །རང་བཞིན་སྔོ་སོགས་འཛིན་འགྱུར་གྱི། །དེ་ལ་འབྲས་བུ་ཉིད་ལ་སོགས། །གཞན་ནི་འཛིན་པ་ཡོད་མ་ཡིན། །སྔོན་པོ་ལ་སོགས་པ་དང་འབྲས་བུ་ཉིད་དུ་ནི་དངོས་པོ་གང་གིས་གཟུང་བ་མེད་དེ། སྔོན་པོ་ལ་སོགས་པ་ལས་ཐ་དད་པའི་འབྲས་བུ་ཉིད་ནི་རྟོགས་པ་མེད་པའི་

ཕྱིར་རོ། །སྔ་མ་དང་ཕྱི་མའི་དངོས་པོ་ལ་མངོན་སུམ་མི་འཇུག་པའི་ཕྱིར་སྔ་ན་མེད་པ་ལ་སོགས་པ་འཛིན་པར་ག་ལ་འགྱུར། ཅི་སྟེ་ཡང་ཡོད་པ་ཉིད་འབྲས་བུ་ཡིན་ཏེ། རྒྱུ་རྣམས་ཀྱི་བྱེད་པ་ནི་འབྲས་བུ་ཡོད་པ་ལ་སྲིད་པའི་ཕྱིར་རོ། །མེད་ན་ནི་ཡུལ་མེད་པའི་ཕྱིར་ཅི་ལྟར་བྱེད་པ་ཡིན་ཞེ་
ན། འདི་ལ་བཤད་པ། བལྟས་མཉན་དེ་སྟེ་ཤེས་བྱས་ནས། །རྒྱུ་ཡིས་འབྲས་བུ་བྱེད་དམ་ཅི། །བླུན་ཕྱིར་རང་བཞིན་དེ་འདྲ་བ། །རྒྱུ་ལ་རག་ལས་ཡིན་པར་འདོད། །གལ་ཏེ་དབང་ཕྱུག་རྒྱུ་ཡིན་ཡང་། །དེ་ནི་རྒྱུ་ཡི་སྦྱོར་བྱེད་ཡིན། །གང་ཕྱིར་དབང་པོ་ལས་འདས་བློ། །མེད་པ་ཤེས་པར་མི་འདོད་
མིན། །འདིར་འབྲས་སྔར་ཡོད་སྨྲ་བའམ་ཅི། །ཅི་ག་དབང་ཕྱུག་རྒྱུ་ཡིན་འགྱུར། །ཅི་ཐམས་ཅད་ཐམས་ཅད་ལ་ཡོད་པ་ཞེས་བྱ་བ་གྲངས་ཅན་གྱི་འདོད་པ་ལ་བརྟེན་ནས་ཡོད་པ་ཉིད་མཐོང་བར་ཟད་ཀྱི་རྒྱུ་དང་འབྲས་བུ་ཞེས་བྱ་བའི་དངོས་པོ་མ་ཡིན་པ་མ་ཡིན་ནམ། ཅི་ག་མེད་པ་ཉིད་ལ་བརྟེན་ནས་
འགྲོ་བའི་རྒྱུ་དབང་ཕྱུག་གིས་རྒྱུ་རྣམས་སོ་སོར་ངེས་པ་ལ་སྦྱར། འབྲས་བུ་སྔ་ན་ཡོད་ན་ཅི་ཐམས་ཅད་ཀྱི་དམིགས་པར་འགྱུར་བའི་ཕྱིར་འགྲོ་བ་འཆོལ་བར་གནས་པར་འགྱུར་རོ། །དམིགས་པར་བྱེད་པ་སོ་སོར་ངེས་པའི་ཕྱིར་དེ་ལྟར་མི་འགྱུར་རོ་ཞེས་བྱ་བ་ཡང་གྱི་ན་སྟེ། དམིགས་པར་བྱེད་པ་ཡང་ཐམས་
ཅད་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་སོ་སོར་ངེས་པ་ཅི་ཡོད། གཞན་ཡང་། མེད་པའི་རྒྱུ་ལས་འབྲས་སྐྱེའམ། འོན་ཏེ་ཡོད་པ་ལས་འབྱུང་འགྱུར། །མེད་པའི་རྒྱུ་ལས་འབྲས་སྐྱེ་ཞེས། །བྱ་བ་ལེགས་པར་གནས་པ་ཡིན། །ཞིག་ནས་མེད་པ་དང་གཏན་ནས་མེད་པ་ལ་ཁྱད་པར་ཅི་ཞིག་ཡོད། གལ་ཏེ་
སྔོན་ཡོད་པ་མྱོང་བའི་དུས་ན་རྒྱུ་ཡིན་ནོ་ཞེ་ན། གང་གི་ཚེ་ཡོད་པར་གྱུར་པ་དེའི་ཚེ་རྒྱུ་མ་ཡིན་ལ། གཞན་གྱི་ཚེ་ནི་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་ནི་ལེགས་པར་སྨྲས་པ་ཡིན་ནོ། །ཅི་སྟེ་འདི་ལྟར་ཡང་འགྱུར་ཏེ། །མེད་པ་རྒྱུ་ཉིད་ཡིན་འགྱུར་གྱི། །གང་ཞིག་ཡོད་དེ་རྒྱུ་མ་ཡིན། །དེ་དང་འདི་དག་རྣམས་ལ་
ཡང་། །བྱེད་པར་སྲིད་པ་མཐོང་བ་མེད། །གལ་ཏེ་བྱེད་པས་རྒྱུ་ཡིན་ན། །བྱེད་པ་དེ་ཉིད་གང་ལས་འགྱུར། །བྱེད་ཅན་དོན་ལས་ཡིན་ཞེ་ན། །དེར་ཅི་བྱེད་པ་གཞན་ཡོད་དམ། །གལ་ཏེ་དེ་ལའང་བྱེད་ཡོད་ན། །དོན་ཏེ་ཆོད་པར་འགྱུར་བ་ཡིན། །བྱེད་པ་ཉིད་ལས་འབྲས་འབྱུང་ན། །ཤི་ཡང་འབྲས་བུ་སྐྱེ་བར་

འགྱུར། །དེ་ལྟར་དེ་བཞིན་ཡུན་རིང་དུ། །ལོན་ཡང་འབྲས་བུ་ཅིས་མི་སྐྱེ། །བྱེད་འཕྲེང་འདི་ནི་ཤིན་ཏུ་རིང་། །དེ་སྲིད་བར་དུ་སུ་ཞིག་འཚོ། །དེ་སྟེ་རང་བཞིན་བྱེད་པ་ཡིན། །དེ་ཚེ་འབྲས་བུར་འབྱུང་བར་འགྱུར། །བྱེད་པའི་དུས་སུ་འབྲས་ཡིན་ན། །དུས་མཚུངས་པར་ནི་ཐལ་བར་འགྱུར། །གལ་ཏེ་
རྒྱུ་ཡོད་དུས་སུ་ནི། །འབྲས་བུ་ཡོད་པ་མིན་ཞེ་ན། །གང་ཞིག་ཞིག་མ་ཐག་པ་དག །དེ་ལྟ་ཡིན་ན་ཁྱད་མེད་འགྱུར། །དེ་ཡི་དེ་མ་ཐག་བྱུང་བ། །སྐྱེ་བའི་དུས་སུ་ཡོད་ཅེ་ན། །སྐྱེ་བ་འབྲས་བུ་ལས་གཞན་མིན། །དེས་འདི་དུས་མཉམ་ཉིད་དུ་འགྱུར། །ཅི་ཡང་ཡིན་སྨྲ་སུན་ཕྱུང་བས། །ཕྱོགས་གཉིས་ལ་
ཡང་བཟློག་པ་ཡིན། །བརྗོད་པར་བྱ་བ་མང་འགྱུར་རམ། །དེ་ཕྱིར་ད་ནི་འཕྲོ་བཅད་དོ། །ཅི་སྟེ་ཡང་ཤེས་པའི་རྒྱུ་ནི་དོན་ཡིན་ནོ་ཞེས་རྗེས་སུ་དཔག་པས་སྔར་མ་རིག་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། མངོན་སུམ་ལ་ནི་སྣང་གྱུར་པ། །རྗེས་སུ་དཔག་པས་སྔར་རིག་པའི། །ཕན་ཚུན་འདྲེ་བ་མེད་པ་ན། །
དེ་ཡི་འབྲས་བུ་ཇི་ལྟར་རྟོགས། །གལ་ཏེ་རྗེས་སུ་དཔག་པས་རྟོགས་པ་སྔར་བྱུང་བར་རྟོགས་སུ་བཅུག་ཀྱང་། དེ་མངོན་སུམ་གྱི་ཤེས་པའི་རྒྱུ་ཡིན་ནོ་ཞེས་གང་གིས་རྟོགས་པར་བྱེད། རྗེས་སུ་དཔག་པ་ནི་མངོན་སུམ་གྱིས་མཐོང་བའི་དངོས་པོ་ནི་མངོན་སུམ་གྱི་རྒྱུ་ཡིན་ནོ་ཞེས་རྟོགས་པར་བྱེད་པ་མ་ཡིན་ནོ། །ཉམས་
སུ་མྱོང་བ་ཉིད་ལ་ནི་རྗེས་སུ་དཔག་པས་འཇུག་པ་ཡང་མ་ཡིན་ཏེ། དེའི་ཡུལ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བ་ལ་མངོན་སུམ་འཇུག་པ་ཡང་མ་ཡིན་ཏེ། དེའི་ཡུལ་ནི་ལྐོག་ཏུ་མ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །རྟོགས་པར་གྱུར་པ་ཉིད་ནི་ལྐོག་ཏུ་གྱུར་པ་ཡང་མ་ཡིན་ནོ། །
ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། འདི་ལྟར། རང་གི་ངོ་བོ་རྟོགས་ན་ནི། །འདི་ལ་ལྐོག་གྱུར་གཞན་ཅི་ཡོད། །རྣམ་པ་མི་གསལ་སྣང་ཡིན་ན། །མངོན་སུམ་དེ་ལྟར་སྣང་མི་འདོད། །རང་བཞིན་གཉིས་ནི་རིག་པའི་ཚེ། །མངོན་སུམ་གཉིས་སུ་འདོད་པ་
ཡིན། །དཔེར་ན་ཀ་སོགས་ཚུ་རོལ་དང་། །ཕ་རོལ་ངོ་བོ་རིག་ཚུལ་གྱིས། །གང་གི་ཚེ་དོན་དེ་གསལ་བ་དང་མི་གསལ་བའི་རང་བཞིན་དུ་གྱུར་པ། དེའི་ཚེ་དེ་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་རིག་པ་ཡིན་ན། ཀ་བ་ལ་སོགས་པའི་ཚུ་རོལ་དང་ཕ་རོལ་ལ་སོགས་པ་གཟུང་བ་

བཞིན་དུ་མངོན་སུམ་གྱི་རང་བཞིན་ཉིད་དུ་འགྱུར་ལ་རག་གོ། །འོན་ཏེ་གསལ་བ་དང་མི་གསལ་བ་ནི་ཁྱད་པར་གཞན་གྱི་དབང་གིས་ཡིན་གྱི་དོན་གྱི་རང་བཞིན་ནི་སྔོན་པོ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་ཁྱད་པར་ཐ་དད་པས། །རང་བཞིན་གཞན་དུ་རིག་འགྱུར་ན། །རང་གི་
རང་བཞིན་རིག་མེད་ཕྱིར། །ཀུན་ཚེ་མངོན་སུམ་ཉིད་མི་འགྱུར། །ཅི་སྟེ་སྔོ་སོགས་རིག་པའི་ཕྱིར། །མངོན་སུམ་ཉིད་དུ་བརྗོད་ན་ནི། །རང་གི་རང་བཞིན་རིག་པའི་ཕྱིར། །རྗེས་དཔག་ཉིད་ཀྱང་མངོན་སུམ་འགྱུར། །དབང་པོ་དང་ནི་བྲལ་བས་ན། །རྗེས་དཔག་མངོན་སུམ་མིན་ཞེ་ན། །དབང་པོ་
དང་ནི་ལྡན་པས་ཡང་། །རྗེས་སུ་དཔག་པས་ཅིས་མི་དཔོག །དབང་པོ་དང་བྲལ་བ་ཉིད་ཀྱིས་མི་འགྲུབ་སྟེ། དེའི་རྗེས་སུ་དཔག་པ་རང་གི་ངོ་བོར་རྟོགས་པའི་ཕྱིར་རོ། །འོན་ཏེ་དངོས་པོ་མེད་པ་ཡིན་པའི་ཕྱིར་དབང་པོ་དང་འདུ་བ་མེད་དོ་ཞེ་ན། དངོས་པོའི་རང་བཞིན་འཛིན་པའི་རྗེས་སུ་དཔག་པས་རྟོགས་པ་
མེད་པར་ཇི་ལྟར་འགྱུར། མེད་དོ་ཞེ་ན་ཡང་རྗེས་སུ་དཔག་པས་དངོས་པོའི་རང་བཞིན་ཇི་ལྟར་འཛིན། ཅི་སྟེ་དབང་པོ་དང་འབྲེལ་པར་རྗེས་སུ་དཔག་པ་མ་ཡིན་པ་ཉིད་དོ་ཞེ་ན། འདིས་ནི་འཇུག་པར་མི་བྱེད་པས། །རྗེས་སུ་དཔོག་པ་དོན་མེད་ཡིན། །བལྟ་མིན་རེག་པར་བྱ་མིན་པ། །དེ་ལ་
འཇུག་པ་དོན་མེད་ཉིད། །མཁོ་བ་དོན་དུ་གཉེར་བ་རྗེས་སུ་དཔག་པའི་དོན་ལ་འཇུག་པ་ཡིན་ཞེ་ན། འཇུག་པར་བྱེད་པ་ཡང་ཚད་མ་ཉིད་དེ། དེས་ན་འཇུག་པར་བྱེད་པ་མ་ཡིན་པ་ནི། ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཕྱིས་དབང་པོ་དང་འབྲེལ་པར་འགྱུར་བ་རྗེས་སུ་དཔོག་པ་ཡིན་ནོ། །དེས་
ནི་དེའི་ཚེ་དབང་པོ་དང་འབྲེལ་པ་མེད་པས་མངོན་སུམ་ཉིད་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། འབྲེལ་པར་འགྱུར་བ་དཔོག་ན་ནི། །སྔ་མའི་རང་བཞིན་མ་རྟོགས་པས། །རྒྱུ་ཉིད་དུ་ནི་མི་རྟོགས་པའི། །རྗེས་སུ་དཔག་པ་དོན་མེད་ཡིན། །དེ་ཉིད་ཚེ་ན་གཞལ་བྱ་དང་། །འཇལ་བྱེད་ངོ་བོར་ཡོད་
མ་ཡིན། །དེ་ཚེ་ཉིད་ཀྱི་གཞལ་བྱ་དང་། །འཇལ་བྱེད་ད་ལྟར་བྱུང་བར་བརྗོད། །དེའི་ཚེ་རང་གི་ངོ་བོར་སྣང་བ་ལས་གཞན་ད་ལྟར་བྱུང་བ་ཉིད་ནི་མ་ཡིན་གྱི། རང་གི་ངོ་བོར་སྣང་བ་ཉིད་ད་ལྟར་བྱུང་བ་ཡིན་ནོ། །གལ་ཏེ་འདས་པ་ལ་སོགས་པའི་ངོ་བོར་སྣང་བས་ད་ལྟར་བྱུང་བ་ཉིད་མ་ཡིན་ནོ་ཞེ་ན།

རྗེས་སུ་དཔག་པས་འདས་པའི་རང་བཞིན་ཉིད་དུ་ཇི་ལྟར་རྟོགས། འདི་ལྟར་མངོན་སུམ་གྱིས་མ་རྟོགས་པ་ལ་ནི་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ། །མངོན་སུམ་ཡང་འདས་པའི་རང་བཞིན་ལ་འཇུག་པ་མ་ཡིན་ཏེ། གང་གི་ཚེ་དེ་མངོན་སུམ་གྱིས་མཐོང་བ་དེའི་ཚེ་ནི་འདས་པའི་རང་བཞིན་དུ་རྟོགས་
པ་མེད་དོ། །གལ་ཏེ་ད་ལྟར་འདས་པའི་རང་བཞིན་ཡིན་ནོ་ཞེ་ན། འོ་ན་ནི་དེ་གཞན་ཉིད་སྐྱེས་པ་ཡིན་ལ། དེ་ལ་ཡང་མངོན་སུམ་མེད་པའི་ཕྱིར་ཇི་ལྟར་རྗེས་སུ་དཔོག་གང་ཡང་ཕྱིས་མངོན་སུམ་དུ་འགྱུར་བ་དེ་ནི་འབྱུང་བའི་རང་བཞིན་ཉིད་དུ་མངོན་སུམ་མ་ཡིན་པའི་ཕྱིར་དེ་ལ་རྗེས་སུ་དཔག་པའི་
སྐབས་མེད་པར་མཚུངས་སོ། །གལ་ཏེ་འདི་ཅི་ཁྱེད་ལ་ཡང་མཚུངས་པ་མ་ཡིན་ནམ། གཞན་ལ་ཡང་མངོན་སུམ་ལས་དེ་ལྟར་རྟོགས་པ་མ་ཡིན་པའི་ཕྱིར་ཇི་ལྟར་དེའི་རྣམ་པར་སྣང་ཞེ་ན། མ་ཡིན་ཏེ། དེ་ནི་བག་ཆགས་ཀྱི་སྟོབས་ཀྱིས་དེ་ལྟར་སྣང་བ་ཡིན་ནོ། །དེས་ན། དོན་ལ་བརྟེན་
ནས་འབྱུང་བའི་ཕྱིར། །དེ་ཡི་ངོ་བོ་རྗེས་བྱེད་ཕྱིར། །དེ་ནི་ཆ་འགའ་ཞིག་གིས་ནི། །གཞན་ལས་ཀྱང་ནི་ཐ་དད་འགྱུར། །ཞེས་འཆད་པར་འགྱུར་རོ། །དེས་ན་ཤེས་པ་དེ་ནི་རྒྱུད་ནས་དོན་ལས་སྐྱེས་པ་ཡིན་ལ། བག་ཆགས་དང་འབྲེལ་པས་ནི་རྣམ་པ་གཞན་དུ་ཡང་སྣང་བ་ཡིན་ཏེ། དཔེར་ན་རབ་
རིབ་ལ་སོགས་པས་ཟླ་བ་གཉིས་ལ་སོགས་པ་སྣང་བ་བཞིན་ནོ། །དེས་ན་འདས་པའི་དུས་ཉིད་ཀྱི་རང་བཞིན་ལས་འོངས་པའི་ཕྱིར་འདས་པ་ཉིད་དུ་ཞེན་པ་ཡིན་ལ། དེས་ན་འདས་པའི་དུས་ཉིད་དུ་འཛིན་པའི་ཕྱིར་འདས་པ་ཉིད་ཡིན་ཞིང་དེ་ཡང་མེད་པ་ཡིན་ནོ། །དེ་ནི་ད་ལྟར་བ་ཉིད་ལ་ནི་ཚད་མ་མ་ཡིན་
ནོ། །འོ་ན་དེ་ཇི་ལྟར་འཐོབ། ཡོད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཡོད་པ་ཉིད་ཡིན། མཐོང་བའི་རྟགས་དེས་རྣམ་པར་འཇོག་པའི་ཕྱིར་རོ། །དེའི་སྒོ་ནས་ཤེས་པ་ཡང་དེར་འཇུག་པར་བྱེད་པ་ཡིན་པས་ཐ་སྙད་རྫོགས་པ་ཡིན་ནོ། །གལ་ཏེ་ཤེས་པས་དོན་མ་རྟོགས་ན་ཇི་ལྟར་འཇུག་པར་བྱེད་པ་ཡིན་ཞེ་
ན། མ་འཁྲུལ་བ་ཉིད་ལས་སོ། །གལ་ཏེ་དུ་བ་འབའ་ཞིག་ཀྱང་རྣམ་པར་འཇོག་པར་བྱེད་པར་འགྱུར་རོ་ཞེ་ན། ཇི་ལྟར་རྣམ་པར་འཇོག་པར་བྱེད་པ་ཡིན་པར་མཐོང་བ་དེ་ལྟར་རྣམ་པར་འཇོག་པར་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་པས་ཀླན་ཀ་མེད་དོ། །གཞན་ཡང་། ཤེས་པ་དེ་ནི་རང་བཞིན་དང་། །འབྲེལ་

ཕྱིར་འཇུག་བྱེད་གཞན་མ་ཡིན། །དེ་ལ་དོན་དུ་ཞེན་པ་ནི། །ངེས་པར་བག་ཆགས་སྟོབས་ཀྱིས་ཡིན། །དེའི་ཕྱིར་སྔ་མ་ཉིད་དུ་རྟོགས་པ་དེ་ནི་ད་ལྟ་ཡོད་པ་ཡིན་ནོ་ཞེས་བྱ་བར་ནི་ཤེས་པ་དེས་མི་རྟོགས་སོ། །རང་བཞིན་གང་ཞིག་ད་ལྟར་ཡོད་པ་དེ་མི་མཐོང་བ་ཉིད་དོ། །དེས་ན་མི་མཐོང་
བ་ཉིད་ནི་ལྐོག་ཏུ་འགྱུར་བ་ཡིན་ལ་དེ་ནི་ལྐོག་ཏུ་གྱུར་ཏོ་ཞེས། རྟོགས་པ་མེད་པ་ཉིད་ནི་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་ཡིན་ནོ། །ལྐོག་གྱུར་དོན་གྱི་རང་བཞིན་ཉིད། །ཡིན་ན་དེ་ནི་མངོན་སུམ་ཉིད། །དེ་ལ་རྗེས་དཔག་འཇུག་མིན་ཞིང་། །ཐེ་ཚོམ་འབྲེལ་པའང་ཡོད་མ་ཡིན། །ཞིག་ན་རྣམ་པ་དེ་ལྟ་
བུའི། །ཤེས་པ་དེ་ལས་འབྱུང་མི་འགྱུར། །ཤེས་དོན་དག་ཀྱང་གཅིག་ཉིད་མིན། །དེ་ཕྱིར་དོན་དེ་ཡོད་མ་ཡིན། །དེའི་ཕྱིར་གལ་ཏེ་རྗེས་སུ་དཔག་པ་དོན་འཛིན་པའི་རང་བཞིན་ཡིན་ན་མིག་ལ་སོགས་པ་དང་འབྲེལ་པ་ཡང་རྗེས་སུ་དཔག་པར་བྱ་བ་ཡིན་པར་འགྱུར་བས་མངོན་སུམ་གྱི་དོན་ཉིད་རྗེས་
སུ་དཔག་པར་བྱ་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ནོ། །དེས་ན་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ནི་དོན་འཛིན་པའི་རང་བཞིན་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པས་རྟོགས་པ་ནི་རྒྱུའི་དངོས་པོ་མ་ཡིན་ནོ། །དེའི་ཕྱིར་ན་རྒྱུ་དང་འབྲས་བུའི་དངོས་པོ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར།
གལ་ཏེ་ཐམས་ཅད་ནུས་མེད་ན། །ཞེས་སྨོས་སོ། །འདི་ལ་བཤད་པ་ནི། ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་ཞེས་བྱ་བ་ཡིན་ནོ། །འདི་ལྟར་ས་བོན་ལས་ནི་མྱུ་གུ་སྐྱེ་བ་མཐོང་ཞེས་རྣམ་པར་དབྱེ་བ་མེད་པར་འཇིག་རྟེན་པའི་རྟོགས་པ་ཡིན། དེ་ཉིད་ཕྱིར་ན་མཐོང་བ་ཡིན། གང་ལ་
འདི་ནི་བདག་གིས་མཐོང་བའོ་སྙམ་དུ་རྟོགས་པ་དེ་ཉིད་རྟོགས་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་འདི་བདག་གིས་མཐོང་ངོ་ཞེས་ལྷག་པར་མོས་པ་ཡང་ཡོད་པ་ཡིན་ཏེ། དེས་ན་གནོད་པ་མེད་པའི་ལྷག་པར་མོས་པ་སྲིད་པའི་ཕྱིར་གཞན་དུ་འགྱུར་བར་དོགས་པར་བྱས་པ་མ་ཡིན་ནོ། །འདི་ལྟར།
དངོས་འདི་བདག་གིས་དྲན་སྙམ་ལས། །མོས་པའི་རྣམ་པ་གཞན་ཡོད་མིན། །དྲན་པ་དངོས་དང་འབྲེལ་པར་ནི། །རྟོགས་པ་ཡོད་པ་མ་ཡིན་ནོ། །རེ་ཞིག་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་ཏེ། དྲན་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །རང་རིག་པས་ནི་དྲན་པའི་རང་གི་ངོ་བོ་ཉིད་ཙམ་མངོན་

དུ་བྱེད་པ་ཡིན་གྱི། དངོས་པོ་དང་འབྲེལ་པར་ནི་མ་ཡིན་ནོ། །སྔར་གྱི་མངོན་སུམ་ཡང་དྲན་པ་ལ་འཇུག་པ་མ་ཡིན་ཏེ། དེས་ན་གང་ལས་འབྲེལ་པ་རིག་པར་འགྱུར། འདི་བདག་གིས་དྲན་ནོ་སྙམ་པའི་ཤེས་པ་གཞན་དུ་འགྱུར་བ་མེད་པ་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་ལྷག་པར་མོས་པ་ཉིད་
ཐམས་ཅད་དུ་རྣམ་པར་གཞག་པ་ཐམས་ཅད་ཀྱི་སྒྲུབ་བྱེད་ཡིན་ནོ། །འདི་ལ་བརྗོད་པ། གལ་ཏེ་དེ་ཀུན་རྫོབ་འདོད་ན། བསམ་པ་ནི། དངོས་པོའི་དེ་ཁོ་ན་རྣམ་པར་འཇོག་པའི་ཚད་མ་མེད་ན། ཐོག་མ་མེད་པའི་ཐ་སྙད་གོམས་པ་ལས་བྱུང་བའི་ལྷག་པར་མོས་པ་ཙམ་གང་ཡིན་པ་དེ་ནི་ཀུན་རྫོབ་
ཁོ་ནའོ། །ཀུན་རྫོབ་ཀྱི་དོན་ནི་མ་བརྟགས་ན་ཉམས་དགའ་བའི་དོན་ཡིན་ནོ། །དཔེར་ན་ལྷ་སྦྱིན་ལ་སོགས་པ་འགའ་ཞིག་མ་མཐོང་ཡང་མཐོང་བར་རློམ་པ་དེ་ནི་རྣམ་པར་དཔྱད་པས་ལྡོག་པ་དེ་བཞིན་དུ། དེ་ལྟ་ཡིན་ན། འདི་དོན་དམ་པ་མ་ཡིན་པར་འགྱུར་རོ། །འཇིག་རྟེན་གྱི་ཐ་སྙད་ཐམས་
ཅད་ཀྱང་དེ་ལྟ་བུ་ཉིད་ཡིན་པའི་ཕྱིར། ཐམས་ཅད་ཀུན་རྫོབ་ཙམ་ཡིན་ནོ། །ཚད་མ་མེད་པར་རྟོགས་པར་རློམ་པ་ཙམ་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །འདི་ལྟར། རྒྱུ་དང་འབྲས་བུའི་རྟོགས་པ་ནི། །རྗེས་འགྲོ་ལྡོག་པ་དག་ལས་ཡིན། །མངོན་སུམ་དེ་བཞིན་རྗེས་དཔག་གིས། །ཚད་མ་དེ་ལ་
ཡོད་མ་ཡིན། །མངོན་སུམ་མི་དམིགས་པ་དག་ལས། །རྗེས་འགྲོ་ལྡོག་པ་རྟོགས་པ་གང་། །གལ་ཏེ་རྗེས་དཔག་ལས་ཡིན་ན། །ཕན་ཚུན་རྟེན་པར་འགྱུར་བ་ཡིན། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་མངོན་སུམ་འབའ་ཞིག་གིས་མི་འཛིན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་པ་ནི་
མངོན་སུམ་དང་མི་དམིགས་པ་ཡིན་པར་བརྗོད་དོ་ཞེ་ན། དེ་ནི་མ་འབྲེལ་བ་སྟེ། ཕན་ཚུན་རྟེན་པའི་ཉེས་པར་ཐལ་བའི་ཕྱིར་རོ། །རྗེས་སུ་འགྲོ་བ་མངོན་སུམ་གྱིས་འཛིན་པ་ནི་མ་ཡིན་ནོ། །འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་དེ་ལྟ་བུ་རྣམ་པ་ནི་མངོན་སུམ་གྱི་བྱ་བ་མ་ཡིན་ཏེ། གཉིས་འཛིན་པ་ཙམ་གྱི་བྱ་
བ་ཅན་ཡིན་པའི་ཕྱིར་རོ། །འདིའི་དེ་མ་ཐག་ཏུ་མཐོང་བ་འདི་ནི་འདི་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མངོན་སུམ་ཡོད་པ་མ་ཡིན་ནོ། །འདི་ལྟར་འདི་ཉིད་ལས་འབྱུང་བའམ་འདི་ལས་འབྱུང་བ་ཉིད་དམ། འདི་ལས་ཀྱང་འབྱུང་བ་ཞེས་འདི་ཙམ་ཞིག་འདིར་རྣམ་པར་བརྟག་པར་བྱ་བ་ཡིན་ཏེ། དོན་

གཞན་མི་སྲིད་པའི་ཕྱིར་རོ། །གལ་ཏེ་འདི་ཉིད་ལས་འབྱུང་བ་ཞེས་བྱ་བ་ཡིན་ན་ནི། ཤུགས་ཀྱིས་གཞན་ལས་མི་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་བ་ཡིན་ནོ། །དེ་ལ་ཡང་རྣམ་པར་རྟོག་པ་གཉིས་ཏེ། དེའི་ཚེའམ་འོན་ཏེ་གཞན་གྱི་ཚེ་ཡིན། གལ་ཏེ་
དེའི་ཚེ་འདི་ཉིད་ལས་ཡིན་ནོ་ཞེས་འདོད་ན། འོ་ན་ནི་གཞན་གྱི་ཚེ་ནི་གཞན་ལས་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ད་ལྟར་ཡང་ཡུལ་གཞན་དུ་གཞན་ལས་མི་འབྱུང་ངོ་ཞེས་གང་ལས་ཡིན། དེ་ལྟ་བུ་ནི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །འདི་ལས་འབྱུང་བ་
ཉིད་དོ་ཞེས་ངེས་པར་འབྱུང་བ་ཡང་མ་ཡིན་ཏེ། དུས་གཞན་དུ་རེས་འགའ་མི་འབྱུང་བའི་ཕྱིར་རོ། །དེས་ན་མངོན་སུམ་གྱིས་ནི་རྒྱུ་དང་འབྲས་བུ་རྟོགས་པ་མ་ཡིན་ནོ། །འདི་ལས་ཀྱང་འབྱུང་བ་གཞན་ལས་ཀྱང་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ལ་ནི་རང་ཉིད་ཁོ་ནས་འཁྲུལ་པས་ཁས་བླངས་པའི་ཕྱིར་
རྒྱུ་དང་འབྲས་བུའི་དངོས་པོར་མི་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། དེས་ན་ཕྱོགས་འདི་ཡང་མ་ཡིན་ནོ། །ཅི་སྟེ་དེ་མེད་ན་མེད་པའི་ཕྱིར་རོ་ཞེས་མི་དམིགས་པ་ལ་རྟོགས་སོ་ཞེ་ན། དེ་ལྟར་གྱུར་ན་ཡང་གཅིག་ལ་གཅིག་བརྟེན་པའི་ཉེས་པ་ཡོད་དོ། །འདི་ལྟར། གཅིག་མི་དམིགས་པ་མངོན་སུམ་ལས། །གཞན་ནམ་དེ་
བཞིན་གཞན་མ་ཡིན། །མངོན་སུམ་ལས་ནི་གཞན་མིན་ན། །མིང་ཙམ་སྒྲུབ་བྱེད་ཡིན་པར་འགྱུར། །རྗེས་སུ་དཔག་པ་ཉིད་དུ་ནི། །རྟོགས་པ་འཇུག་པ་མེད་འགྱུར་ཏེ། །གང་ཕྱིར་རྗེས་འགྲོ་ལྡོག་པ་ཡིས། །འབྲེལ་ལ་རྗེས་སུ་དཔོག་ཕྱིར་རོ། །གལ་ཏེ་མི་དམིགས་པ་མངོན་སུམ་ཉིད་ཡིན་ན་ནི་མངོན་སུམ་ལ་
བརྗོད་པའི་སྐྱོན་དེ་ཉིད་དོ། །དེ་སྟེ་རྗེས་སུ་དཔག་པ་ཡིན་ན། དེའི་འབྲེལ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འཇུག་པ་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་པ་མེད་ན་རྗེས་སུ་འགྲོ་བ་དང་ལྡོག་པ་འཛིན་པ་མེད་ལ། དེ་མེད་ན་ཡང་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཐུག་པ་
མེད་པར་ཡང་འགྱུར་རོ། །འོན་ཏེ་དངོས་པོ་མེད་པའི་ཚད་མས་དེ་མེད་ན་མེད་པར་འཛིན་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། དེ་ལས་ཀྱང་། ཡུལ་དང་དུས་ཉེ་བ་ཅན་དག་གིས་དངོས་པོ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་རོ། །གཞན་དག་ནི་རྒྱུ་དང་འབྲས་བུའི་ངོ་བོ་ནི་དཔྱོད་པའི་ཚད་མས་རྟོགས་

པར་བྱ་བ་ཡིན་ནོ་ཞེས་སྨྲ་སྟེ། འབྲེལ་པ་མཐོང་བ་མེད་པར་ལྐོག་ཏུ་གྱུར་པ་རྟོགས་པ་ནི་དཔྱོད་པའོ་ཞེས་བྱ་བ་ནི་མཚན་ཉིད་ཡིན་ནོ། །འདི་ལྟར་མེ་དང་དུ་བ་དག་གིས་ངེས་པའི་མཚན་ཉིད་ཀྱིས་རྒྱུ་དང་འབྲས་བུའི་ངོ་བོ་ནི་དེ་ཡོད་ན་ཡོད་པར་དམིགས་པ་ལས་ཡིན་ན། དེ་ཡོད་ན་ཡོད་པ་དེ་དང་རྒྱུ་དང་
འབྲས་བུ་འབྲེལ་པར་ནི་དམིགས་པ་མེད་དོ། །གང་གི་ཕྱིར་དེ་ལས་འབྱུང་བ་ཡིན་པ་དེའི་ཕྱིར་འདི་ནི་དེའི་འབྲས་བུ་ཡིན་ནོ་ཞེས་འཇིག་རྟེན་པས་རྟོགས་པ་ཡིན་ནོ། །དེས་ན་དེའི་འབྲས་བུར་རྟོགས་པ་ནི་དཔྱོད་པས་ཡིན་ནོ། །ཡང་ན་དོན་གྱིས་གོ་བས་དེའི་འབྲས་བུ་ཉིད་དུ་རྟོགས་པ་ཡིན་ནོ། །གལ་
ཏེ་འདི་དེའི་འབྲས་བུ་མ་ཡིན་ན་ནི་དེ་ལས་འབྱུང་བ་ཉིད་དུ་མི་འཐད་དོ་ཞེས་མ་མཐོང་བའི་དོན་རྟོགས་པ་ནི་དོན་གྱིས་གོ་བ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། གལ་ཏེ་རྒྱུ་དང་འབྲས་བུ་ཡི། །རྟོགས་པའང་མཐོང་བ་ཡོད་ན་ནི། །དཔྱོད་པའང་དོན་གྱིས་གོ་བ་ལས། །རྟོགས་སོ་ཞེས་ནི་མཐོང་བར་འགྱུར། །
དེ་ལས་འབྱུང་བ་མ་རྟོགས་པའི། །རྒྱུ་འབྲས་ཉིད་ནི་མཐོང་བ་མེད། །དེ་ལའང་སྐྱོན་ནི་སྔར་བརྗོད་དོ། །ངེས་པར་འཛིན་པ་མེད་ཕྱིར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པའི་ཡུལ་སྲིད་ན་ནི། དཔྱོད་པའམ་གཞན་ལས་དེ་རྟོགས་པར་འགྱུར་བ་ཡིན་ན། དེ་ནི་དེ་ལས་ཡོད་
པ་ལས་རང་བཞིན་གཞན་བརྩོན་པ་དང་ལྡན་པས་ཀྱང་རྟོགས་པ་མེད་དོ། །ངེས་པར་དེ་ལས་འབྱུང་བ་ཡིན་ནོ་ཞེས་བྱ་བར་ནི་གང་ལས་ཀྱང་རྟོགས་པ་མེད་དེ། དུས་དེ་སྲིད་ཙམ་ཞིག་དེ་ལས་འབྱུང་བར་རྟོགས་པའི་ཕྱིར་རོ། །དེ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡང་མ་ཡིན་ནོ། །གལ་ཏེ་ངེས་པ་ནི་
དཔྱོད་པའམ། དོན་གྱིས་གོ་བ་ལས་རྟོགས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་དེའི་དེ་མ་ཐག་པར་དམིགས་པ་དེའི་ཕྱིར་གཞན་གྱི་ཚེ་ཡང་འདི་ནི་དེ་ཉིད་ལས་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ཉིད་ཀྱི་ཚེ་ཡང་མི་འགྱུར་རོ་ཞེ་ན། དེ་ཡང་མི་འཐད་དེ། གལ་ཏེ་དེ་ལྟར་དེ་ལས་དམིགས་སུ་ཆུག་ཀྱང་
གཞན་གྱི་ཚེ་ཡང་ཡིན་ནོ་ཞེས་བྱ་བར་ག་ལས་ཡིན། དེ་ལྟ་བུ་ཁོ་ནར་རྟོགས་པའི་ཕྱིར་རོ་ཞེ་ན། འོ་ན་བུམ་པ་ཡང་སྣམ་བུའི་དེ་མ་ཐག་ཏུ་དམིགས་པ་དེའི་ཕྱིར་དེ་ལ་ཡང་ད་ལྟར་འགྱུར་རོ། །དེ་ལ་ནི་འཁྲུལ་བ་མཐོང་བའི་ཕྱིར་རོ་ཞེ་ན། འོ་ན་ནི་འདི་ཉིད་ཀྱིས་དེ་ལ་ཡང་ཡིད་བརྟན་དུ་མེད་པར་འགྱུར་རོ། །

ཡིད་མི་ཆེས་པའི་རྟོགས་པ་མེད་པའི་ཕྱིར་རོ་ཞེ་ན། རིང་པོ་མཐོང་བ་མ་ཡིན་པ་རྣམས་ཀྱི་དེ་ནི་ཡང་ནས་ཡང་དུ་མཐོང་བ་ལས་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ནི་དེ་ལྟ་བུ་ཉིད་ཡིན་ནོ་ཞེ་ན། ནུས་པ་ཀུན་རྫོབ་ཏུ་རྟོགས་ཞེས། །བྱ་བ་དེ་ཉིད་འོངས་པ་ཡིན། །དེ་ཉིད་དོན་ནི་མ་
བརྟགས་པས། །རྟོགས་པ་ཀུན་རྫོབ་ཡིན་པར་འདོད། །ཅི་སྟེ་དུས་གཞན་དུ་དེའི་འབྲས་བུ་དེ་ནི་འདི་ཉིད་ཡིན་ནོ་ཞེས་ངོ་ཤེས་པ་ལས་སྔ་མ་ཉིད་འབྲས་བུར་རྟོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ངོ་ཤེས་པ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། ངོ་ཤེས་སྔར་གྱི་མཐོང་བ་དང་། །འབྲེལ་པ་འདི་ནི་
གང་དུ་མཐོང་། །དཔྱོད་པའམ་དོན་གྱིས་གོ་བ་ལས། །ཞེ་ན་སྔར་འདི་སུན་ཕྱུང་ཟིན། །ཅི་སྟེ་དྲན་པ་ལས་ཡིན་ཏེ། །འདི་ལྟར། ཁོ་བོས་མཐོང་བ་དེ་ཉིད་ནི། །དྲན་ཞེས་དེ་ལྟར་རྟོགས་ཕྱིར་རོ། །དྲན་པའམ་ཉམས་སུ་མྱོང་བ་དང་། །འབྲེལ་པ་འདོད་པ་མ་ཡིན་ནོ། །དྲན་པ་ནི་ཆད་མ་མ་ཡིན་པས།
དེ་གྲུབ་པ་ནི་ཀུན་རྫོབ་ཏུ་གྲུབ་པ་ཡིན་ཞེས། དེ་ལྟར་དོགས་པ་བསུ་ནས། གལ་ཏེ་དེ་ཀུན་རྫོབ། འདོད་ན་ཅི་ལྟ་དེ་ལྟར་འགྱུར། །ཞེས་གསུངས་སོ། །འཇིག་རྟེན་གྱི་ཐ་སྙད་འཁྲུགས་པ་མེད་པ་ནི་དེ་ཁོ་ན་ལྟར་ཡིན་ནོ། །དོན་དམ་པ་ནི་འཇིག་རྟེན་གྱི་ཐ་སྙད་ལ་ཉེ་བར་སྦྱར་བ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་
ལ་སྐུར་བར་འགྱུར་བའི་ཕྱིར་རོ། །མོས་པའི་རྣམ་པར་དབྱེ་བ་ཙམ་གྱིས་ངེས་པ་གྲུབ་པ་ཡིན་ཏེ། རྨི་ལམ་གྱི་ཐ་སྙད་ངེས་པ་བཞིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུར་ནི་ཐོག་མ་མེད་པ་ངེས་པའི་བག་ཆགས་འབའ་ཞིག་ལུས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམིགས་པ་དང་བཅས་པ་དང་དམིགས་པ་མེད་
པའི་ཤེས་པ་ལ་སོགས་པའི་རྣམ་པར་བྱེད་པ་ཐམས་ཅད་མི་འགྲུབ་པ་ཁོ་ནའོ། །ཡང་གང་དག་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཞིག་ཡིན་ཞིང་། ཀུན་རྫོབ་ཀྱི་བདེན་པ་ཡང་གང་ཡིན། བདེན་ན་ཀུན་རྫོབ་དེ་ཇི་ལྟར། །ལོག་པ་ཡིན་ན་བདེན་གང་ལགས། །བརྫུན་དོན་དམ་པའི་དོན་དག་ལ། །བདེན་
ཉིད་ཐུན་མོང་ཡོད་མ་ཡིན། །ཀུན་རྫོབ་ཀྱང་ཡིན་ལ་བདེན་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ལོ་ཞེས་ཟེར་རོ། །དེ་ལ་བརྗོད་པ། ཀུན་རྫོབ་ཅེས་བྱ་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པའི་ཤེས་པས་མོས་པ་ཙམ་ཡིན་ནོ། །དེས་ན་དོན་ནི་ཐོག་མ་མེད་པའི་བག་ཆགས་

ཀྱི་སྟོབས་ལས་བྱུང་བ་འབའ་ཞིག་སྣང་བ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྔོན་པོ་ལ་སོགས་པ་ནི་རྨི་ལམ་སྣང་བ་བཞིན་དུ་བདེན་པ་མ་ཡིན་ལ། རྣམ་པར་ཤེས་པ་ཡང་དེ་ལས་ཐ་དད་པ་མ་ཡིན་ཏེ། དེས་ན་དེ་ཁོ་ན་ཉིད་མ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཆད་པ་ཡང་མ་ཡིན་ཏེ། དེས་ན་ཉེ་བར་
མཁོ་བས་ན་བདེན་པ་ཡིན་ནོ། །དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བར་མི་འགལ་ལོ། །དེས་ན་དོན་དམ་པར་ན་བདག་ཉིད་ཐམས་ཅད་དབེན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་དང་ནི་ཤེས་པ་ལྷན་ཅིག་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པ་མེད་ཀྱི། འོན་ཀྱང་བག་ཆགས་ཉིད་ཀྱི་རྒྱུ་ཡིན་པར་
རྨི་ལམ་གྱི་སྣང་བ་རྟོགས་པ་ཡིན་པས་གཞན་ཡང་དེ་བཞིན་དུ་འགྱུར་ཏེ། དེའི་རིགས་ཅན་ཡིན་པའི་ཕྱིར་རོ། །ཡང་ན་སྐྱེ་བ་ལ་སོགས་པའི་རང་བཞིན་ཉིད་ཀུན་རྫོབ་ཡིན་ཏེ། ཚད་མས་ཡོངས་སུ་བཅད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཚེ་ཀུན་རྫོབ་ཏུ་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་ནི་ཚད་
མས་ཡོངས་སུ་མ་བཅད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཀུན་རྫོབ་ཅེས་བྱ་བ་ནི་བདག་ཉིད་ཐམས་ཅད་དབེན་པ་ཡིན་པའི་ཕྱིར་ནུས་པ་མེད་པ་ཡིན་ལ། སྐྱེ་བ་ཞེས་བྱ་བ་ནི་ནུས་པ་ཡིན་པས་འདི་ནི་འགལ་བ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་བདེན་ཏེ། ཀུན་རྫོབ་ཅེས་བྱ་བ་ནི་དོན་དམ་པར་ནུས་
པ་མེད་པ་ཡིན་ན། དེ་ལྟར་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་ནི་ཚད་མ་དང་བྲལ་བའི་ཕྱིར་གྲགས་པ་ཙམ་དུ་ནུས་པ་ཡིན་ཏེ། དེ་ལྟར་ནི་སྐྱེ་བ་ཡིན་པ་ཁོ་ནའོ། །སྐྱེ་བ་སྐྱེའོ་ཞེས་བྱ་བའི་སྐྱོན་དུ་ཡང་མི་འགྱུར་ཏེ། རང་བཞིན་གང་གིས་སྐྱེས་པ་དེ་ཁོ་ནས་ནུས་པ་ཡིན་ནོ། །གང་
གི་རང་བཞིན་དུ་སྐྱེས་ཤེ་ན། ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཀུན་རྫོབ་མིང་ཙམ་བྱེད་པ་ཡང་མ་ཡིན་ཏེ། ཚད་མས་རྟོགས་པ་ལ་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །གང་ཡང་རྒྱུ་དང་འབྲས་བུ་དག་དུས་མཚུངས་པ་ཡིན་ཞེས་བྱ་བ་དེ་ལ། རྒྱུ་ལས་
ནི་འབྲས་བུ་སྐད་ཅིག་གཉིས་པ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འབྱིན་པ་དེ་ཡང་མི་བདེན་ཏེ། འདས་པ་ཉིད་དུ་ནི་འདས་ནས་ཡུན་རིང་དུ་ལོན་པ་དང་། ཁྱད་པར་མེད་པའི་ཕྱིར་རོ། །འདས་ནས་ཡུན་རིང་དུ་ལོན་པ་ནི་སྐྱེ་བའི་དུས་ན་མེད་པའི་ཕྱིར་ལ། འདས་མ་ཐག་པ་ནི་བཟློག་པ་ཡིན་པའི་ཕྱིར་རོ་

ཞེ་ན། སྐྱེ་བའི་དུས་ཏེ་གང་ཡིན། གལ་ཏེ་འབྱུང་བའི་དུས་ཡིན་ན་ནི་དེའི་ཚེ་འབྱུང་བ་འབྱུང་བ་པོ་ལས་ཐ་མི་དད་པས་རྒྱུ་དང་འབྲས་བུ་དུས་མཚུངས་པ་དེ་ཉིད་ཡིན་ནོ། །འོན་ཏེ་འབྱིན་པའི་དུས་ན་ཡོད་པ་ཡིན་ན། འབྱིན་པ་དེ་ནི་འབྱིན་པར་བྱེད་པ་པོའི་བྱེད་པ་ཡིན་ཏེ། དེས་ན་
འབྱིན་པར་བྱེད་པའི་དུས་ཞེས་བྱས་པ་དེའི་ཚེ་རྒྱུའི་དུས་ན་ཡོད་པ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་ཆོད་པ་ཡང་རྒྱུར་འགྱུར་ཏེ། དེ་ཡང་རང་གི་དུས་ན་ཡོད་པའི་ཕྱིར་རོ། །སྐད་ཅིག་གིས་དངོས་པོ་ཐམས་ཅད་ཀྱང་དེའི་ཚེ་ཡོད་པས་རྒྱུར་ཐལ་བས་ན་ཧ་ཅང་ཐལ་བར་འགྱུར་རོ། །རྒྱུད་ཐ་དད་པའི་ཕྱིར་མི་
འགྱུར་རོ་ཞེ་ན། འདི་ནི་ཕན་ཚུན་རྟེན་པའི་ཉེས་པར་འགྱུར་ཏེ། རྒྱུ་མ་ཡིན་པ་ཉིད་ཡིན་ན་རྒྱུད་ཐ་དད་པ་ཡིན་ཡང་། རྒྱུད་ཐ་དད་པ་ཉིད་ཡིན་ན་ཡང་རྒྱུ་མ་ཡིན་པ་ཡིན་ནོ། །རྒྱུ་ཡང་ཡིན་ལ་རྒྱུད་ཐ་དད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་འགལ་ལོ། །མ་བརྟགས་པའི་དོན་ནི་ཀུན་རྫོབ་ཀྱི་དོན་ཡིན་ནོ་ཞེས་
གང་བཤད་པ་ཡང་། བརྟགས་པ་ནི་ཚད་མ་ལ་བརྗོད་ཀྱི་རྣམ་པར་རྟོག་པའི་ཤེས་པ་ནི་མ་ཡིན་ནོ། །དེས་ན་ཚད་མ་གྲགས་པའི་དོན་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྒྱུ་མའི་དོན་ཡང་འདི་ཉིད་ཡིན་ནོ། །འཇིག་རྟེན་ལ་གྲགས་པའི་དོན་ཞེས་བྱ་བ་ལ། འཇིག་རྟེན་གྱི་གྲགས་པ་ནི་མ་བརྟགས་ན་
ཉམས་དགའ་བ་ཡིན་ཏེ་དེས་ན་སྐྱོན་མེད་དོ། །བསྟན་བཅོས་བྱེད་པའི་གྲགས་པ་ནི་ཐ་སྙད་དུ་བྱེད་པ་མ་ཡིན་པས་དེ་ནི་འདིར་མི་གཟུང་ངོ་། །འདི་སྐད་དུ་ཡང་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་སྟེ་ཞེས་གསུངས་པ་ཡིན་ནོ། །ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་
དབྱེ་བ་ཡང་ཀུན་རྫོབ་ཁོ་ན་སྟེ། འདི་ལྟར་ཚད་མ་ནི་སླུ་བ་མེད་པ་ཅན་ཡིན་ལ། མི་སླུ་བ་ཡང་ཉེ་བར་བསྟན་པའི་དོན་ཐོབ་པ་ཡིན་ནོ། །ཐོབ་པ་ཡང་ཉམས་སུ་མྱོང་བ་ཉིད་དོ། །གལ་ཏེ་དོན་ཉམས་སུ་མྱོང་བ་ཡིན་ན། ཕྱིས་ཀྱང་དེ་ཉིད་ཡིན་པས་ཅིའི་ཕྱིར་ཐོབ་པ་དོན་དུ་གཉེར་བར་འགྱུར་རོ། །
དེས་ན་བློ་ཐམས་ཅད་ཚད་མ་མ་ཡིན་པར་འགྱུར་རོ། །འོན་ཏེ་ཕྱིས་རྟོགས་པ་དེ་ནི་གཞན་ཡིན་ཏེ། དེས་བསྟན་པ་ནི་མ་ཡིན་པས་ན། དེ་ཐོབ་པ་ནི་ཚད་མར་འགྱུར་རོ་ཞེ་ན། དེ་ལྟར་ན་ཐམས་ཅད་ཚད་མར་འགྱུར་རོ། །ཅི་སྟེ་ཉེ་བར་བསྟན་པ་ལ་ཅུང་ཟད་ཉེ་བར་མ་བསྟན་པ་ཡོད་དེ་དེས་ན་དེ་ཐོབ་པས་ཚད་

མ་ཉིད་དོ་ཞེ་ན་དེ་ཡང་མི་བདེན་ཏེ། མ་བསྟན་པ་ལ་ཚད་མ་མ་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་གྱི་ནའོ། །དེའི་ཕྱིར་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་ཀུན་རྫོབ་ཏུ་ཇི་ལྟ་བ་དེ་ལྟར་ཡིན་དུ་ཟད་དོ། །འདི་ཙམ་གྱིས་ཀྱང་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་གཞག་པ་ཡིན་པས་
ཁོ་བོ་ཅག་ལ་ཆད་པ་ཅུང་ཟད་ཀྱང་མེད་དོ། །ཁྱོད་ཀྱི་ཕྱོགས་ན་ཁོ་བོ་ཅག་གི་འདོད་པ་ཉིད་དེ། དེས་ན་དངོས་པོའི་དེ་ཁོ་ན་ཉིད་ལས་འདའ་བར་མི་ནུས་སོ། །གལ་ཏེ་དོན་བྱེད་ནུས་པ་ཀུན་རྫོབ་ཏུ་ཡིན་ན། སྤྱི་ལ་ཡང་ཡོད་པ་མ་ཡིན་ནམ། དེས་ན་མཚན་ཉིད་ཧ་ཅང་ཁྱབ་ཆེས་པའི་སྐྱོན་ཡིན་ནོ་
ཞེ་ན། བཤད་པ། གལ་ཏེ་ཀུན་ལ་དེ་ཡོད་ན། །སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །བློ་ལ་མ་མཐོང་ཕྱིར་མིན་ཏེ། །མིག་དང་གཟུགས་སོགས་བློ་བཞིན་ནོ། །དཔེར་ན་མིག་དང་གཟུགས་ལ་སོགས་པའི་བློ་རྣམས་དམིགས་པ་དང་། བདག་པོའི་རྐྱེན་གྱི་ཡུལ་ལ་རྗེས་སུ་འགྲོ་བ་དང་ལྡོག་
པའི་རྗེས་སུ་བྱེད་པ་དེ་བཞིན་དུ། སྤྱིའི་བློ་དག་ནི་མ་ཡིན་ཏེ། སྤྱིའི་བློ་ནི་སྔོན་མཐོང་བའི་འབད་རྩོལ་ཙམ་ལས་འབྱུང་བའི་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པའི་བློ་ནི་མིག་ལ་སོགས་པ་མེད་པར་ནང་གི་བྱེད་པ་ཙམ་ལས་འབྱུང་བ་མ་ཡིན་ནོ། །འདི་ལྟར། གལ་ཏེ་དངོས་པོ་དེ་ཉིད་དུ། །
སྔར་ཡོད་མཐོང་བ་མ་ཡིན་ཡང་། །འོན་ཀྱང་ལྡོག་པ་མཐོང་བ་ལས། །ཡོད་དོ་ཞེས་ནི་ངེས་པར་འགྱུར། །གལ་ཏེ་བདེན་པའི་ཀ་བའི་ཚོགས་སུ་སྣང་བ་ཡུལ་ལ་མི་ལྟོས་པར་མིག་ཙམ་ལས་འབྱུང་བ་ཡིན་ན་ནི། གང་དང་གང་དུ་མིག་བལྟས་པ་དེ་དང་དེར་འབྱུང་བར་འགྱུར་ཏེ་རབ་རིབ་ཅན་གྱིས་སྐྲ་
ཤད་ལ་སོགས་པ་སྣང་བ་བཞིན་ནོ། །དེ་དང་བྲལ་བའི་ཕྱོགས་སུ་འབྱུང་བ་ཡང་མ་ཡིན་ཏེ། དེས་ན་ཀ་བ་ལ་སོགས་པ་སྔར་ཡོད་པ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དང་འབྲེལ་པའི་ཕྱིར་ན་དེ་ལ་སྣམ་བུ་ལ་སོགས་པའི་བློ་སྐྱེ་བ་ན་སྣམ་བུ་ལ་སོགས་པའི་ནུས་པ་ཁོང་དུ་ཆུད་པར་བྱེད་པ་
ཡིན་ནོ། །སྤྱིའི་བློ་ནི་དེ་ལྟ་མ་ཡིན་ཏེ་ནང་གི་བྱེད་པ་ཙམ་ལས་འགྱུར་བའི་ཕྱིར་རོ། །འབྲས་བུ་གང་ཞིག་གང་ཚོགས་པ་ཙམ་ལས་འབྱུང་བ་དེ་ནི་དེ་ལས་ཐ་དད་པའི་དངོས་པོའི་བདག་ཉིད་ཀྱི་ནུས་པ་རྟོགས་པར་བྱེད་པ་མ་ཡིན་ཏེ། མིག་ལ་སོགས་པ་ཙམ་གྱི་ཚོགས་པ་ལས་བྱུང་བའི་མིག་གི་སེམས་

ཀྱི་རྣ་བ་བཞིན་ནོ། །བ་ལང་ཉིད་ཀྱི་བློ་རྟ་ལ་མི་སྐྱེ་བ་མ་ཡིན་ནམ། དེས་ན་ལྡོག་པ་ཅི་ལྟར་མེད་ཅེ་ན། དེ་ནི་མི་བདེན་ཏེ། རྟ་ལ་བ་ལང་ཉིད་མེད་ཕྱིར། །བ་