Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 178
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
མི་བྱ་བ་ཡང་མ་ཡིན་ནོ། །ཡུལ་ཐ་མི་དད་པའི་ཕྱིར་སྤྱི་གསལ་བ་ལས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། ཡུལ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་ལས་གཞན་ཡོད་པ་མ་ཡིན་ནོ། །ཐ་མི་དད་པར་སྣང་ན་ཇི་ལྟར་ཐ་དད་པ་མེད་པ་མ་ཡིན་པར་འགྱུར་རོ། །ཐ་དད་སྣང་ན་གང་གིས་ན་ ཐ་མི་དད་པ་ཡིན། དེས་ན་དེ་ཉིད་དང་གཞན་དག་ལས་གཞན་གྱི་དངོས་པོ་ནི་མེད་དོ། །གང་ལས་ཀྱང་བརྗོད་དུ་མེད་པའི་ཕྱིར་དངོས་པོ་མེད་པ་ཡིན་ནོ། །དེ་ནི་སྤྱི་གཞན་ལས་ཀྱང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། སྤྱི་གཞན་ཡང་དངོས་པོར་མ་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཀུན་བརྟགས་པ་ ལས་ཐ་དད་པར་བརྗོད་པར་བྱ་བས་དངོས་པོ་ཡིན་ནོ་ཞེ་ན། རི་བོང་གི་རྭ་ལ་སོགས་པ་ཡང་ཕན་ཚུན་ཐ་དད་པའི་ཕྱིར་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་དག་གིས་ཉེ་བར་ལེན་པ་ཐ་དད་པ་ལས་ཐ་དད་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །རི་བོང་གི་མགོ་ལ་སོགས་པ་ཐ་དད་པའི་ཉེ་བར་ལེན་ པ་ཅན་གྱི་བློ་ཉིད་དེ་ལྟར་ཐ་དད་པ་ཡིན་གྱི་རི་བོང་གི་རྭ་ལ་སོགས་པ་ཉིད་ནི་མ་ཡིན་ནོ་ཞེ་ན། འདི་ལ་ཡང་དེ་ལྟར་བརྗོད་ན་ཅི་འགལ། འདིར་ཡང་ཉེ་བར་ལེན་པ་གསལ་བ་ཐ་དད་པས་བློ་ཐ་དད་པ་ཉིད་དུ་ཟད་ཀྱི་དངོས་པོར་ནི་ཐ་དད་པ་ཡོད་པ་མ་ཡིན་ན་ནི། དེ་བཤད་པ་ནི། ཉེར་ལེན་ཐ་དད་ ཕྱིར་གཞན་དུ། །བརྗོད་པར་བྱ་མིན་ཉེར་བཏགས་ཕྱིར། །གལ་ཏེ་སྤྱིའམ་གསལ་བ་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་ཡིན་ན། འདས་པ་དང་མ་འོངས་པ་བརྗོད་པར་བྱ་བར་མི་འགྱུར་ན། དེ་ལྟ་ཡང་མ་ཡིན་ནོ། །གང་གི་ཕྱིར། འདས་པ་དང་ནི་མ་འོངས་པའི། །དོན་ལའང་སྤྱི་ཡི་རྒྱུ་ཅན་གྱི། །མཉན་པ་ དག་ནི་འཇུག་འགྱུར་ན། །ཡོད་པ་མེད་ཆོས་ཅི་ལྟར་འགྱུར། །གལ་ཏེ་དངོས་པོ་འདས་པའམ་མ་འོངས་པ་བརྗོད་པ་ལ་ཡང་སྤྱི་རྟོགས་པ་ཡིན་ནོ་ཞེ་ན། འོ་ན་ནི་སྤྱི་ཡོད་པ་དེ། འདས་པ་དང་མ་འོངས་པའི་དངོས་པོ་མེད་པའི་ཆོས་སུ་ཅི་ལྟར་འགྱུར། ཡོད་པ་ནི་མེད་པའི་ཆོས་སུ་འགྱུར་བ་མ་ཡིན་ ནོ། །གསལ་བ་གཞན་ཡོད་པ་ཉིད་ཀྱི་ཆོས་ཡིན་ནོ་ཞེ་ན། དེ་ཡི་ཆོས་སུ་མ་རྟོགས་ན། །འདས་པ་ཉིད་དུ་ཇི་ལྟར་འགྱུར། །སྤྱི་ནི་གསལ་བ་འདས་པའི་དབང་གིས་འདས་པ་ཉིད་དུ་འགྱུར་བ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ། །དེས་ན་སྤྱི་ནི་འདས་པ་དང་འབྲེལ་པ་ཉིད་ཀྱིས་འདས་པ་ཡིན་པའི་ ཕྱིར། ཡང་གདོན་མི་ཟ་བར་སྤྱི་མེད་པའི་ཆོས་སུ་འགྱུར་དགོས་སོ། །མེད་པའི་ཆོས་གང་ཡིན་པ་དེ་ནི་ཡོད་པར་མི་འགྱུར་ཏེ། དཔེར་ན་རི་བོང་གི་རྭ་ཉིད་དམ། དངོས་པོ་མེད་པ་ཉིད་བཞིན་ནོ། །ཡོད་པ་ཡིན་ན་ཡང་མེད་པའི་ཆོས་སུ་འགྱུར་བ་མ་ཡིན་ཏེ། དཔེར་ན་མྱུ་གུ་ལ་སོགས་པའི་ འབྲས་བུ་སྐྱེད་པའི་ནུས་པ་བཞིན་ནོ། །ཅི་འགལ་ཞེ་ན་འབྲེལ་པ་མེད་པ་ཉིད་དོ། །མེད་པ་དང་ནི་འབྲེལ་པར་ནུས་པ་མ་ཡིན་ཏེ། དེ་ལྟར་ཡིན་ནོ་ཞེ་ན། སྤྱི་ཡང་མེད་པ་ཉིད་དུ་རྟོགས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར། དཔེར་ན་གསལ་བ་བཞིན་ནོ། །འོ་ན་གསལ་བ་ཡང་ཡོད་ པ་ཉིད་དུ་རྟོགས་ཏེ་འདས་པ་དང་མ་འོངས་པ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཡོད་ན་འདས་པར་ཇི་ལྟར་འགྱུར། ཤེས་པ་འདས་པའི་ཕྱིར་རོ་ཞེ་ན། ཤེས་པ་དེ་ཡང་རྟོགས་པ་ཉིད་དོ། །མངོན་སུམ་ཉིད་དུ་མ་དམིགས་པའི་ཕྱིར་རོ་ཞེ་ན། རང་གི་ངོ་བོས་རྟོགས་པ་ལ་མངོན་སུམ་མ་ཡིན་པ་ཉིད་ མེད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་སྤྱི་དེ་ནི་འདས་པ་ལ་སོགས་པའི་མེད་པའི་ཆོས་མ་ཡིན་ནོ། །གལ་ཏེ་ཉེར་བཏགས་ལས་འདི་འདོད། །གང་ཞིག་སྣམ་སོགས་ལ་མེད་པ། །ད་ལྟར་བ་ཡི་བུམ་པ་ཡི། །དངོས་མེད་དང་ནི་ཉེ་བ་གང་། །མེད་པའི་ཆོས་ཞེས་བྱ་བའི་གཏན་ ཚིགས་ནི་མ་གྲུབ་སྟེ། མེད་པའི་ཆོས་ཉིད་ནི་ཉེ་བར་བཏགས་པ་ལས་འདོད་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་པའི་ཕྱིར་ན་མེད་པའི་ཆོས་ཀྱི་གཏན་ཚིགས་ནི་མ་གྲུབ་བོ། །གང་ཞིག་ཉེ་བར་བཏགས་པ་དེ་ནི། དེ་ལ་དོན་དམ་པར་ནི་མེད་པའི་ཕྱིར་འདས་པ་དང་མ་འོངས་པ་དེ་ལ་སྤྱི་དོན་དམ་པར་ ཡོད་པ་ཉིད་མ་ཡིན་པས་གཏན་ཚིགས་ཡོད་པ་ཉིད་མ་གྲུབ་པ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །འདིར་ལེན་ནི་འདས་པ་ལ་སོགས་པ་དེ་ལ་སྤྱི་ཉེ་བར་བཏགས་སམ། སྒྲའམ་འོན་ཏེ་གསལ་བ་ཞེས་བྱ་བའི་ཕྱོགས་གསུམ་མོ། །གལ་ཏེ་སྤྱིའི་ཆོས་ཉེ་བར་འདོགས་ སོ་ཞེ་ན། དེ་ནི་མི་འཐད་དེ། ད་ལྟར་བའི་བུམ་པ་ལ། ཡོད་པའི་སྤྱི་དེ། འདས་པ་ལ་འདྲ་བའམ། འབྲེལ་པས་ཉེ་བར་འདོགས་གྲང་། དེ་ལྟ་མ་ཡིན་ན་ཉེ་བ་མེད་པར་འདོད་པས་ན་ཧ་ཅང་ཐལ་བར་འགྱུར་རོ། །མེད་པ་དང་ནི་འདྲ་བའམ་འབྲེལ་པར་འགྱུར་བ་མ་ཡིན་ཏེ། ཡོད་པར་ཐལ་ བའི་ཕྱིར་རོ། །འདས་པ་ལ་སོགས་པ་ཡང་དངོས་པོ་ཡིན་ནོ། །བློ་ཞེས་བྱ་བ་ནི་བཀག་ཟིན་ཏོ། །འོན་ཏེ་སྒྲ་ཉེ་བར་འདོགས་ན། དེ་ཡང་མི་འཐད་དེ། དོན་མེད་པར་སྒྲ་མི་འཇུག་པའི་ཕྱིར་རོ། །འཇུག་ན་ནི་མེད་པ་ལ་ཡང་འཇུག་གོ་ཞེས་བྱ་བར་འགྱུར་ལ། དེ་ཡང་སྤྱི་ཡིན་པ་དེས་ན་དངོས་ པོ་མེད་པར་འགྱུར་རོ། །འོན་ཏེ་གསལ་བ་ཉེ་བར་འདོགས་སོ་ཞེ་ན། དེ་ལ་ཡང་ཉེ་བར་ཡོད་དགོས་ཏེ། ཉེ་བར་མེད་པར་འདོགས་པ་མི་འཐད་པའི་ཕྱིར་རོ། །སྒྲ་ཉེ་བར་འདོགས་པ་ལ་ཡང་འདི་ཉིད་བརྗོད་པར་བྱའོ། །འོན་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་དུ་གཅིག་ཡིན་པའི་ཕྱིར་རང་ བཞིན་འདྲ་བས་ཉེ་བར་འདོགས་པ་ཡིན་ནོ། །འདས་པ་ནི་དེ་ཉིད་ཡིན་ཏེ་འོན་ཀྱང་དོན་བྱེད་པ་མེད་པར་ཟད་དོ། །དེས་ན་དོན་བྱེད་པར་ཉེ་བར་འདོགས་པས་དེ་ལ་སྤྱི་ལྟ་བུར་རྟོགས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ཐམས་ཅད་ཡོད་པ་ཡིན་པས། ཇི་ལྟར་འདས་པ་ཉིད་ དུ་འགྱུར། དེས་དོན་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་མེད་ན་དེ་ཉིད་འདས་པར་འགྱུར་མོད། ཇི་ལྟར་དངོས་པོ་ཡིན་ཏེ། དེ་དང་ལྡན་པའི་དངོས་པོ་ཡང་འདས་པ་ཉིད་དོ་ཞེ་ན། དེ་དང་ལྡན་པར་ཅིས་ཤེས་ཤེ་ན་ནི་དངོས་པོ་མེད་ལ་ཡང་ཤེས་པར་འགྱུར་རོ། །གཞན་ཡང་། ཐམས་ ཅད་ཡོད་ཅེས་ལྟ་བ་ལ། །དེ་ཡི་དོན་བྱེད་པ་ཡང་ཡོད། །དེ་ཡོད་པ་ན་དངོས་པོ་ཡི། །མེད་པ་ཅི་ལྟར་བདེན་པར་འགྱུར། །འོན་ཏེ་འདས་པ་ལ་སོགས་པ་ནི་ཀུན་རྫོབ་ཡིན་ཏེ། དོན་དམ་པར་ནི་ཐམས་ཅད་ཡོད་པ་ཉིད་དོ་ཞེ་ན། ཀུན་རྫོབ་འདི་ཅི་གལ་ཏེ་དོན་དམིགས་པ་ཉིད་ནི་ཡིན་ཞེ་ན། དོན་དམ་ཉིད་གྱུར་མཐའ་དག་ནི། །ཀུན་རྫོབ་བདེན་པར་ཅི་ལྟར་འགྱུར། །མེད་པའི་རང་བཞིན་གྱི་དོན་དམིགས་པ་ནི་ཀུན་རྫོབ་ཡིན་ཏེ། དེ་ཁོ་ན་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེ་ཁོ་ན་སྣང་བ་ནི་ཀུན་རྫོབ་ཅེས་བྱ་བ་མ་ཡིན་ནོ། །གལ་ཏེ་འདས་པ་ལ་སོགས་པ་ཡང་ཀུན་རྫོབ་ཡིན་ན་ནི་དོན་ དམ་པ་མེད་པར་འགྱུར་ཏེ། འདས་པ་ལ་སོགས་པའི་རང་བཞིན་ལས་གཞན་པའི་དངོས་པོ་མེད་པའི་ཕྱིར་དེ་ཁོ་ན་འགའ་ཡང་མེད་པར་འགྱུར་རོ། །འདས་པ་ལ་སོགས་པ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པར་མ་ཡིན་ལ། ད་ལྟར་བར་ནི་དོན་དམ་པར་ཡིན་ནོ་ཞེ་ན། སྤྱི་དངོས་པོ་མེད་པར་ གྲུབ་བོ། །ད་ལྟར་ཙམ་གྱི་དངོས་པོ་ལ་སྤྱི་མེད་པས་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་བརྗོད་པར་བྱ་བ་ཡིན་ན་ཉེ་བར་བཏགས་པ་ཞེས་བྱ་བ་མེད་དོ། །འོན་ཏེ་མེད་པ་རྟོགས་པ་གང་ཡིན་པ་འདི་ཉིད་ཉེ་བར་བཏགས་པ་ཡིན་ལ་འདས་པའི་དངོས་པོ་བརྗོད་པའི་ སྒྲ་རྣམས་ཀྱི་དོན་དུ་གྱུར་པའི་སྤྱི་རང་གསལ་བ་ཡང་མེད་པ་ཡིན་ནོ། །འདི་ལྟར་གང་ཞིག་མཐོང་བ་དེ་ནི་གདགས་པར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། ངོ་བོ་གང་དུ་དེ་མཐོང་བ། །དེ་ཉིད་ཀྱིས་ནི་སྒྲོ་གདགས་མིན། །གང་གི་དེ་དངོས་མཐོང་མིན་པ། །དེས་ཀྱང་སྒྲོ་ གདགས་བྱ་བ་མིན། །འོན་ཏེ་ཤེས་པ་འདས་པ་ལ་སོགས་པ་འཇུག་པ་ན། དེའི་ཡུལ་དང་དུས་ལ་སོགས་པ་དང་འབྲེལ་པར་རྟོགས་ཏེ། དེས་ན་ད་ལྟར་འདས་ཀྱང་སྔོན་གྱི་རང་བཞིན་དེ་ཉིད་སྒྲོ་འདོགས་པ་ཡིན་ཏེ། དཔེར་ན་ཁུར་བུ་བ་ལ་སྔོན་མཐོང་བའི་བ་ལང་སྒྲོ་འདོགས་པ་བཞིན་ ནོ་ཞེ་ན། དེ་ལྟ་ན་ནི་འོ་ན། དེ་འདས་ཀྱང་སྔོན་གྱི་རང་བཞིན་དུ་སྒྲོ་བཏགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རྗེས་སུ་དཔག་པས་ཀྱང་རྟོགས་པར་མི་ནུས་སོ། །དེའི་ཕྱིར་ཐམས་ཅད་དུ་ཉེ་བར་བཏགས་པ་ཁོ་ནར་འགྱུར་གྱི། དོན་དམ་པར་ནི་སྤྱི་མེད་པར་འགྱུར་ཏེ། ཐམས་ཅད་དུ་བཏགས་ པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་མངོན་སུམ་གྱི་སྤྱི་ཡོད་པ་ཉིད་འཛིན་པ་ཡིན་ཏེ་དེས་ན་དོན་དམ་པར་འགྱུར་རོ་ཞེ་ན། འོ་ན་ནི་དེ་རྗེས་སུ་དཔག་པ་ལ་སོགས་པས་རྟོགས་པ་མ་ཡིན་པའི་ཕྱིར་སྤྱི་དེ་དངོས་པོ་མེད་པར་འགྱུར་རོ། །འོན་ཏེ་མངོན་སུམ་གྱིས་ཀྱང་སྔ་མ་དང་ཐུན་མོང་བ་མི་ གསལ་བར་སྣང་བའི་རང་བཞིན་གང་ཡིན་པ་རྟོགས་ལ་དེ་ནི་སྒྲའམ་རྗེས་སུ་དཔག་པས་ཀྱང་དེ་ཁོ་ན་ལྟར་རྟོགས་པ་ཡིན་ནོ། །གསལ་བ་ཉིད་དེ་ནི་མངོན་སུམ་ཁོ་ནས་རྟོགས་པ་ཡིན་ཏེ། དེས་ན་གལ་ཏེ་ཁྱད་པར་གྱི་ཆ་ལ་འཇུག་པ་མ་ཡིན་དུ་ཟིན་ཀྱང་། སྤྱིའི་ཆ་ལ་ནི་ སྒྲའམ་རྗེས་སུ་དཔག་པ་འཇུག་པ་ཁོ་ནའོ་ཞེ་ན། དེ་ཡང་མི་བདེན་ཏེ། སྤྱི་དེ་ལ་ནི་མངོན་སུམ་ཉིད། །ཡོད་མིན་དབང་པོ་མེད་ཕྱིར་དང་། །མངོན་དུ་བྱས་པ་མེད་པའི་ཕྱིར། །འདི་ནི་ཕྱི་ནས་བརྗོད་པར་བྱ། །སྔ་མ་དང་ཐུན་མོང་བ་ཉིད་ལ་ནི་མངོན་སུམ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་ འགྱུར་རོ། །ཁྱད་པར་སྔར་ཞིག་ཀྱང་དེ་དང་ཐུན་མོང་དུ་རྟོགས་པ་ན་ཇི་ལྟར་དངོས་པོ་ཡིན་ཏེ། ཡོད་པ་མེད་ཆོས་ཇི་ལྟར་འགྱུར། །ཞེས་བཤད་ཟིན་ཏོ། །འོན་ཏེ་གཉི་གའི་ཐུན་མོང་ཡིན་ན་ཇི་ལྟར་དངོས་པོ་མེད་པ་ཉིད་ཡིན་ཏེ། དངོས་པོར་ཡང་འགྱུར་རོ་ཞེ་ན། དེ་ཡང་མི་འཐད་དེ། ད་ལྟར་ བར་སྣང་བ་ནི་འདས་པར་སྣང་བ་དང་ལྷན་ཅིག་གཅིག་ཏུ་རྟོགས་པ་མ་ཡིན་ནོ། །དུ་མ་ཉིད་དུ་སྣང་ན་ཡང་ཐུན་མོང་བ་ཞེས་བྱ་བ་གཞན་ཅི་ཡོད། དེའི་ཕྱིར་འདས་པ་ལ་སོགས་པའི་དངོས་པོ་སྣང་བའི་ཕྱིར་སྒྲའི་ཡུལ་ནི་མེད་པ་ཁོ་ན་ཡིན་ནོ། །འདིར་ཉེ་བར་བཏགས་པ་ཡང་མ་ཡིན་ཏེ། མ་འཁྲུལ་བའི་ ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །འདི་ལྟར། བློ་ནི་འཁྲུལ་པ་མེད་འཇུག་པ། །རྟག་ཏུ་དངོས་དང་སྒྲོ་འདོགས་ལ། །སེང་གེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པའང་འཇིག་རྟེན་ཡོད། །བློ་འཁྲུལ་པ་མེད་པར་འཇུག་པ་དང་། ཅིག་ཤོས་ནི་དངོས་དང་བཏགས་པའི་རྒྱུ་མཚན་ཡིན་ ནོ། །བྲམ་ཟེའི་ཁྱེའུ་ལ་ཤེས་པ་འཁྲུལ་པ་ཡིན་ཏེ། དེས་ན་སེང་གེ་ཉིད་ཉེ་བར་བཏགས་པ་ཡིན་ནོ། །གཞན་དུ་ནི་སེང་གེ་ཉིད་ལ་དེ་ལྟར་འགྱུར་བའི་ཕྱིར་དངོས་པོ་ཡིན་ནོ། །འདིར་ནི་གཉི་ག་ཡང་བློ་འཁྲུལ་པ་མེད་པའི་ཡུལ་ཡིན་ཏེ། དེས་ན་ཉེ་བར་བཏགས་པ་མ་ཡིན་ནོ། །མེད་པའི་ དོན་ཉེ་བར་བཏགས་པ་ཡིན་ནོ་ཞེ་ན། གལ་ཏེ་མེད་པའི་དོན་ཅན་གྱི་ཤེས་པའི་ཡུལ་ཡིན་པ་དེ་ལྟར་ན་སྤྱི་དེ་ཁོ་ན་ཉིད་དུ་མེད་པར་འགྲུབ་པ་ཡིན་ནོ། །གཞན་ཡང་། དོན་མེད་ན་ཡང་འགྲོ་བ་ཡིས། །གང་ལ་གྲགས་པས་སྒྲ་བཀོད་པ། །དེ་ལ་དེ་དངོས་དེ་མཚུངས་ཕྱིར། །འཁྲུལ་རྟོག་གཞན་ ལ་ཕལ་པ་ཡིན། །མེད་པའི་སྒྲ་ནི་མེད་པ་ལ་དངོས་ཡིན་ཏེ་འཁྲུལ་པར་རྟོག་པ་མེད་པའི་ཕྱིར་ལ། དགོས་པ་མེད་པའི་ཕྱིར་གཞན་དུ་ལ་སོགས་པའི་དངོས་པོ་ཉིད་ལ་ནི་མེད་པའི་སྒྲ་ཕལ་པ་ཡིན་ནོ་ཞེས་འཇིག་རྟེན་པ་ལ་རབ་ཏུ་གྲགས་པ་ཡིན་ནོ། །དེས་ན་དངོས་དང་དངོས་པོ་མེད་པ་ལ་མཚུངས་པའི་ ཕྱིར་འདས་པ་ལ་སོགས་པ་ལ་ནི་སྤྱི་དངོས་པོར་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་འཛིན་པའི་ཤེས་པ་དང་རྣམ་པ་མཚུངས་པ་ཅན་གྱིས་འཛིན་པའི་ཕྱིར་རོ། །ཅི་སྟེ་དངོས་པོ་མེད་པ་ལ་འཇུག་པ་གང་ཡིན་པ་འདི་ཉིད་ཉེ་བར་བཏགས་པ་ཡིན་ནོ་ཞེ་ན། སྤྱིའི་རྣམ་པ་ལ་མེད་པ་ལ་འཇུག་པ་ཞེས་བྱ་བ་འདི་ གང་ལས་ཡིན། རྟོག་པ་ཉིད་ལས་དེ་ལྟར་འགྱུར་བའི་ཕྱིར་རོ་ཞེ་ན། ཞིག་པར་མ་ཤེས་པ་ལ་རྟོག་པ་ཐ་དད་པ་ཡང་མེད་པ་ཉིད་ཡིན་ལ། གང་ལ་འདི་ཞིག་གོ་ཞེས་བྱ་བར་རྟོགས་པ་དེ་ཡང་མ་ཞིག་པར་འགྱུར་བ་མ་ཡིན་ནམ། ཐེ་ཚོམ་ཟ་བར་འགྱུར་རོ་ཞེ་ན། གལ་ཏེ་དངོས་པོ་སྣང་བ་ཡིན་ ན་ཐེ་ཚོམ་དུ་ཡང་མི་འགྱུར་བ་ཉིད་དོ། །སྣང་ཡང་འདྲ་བ་ལས་ཐེ་ཚོམ་དུ་འགྱུར་རོ་ཞེ་ན། གལ་ཏེ་ཐ་དད་པར་རྟོགས་པ་དག་ནི་འདྲའོ་ཞེས་བརྗོད་པར་ནུས་ཀྱི། ཐ་དད་པར་མ་རྟོགས་པ་ནི་དེ་ཉིད་དུ་འགྱུར་གྱི་འདྲ་བ་ནི་མ་ཡིན་ནོ། །ཅི་སྟེ་དུས་ཐ་དད་པའི་ཕྱིར་ཐ་དད་དོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། འདི་ལྟར། དུས་ཐ་དད་པས་ཐ་དད་གང་། །དེ་དང་དེ་ལས་གཞན་ག་ལས། །ཡོད་དོན་ཉིད་ལའང་དུས་ཐ་དད། །ཤེས་པ་ཡོད་པ་མིན་ནམ་ཅི། །ཅི་ལྟར་ཁྱོད་ཀྱིས་ཡོད་པའི་དོན་ཉིད་ལ་ཡང་། སྔ་མ་དང་ནི་ཕྱི་མའི་ཤེས་པ་དུས་ཐ་དད་པ་དག་ཡིན་པ་དེ་བཞིན་དུ་མེད་པའི་དོན་ལ་ཡང་ཡིན་ པའི་ཕྱིར་དུས་ཐ་དད་པའི་ཕྱིར་དོན་ཡོད་པ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བར་ག་ལ་འགྱུར། འོན་ཏེ་རྗེས་སུ་དཔག་པ་ལ་དོན་ཡོད་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྗེས་སུ་དཔག་པ་ཡང་འདས་པ་དང་མ་འོངས་པ་དག་ལ་ཡོད་པ་ཉིད་དོ། །རྟགས་ཀྱི་ཁྱད་པར་གྱིས་འདས་པ་ལ་སོགས་པའི་རྣམ་ པར་དབྱེ་བར་འགྱུར་བ་སྟེ། འདི་ལྟར་རྟགས་འགའ་ཞིག་ནི་འདས་པ་ཉིད་ཀྱིས་ཡིན་ལ། ཁ་ཅིག་ནི་ད་ལྟར་བ་ཉིད་ཀྱིས་ཡིན་ཞིང་། གཞན་ནི་མ་འོངས་པ་ཉིད་ཀྱིས་ཡིན་པའི་ཕྱིར་བློ་མཚུངས་པ་ཉིད་མེད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། གལ་ཏེ་རྟགས་ལས་སྐྱེས་ན་ཡང་། །དེ་ནི་དངོས་ལ་འཇུག་ འགྱུར་ན། །རྣམ་གཞན་ཐེ་ཚོམ་མེད་འགྱུར་ཏེ། །རྣམ་པ་ཐམས་ཅད་གཟུང་ཕྱིར་རོ། །དེའི་ཕྱིར་དེ་ལ་ཡང་རྣམ་པ་དེ་དངོས་པོ་མེད་པར་ཡིན་པར་རིགས་ཏེ་ཐེ་ཚོམ་གྱི་ཡུལ་ཡིན་པའི་ཕྱིར་སྒྲའི་རྣམ་པ་བཞིན་ནོ། །རྟོགས་པ་ཉིད་ལ་ནི་ཐེ་ཚོམ་ཟ་བ་མ་ཡིན་ནོ། །རྣམ་པ་ གཞན་ལ་ཐེ་ཚོམ་ཟའོ་ཞེ་ན། འདི་ལ་བརྗོད་པ། དེ་ལ་རྣམ་པ་གཞན་དེ་ནི་རྟོགས་སམ་འོན་ཏེ་དེ་ལྟ་མིན། གལ་ཏེ་རྟོགས་ན་ཐེ་ཚོམ་མེད། །གཞན་དུའང་ཐེ་ཚོམ་ག་ལས་ཡིན། །གལ་ཏེ་དེ་རྟོགས་པ་ཉིད་ཐེ་ཚོམ་མེད་དོ། །མ་རྟོགས་ན་ཡང་མི་སྣང་བ་ཉིད་ཡིན་པས་དེ་ལ་ཐེ་ཚོམ་ཅི་ཡོད། གལ་ཏེ་མ་རྟོགས་པ་ཉིད་ལ་ཐེ་ཚོམ་ཟ་ན་མི་སྣང་བ་ཐམས་ཅད་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །གལ་ཏེ་རྟོགས་པ་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། གཡོ་བ་དང་མི་གཡོ་བའི་རྣམ་པར་རྟོག་པ་གཞན་འབྱུང་བའི་ཕྱིར་རོ་ཞེ་ན། གལ་ཏེ་རྟོགས་ན་རྣམ་པར་རྟོག་པ་གཡོ་བ་ཅི་ལྟར་འགྱུར། གཞན་ཡང་ཅི་རང་ གི་ངོ་བོ་ཉིད་གཡོ་བ་ཡིན་ནམ། འོན་ཏེ་རྟོགས་པའི་གཞལ་བྱ་གཡོ་བ་ཡིན། རྣམ་པར་རྟོག་པའི་རང་གི་ངོ་བོ་གཡོ་བས་ནི་གཞལ་བྱ་ལ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །འོན་ཏེ་གཞལ་བྱ་གཡོ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་རྟོགས་པ་ལ་ནི་གཡོ་བ་མེད་པའི་ཕྱིར་རོ། །འོན་ཏེ་འདི་ལ་ཐེ་ཚོམ་ཟ་བ་ཡིན་ ཏེ། ཅི་འདི་མཐོང་བར་འགྱུར་རམ་མ་ཡིན་ཞེས་མཐོང་བར་འགྱུར་བ་ཉིད་དུ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེ་ན། དེ་ཡང་སྣང་ངམ་འོན་ཏེ་མ་ཡིན་པར་འགྱུར་ན། གལ་ཏེ་མཐོང་བར་འགྱུར་བ་ཉིད་དུ་མཐོང་ན་ཐེ་ཚོམ་ཅི་ཡོད། མ་མཐོང་ངོ་ཞེ་ན། ཡང་ཐེ་ཚོམ་ཅི་ཡོད་ཅེས། ཕྱོགས་གཉིས་པ་དེ་ཉིད་མ་གོད་པར་ འཇུག་པར་འགྱུར་རོ། །འོན་ཏེ་སྤྱི་མངོན་སུམ་ཡིན་པའི་ཕྱིར་དང་། ཁྱད་པར་མངོན་སུམ་མ་ཡིན་པའི་ཕྱིར་དང་། ཁྱད་པར་དྲན་པ་ལས་ཐེ་ཚོམ་དུ་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཁྱད་པར་མངོན་སུམ་མིན་གང་དེའི། །མངོན་སུམ་མིན་པ་ཉིད་གང་ཡིན། །མེད་དང་མ་ཡིན་ པ་དག་ལས། །དགག་པ་གཞན་ནི་ཡོད་མ་ཡིན། །གལ་ཏེ་མ་ཡིན་པ་ཡིན་ན། མངོན་སུམ་ལས་གཞན་རིག་པ་མངོན་སུམ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེའི་ཚེ་རིག་པ་གཞན་ཡང་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་ཇི་ལྟར་ཐེ་ཚོམ་དུ་འགྱུར། འོན་ཏེ་ཅི་དམིགས་པ་དང་བཅས་པ་ ཡིན་ནམ། འོན་ཏེ་མ་ཡིན་ཞེས་མི་ཤེས་པ་དེའི་ཕྱིར་ན་ཐེ་ཚོམ་དུ་འགྱུར་རོ་ཞེ་ན། དེ་ལ་ཡང་དམིགས་པ་དང་བཅས་པ་ཉིད་སྣང་ངམ་མ་ཡིན་ཞེས་དེ་ཉིད་དུ་འཇུག་པར་འགྱུར་རོ། །ཅི་སྟེ་དེ་ནི་དམིགས་པ་མེད་པ་ཡང་སྲིད་ལ་བཟློག་པ་ཡང་ཡིན་པའི་ཕྱིར་ཐེ་ཚོམ་ཟའོ་ཞེ་ན། འོ་ན་ནི་སྣང་བ་ཙམ་ ཁོ་ནར་ཟད་ཀྱི་དོན་སྣང་བ་ནི་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་དུ་འགྱུར་སྤྱི་མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཁྱད་པར་ཡང་དོན་མེད་དེ། རྗེས་སུ་དཔག་པས་རྟོགས་པ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཁྱད་པར་གང་ལ་མངོན་སུམ་མེད་པ་དེ་ཅི་དེ་ཉིད་ཡིན་ནམ་གཞན་ཡིན་ཞེས་རྣམ་ པར་རྟོག་པ་གཉིས་སོ། །དེ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེ་ན། ཅི་ལྟར་མངོན་སུམ་ཉིད་མ་ཡིན། གཞན་ཡིན་ནོ་ཞེ་ན། དེ་མཐོང་བས་དེ་ལ་ཐེ་ཚོམ་དུ་འགྱུར། དེ་དེ་ལ་ཡང་མཐོང་བའི་ཕྱིར་རོ་ཞེ་ན། གལ་ཏེ་མཐོང་དུ་ཆུག་པ་དེ་ལྟ་ན་ཡང་མཐོང་ངོ་སྙམ་དུ་དྲན་པར་འགྱུར་མོད་ཅི་ལྟར་ཐེ་ཚོམ་དུ་འགྱུར། རེས་འགའ་མ་མཐོང་བའི་ཡང་ཕྱིར་རོ་ཞེ་ན། གཞན་གྱི་ཚེ་མ་མཐོང་ངོ་། །དེ་ལྟར་ཡང་དྲན་པར་འགྱུར་གྱི་ཐེ་ཚོམ་ཅི་ཡོད། གཉི་གར་ནི་མི་འཐད་པའི་ཕྱིར་ཐེ་ཚོམ་ཉིད་དོ་ཞེ་ན། ཇི་ལྟར་གཉི་ག་ལྟར་མཐོང་། དུས་ཐ་དད་པར་རོ་ཞེ་ན། དྲན་པ་ཡང་དེ་ཁོ་ན་ལྟར་འགྱུར་གྱི་ཅི་ལྟར་ཐེ་ཚོམ་ཡིན། འདིར་ད་ལྟར་མ་མཐོང་བའི་ཕྱིར་ཐེ་ཚོམ་ཟ་བ་ཉིད་དོ་ཞེ་ན། འོ་ན་མ་མཐོང་བས་ཐེ་ཚོམ་ཟ་བའི་ཕྱིར་སྤྱི་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མི་འཐད་དོ། །དེའི་ཕྱིར་དམིགས་པ་མེད་པའི་ཤེས་པ་སྲིད་པའི་ཕྱིར་ཐེ་ཚོམ་སྤྱི་ཡིན་ནོ། །ཅི་སྟེ་ཐེ་ཚོམ་ཞེས་བྱ་བའི་དོན་དེ་ལྟ་བུར་གྱུར་པ་ཞིག་སྣང་བ་ ཡིན་ནོ་ཞེ་ན། མ་ཡིན་ཏེ་དོན་དུ་མོས་པ་མེད་པའི་ཕྱིར་ཏེ། དེ་ལ་འདི་ནི་རྟོགས་པ་ཙམ་ཡིན་ནོ་ཞེས་མོས་པ་ཡིན་ནོ། །འཇིག་རྟེན་པ་མ་ཡིན་པ་དང་རང་རིག་པ་ནི་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་སྣང་བ་མེད་པས་ཐེ་ཚོམ་ཟ་བ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེས་ན་གལ་ཏེ་ རྗེས་སུ་དཔག་པའི་ཡུལ་དངོས་པོར་ཡོད་ན་ཐེ་ཚོམ་ཟ་བར་མི་འགྱུར་རོ། །ཡོད་པ་ཡང་ཡིན་ཏེ། དེས་ན་དངོས་པོ་མ་ཡིན་ནོ། །འོན་ཏེ་རེ་ཞིག་དེ་ལ་དངོས་པོ་ནི་ཡོད་པ་ཉིད་དོ། །དེ་ཡང་རྗེས་སུ་དཔག་པས་ངེས་པར་བྱས་པ་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་པའི་ཡུལ་དངོས་པོ་མ་ཡིན་པར་ཇི་ལྟར་ འགྱུར་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་དེར་ནི་དངོས་པོ་དང་། །རེག་ན་གཡོ་བར་ཅི་ལྟར་འགྱུར། །རྟག་ལྟར་སྣང་བར་རྟོགས་པ་ནི། །རྟོགས་པ་དེ་ནི་གཡོ་བ་ཉིད། །བདེན་པའི་དུ་བ་ལས་མེ་རྟོགས་ན་ཡང་གང་གི་ཚེ་སྦྲང་མའི་ཚོགས་ཡིན་ནོ་སྙམ་དུ་འཁྲུལ་པ་ སྐྱེས་པ་དེའི་ཚེ་མེ་རྟོགས་པ་གཡོ་བར་འགྱུར་ཞིང་གཞན་སྐྱེ་བ་ཡིན་ནོ། །མངོན་སུམ་གྱི་རྟོགས་པས་ནི་དེ་ལྟར་གཡོ་བ་མ་ཡིན་ནོ། །རབ་རིབ་ཀྱིས་ཉམས་པར་དོགས་པ་ནི་དེ་ལ་ཡང་མཚུངས་སོ་ཞེ་ན། མ་ཡིན་ཏེ་རང་གི་ངོ་བོ་སྣང་བ་ལ་དེ་མེད་པའི་ཕྱིར་རོ། །མིག་བཙུམས་ནས་གཡོ་བ་ ཡིན་ནོ་ཞེ་ན་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་མ་སྐྱེས་པར་ཟད་དོ། །རྗེས་སུ་དཔག་པས་ཡང་རྒྱུ་རྟགས་མེད་པའི་ཕྱིར་མ་སྐྱེས་པར་ཟད་དོ་ཞེ་ན་མ་ཡིན་ཏེ། དེ་ན་དུ་བ་ཡོད་ཀྱང་གཞན་དུ་དོགས་པས་རྣམ་པར་གཡོ་བར་མཐོང་བའི་ཕྱིར་རོ། །འོན་ཏེ་གཞན་དུ་དོགས་པ་མེད་པ་ཉིད་རྒྱུ་ཡིན་ པའི་ཕྱིར་རྒྱུ་ཡོད་པར་ག་ལ་འགྱུར་ཞེ་ན། དེ་ནི་མི་འཐད་དེ་དེ་མཐོང་ན་གཞན་དུ་དོགས་པ་ཉིད་མེད་པར་འགྱུར་རོ། །དེས་ན་རྗེས་སུ་དཔག་པ་ནི་གཡོ་བ་ཡིན་པས་དངོས་པོ་འཛིན་པ་མ་ཡིན་ནོ། །དེའི་ཕྱིར། མཐོང་བ་ཉིད་ནི་བསྟན་པ་ཡིས། །གཡོ་ཞེས་བྱ་བ་བབ་ཅོལ་ཡིན། །མངོན་སུམ་ ལ་ནི་གཡོ་བ་མེད། །གཡོ་བ་ཡིན་ན་མཐོང་བ་མིན། །མཐོང་བའི་དོན་གང་ཡིན་པ་དེ་ནི་གཡོ་བ་མ་ཡིན་ནོ། །གཞན་དུ་རྣམ་པར་བརྟགས་པས་ནི་དངོས་པོ་གཞན་དུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་མཐོང་བ་ལ་འདི་ནི་མེ་མ་ཡིན་ནོ་ཞེས་བྱ་བས་གཡོ་བ་ཉིད་དོ་ཞེ་ན་མ་ཡིན་ཏེ། མེ་ནི་མངོན་ སུམ་ཡུལ་མ་ཡིན། །མིག་གི་རིག་བྱ་རིག་མ་ཡིན། །འབྱུང་འགྱུར་རང་བཞིན་དབང་པོ་ཡིས། །རིག་པ་གང་ནའང་ཡོད་མ་ཡིན། །ཅི་འདི་མེ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཀྱིས་རང་བཞིན་མ་ཡིན་ནོ་ཞེས་བྱ་བའམ། འོན་ཏེ་འདི་དྲོ་བའི་རེག་པ་དང་ལྷན་ཅིག་སྤྱོད་པ་མ་ཡིན་པའམ། འབྱུང་ བར་འགྱུར་བ་དང་ལྷན་ཅིག་རིག་པའི་ཡུལ་མ་ཡིན་པ་ཞེས་རྣམ་པར་རྟོག་པ་གསུམ་མོ། །གལ་ཏེ་འདི་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ་མཐོང་བའི་ཕྱིར་རོ། །མཐོང་ཡང་མ་ཡིན་ན་ནི་ཐམས་ཅད་མ་ཡིན་པར་འགྱུར་རོ། །འོན་ཏེ་གཟུགས་དང་རེག་པ་འདུས་པ་མེ་ཡིན་པ་དེས་ན། གཟུགས་ འདི་ནི་རེག་པ་དང་ལྷན་ཅིག་སྤྱོད་པ་མ་ཡིན་ནོ་ཞེས་རྣམ་པར་བརྟགས་པ་ཡིན་ན། འོ་ན་ནི་དེ་མིག་གིས་འཛིན་པ་མ་ཡིན་ཏེ། དེས་ན་མ་མཐོང་བ་ཁོ་ནའོ། །དེའི་ཕྱིར་མ་མཐོང་བ་ཁོ་ན་གཡོ་བ་ཡིན་ནོ། །འདིས་ནི་འབྱུང་བར་འགྱུར་བའི་རང་བཞིན་གཡོ་བ་ཡང་བཤད་པ་ཡིན་ནོ། །དེའི་ཕྱིར་ མཐོང་བ་ནི་དངོས་པོ་ལ་རེག་པ་མ་ཡིན་པའི་ཕྱིར་ན་རྣམ་པར་རྟོག་པར་རིགས་པ་མ་ཡིན་ནོ། །དེས་ན་རྗེས་སུ་དཔག་པའི་ཤེས་པ་ནི་དངོས་པོ་ལ་རེག་པ་མ་ཡིན་ནོ། །གལ་ཏེ་མཐོང་ཡང་རྣམ་གཞན་གྱིས། །ཐེ་ཚོམ་ལ་ལར་ཡོད་ཅེ་ན། །ཐེ་ཚོམ་དེ་ནི་དཔག་བྱ་ལ། །འབྱུང་འགྱུར་མཐོང་ཉིད་ དཔག་བྱ་མིན། །སྣང་བ་ལ་ནི་སླུ་མེད་དང་། །མངོན་སུམ་ཉིད་དུ་མངོན་སུམ་དང་། །ཅིག་ཤོས་དག་མཚུངས་ཕྱི་རོལ་གྱི། །དངོས་ལ་ལྟོས་ནས་ཐ་དད་ཉིད། །དེས་ན་སྣང་བ་འགའ་ཞིག་གམ། །རྗེས་སུ་དཔག་པ་ཉིད་ཀྱིས་ནི། །མངོན་སུམ་ལྟར་སྣང་ཉིད་ཅེས་པའི། །དབྱེ་བའང་ཕྱི་རོལ་ དངོས་ལ་ཡིན། །ཡང་ན་གལ་ཏེ་འབྱུང་བར་འགྱུར་བའི་དངོས་པོ་རྗེས་སུ་དཔག་པ་ལ་ཡང་མི་སྣང་ན། དེ་བདེན་པ་ཉིད་དུ་ཇི་ལྟར་འགྱུར། འགྱུར་ཏེ། དེ་ནི་སྐྱེས་བུ་གཞན་གྱིས་རྟོགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེས་ཀྱང་འབྱུང་བར་འགྱུར་བའི་རང་བཞིན་དུ་རྟོགས་ན་ཇི་ལྟར་དེ་བདེན་པར་འགྱུར་ཏེ། རབ་རིབ་ཅན་གྱི་སྣང་བ་བཞིན་དུ་མི་བདེན་པ་ཁོ་ནར་འགྱུར་རོ། །སྐྱེས་བུ་གཞན་གྱིས་རྟོགས་པ་ལ་ཡང་རྗེས་སུ་དཔག་པ་ཉིད་ཡིན་པས་ཇི་ལྟར་དེ་ཉིད་ཀྱིས་དེ་བདེན་པར་རྟོགས་ཏེ། མ་གྲུབ་པས་ནི་མ་གྲུབ་པར་བསྒྲུབ་པ་མ་ཡིན་ནོ། །འབྱུང་བར་འགྱུར་བའི་རང་བཞིན་སྲིད་ན་ཡང་རྗེས་སུ་དཔག་ པ་ནི་ཡུལ་དེ་ལ་ལྷག་པར་ཞེན་པ་ཉིད་ཡིན་ཏེ། དེ་ནི་དེའི་ཚེ་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་དུ་འགྱུར། མངོན་སུམ་ཡང་དེ་ཉིད་ལ་ཚད་མ་ཡིན་ཏེ། འདི་ལྟར་དེ་ལ་ཡང་འབྱུང་བར་འགྱུར་བའི་རང་བཞིན་རྟོགས་པ་ཉིད་བདེན་པ་ཡིན་གྱི་དེ་ལྟར་མ་ཡིན་ ན་ནི་མི་བདེན་པ་ཉིད་དོ་ཞེ་ན། དེ་ནི་དེ་ཁོ་ན་ལྟར་ཡིན་ཏེ། དེ་ལྟར་ཡང་བསྟན་པར་བྱའོ། །དེས་ནི་རྗེས་སུ་དཔོག་པའི་བློ་ནི་མེད་པ་ལ་ཡང་མཚུངས་པ་ཡིན་ལ། མངོན་སུམ་གྱི་བློ་ནི་དངོས་པོ་མེད་པར་མི་འགྱུར་བའི་ཕྱིར་ཏེ། དེས་ན་རྗེས་སུ་དཔག་པ་ནི་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །འོན་ཏེ་ དངོས་པོ་ནི་མེད་པའི་ཡུལ་ཅན་ཉིད་ཀྱིས་དངོས་པོ་མ་ཡིན་པ་ཉིད་དོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་དངོས་པོ་མེད་པའི་ཡུལ་ཅན་ཉིད་དོ་ཞེས་འགྲུབ་པའི་ཕྱིར་རོ། །འདི་ནི་དངོས་པོ་མ་ཡིན་པའི་མཚན་ཉིད་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་ མཐོང་བའི་ཕྱིར་རོ། །འདི་ལྟར། ཇི་ལྟར་དངོས་པོ་ནུས་མེད་ལ། །མེད་ཅེའམ་རྟོགས་པ་ཅི་བཞིན་དུ། །ནུས་ལའང་གཙོ་བོ་ལ་སོགས་པའི། །མཉན་པོ་སྐྱེ་བོས་བྱས་པ་ཡིན། །དངོས་པོ་ལ་ཡང་རུང་བ་ཉིད་དམ་རུང་བ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་གཙོ་བོ་ལ་སོགས་པའི་ སྒྲ་འཇུག་པར་བྱེད་པ་དེ་ནི་ཕལ་པ་ཡིན་ནོ། །ཁྱོད་ཀྱི་འདོད་པ་ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་དངོས་སུ་འགྱུར་རོ། །གཙོ་བོ་དང་སྐྱེས་བུ་ལ་སོགས་པ་ནི་ཁྱོད་ཀྱི་འདོད་པས་གྲངས་ཅན་གྱི་སྐྱེས་བུ་ལ་སོགས་པའི་སྒྲ་གང་ཡིན་པ་དེ་དག་གི་ཐ་སྙད་དང་རྣམ་པར་རྟོག་པ་དག་དངོས་པོའི་ ཡུལ་ཅན་ཡིན་པའི་ཕྱིར། དངོས་པོ་མ་ཡིན་པར་འགྱུར་ན་དེ་ལྟར་མ་ཡིན་ནོ། །ཅི་སྟེ་གཞན་སྒྲོ་བཏགས་པའི་ཕྱིར་བུ་ལ་སོགས་པ་ལ་གཙོ་བོ་ལ་སོགས་པའི་སྒྲ་དངོས་མ་ཡིན་ནོ་ཞེ་ན། འོ་ན་དངོས་པོ་དང་ཅིག་ཤོས་ཀྱི་ཡུལ་ཅན་ཉིད་སྒྲ་དངོས་པོ་དང་ཅིག་ཤོས་ཀྱི་མཚན་ཉིད་དུ་མི་འགྱུར་རོ། །དེ་ལ་ སྒྲོ་བཏགས་པས་ན་དེ་ཉིད་ཀྱི་རང་བཞིན་དུ་མེད་པ་ཉིད་དེ་དེས་ན་མཚན་ཉིད་དེ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་རྗེས་སུ་དཔག་པ་ཡང་དཔེ་ལ་མཐོང་བའི་རང་བཞིན་ཉིད་སྒྲོ་འདོགས་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་དུ་གྲུབ་བོ། །དེའི་ཕྱིར། ཞིག་པ་སྒྲ་ལས་བློ་ཅི་ འདྲ། །སྣང་བ་དེ་འདྲ་བ་ཞིག་ལའང་། །རྣ་བ་ལ་སོགས་རྣམ་པར་ཤེས། །དོན་ཡོད་ཅན་ལ་དེ་དག་མེད། །སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར། །སེམས་གཉིས་དག་ནི་མཚུངས་པ་ཡིན། །དེ་འབའ་ཞིག་ནི་འཛིན་བྱེད་པ། །སྔར་ནི་རྣམ་པར་བཟློག་ཟིན་ཏོ། །སྤྱི་ཙམ་ཞིག་ འཛིན་ན་འདས་པ་ལ་སོགས་པའི་རྣམ་པར་དབྱེ་བར་མི་འགྱུར་རོ། །འབའ་ཞིག་གཟུང་བར་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་ཟིན་པ་ཡང་ཡིན་ནོ། །འོན་ཏེ་གསལ་བ་དེ་དག་ཉིད་ཁྱད་པར་མེད་པར་གཟུང་བ་ནི་སྤྱི་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། འདི་ ལ་བརྗོད་པ། ཁྱད་པར་མེད་པར་འཛིན་པ་དེ་གལ་ཏེ་ཤེས་པའི་རང་བཞིན་ཉིད་ཡིན་ན་ནི་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་དུ་མི་འགྱུར་རོ། །འོན་ཏེ་རང་བཞིན་དེ་དངོས་པོ་ཉིད་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཕན་ཚུན་ཁྱད་པར་ཅན་རྣམས་ནི། །ཁྱད་མེད་ངོ་བོ་ཅི་ལྟར་ འགྱུར། །ངོ་བོ་ཉིད་གཉིས་ཡོད་ན་ཡང་། །དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། །ཁྱད་པར་ཅན་གྱི་ངོ་བོ་རྣམས་ངོ་བོ་ཁྱད་པར་མེད་པར་འགྱུར་བ་ནི་མ་ཡིན་ཏེ། ཕན་ཚུན་འགལ་བ་དག་ནི་གཅིག་ཉིད་དུ་མི་འཐད་པའི་ཕྱིར་རོ། །བ་ལང་བ་ལང་ཞེས་གཅིག་ཉིད་ལྡོག་པ་དང་རྗེས་སུ་སོང་བར་མངོན་ སུམ་དུ་དམིགས་པ་ཡིན་ནོ་ཞེ་ན། རྗེས་སུ་སོང་བ་ཞེས་བྱ་བ་འདི་ཅི་ཞིག །བ་ལང་བ་ལང་ཞེས་རྗེས་སུ་ཞུགས་པ་ཉིད་དུ་རྟོགས་པ་གང་ཡིན་པའོ་ཞེ་ན། ཅི་རྗེས་སུ་སོང་བ་ལ་ཡང་རྗེས་སུ་སོང་བ་ཡོད་དམ། དེ་ལྟའོ་ཞེ་ན་ཐུག་པ་མེད་པར་འགྱུར་རོ། །དེ་ནི་དེའི་རང་གི་ངོ་བོ་ཉིད་དོ་ཞེ་ན། ཅི་ སྟེ་འདིར་རང་གི་ངོ་བོ་ཉིད་ཀྱིས་དམིགས་སམ་གལ་ཏེ་དམིགས་ན་ནི་རྣམ་པ་གཉིས་རྟོགས་པར་འགྱུར་རོ། །དེའི་རང་བཞིན་ནི་དོན་གྱི་ངོ་བོ་ཉིད་ཡིན་ནོ་ཞེ་ན། རང་བཞིན་རྗེས་སུ་སོང་བ་ནི་རང་བཞིན་གཅིག་ཉིད་ཡིན་པ་དེས་ན་གསལ་བ་ཐ་དད་པ་མེད་པར་འགྱུར་ཏེ། དེ་ལྟར་ན་ཡང་སྤྱི་མེད་དོ། ། འོན་ཏེ་དེ་དག་རང་བཞིན་གཅིག་མ་ཡིན་པ་དེ་ལྟ་ནའང་སྤྱི་མེད་དོ། །འོན་ཏེ་གསལ་བ་ལ་བ་ལང་བ་ལང་ཞེས་རྗེས་སུ་སོང་བའི་རྣམ་པ་ཅན་གྱི་ཤེས་པ་ནི་དམིགས་པ་ཁོ་ན་ཡིན་ནོ། །གཞན་དུ་ན་འདི་ཇི་ལྟར་རུང་བར་འགྱུར་རོ་ཞེ་ན། འདིར་འདི་སྐད་བརྗོད་དེ། རྗེས་སུ་སོང་བའི་རྣམ་པ་ཅི། ། ཤེས་པའམ་དོན་ཅིས་བརྗོད་པར་བྱ། །ཤེས་པའོ་ཞེ་ན་དེ་ཡི་དོན། །འགའ་ཡང་རྗེས་སོང་མཐོང་མ་ཡིན། །གལ་ཏེ་རྗེས་སུ་སོང་བའི་རྣམ་པ་ཤེས་པ་ཡིན་ན་དོན་དང་ཅིར་འོང་། དོན་རྗེས་སུ་སོང་བ་ཉིད་ཀྱིས་དེ་རྗེས་སུ་སོང་བ་ཡིན་ནོ་ཞེ་ན། དེ་ཉིད་དེ་ལྟར་བསྙད་པར་བྱའི། །གཞན་ལ་ བསྙད་པས་ཅི་ཞིག་བྱ། །སྔོན་པོ་ལ་སོགས་པ་དག་ཤེས་པ་ལ་ཐ་སྙད་བྱས་པའི་སྒོ་ནས་དེ་ལྟར་ཐ་སྙད་དུ་ངེས་པ་ནི་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་ལ་ཡང་དེ་ལྟར་ཐ་སྙད་བྱེད་པ་ཡིན་ཏེ། འདི་ལྟར་སྔོན་པོའི་རྣམ་པ་ཉམས་སུ་མྱོང་བས་ན་སྔོན་པོ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འཇིག་རྟེན་ན་དེ་ལྟར་ཐ་སྙད་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་སྔོན་པོ་མཐོང་ངོ་ཞེས་སྔོན་པོ་དང་སེར་པོ་དག་ཐ་དད་པ་ཁོ་ནར་རྟོགས་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་དག་ཀྱང་སྟེ། འདིར་གང་ཐ་དད་པར་རིག་པ་ན་འདི་ནི་འདིར་རྗེས་སུ་སོང་བ་ཡིན་ལ། འདི་ནི་གཞན་ དུ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བ་ཡིན་ནོ། །དེ་ནི་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་དོ་ཞེ་ན། འོ་ན་ད་ཇི་ལྟར་ཡོད་པའི་རང་བཞིན་བསྟན་པར་བྱ་བ་མ་ཡིན། བསྟན་པར་མི་ནུས་པའི་ཕྱིར་ཏེ། །གང་ཕྱིར་དེ་ལ་རྟོགས་པ་འདི། །སྤྱིར་ཞེས་བྱ་བར་རྗེས་འགྱུར་བ། །གང་ཞིག་རང་གི་ངོ་བོ་ཡིས། ། བསྟན་པར་ནུས་པ་ཡོད་མ་ཡིན། །གལ་ཏེ་བསྟན་པར་མི་ནུས་ན་ཅི་ལྟར་གཞན་ལ་བསྒྲུབ་པར་བྱ་བ་ཡིན། མ་གྲུབ་ན་ཡང་ཇི་ལྟར་གཞན་ཁས་ལེན་པར་བྱེད་པར་འགྱུར། །བདེ་བ་ལ་སོགས་པ་ཡང་ཇི་ལྟར་བསྟན་པ་ཡིན། དེ་དག་ཀྱང་རང་གི་ངོ་བོས་ནི་བསྟན་པར་འོས་པ་མ་ཡིན་ཏེ། རང་ རིག་པའི་མངོན་སུམ་ཡིན་པའི་ཕྱིར་རོ་ཞེ་ན། མ་བསྟན་ཀྱང་སྐྱོན་མེད་དེ། ཁྱོད་ལ་བདེ་བ་ཡོད་དོ་ཞེས་བསྟན་པ་འདིས་ཅི་ཞིག་བྱ། ཁྱོད་མཐོང་བས་ང་བདེའོ་ཞེས་བསྟན་པས་ནི་དགོས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འདི་ནི་ཐ་སྙད་ཙམ་དུ་ཟད་དེ། ཚོགས་ཅན་མ་ལ་སོགས་པ་དག་ལ་མཐོང་ བའི་ཕྱིར་རོ། །འོན་ཏེ་བ་སྤུ་ལྡང་བ་ལ་སོགས་པ་མཐོང་བ་ལ་རྟོགས་ན། དེ་ལྟ་ན་ཡང་གཞན་གྱིས་བསྟན་པས་ཅི་བྱ་སྟེ་དེས་ན་འདི་ནི་གྱི་ནའོ། །གང་གི་ཕྱིར་འདི་སྤུ་ལྡང་བ་ལ་སོགས་པ་རྣམ་པ་དུ་མར་འགྱུར་བ་དེ་ནི་བདེ་བ་ལ་སོགས་པ་ཡིན་ནོ་ཞེས་རྟོགས་པ་ཙམ་གྱིས་ཆོག་པའི་ཕྱིར་རོ། ། འདིར་ཡང་གང་ལས་སྣམ་བུ་ཞེས་བྱ་བའི་རྣམ་པར་འགྱུར་བ་ནི་སྤྱི་ཡིན་ནོ་ཞེ་ན། དེ་ལྟར་ཐ་དད་པའམ་ཅིག་ཤོས་རྗེས་སུ་སོང་བའི་རྣམ་པ་ཅན་གྱི་སྤྱི་གྲུབ་པ་ནི་མ་ཡིན་ཏེ། འོན་ཀྱང་འདི་ནི་ཐོག་མ་མེད་པའི་ཐ་སྙད་ཀྱི་བག་ཆགས་ཀྱི་རྒྱུ་མཚན་ཅན་ཡིན་ཏེ་གཙོ་བོ་ལ་སོགས་པའི་ཐ་སྙད་ བཞིན་ནོ། །ཐ་དད་པ་དང་ཐ་མི་དད་པ་ཡང་ཉམས་སུ་མྱོང་བ་མེད་དེ། སྤྱི་གཞན་ཉིད་ནི་ཡོད་མ་ཡིན། །གཞན་དུ་རྟོགས་པ་མེད་ཕྱིར་རོ། །གཞན་དང་གཞན་མིན་ཕྱོགས་དག་ཀྱང་། །རྣམ་གཞན་མེད་པར་ཇི་ལྟར་འགྱུར། །འདི་ལྟར་རྣམ་འགས་དེ་ཉིད་དང་། །གཞན་གྱིས་ བཟློག་པར་འགྱུར་བ་ཡིན། །དེ་ཉིད་གང་དེ་བཟློག་པ་དང་། །གཞན་དུ་རབ་ཏུ་ཚོར་བ་མེད། །ལག་གདུབ་ཉིད་ལ་ཐ་དད་ཀྱང་། །རྣ་རྒྱན་ཅི་ལྟར་གསེར་མ་ཡིན། །ལག་གདུབ་སོགས་ལས་མ་གཏོགས་པར། །གསེར་གཞན་དག་ནི་ག་ལས་ཡིན། །གལ་ཏེ་རྗེས་ཞུགས་གསེར་ ཡིན་ན། །རྗེས་ཞུགས་གཞན་ཡོད་ག་ལས་ཡིན། །རྗེས་འགྲོའི་རྟོགས་པ་ལས་ཤེ་ན། །འདིར་ནི་སྔར་བསྟན་ཟིན་པ་ཉིད། །འདི་ནི་རེ་ཞིག་བཞག་གོ། །ཅི་སྟེ་སྤྱི་དང་ཐ་དད་པ་ཡིན་ན་དེ་ལྟ་ན་ཡང་དེའི་འབྲེལ་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་དེ་དག་མཚུངས་པ་ཡི། །དངོས་དེ་དེ་ དག་ལས་གཞན་ཉིད། །དེ་དག་གིས་ཞེས་འབྲེལ་མེད་འགྱུར། །ལྡོག་པ་ལ་ནི་སུན་དབྱུང་མེད། །གལ་ཏེ་དེ་དེ་དག་ལས་གཞན་འབྲེལ་པ་ཉིད་ཡིན་ན་དེའི་ཚེ་སྤྱིར་མི་འགྱུར་ཏེ། དོན་གཞན་ཡིན་པའི་ཕྱིར་རོ། །བུམ་པ་ནི་སྣམ་བུའི་སྤྱི་མ་ཡིན་ནོ། །སྤྱིའི་བདག་ཉིད་མ་ཡིན་པའི་ཕྱིར་ སྤྱིར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་ཡི་བདག་ཉིད་ཡིན་པས་དེ། །སྤྱི་ཉིད་དུ་ནི་འགྱུར་ལ་རག །དེའི་ཞེས་བྱ་བའི་འབྲེལ་པ་ནི་གང་ཞིག་ལས་ནི་འགྱུར་བ་ཡིན། དེ་དང་འབྲེལ་པ་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་འདི་འབྱུང་བ་ཡིན་ཏེ། ཅིའི་ཕྱིར་སྒྲ་ནི་མི་རྟག་ཡིན། །མི་རྟག་ ཕྱིར་ན་མི་རྟག་འགྱུར། །དེ་ལྟར་དངོས་པོ་འགའ་ཡང་ནི། །འགྲུབ་པར་མི་འགྱུར་ཡོད་མ་ཡིན། །འདི་ལ་འབྲེལ་པ་ཉིད་མ་གྲུབ་པའི་ཕྱིར་དེ་ཉིད་གཏན་ཚིགས་སུ་ག་ལ་འགྱུར་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་ཐམས་ཅད་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྤྱིར་མངོན་པར་འདོད་པ་ལ་ ཡང་སྤྱིའི་རང་བཞིན་ཞེས་བྱ་བ་ནི་གྲུབ་པ་མེད་དོ། །འོན་ཏེ་འབྲེལ་པ་གྲུབ་བོ་ཞེ་ན། དེ་ལྟ་ན་ཡང་གསལ་བ་མཐའ་དག་འཛིན་པར་འགྱུར་ཏེ། མཐའ་དག་དང་འབྲེལ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འབྲེལ་པའི་ངོ་བོ་ཉིད་མ་རྟོགས་པར་སྤྱི་གཞན་ཡོད་པ་ནི་མ་ཡིན་ནོ། །རྣམ་པ་མཚུངས་ པ་ཉིད་དོ་ཞེ་ན། རྣམ་པ་མཚུངས་ཉིད་ཅེས་འབྲེལ་པ་ཉིད་ལ་དེ་ལྟར་ཐ་སྙད་བྱས་པ་ཡིན་ནོ། །རྣམ་པ་མཚུངས་པ་ཉིད་ནི་གསལ་བ་ལ་ལྟོས་ནས་ཡིན་གྱི། རང་གི་ངོ་བོ་ལ་ལྟོས་པ་ནི་མ་ཡིན་ཏེ། རང་གི་ངོ་བོ་ནི་ཐམས་ཅད་དུ་རང་གི་བདག་ཉིད་ལ་རྣམ་པར་གནས་པའི་ཕྱིར་རོ། །གསལ་ བ་ལ་ལྟོས་ནས་མཚུངས་པ་ཉིད་ཡིན་ན་ནི། གསལ་བ་མ་བཟུང་བར་མི་འཛིན་པའི་ཕྱིར་རོ། །གཞན་ལས་ལྡོག་པའི་སྤྱི་ལ་ཡང་ཉེས་པ་འདི་ཉིད་དོ་ཞེ་ན། མ་ཡིན་ཏེ་ལྡོག་པ་ལ་སྐྱོན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཕན་ཚུན་ཁྱད་པར་ཅན་དུ་གྱུར་པ་དག་ ཀྱང་གཞན་དུ་མངོན་པར་འདོད་པ་ལ་ལྡོག་པ་མི་འགལ་ལོ། །དེ་དོན་བྱ་བ་གཅིག་བྱེད་པའི་ཕྱིར་སྤྱིའི་ཐ་སྙད་ཀྱང་མི་འགལ་བ་ཉིད་དོ། །དུ་མ་ཉིད་མ་འཕྲོགས་པའི་རྣམ་པ་མཚུངས་པ་ཉིད་གང་གིས་ཟློག །མི་མཚུངས་པ་དག་ལ་ཇི་ལྟར་བློའི་བློར་འགྱུར་ཞེ་ན་མ་ཡིན་ཏེ། དེ་ཉིད་ཀྱིས་ མཚུངས་པའི་ཕྱིར་རོ། །མཚུངས་པའི་རྣམ་པ་ཅན་གྱི་བློའི་ཡུལ་ཉིད་མ་རྟོགས་པ་མཚུངས་པ་ཉིད་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་མི་མཚུངས་པ་དག་ལ་ཇི་ལྟར་སྤྱིའི་བློར་འགྱུར་ཞེས་བརྒལ་ཞིང་བརྟགས་པའི་དོན་ནི་འདི་ཡིན་ཏེ། མཚུངས་པའི་བློའི་ཡུལ་མ་ཡིན་པ་ དག་ལ་ཇི་ལྟར་མཚུངས་པའི་བློར་འགྱུར་ཞེས་བྱ་བ་ཡིན་ན་བློའི་ཡུལ་མ་ཡིན་པ་ཉིད་ནི་མ་གྲུབ་བོ། །དེ་ལ་མཚུངས་པའི་བློ་ལ་ཡུལ་དུ་བྱེད་པར་ནི་སྤྱི་སྨྲ་བ་ལ་ཡང་མ་གྲུབ་པ་མ་ཡིན་ནོ། །དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཡིན། །དེ་འབྲས་ཤེ་ན་དུ་མ་དང་། །འཇིག་ འགྱུར་དེ་ཡང་འདོད་མ་ཡིན། །འཇིག་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་ན་རྟག་ཉིད་མིན། །རིགས་རྣམས་འབྲས་བུ་མིན་ཕྱིར་ན། །མ་འབྲེལ་པ་དང་དངོས་མེད་འགྱུར། །རྟོགས་པ་འཁྲུལ་པའི་རྣམ་པ་ལས་མ་རྟོགས་པ་མཚུངས་པའི་རྣམ་པ་ཉིད་གཞན་ནི་བསྒྲུབ་པར་ནུས་པ་མ་ཡིན་ནོ། ། འོན་ཏེ་མཚུངས་པའི་རྣམ་པ་ཉིད་ནི་ཇི་ལྟར་སྲིད་པ་ཡིན་ཏེ། གང་ན་གཉིས་ཡོད་པ་དེར་ནི་གཉིས་ཀྱི་རྣམ་པ་ཡིན་ལ་གང་ན་ལྷག་པ་ཡོད་པ་དེར་ནི་དེ་ལྟར་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་གསལ་བ་གཞན་དང་གཞན་སྐྱེས་པ་ནི་སྤྱིའི་རྣམ་པ་འཕེལ་བར་འགྱུར་བས་གསལ་བའི་རྗེས་སུ་འགྲོ་ལྡོག་གི་རྗེས་ སུ་བྱེད་པའི་ཕྱིར་གསལ་བ་རྣམས་ཀྱི་འབྲས་བུ་ཉིད་དོ། །དེ་ལྟར་གྱུར་དང་གསལ་བ་བཞིན་དུ་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ངོ་ཤེས་པ་ཡིན་པའི་ཕྱིར་གཅིག་ཉིད་དོ་ཞེ་ན། སྤྱི་ལ་ཡང་རྣམ་པར་མཚུངས་པ་ཉིད་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་སྤྱི་ལ་ནི་སྤྱི་མ་རྟོགས་པ་མེད་ པ་ཉིད་དོ་ཞེ་ན། གསལ་བ་ལ་ཡང་མ་ཡིན་པའི་ཕྱིར་བརྒལ་ཞིང་བརྟགས་པ་མཚུངས་སོ། །ངོ་ཤེས་པ་ནི་སྤྱི་མ་ངེས་ཏེ་སྤྱི་དག་ལ་ཡང་ངོ་ཤེས་པ་མཐོང་བའི་ཕྱིར་རོ། །སྤྱི་ཞིག་པས་མི་འདོད་པ་ཐོབ་པར་ཡང་འགྱུར་ཏེ། གསལ་བ་ཞིག་ན་འཇིག་པའི་ཕྱིར་རོ། །དངོས་པོ་ཉིད་ཡིན་ པའི་ཕྱིར་ཡང་འཇིག་པར་འགྱུར་ཏེ། འཇིག་པ་ནི་དངོས་པོ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་འགྲུབ་པར་འགྱུར་རོ། །སྤྱི་བསྐྱེད་པར་བྱ་བ་མ་ཡིན་ན་ཡང་མ་འབྲེལ་པ་དང་། ངོ་བོ་མེད་པ་ཉིད་དུ་འགྱུར་རོ། །དངོས་པོ་ཉིད་ནི་སོ་སོར་ངས་པའི་རྣམ་པ་འཛིན་པ་ཉིད་ཡིན་ལ། སྤྱི་ཁྱབ་ པ་ལ་ནི་དེ་ཡོད་པ་མ་ཡིན་ནོ། །དུས་ཀྱི་ཆའི་ཚོགས་ཐམས་ཅད་ན་གནས་པའི་སྤྱི་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །དམིགས་པ་ཉིད་ཡོད་པ་ཡིན་ཏེ་དེ་མེད་ན་ཡོད་པར་ག་ལ་འགྱུར། ཡོད་པ་ཉིད་དང་འབྲེལ་པས་ཡོད་པ་ཡིན་ནོ་ཞེ་ན། ཡོད་པ་ཉིད་ཀྱང་ཡོད་པ་དང་འབྲེལ་དགོས་པས་ཐུག་པ་མེད་དོ། ། སྤྱི་ནི་ཡོད་པ་ཉིད་གཞན་དང་འབྲེལ་པས་ཡོད་པ་ནི་མ་ཡིན་ཏེ། རང་གི་ངོ་བོར་ཡོད་པའི་ཕྱིར་རོ། །དེ་ནི་དམིགས་པ་མེད་པར་དམིགས་པར་བྱ་བ་མ་ཡིན་ཏེ། དེས་ནི་སྤྱི་ནི་ཡོད་པ་མ་ཡིན་ནོ། །བོང་བུའི་རྭ་ཡང་རང་གི་ངོ་བོ་ཡོད་པར་ཅིའི་ཕྱིར་མ་གྱུར། ཁྱེད་ལ་ཡང་ཅིའི་ཕྱིར་མ་གྱུར་ཞེ་ན། རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་ནོ་ ཞེ་ན་སྤྱི་ཡང་མེད་པར་འགྱུར་ཏེ། དེ་ལ་ཡང་རྒྱུ་མེད་པའི་ཕྱིར་རོ། །སྤྱི་ནི་རྟོགས་པ་ཡིན་ནོ་ཞེ་ན། རི་བོང་གི་རྭ་ལ་སོགས་པ་ཡང་རང་གི་བློས་རྟོགས་སོ་ཞེས། འདི་ལ་བཤད་ཟིན་ཏོ། །དེས་ན་དེ་དག་ཀྱང་ཡོད་པར་འགྱུར་རོ། །ངེས་པར་བརྟགས་ན་མ་ཡིན་ནོ་ཞེ་ན། ཐམས་ཅད་མཚུངས་སོ། །གཞན་ཡང་ སྤྱི་འདི་ནི་བརྡའི་སྟོབས་ཀྱིས་སྒྲའི་བློ་ལ་སྣང་བ་ཡིན་པ་དེ་ལྟར་ན་ཡང་དངོས་པོར་ནི་མི་འགྱུར་ཏེ། འདི་ལྟར། དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡི། །ཤེས་པ་གང་དེ་བརྡ་དག་ལ། །ལྟོས་པ་མ་ཡིན་སྤྱི་ཡི་ནི། །བློ་ལ་དེ་ལྟར་སྣང་བ་མེད། བརྡ་བྱེད་པ་ནི་ཉེ་བ་ཙམ་ལ་དམིགས་ནས་བྱེད་པ་མ་ཡིན་ཏེ། དེ་ལ་ ལྟོས་པའི་ཤེས་པ་ཡང་སྒྲོ་འདོགས་པ་ཉིད་དོ། །འདི་ལྟར། སྔ་མ་ཕྱི་མར་སྒྲོ་འདོགས་ནི། །མེད་པར་གལ་ཏེ་བརྡ་བྱེད་ན། །ཁྱབ་པ་མེད་ལ་ཐ་སྙད་ནི། །རྗེས་སུ་འཇུག་པར་འགྱུར་མ་ཡིན། །སྒྲའི་མཐུ་ཉིད་ཀྱིས་ཐ་སྙད་ཀྱི་དུས་སུ་རྟོགས་སོ་ཞེ་ན། གལ་ཏེ་སྔ་མ་དང་ཕྱི་མའི་སྒྲོ་འདོགས་པ་མེད་ན་ རྟོགས་པར་མི་འགྱུར་རོ། །བརྡ་མེད་པར་ནི་སྒྲ་ལས་སྤྱིའི་བློ་མ་མཐོང་ངོ་། །སྒྲ་མེད་པར་ཡང་གསལ་བ་གཞན་མཐོང་བ་ལས་ནི་འགྱུར་བ་ཉིད་དོ་ཞེ་ན། དེར་ཡང་དེའི་ངོ་བོར་ཐ་སྙད་ཀྱི་དངོས་པོ་ལ་དེ་ཉིད་རྟགས་ཡིན་ནོ། །བརྡ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། །རྟགས་ལ་ཡང་ ལྟོས་པ་མ་ཡིན་ནོ། །རྟགས་ཀྱང་སྔོན་མཐོང་བ་ཉིད་སྦྱོར་བར་བྱེད་ཀྱི་ལྷག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དབྱངས་ལ་སོགས་པའི་རིགས་དང་། བྲམ་ཟེ་ལ་སོགས་པའི་རིགས་ཀྱང་བརྡ་ཙམ་ལ་བརྟེན་པ་ཡིན་གྱི་དངོས་པོ་ལ་ལྟོས་པ་ནི་མ་ཡིན་ནོ། །བྲམ་ཟེ་ལ་སོགས་པའི་རིགས་ལ་བརྡ་དང་ལྷན་ཅིག་པའི་མངོན་ སུམ་ཚད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དངོས་པོའི་སྟོབས་ལས་གང་སྐྱེས་པ་དེ་ནི་བརྡ་ལ་ལྟོས་པ་མ་ཡིན་ཏེ། བརྡ་ཙམ་ལ་ལྟོས་པ་ནི་དམུས་ལོང་བརྒྱུད་པ་ཉིད་དུ་འགྱུར་རོ། །ལྷན་ཅིག་བྱེད་པའི་མངོན་སུམ་ཡང་ཡོད་དོ་ཞེ་ན། འདི་ལ་བཤད་པ། མངོན་སུམ་གྱིས་ནི་བཟུང་ཞེ་ན། །ཉེ་བར་བསྟན་པ་དོན་ མེད་ཡིན། །མངོན་སུམ་གྱིས་ནི་མ་བཟུང་ནའང་། །ཉེ་བར་བསྟན་པ་དོན་མེད་ཡིན། །གལ་ཏེ་མངོན་སུམ་གྱིས་བཟུང་ན། །བསྟན་པས་ཅི་བྱ་སྟེ། དེ་ཉིད་ཀྱིས་བཟུང་བའི་ཕྱིར་རོ། །འོན་ཏེ་མངོན་སུམ་གྱིས་འཛིན་པར་མི་ནུས་པ་དེ་ལྟ་ན་ཡང་དེ་བསྟན་པ་སྟོང་ཕྲག་གིས་ཀྱང་གཟུང་བར་ནུས་པར་ཅི་ལྟར་འགྱུར། མཐོང་བ་བདག་གིས་འདི་མཐོང་ངོ་ཞེས་སྐྱེས་བུ་ཉེ་བར་བསྟན་པར་བྱེད་པར་འགྱུར་གྱི། དབང་པོ་ལས་འདས་པ་བྲམ་ཟེ་ཉིད་ལ་སོགས་པ་ལ་ཉེ་བར་བསྟན་ནུས་པ་མ་ཡིན་ནོ། །དེ་སྐད་དུ་ཡང་སྐྱེས་བུའི་བློ་བསྐྱེད་པ་དེ་ཙམ་ནི་ཚད་མ་ཅན་མ་ཡིན་ནོ་ཞེས་བཤད་དོ། །དངོས་གཉིས་མཐོང་ལ་བློ་འགའ་ཞིག ། བརྡ་མེད་ན་ཡང་ཐ་དད་མེད། །རྗེས་སུ་འཇུག་པ་གང་ཡིན་ཏེ། །དོན་ཉེ་བ་དང་འབྲེལ་པ་ཡིན། །ཅི་སྟེ་ཡང་དངོས་པོ་གཉིས་མཐོང་བ་ན། བརྡ་མེད་པར་རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་བློར་འགྱུར་བ་ཡིན་ཏེ། དཔེར་ན་བ་ལང་གི་བློ་ཁྲ་བོ་ལ་སོགས་པ་མཐོང་བ་ཙམ་ལས་འགྱུར་གྱི་དེར་བརྡ་ལ་ལྟོས་པ་ནི་ མེད་པ་བཞིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི། དེ་ནི་དེ་ལྟར་མ་རྟོགས་ཕྱིར། །བྲམ་ཟེ་ཉིད་ནི་རིགས་མིན་འགྱུར། །བ་ལང་ཉིད་བཞིན་བྲམ་ཟེ་ནི། །གསལ་བས་གསལ་བྱེད་མཐོང་བ་ཡིན། །བ་ལང་ཉིད་ལ་ངག་གཞན་གྱི། །འདིར་འགའ་ཐེ་ཚོམ་འགྱུར་རམ་ཅི། །བྲམ་ཟེ་འདི་མིན་ཞེས་བརྗོད་པའམ། །བྲམ་ ཟེ་ཉིད་ལ་ཐེ་ཚོམ་འགྱུར། །གཞན་གྱིས་སྐྱེད་པར་ཐོས་པའི་ཕྱིར། །བྱ་ལས་དེར་ནི་ངེས་པ་མེད། །བསྟན་པ་མེད་པར་གསལ་བྱེད་ལ། །སོགས་པའི་རིགས་ནི་གསལ་མ་ཡིན། །གལ་ཏེ་དེ་ལ་དེ་མེད་པ། །བ་ལང་སོགས་ལ་ཅི་སྟེ་འདོད། །ཅི་ལྟར་དབྱངས་ལ་སོགས་པ་ལ། །སྒྲ་གཅིག་བརྗོད་བྱ་ རིགས་སུ་རྟོགས། །དེ་བཞིན་ངང་པ་ལ་སོགས་ལ། །སྒྲ་གཅིག་བརྗོད་བྱ་ཅིས་མི་འདོད། །བ་ལང་ཉིད་མེད་མཐའ་ཡས་པའི། །གསལ་བ་དེར་ནི་ཅི་ལྟར་བརྗོད། །དེར་ཡང་གསལ་བའི་དབྱེ་བ་ཡིས། །མཐའ་ཡས་པ་ཉིད་ཅི་སྟེ་མེད། །གོང་དུ་སྤོར་སོགས་དབྱེ་བ་ནི། །མཐའ་ཡས་སྒྲུབ་པར་བྱེད་མིན་ མིན། །ངོ་ཤེས་པ་ལས་གཅིག་ཉིད་ནི། །གཉི་ག་ལ་ཡང་ཡོད་པ་ཡིན། །གོང་དུ་སྤོར་བ་དང་ང་རོ་རྩུབ་པ་ལ་སོགས་པ་དེ་མཐའ་ཡས་པའི་རྒྱུ་མཚན་ནི་ཡི་གེ་ཧ་ལ་སོགས་པ་ལ་ཡང་ཡོད་པ་ཉིད་དོ། །ང་རོ་རྩུབ་པ་ལ་སོགས་པས་ཐ་དད་ཀྱང་ངོ་ཤེས་པ་ལས་གཅིག་ཉིད་དོ་ཞེས་བྱ་བ་ནི་ངང་པ་ལ་སོགས་པ་ ལ་ཡང་མཚུངས་པ་ཉིད་དོ། །དེའི་ཕྱིར་བ་ལང་ཉིད་ལ་སོགས་པ་ཡང་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཉིད་ལས་གཞན་པའི་བ་ལང་མེད་པས་ན་སྒྲ་གཅིག་གིས་བརྗོད་བྱ་ཉིད་དམ་གཅིག་ཏུ་འཛིན་པ་སྐྱེད་པས་དོན་ཉེ་བ་ཉིད་ཡིན་གྱི། འགར་ཡང་རིགས་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་སྤྱི་མེད་ན་སྒྲ་ གཅིག་ནི་བརྗོད་པར་བྱ་བ་དང་། འཛིན་པ་གཅིག་སྐྱེད་པ་དེ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་རིགས་མེད་ཤེས་པ་ཡི། །འབྲས་ཅན་མིག་སོགས་དེ་འདོད་བཞིན། །གང་གིས་རྣམ་པར་ཕྱེ་བ་ཡི། །རིགས་ཀྱང་རྗེས་སུ་འགྲོ་བ་ཡིན། །མིག་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ལ་ རིགས་མེད་པར་འབྲས་བུ་གཅིག་བྱེད་པའི་མཚན་ཉིད་ཀྱི་ཉེ་བ་མི་སྲིད་པ་ནི་མ་ཡིན་ནོ། །ལྷན་ཅིག་བྱེད་པ་རྣམས་ལ་སྲིད་པ་ཉིད་དོ་ཞེ་ན་དངོས་པོ་གཉིས་མཐོང་བ་ལ་ཡང་ལྷན་ཅིག་བྱེད་པ་ཉིད་ཀྱིས་བློ་གཅིག་ཏུ་འགྱུར་རོ། །མཚུངས་པའི་རྣམ་པ་ཉིད་མེད་དོ་ཞེ་ན། མ་ཡིན་ཏེ་གཞལ་བྱ་མཚུངས་པའི་རྣམ་པ་ ཉིད་ནི་དངོས་པོ་གཉིས་ལས་ཐ་དད་པར་མ་མཐོང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བློ་བསྐྱེད་པ་ཉིད་ནུས་པ་ཡིན་ནོ། །དེ་ནི་མིག་ལ་སོགས་པ་ལ་ཡང་མཚུངས་སོ། །དེ་དག་ལ་ཡང་རྟོགས་པ་དེ་གཅིག་སྐྱེད་པ་ཉིད་ཁོ་ནའོ་ཞེ་ན། ཁྲ་བོ་ལ་སོགས་པ་ལ་ཡང་འཛིན་པ་གཅིག་བསྐྱེད་པ་ལས་གཞན་མེད་པའི་ཕྱིར་ མཚུངས་པར་ཐལ་ལོ། །གལ་ཏེ་དེ་ཉིད་དངོས་པོར་གྱུར་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་དག་ཉིད་རྟོགས་པ་དེ་སྐྱེད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ག་ལས་ཡིན་ཞེ་ན། འོ་ན་རིགས་ཀྱང་ཁྲ་བོ་ལ་སོགས་པ་ལས་ཡིན་གྱི་གཞན་ལས་མ་ཡིན་ཞེས་བྱ་བའི་རྣམ་པར་ དབྱེ་བ་འདི་ག་ལས་ཡིན། དེ་ལ་རྣམ་པར་འབྱེད་པའི་སྤྱི་གཞན་དགོས་ལ་དེ་ལ་ཡང་རྣམ་པར་ཕྱེ་ནས་འཇུག་པའི་རྒྱུ་མཚན་གཞན་ཡོད་དགོས་པས་ན་ཐུག་པར་མེད་པར་འགྱུར་རོ། །འོན་ཏེ་ཁྲ་བོ་ལ་སོགས་པ་དེ་དག་ཉིད་བ་ལང་ཉིད་ཀྱི་གསལ་བྱེད་དམ་དེའི་རྟེན་དུ་འགྱུར་རོ་ཞེས་བྱ་བར་འདོད་པ་དེ་དག་གི་རྒྱུ་ཉིད་དེ་ འདྲ་བར་གྱུར་པ་ཡིན་ནོ་ཞེ་ན། དེ་ལྟར་ན་འོ་ན་རིགས་མེད་པར་རང་གི་རྒྱུའི་ངོ་བོ་ཉིད་ལས་དེར་འཛིན་པ་བསྐྱེད་པ་ཡིན་པས་རིགས་མེད་ན་ཁར་ཆད་པ་ཅི་ཡོད་དེ། དེས་ན་རིགས་སུ་འཛིན་པ་འོར་ཅིག །མིག་ལ་སོགས་པ་ལ་ཡང་སྤྱི་ཡོད་པ་ནི་མ་ཡིན་ཏེ། རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དེ་དངོས་སྣང་བ་ མེད་ཕྱིར་རོ། །གཟུགས་ཅན་ཡིན་ཕྱིར་དབང་རྣམས་ལ། །གལ་ཏེ་ལྟ་བ་པོ་ཡོད་ན། །དེ་ལུས་སྣང་འགྱུར་རིགས་རྣམས་ནི། །མ་ཡིན་ཡན་འགར་མཐོང་མིན་ཕྱིར། །གསལ་འཛིན་ཚེ་ཡང་དེ་སྒྲ་དང་། །ངོ་བོ་ལས་གཞན་སྣང་བ་མེད། །མིག་ལ་སོགས་པ་ལ་ནི་སྤྱི་ཅི་ལྟར་ཡང་སྣང་བ་མེད་དེ་འབྲས་ བུའི་སྒོ་ནས་རྟོགས་པར་བྱེད་པ་ཡིན་ནོ། །འབྲས་བུའི་སྒོ་ནས་རྟོགས་པར་བྱེད་པ་ན་ཡང་འབྲས་བུ་དེ་གཅིག་བྱེད་པ་ཉིད་རྟོགས་པར་འགྱུར་རོ། །དེ་ལྟ་ཡིན་ན་དེ་དག་འབྲས་བུ་གཅིག་གིས་འབྲེལ་ཏེ་ཞེས་བྱ་བར་འགྱུར་གྱི་སྤྱི་ནི་མ་ཡིན་ནོ། །འབྲེལ་པ་ཡང་ཐམས་ཅད་དུ་སྤྱི་གཅིག་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་ཡང་ཇི་ལྟ་བུར་ཡང་མི་སྣང་བའི་ཕྱིར་དེའི་དེ་མ་ཐག་ཏུ་འབྲས་བུ་དམིགས་པ་ཉིད་དེ་དང་འབྲེལ་པ་ཡིན་གྱི་གཞན་ནི་དམིགས་པ་མེད་དེ། འབྲས་བུ་རག་ལས་མེད་པ་ཡང་། །རྟོགས་པ་ཡིས་ནི་འབྲེལ་པར་བྱེད། །ཅེས་བཤད་ཟིན་ཏོ། །འོན་ཏེ་ཐམས་ཅད་ལ་ནུས་པ་གཅིག་ཉིད་དོ་ཞེ་ན་ནི་མ་ཡིན་ཏེ། ནུས་ པ་ནི་ནུས་པ་ཅན་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ནུས་པ་ཡང་སྣང་བ་མེད་དོ། །མི་སྣང་ཡང་ནུས་པ་དབང་པོ་ལ་སོགས་པ་ལྟར་ཅི་སྟེ་མི་རྟག་ཅེ་ན་དེ་མི་རུང་སྟེ། །དེ་ལ་ནི་དབང་པོ་ལས་འདས་པར་ཁས་བླངས་པའི་ཕྱིར་བདག་ཅག་ལྟ་བུས་མི་དམིགས་ཏེ། ཟི་རའི་མེ་ཏོག་ལྟ་བུའོ་ཞེས་བྱ་བ་ལ་ སོགས་པ་བཤད་པའི་ཕྱིར་རོ། །སྤྱི་ནི་ལུང་གཅིག་པུས་རྟོགས་པར་བྱ་བ་མ་ཡིན་ནོ། །འབྲས་བུ་ལྡོག་པས་ནི་གཟུགས་ལ་སོགས་པ་སྣང་བའི་རྒྱུ་ཅི་ཞིག་ཅིག་ཡོད་དོ་ཞེས་བྱ་བར་འགྱུར་གྱི། དེ་ཅི་མིག་འབྲས་ཀྱི་རང་བཞིན་ལས་ཐ་དད་པའམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་འདིར་རྣམ་པར་འབྱེད་པ་ནི་མ་ཡིན་ ནོ། །འདི་ལྟར། ལྡོག་ལས་ཁྱད་པར་ཅན་འགའ་ཡོད། །མིག་འབྲས་དེ་བཞིན་ཡང་ན་ནི། །བག་ཆགས་ཁྱད་པར་ལུགས་ཀྱི་ནི། །དབྱེ་བས་རྣམ་པ་སོ་སོར་འགྱུར། །གང་ཞིག་འབྲས་བུ་ལྡོག་པས་ཕྱིའི་དོན་མི་འགྲུབ་པར་དེའི་ལྟར་ན་འབྲས་བུ་ལྡོག་པ་ལས་མིག་ལ་སོགས་པ་རྣམས་ལ་ལྡོག་པའི་རྗེས་སུ་ དཔག་པ་བཟོད་པར་འགྱུར་རམ་ཅི། དེའི་ཕྱིར་འདི་ནི་རྣམ་པ་ཅི་ཞིག་ལྟར་གནས་པ་མེད་པར་རྗེས་སུ་དཔོག་པའི་གཞལ་བྱ་ཡིན་པ་དེས་ན་དེའི་སྒོ་ནས་ནི་གླགས་ཐོད་པ་མ་ཡིན་ནོ། །གཟུགས་དང་ལྡན་པ་ཉིད་ནི་ལུང་ཡིན་ཏེ། དེ་ལྟར་ཡིན་ན། གལ་ཏེ་དེ་དག་ལྟ་བ་པོ། །ཡོད་ན་མིག་སོགས་མཐོང་བར་ འགྱུར། །དབང་པོ་ལས་འདས་ཁས་བླངས་ལ། །དེ་ལས་གཞན་པའི་རྟེན་ཡོད་མིན། །གཟུགས་ལྡན་ཉིད་དུ་ཁས་བླངས་པས། །འདི་ཉིད་དབང་པོ་འདས་པའི་རྟེན། །སྤྱི་ནི་དེ་ལྟ་མ་ཡིན་ཏེ། །འབའ་ཞིག་པ་མི་མཐོང་བར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པས་སྤྱི་ཡན་འགར་མཐོང་ན་ནི་ སྤྱིར་མི་འགྱུར་རོ། །འོན་ཏེ་སྤྱིའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་རྒྱུ་མཚན་ནི་འདི་ཡིན་ནོ་ཞེས་བྱ་བར་རྣལ་འབྱོར་པས་མཐོང་ན་དེ་ལྟར་ན་སྤྱི་ཚད་མས་གྲུབ་པ་མ་ཡིན་ནོ། །བདག་ཅག་གིས་ནི་སྤྱི་ཐ་དད་པར་མ་མཐོང་བ་ཁོ་ནའོ། །གལ་ཏེ་སྤྱི་ནི་གསལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་འབའ་ཞིག་འཛིན་པ་མ་ཡིན་ཏེ། སྣང་བ་མ་བཟུང་བར་གཟུགས་མི་འཛིན་པ་བཞིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། གཟུགས་ནི་རེག་པ་དང་འཁྲུལ་པ་མེད་པ་ཡིན་པའི་ཕྱིར། སྣང་བ་མེད་ཀྱང་རྗེས་སུ་དཔག་པས་འཛིན་ཏོ། །གལ་ཏེ་མི་འཛིན་པ་ནི་སྣང་བ་ལས་ཐ་དད་པ་ཉིད་དུ་མི་འགྱུར་བ་ཁོ་ནའོ། །ལྡོག་པར་རབ་ཏུ་མ་གྲུབ་པ་ནི་ལྡོག་པ་དང་ལྡན་ པ་ཡིན་ནོ་ཞེས་བྱ་བར་མི་འོས་སོ། །སྤྱི་ནི་འབའ་ཞིག་ནས་ཡང་དམིགས་པའི་ཡུལ་དུ་མི་འགྱུར་རོ། །གསལ་བའི་རང་བཞིན་ལ་རྗེས་སུ་ཞུགས་ན་ནི་མེད་པ་ཉིད་དེ། བ་ལང་བ་ལང་ཞེས་བྱ་བའི་མིང་ཙམ་ཞིག་ཏུ་ཟད་པར་འགྱུར་རོ། །འོན་ཏེ་ཡུལ་མཚུངས་པའི་ཕྱིར་ཐ་དད་པར་མི་དམིགས་ན། གཟུགས་དང་རོ་ ལ་སོགས་པ་ཇི་ལྟར་དེ་རྣམས་ནི་དབང་པོ་ཐ་དད་པའི་གཟུང་བ་ཡིན་པའི་ཕྱིར་ཐ་དད་པར་རྟོགས་ན། འདིར་ནི་ཤིན་ཏུ་འདྲེས་པས་ན་རྣམ་པར་དབྱེ་བ་མེད་པར་རྟོགས་སོ་ཞེ་ན། ཤིན་ཏུ་འདྲེས་པ་འདི་ཅི་ཞིག །ཅི་ག་རང་བཞིན་འདྲེས་གྱུར་ཏམ། །དེ་ཡི་རང་བཞིན་གང་ཡིན་པ། ། འདི་ཉིད་ཡིན་པས་དབྱེར་མེད་འགྱུར། །རང་བཞིན་གཞན་ཕྱིར་ཡུལ་གཅིག་ཀྱང་། །ཐ་དད་པར་ནི་ཅིས་མི་འཛིན། །རང་བཞིན་ལས་ནི་གཞན་འགྱུར་བར། །ཡུལ་ཞེས་བྱ་བ་རྟོགས་པ་མེད། །དངོས་པོ་ལས་ཐ་དད་པའི་ཡུལ་གཞན་ན་ཡོད་དེ། གལ་ཏེ་དངོས་པོ་ཐ་དད་པ་ཡིན་ན་ཡུལ་ཡང་ཐ་དད་པ་ཡིན་ པས་ཇི་ལྟར་ཡུལ་ཐ་མི་དད། གལ་ཏེ་ཡུལ་དབྱེས་ཐ་དད་ན། །དེ་ཡི་དབྱེ་བ་ག་ལས་ཡིན། །ཡུལ་གཞན་ཉིད་ལས་དེ་ཡིན་པ། །དེ་ལྟར་ཡིན་ན་ཐུག་པ་མེད། །གང་གི་ཕྱིར་བོང་བུའི་རྭ་ལ་སོགས་པ་བཞིན་དུ་རང་གི་ངོ་བོར་སྣང་བ་མེད་པ། དེ་ཕྱིར་དེ་ནི་ཤེས་ཙམ་གྱིས། །དོན་བྱེད་པར་ཡང་མི་རུང་ངོ་། །དེ་ མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། །གང་དང་གང་རང་གི་ངོ་བོ་ཉིད་ཀྱིས་མི་སྣང་བའི་གཟུང་བར་མངོན་པར་འདོད་པ་དེ་ནི་རང་གི་རྣམ་པ་གཏོད་པར་ནུས་པའི་ཕྱིར་དམིགས་པའི་རྐྱེན་དུ་འགྱུར་བ་མ་ཡིན་ཏེ། མིག་ལ་སོགས་པ་བཞིན་ནོ། །བདག་པོའི་རྐྱེན་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །ཅི་སྐད་བཤད་ལས་བཟློག་གང་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། །གང་ཞིག་རང་གི་རྣམ་པར་སྣང་བ་དང་། རྗེས་སུ་འགྲོ་བ་དང་བཟློག་པ་དག་གིས་ནུས་པ་ངེས་པ་དེ་ནི་དོན་དམ་པར་ཡོད་པ་རང་གི་མཚན་ཉིད་ཡིན་ཏེ། རང་གི་རང་བཞིན་དུ་མཚོན་པར་ བྱ་བའི་ཕྱིར་རམ། འདིར་རང་བཞིན་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གི་རང་བཞིན་ལ་ཇི་ལྟར་མཚོན་བྱ་མཚོན་བྱེད་ཀྱི་དངོས་པོར་འགྱུར་ཞེ་ན། མ་ཡིན་ཏེ། མཚོན་བྱ་མཚོན་བྱེད་ཀྱི་དངོས་པོ་ནི་བརྟགས་པ་ཡིན་པའི་ཕྱིར་ཏེ། བྱ་དང་བྱེད་པའི་རྣམ་གཞག་ནི། །ཐམས་ཅད་དེ་ལྟའི་རྣམ་པ་ཅན། །ཞེས་ འཆད་པར་འགྱུར་རོ། །རང་གི་ངོ་བོ་ཉིད་མཚན་ཉིད་དུ་རིགས་ཀྱི་གཞན་ནི་མ་ཡིན་ཏེ། གཞན་ནི་གཞན་གྱིས་དོན་དམ་པར་མཚོན་པར་མི་ནུས་པའི་ཕྱིར་རོ། །གཞན་གྱི་ངོ་བོས་མཚོན་པ་ནི་གཞན་གྱི་རང་བཞིན་ཉིད་སྒྲོ་བཏགས་པ་ཡིན་གྱི། དེ་རང་གི་ངོ་བོ་མཚོན་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་སྤྱིའི་མཚན་ཉིད་ཡིན་ཏེ། གཞན་གསལ་བ་མ་ཁྱབ་པའི་ཕྱིར་རོ་ཞེ་ན། བདེན་ཏེ་སྤྱི་ཞེས་བྱ་བ་དོན་དམ་པར་ཡོད་པ་མ་ཡིན་ནོ། །རང་གི་ངོ་བོ་དེ་ཡང་ཤེས་པའི་ཐ་སྙད་དུ་དེ་ལྟར་བརྗོད་པ་ཉིད་དེ། གསལ་བ་དུ་མའི་རང་བཞིན་ལ་སྒྲོ་བཏགས་པས་འཇུག་པའི་ཕྱིར་དང་། དེ་ལས་སྐྱེས་པ་ཡང་ཡིན་པས་སོ། །དངོས་པོ་མེད་པ་ཉིད་ཡིན་ན་མི་ དམིགས་པ་རང་བཞིན་དང་འབྲས་བུའི་གཏན་ཚིགས་ཐ་དད་པར་ཇི་ལྟར་འགྱུར། མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་ཡུལ་གྱི་དབྱེ་བ་ལས་ཐ་དད་པར་འགྱུར་གྱི། མི་དམིགས་པ་ལ་སོགས་པ་ལ་ནི་ཡུལ་གྱི་དབྱེ་བ་ཡོད་པ་མ་ཡིན་ནོ། །རྟགས་ཀྱི་དབྱེ་བ་ལས་ཐ་དད་དོ་ཞེ་ན། བརྒལ་བ་གང་ཡིན་པ་དེ་ཉིད་ལན་ཡིན་ པའི་ཕྱིར་འདི་ཇི་ལྟར་ཡིན། འདི་ལྟར་རྟགས་ཀྱི་དབྱེ་བ་ཉིད་མི་འཐད་པ་མ་ཡིན་ནམ། དེ་སྟེ་མཐོང་ངོ་ཞེ་ན། འོ་ན་རྣམ་པ་དྲུག་ཏུ་འགྱུར་རོ། །འོན་ཏེ་གཉིས་ནི་དངོས་པོ་སྒྲུབ་པར་བྱེད་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བརྗོད་ན། སྤྱི་དངོས་པོ་མ་ཡིན་ན་ཇི་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་ པར་དབྱེ་བར་འགྱུར་ཞེ་ན། འདི་ལ་ལན་བཤད་པ། དངོས་དང་དངོས་མེད་གཉི་ག་ལ། །རྟེན་ཕྱིར་སྤྱི་སྟེ་རྣམ་པ་གསུམ། །དོན་དམ་པར་ནི་དབྱེ་བ་ཡོད་པ་མ་ཡིན་ཏེ། ཐམས་ཅད་དངོས་པོ་མེད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་ལ་བརྟེན་པའི་སྒོ་ནས་འབྲས་བུ་ཤེས་པ་ཐ་དད་པའི་ཕྱིར་རང་ བཞིན་དང་མི་དམིགས་པ་དང་འབྲས་བུའི་གཏན་ཚིགས་ནི་དབྱེ་བ་ཉིད་ཀྱིས་ཐ་དད་པ་ཡིན་ནོ། །འདི་ལྟར་རང་བཞིན་གྱི་གཏན་ཚིགས་ལས་ནི་དངོས་པོ་ཉེ་བར་ལེན་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའོ། །མི་དམིགས་པ་ལས་ནི་དངོས་པོ་མེད་པའི་ཉེ་བར་ལེན་པ་ཅན། འབྲས་བུའི་རྟགས་ལས་ནི་གཉི་གའི་ཉེ་བར་ལེན་པ་ཅན་ ཡིན་ནོ། །འབྲས་བུའི་གཏན་ཚིགས་ནི་ཐ་དད་པ་སྒྲུབ་པར་བྱེད་པ་ཡིན་ལ། ཐ་དད་པ་ནི་དངོས་པོ་དང་དངོས་པོ་མེད་པ་དག་ལས་འགྱུར་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ཐ་དད་པ་ཡང་རྒྱུ་ཡིན་ནོ། །ཡང་ན་དངོས་པོ་མེད་ཀྱང་དངོས་པོ་དང་དངོས་པོ་མེད་པ་ཅན་ཉིད་ཀྱིས་ན་ཉེ་བར་ལེན་པ་ཅན་ཐ་དད་པ་ལས་ཉེ་བར་ལེན་པ་ཐ་དད་པ་ ལ་བརྟེན་ནས་ཡུལ་ཐ་དད་པ་ཡིན་ནོ། །དངོས་པོ་ཉིད་ནི་རྣམ་པ་གཉིས་ཏེ་ཐ་དད་པ་དང་ཐ་མི་དད་པའོ། །དེས་ན་ཡུལ་གྱི་དབྱེ་བས་གཏན་ཚིགས་ཀྱི་དབྱེ་བ་རྣམ་པ་གསུམ་ཡིན་ནོ། །དེས་ན་གཉིས་ཀའི་ཉེ་བར་ལེན་པའི་ཁྱད་པར་ནི་མི་སྣང་བ་མི་དམིགས་པའི་ཡུལ་ཡིན་ནོ། །གལ་ཏེ་དངོས་རྟེན་དངོས་འབྲེལ་ཕྱིར། ། དངོས་པོ་ཤེས་འགྱུར་ཞེ་ན་མིན། །ལན་བཏབ་ཕྱིར་དང་འདས་སོགས་ལ། །རྣམ་པ་གཞན་དུ་མཐོང་ཕྱིར་རོ། །ཤེས་པ་དངོས་པོ་ལ་བརྟེན་པ། །ཞེས་བྱ་བ་ཙམ་གྱིས་ནི་དངོས་པོ་ལ་འགྱུར་བ་མ་ཡིན་ཏེ་དངོས་པོའི་ཡུལ་ཅན་ཉིད་ནི་དངོས་པོའི་ཡུལ་ཅན་རང་བཞིན་འཛིན་པ་ལས་ཡིན་ནོ། ། སྤྱིའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ནི་རང་བཞིན་འཛིན་པ་མ་ཡིན་ཏེ། དབང་པོའི་ཚོགས་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །འོན་ཏེ་དངོས་པོ་ཡོད་པ་ཞེས་བྱ་བར་བརྗོད་ན། དེ་ནི་མ་གྲུབ་སྟེ་འདས་པ་ལ་སོགས་པ་དངོས་པོ་མེད་ཀྱང་མཐོང་བའི་ཕྱིར་རོ། །གལ་ཏེ་ཤེས་པ་དེ་སྤྱི་ལ་ཡིན་ནམ་ ཁྱད་པར་ལ་ཡིན་ཡང་བླ་སྟེ། འདས་པ་ལ་སོགས་པ་ནི་ཡུལ་ཉིད་མ་ཡིན་ཏེ། རང་ནི་ངོ་བོ་ཉིད་གཟུང་བཞིན་པའི་དངོས་པོ་ནི་འདས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །འདི་ལ་འཇིག་རྟེན་དངོས་པོའི་ཡུལ་ཉིད་དུ་རྟོགས་པ་མ་ཡིན་ཏེ། དངོས་པོ་མེད་པ་དང་ཤེས་པ་རང་གི་ངོ་བོར་མངོན་པར་ཞེན་པ་མ་ཡིན་པའི་ཕྱིར་ འཁྲུལ་པ་ཙམ་དུ་ཟད་དོ། །ལན་གདབ་ཕྱིར་དང་ཞེས་བྱ་བས་ནི་བཟློག་པ་ལ་ཚད་མ་འཇུག་པར་བསྟན་པ་ཡིན་ལ། འདས་སོགས་རྣམས་ལ་རྣམ་པ་གཞན་དུ་མཐོང་ཕྱིར་རོ་ཞེས་བྱ་བས་ནི་གཞན་གྱིས་མངོན་པར་འདོད་པའི་གཏན་ཚིགས་མ་ངེས་པ་ཉིད་དུ་བརྗོད་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་དངོས་པོ་ལ་ཡང་མཐོང་ ལ་དངོས་པོ་མེད་པར་ཡང་མཐོང་ན་དེ་ལྟར་ནི་འོ་ན་ནི་དེའི་ཚེ་དངོས་པོའི་ཆོས་ཉམས་པར་འགྱུར་ཏེ། དེ་ལྟ་ན་གཉིས་ཀའི་ཆོས་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བཤད་པ་ནི། གལ་ཏེ་དངོས་ཆོས་ཉིད་ཉམས་ན། །དངོས་པོར་འཛིན་པ་སྔོན་འགྲོ་ཅན། །དེ་ཤེས་ཡིན་ཕྱིར་ཉེས་འདི་མེད། །དེ་ནི་ཤེས་པ་ཡིན་ ཏེ། དེ་ལ་དམིགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། སྤྱི་ལྐོག་ཏུ་གྱུར་པ་ནི་གཞལ་བྱ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་སྤྱི་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་རང་གི་ངོ་བོས་རྟོགས་པ་མ་ཡིན་པས་ཇི་ལྟར་གཞལ་བྱ་ཡིན། རང་གི་མཚན་ཉིད་གཅིག་གཞལ་བྱ། །སྤྱི་ཞེས་བྱ་བའི་གཞལ་བྱ་ནི་ཡོད་པ་མ་ཡིན་ཏེ། ཇི་ལྟར་བརྟགས་པ་བཞིན་དུ་མི་རུང་བའི་ཕྱིར་རོ། །དོན་དམ་པར་རང་གི་མཚན་ཉིད་ཁོ་ན་གཞལ་བྱ་ཡིན་ཏེ། དེ་ཉིད་ཡོད་པ་དང་མེད་པར་རྟོགས་པ་དགོས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེ་གང་ལས་ཤེ་ན། ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། །དོན་བྱ་དེ་ལ་གྲུབ་ཕྱིར་རོ། །དོན་བྱ་བ་བྱེད་པའི་དངོས་པོ་ ནི་ཡོད་པ་དང་མེད་པ་དག་གིས་རྟོག་པ་དང་ལྡན་པ་རྣམས་དོན་དུ་གཉེར་ཏོ། །ཚད་མས་རྗེས་སུ་ཚོལ་བ་ཡང་དེ་རྟོགས་པའི་དོན་དུ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་རྟོགས་པ་མངོན་དུ་བྱེད་པ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་དོན་བྱ་བ་བྱེད་པའི་དངོས་པོ་ཡོད་པ་དང་མེད་པའི་ཡུལ་དུ་བྱེད་ནུས་པའི་ཚད་མ་ནི་དོན་དང་ ལྡན་པ་ཡིན་ནོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀས་ཀྱང་རང་གི་མཚན་ཉིད་ཁོ་ན་ཡུལ་དུ་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་གཉིས་ཀས་ཀྱང་རང་གི་མཚན་ཉིད་ཁོ་ན་ཡུལ་དུ་བྱེད་ན་ཡུལ་གཅིག་ཉིད་ཡིན་པའི་ཕྱིར་ཚད་མ་གཅིག་ཉིད་དུ་ཐལ་ བར་འགྱུར་རོ། །འོན་ཏེ་ཡུལ་གཅིག་ཡིན་ཡང་ཚོགས་པའི་དབྱེ་བས་ཚད་མ་ཐ་དད་པ་ཡིན་ནོ། །དེ་ལྟ་ཡིན་ན་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་དང་འགལ་ལོ། །སློབ་དཔོན་གྱིས་ཀྱང་གང་གི་ཕྱིར་མཚན་ཉིད་གཉིས་ནི་གཞལ་བྱ་ཡིན་ནོ་ཞེས་གསུངས་སོ། །ཚོགས་པའི་དབྱེ་བས་ཚད་མ་ཐ་དད་པ་ཡིན་ན་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཚོགས་པ་ལས་ཐ་དད་པའི་ཕྱིར་དེ་སྙེད་ཀྱི་ཚད་མར་འགྱུར་རོ། །གཞལ་བྱའི་དབྱེ་བས་ཐ་དད་པ་ལ་ཡང་སྔོན་པོ་ལ་སོགས་པ་གཞལ་བྱ་དུ་མ་ཡིན་པའི་ཕྱིར་ཚད་མ་མཐའ་ཡས་པར་ཐལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་ཐམས་ཅད་ཀྱང་རང་གི་མཚན་ཉིད་ ཡིན་པའི་ཕྱིར་རོ། །དེའི་ཡུལ་ཅན་གྱི་ཚད་མ་ནི་གཅིག་ཉིད་ཡིན་པར་འགྱུར་ཏེ། ཡུལ་གཅིག་ཡིན་པའི་ཕྱིར་རོ། །ཚོགས་པ་ཐ་དད་པ་ཡིན་ཡང་དབང་པོས་སྐྱེད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ཚད་མ་ཅི་སྟེ་མ་ཡིན་ཞེ་ན། མ་ཡིན་ཏེ་དབང་པོས་སྐྱེད་པ་ཉིད་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ ཡང་སྟོན་པར་འགྱུར་རོ། །དེའི་ཕྱིར་གཞལ་བྱ་རྣམ་པ་གཉིས་ཡིན་པ་ཉིད་ལས་རྣམ་པ་གཉིས་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་མཐའ་ཡས་པ་ཉིད་དུ་འགྱུར་རོ། །ཇི་ལྟར་གཞལ་བྱ་མཐའ་ཡས་པ་མ་ཡིན་ཞེ་ན། མ་ཡིན་ཏེ། སྔོན་པོ་ཉིད་ལ་སོགས་པ་མཐའ་ཡས་པ་ཡིན་ཡང་གཞལ་བྱ་གཉིས་ཉིད་ ཁོ་ན་ཡིན་ཏེ། འདི་ལྟར། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་འདོད། །སྔོན་པོ་ལ་སོགས་པའི་དབྱེ་བས་མཐའ་ཡས་པ་ཡིན་ཡང་རང་གི་ངོ་བོར་སྣང་བ་ཉིད་ཀྱིས་རང་གི་མཚན་ཉིད་ཁོ་ན་ཡིན་ཏེ། རང་གི་ངོ་བོས་མཚོན་པའི་ཕྱིར་རོ། །གལ་ཏེ་རྟོགས་པའི་དབྱེ་བ་ཐ་ དད་པ་ཡིན་ན་རང་གི་མཚན་ཉིད་དོན་དམ་པ་པར་མི་འགྱུར་བ་ཡིན་ནམ་རྟོགས་པ་དེ་མེད་ཅིང་རྟོགས་པ་གཞན་མངོན་དུ་འགྱུར་ན། རང་གི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཅིག་པོ་དེ་ཉིད་གཅིག་ལ་ནི་རང་གི་མཚན་ཉིད་ཡིན་ལ། གཞན་ལ་ནི་དེ་ལྟ་མ་ཡིན་པར་འགྱུར་ ན། རྟོགས་པ་པོ་སོ་སོ་ལ་གཞལ་བྱ་ཐ་དད་པར་འགྱུར་བ་ནི་མ་ཡིན་ནོ། །ལྟོས་པས་བྱས་པའི་ཐ་དད་པ་ནི་རྟོགས་པས་སྐྱེད་པ་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་ནོ། །གཅིག་ཉིད་རང་གི་མཚན་ཉིད་དང་གཞན་ཉིད་ཡིན་ན་ནི་དེ་གཉི་གའི་རང་བཞིན་གྱི་གཞལ་བྱ་གཞན་ཡིན་པའི་ཕྱིར་དེ་ལ་ཚད་མ་གཞན་ འབྱུང་བར་འགྱུར་རོ། །དེའི་ཕྱིར་འདི་ནི་མི་རུང་ངོ་། །དོན་དམ་གཞལ་བྱ་ཉིད་ཡིན་ན། །གཞལ་བྱ་ཉིད་ནི་མཐའ་ཡས་འགྱུར། །ལྟོས་པས་འབྲེལ་པ་ཐ་དད་ན། །དོན་དམ་མཚན་ཉིད་མིན་པར་འགྱུར། །འདི་ལ་བཤད་པ། དམིགས་པ་ཡིས་ནི་མཚོན་པ་གང་། །དེ་ནི་དོན་དམ་ཉིད་ཡིན་ནོ། ། དམིགས་པ་ཡིས་ནི་དངོས་རྣམས་ཀྱི། །དམ་པའི་དོན་ནི་ཡོད་པ་ཡིན། །དངོས་པོ་རྣམས་རང་གི་ངོ་བོས་དམིགས་པ་ལ་མ་བརྟེན་པར་ནི་ཡོད་པར་བདག་གིར་བྱེད་པ་མ་ཡིན་ནོ། །གལ་ཏེ་དམིགས་པ་ཡོད་པས་ཤེས་པ་ཡིན་གྱི། དེ་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེ་ན། རི་བོང་གི་རྭ་ལ་སོགས་པ་མ་དམིགས་པ་ནི་མེད་ པ་ཡིན་པའི་ཕྱིར་བཟློག་པ་ལས་དམིགས་པ་ནི་ཡོད་པ་ཡིན་ནོ་ཞེས་རྣམ་པར་གནས་སོ། །གལ་ཏེ་དེ་ལ་ཡང་མེད་པས་མ་དམིགས་པ་ཉིད་ནི་མེད་པ་མ་ཡིན་ན། མ་དམིགས་པ་ལས་མེད་པ་ཉིད་གཞན་ནི་མེད་དོ། །མི་དམིགས་པས་རྟོགས་པ་གང་ཡིན་པ་དེ་མེད་པ་ཡིན་ནོ་ཞེ་ན། མི་དམིགས་པ་འདི་ཅི་ཞིག་དམིགས་ པ་མེད་པ་ཡིན་ནམ། འོན་ཏེ་གཞན་དམིགས་པ་ཡིན་ནམ་ཅི་སྟེ་མ་དམིགས་སོ་སྙམ་པའི་རྣམ་པར་རྟོག་པ་ཡིན། གལ་ཏེ་དམིགས་པ་མེད་པ་མ་དམིགས་པ་ཡིན་ན་དེ་ལས་ཅི་ལྟར་རྟོགས། དངོས་པོ་མེད་པ་ནི་རྟོགས་པ་མ་ཡིན་ནོ། །དམིགས་པ་མེད་པ་དེ་ཡང་དམིགས་པ་མེད་པ་གཞན་གྱིས་རྟོགས་པར་བྱ་ དགོས་པས་ཐུག་པ་མེད་དོ། །གལ་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་དམིགས་པ་ལ་དམིགས་པ་གཞན་མེད་པས་ན། གང་གིས་ཐུག་པ་མེད་པར་འགྱུར་བ། དེ་ནི་དམིགས་པ་མེད་པས་རྟོགས་པར་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན་ཇི་ལྟར་དེ་ཡོད་པར་རྟོགས། ཇི་ལྟར་དོན་ལ་མ་ དམིགས་པ་ལས་མེད་པར་རྟོགས་པ་དེ་བཞིན་དུ་ཤེས་པ་ལ་ཡང་འགྱུར་བ་ཤིན་ཏུ་ཉམས་པར་འགྱུར་རོ། །འོན་ཏེ་དོན་ལྐོག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་དོན་གྱིས་གོ་བ་ཡོད་པ་ཡིན་ཏེ། དེས་ན་ཚད་མ་ལྔ་ཡང་མེད་པ་མ་ཡིན་ནོ་ཞེ་ན། དོན་གྱིས་གོ་བ་ཡང་བློ་ཉིད་མ་ཡིན་ནམ། དེས་བློ་གཞན་གྱིས་ བློ་རྟོགས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ལས་དོན་གྱིས་གོ་བ་གཞན་མེད་པའི་ཕྱིར་ཚད་མ་ལྔ་མེད་པས་དོན་གྱིས་གོ་བའི་བློ་མེད་དོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་དེ་ལ་གཞལ་བྱ་རྟོགས་པ་ཡོད་པས་དོན་གྱིས་གོ་བ་ཡིན་ན་ནི་ཐུག་པ་མེད་པའི་ཕྱིར་མི་རྟོགས་པར་འགྱུར་རོ། །གལ་ཏེ་རྟོགས་པ་མཐོང་བ་ཉིད་མ་ཡིན་ནམ་ ཞེ་ན། གལ་ཏེ་མཐོང་བ་ཙམ་ལ་བརྟེན་ན་ནི་དོན་གྱིས་གོ་བས་ཅི་བྱ། ཇི་ལྟར་མཐོང་བ་དེ་ལྟ་ཡིན་དུ་ཟད་མོད་དོན་གྱིས་གོ་བས་བློ་བརྟགས་པས་ཅི་ཞིག་བྱ། དོན་གྱིས་གོ་བ་སྐྱེ་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ཐུག་པ་མེད་པའི་ཕྱིར་རྟོགས་པ་མེད་པར་ངེས་པ་ཡང་འགྱུར་བ་ཉིད་པས་ཇི་ལྟར་དེ་ཇི་ལྟར་མི་ འདོད། གང་གི་ཕྱིར་བློ་དམིགས་པར་བྱ་བ་ཉིད་དམ། ལྐོག་ཏུ་གྱུར་པ་ཡིན་པ་དེའི་ཚེ་ནི་དེ་མེད་པར་རྟོགས་པ་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་དོན་མི་དམིགས་པ་ཉིད་དམིགས་པ་མི་དམིགས་པ་ཡིན་ན་དེ་ལྟར་ཡིན་དམིགས་པ་དམིགས་པར་བྱ་བ་མ་ཡིན་པ་ཡང་ཡོད་དོ་ཞེས་བྱ་བར་འགྱུར་རོ། །དེ་ཉིད་ མེད་པ་ཡིན་ནོ་ཞེ་ན། གལ་ཏེ་མི་དམིགས་པ་མེད་པ་ཡིན་ན། དམིགས་པ་ཡང་ཡོད་པ་ཡིན་ཞེས་བྱ་བར་འགྱུར་རོ། །འོན་ཏེ་གཞན་དམིགས་པ་ཉིད་མི་དམིགས་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་གཞན་དམིགས་པ་ལ་མིང་བཏགས་པ་ཡིན་དུ་ཟད་མོད་གཞན་མེད་པར་ ཇི་ལྟར་འགྱུར། དེ་དམིགས་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །གཞན་དམིགས་པ་དེ་ཉིད་གཞན་ལ་མི་འཇུག་པའི་ཕྱིར་ཏེ། དེ་ལས་གཞན་མི་དམིགས་པ་ཡིན་ནོ་ཞེ་ན། གལ་ཏེ་གཞན་ལ་མི་འཇུག་མོད། །དེ་ལྟ་ན་ཡང་དེ་མེད་དོ། །ཞེས་བྱ་བ་ག་ལས། འོན་ཏེ་དམིགས་ པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་ནི་མེད་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན། དེ་ལ་ཡང་འཇུག་པ་ཉིད་དེ་དེ་ཡང་དེ་བཞིན་དུ་དམིགས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དམིགས་པ་ཡང་མ་ཡིན་ནོ་ཞེ་ན། མེད་པའི་མཚན་ཉིད་ཅན་ཏེ་མི་དམིགས་པ་གང་གིས་རྟོགས་ཞེས་ཐུག་པ་མེད་པ་དེ་ཉིད་དོ། །སོ་ སོར་ངེས་པའི་རྣམ་པ་དམིགས་པའི་ཕྱིར་རོ་ཞེ་ན། ཅི་འདི་དོན་གྱིས་གོ་བ་ཡིན་ནམ། དེ་ལྟའོ་ཞེ་ན། ཐུག་པ་མེད་པར་བརྗོད་ཟིན་ཏོ། །སོ་སོར་ངེས་པའི་རྣམ་པ་དམིགས་པ་ཉིད་གཞན་དམིགས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་གཞན་ཡོད་པ་ལས་མ་རྟོགས་པ་དངོས་པོ་མེད་ པའོ་ཞེས་བྱ་བ་འགའ་ཡང་མེད་པར་འགྱུར་རོ། །དེས་ན་གཞན་གྱི་དངོས་པོ་ཉིད་གཞན་ལ་ལྟོས་ནས་དངོས་པོ་མེད་པ་ཡིན་ལ་རང་ལ་ལྟོས་ནས་དངོས་པོ་ཡིན་ནོ། །སོ་སོར་ངེས་པའི་རང་བཞིན་དེ་ཡང་དམིགས་པ་ཉིད་ལས་ཡིན་པ་དེས་ན་དམིགས་པ་ཡོད་པར་བརྗོད་དོ། །གལ་ཏེ་སོ་སོར་ངེས་པ་ཉིད་ཡིན་ན་དམིགས་ པ་སོ་སོར་ངེས་པར་འགྱུར་གྱི་དེ་ཉིད་ནི་སོ་སོར་ངེས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་མི་དམིགས་ན་ད་ལྟར་སོ་སོར་ངེས་པ་ཞེས་བྱ་བའི་བློར་འགྱུར་ཏེ། དམིགས་པའི་རིག་བྱ་ཉིད་ལས་འགྱུར་བ་མ་ཡིན་ནམ། དེས་ན་དམིགས་པ་ཉིད་ཡོད་པ་ཡིན་ནོ། །འོན་ཏེ་མ་དམིགས་སོ་སྙམ་པའི་རྣམ་པར་རྟོག་པ་ཉིད་མི་ དམིགས་པ་ཡིན་ན། དེ་ཡང་མ་ཡིན་ཏེ་མ་དམིགས་སོ་སྙམ་པའི་རྣམ་པར་རྟོག་པ་ནི་མི་དམིགས་པ་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན་ན། མི་དམིགས་པ་དེ་ཡང་དཔྱད་ཟིན་ཏོ། །དེའི་ཕྱིར་དམིགས་པ་ཉིད་ཡོད་པ་ཡིན་པས་དམིགས་པར་བྱ་བ་ཉིད་གཞལ་བྱ་ཡིན་ནོ། །གལ་ཏེ་དེ་ཉིད་དོན་དམ་པར་ཡོད་པ་ཉིད་ཡིན་ ན་འོ་ན་འགའ་ལ་ཡང་རྣམ་པ་གཞན་དུ་མི་འགྱུར་རོ་ཞེ་ན། དེ་ནི་གཞན་དུ་མི་འགྱུར་བ་ཁོ་ན་སྟེ། སྐྱེས་བུ་གཞན་ལ་ལྟོས་ནས་ཀྱང་དེ་ནི་དེ་ལྟ་བུ་ཁོ་ན་ཡིན་ཏེ། སྔོན་པོ་ཉིད་ལ་སོགས་པ་བཞིན་ནོ། །ལྐོག་ཏུ་གྱུར་པ་ཉིད་ཀྱིས་ན་ཇི་ལྟར་དེ་ཉིད་ཀྱི་ཚེ་དེ་རྟོགས་པ་ཡིན་ཞེ་ན། དེ་ཉིད་ཀྱིས་རང་བཞིན་གྱིས་དེ་ལྐོག་ཏུ་ གྱུར་པར་རྟོགས་སོ། །གལ་ཏེ་འགས་ཀྱང་དེ་ལྟར་མ་རྟོགས་པའམ་རྟོགས་པར་མི་འགྱུར་བ་ཡིན་ན་དེ་རྗེས་སུ་དཔོག་པ་དོན་མེད་དོ། །དེའི་ཚེ་མ་རྟོགས་པ་དེ་ཇི་ལྟར་དེ་ལྟར་ཡིན་ཞེ་ན། དེའི་ཚེ་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཡང་ག་ལས་མ་དམིགས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་དམིགས་པ་མེད་ པའི་ཕྱིར་མེད་པ་ཁོ་ནའོ། །ཡོད་ཀྱང་མི་དམིགས་པར་འགྱུར་གྱི་མེད་པར་ཇི་ལྟར་འགྱུར་ཞེ་ན། ཡོད་པ་ལ་ཚད་མ་ཡོད་པ་མ་ཡིན་ན་དེ་སྐད་བརྗོད་པར་བྱ་བ་མ་ཡིན་ནམ། རྗེས་སུ་དཔག་པའི་ཚད་མ་ཡོད་དོ་ཞེ་ན། དེ་ཡང་མཐོང་བའི་རང་བཞིན་ཉིད་ཀྱིས་རྗེས་སུ་འབྲང་ངོ་། །ཕྱིས་མཐོང་བའི་ཕྱིར། སྔར་ བལྟ་བར་བྱ་བ་ཉིད་ཇི་ལྟར་ཡིན་ཞེ་ན། གལ་ཏེ་བལྟ་བར་བྱ་བ་ཉིད་མེད་ན། ཡོད་པ་ཉིད་ཇི་ལྟར་ཡིན། ཕྱིས་དམིགས་པའི་ཕྱིར་རོ་ཞེ་ན། ཕྱིས་ཉིད་ཡོད་པར་འགྱུར་མོད་སྔར་ཇི་ལྟར། གལ་ཏེ་སྔར་མེད་ན་ཕྱིས་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དམིགས་པར་བྱ་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །དམིགས་ པར་བྱ་བ་ཉིད་དུ་རྟོགས་པ་ནི་དམིགས་པ་ཡིན་ལ་དེ་ལྟ་མ་ཡིན་ན་ནི་གཞན་དུ་ཡིན་ནོ་ཞེ་ན། གཞན་གྱི་ཚེ་ཡང་དེའི་རང་བཞིན་ཉིད་དུ་ངེས་པའི་ཕྱིར་གཞན་དུ་ཡོད་པ་མ་ཡིན་ཏེ། གཞན་དུ་རྟོགས་པར་མི་ནུས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་འབྱུང་བར་འགྱུར་བ་ལ་ཚད་མ་ཡིན་ནོ་ཞེས་ཀྱང་སྟོན་པར་འགྱུར་རོ། །འོ་ ན་ཇི་ལྟར་གཞལ་བྱ་གཞན་ཡིན་ཞེ་ན། དེ་ཉིད་གཞན་གྱི་ངོ་བོས་རྟོགས་པའི་ཕྱིར་རོ། །དཔེ་དང་ཐུན་མོང་བའི་རང་བཞིན་གྱིས་དེ་ལྟར་རྟོགས་པ་ཉིད་གཞལ་བྱ་གཞན་ཡིན་ནོ། །དེ་ཉིད་རྟོགས་པའི་དབྱེ་བས་དེའི་ངོ་བོར་སྒྲོ་བཏགས་པའི་ཕྱིར་གཞལ་བྱ་གཞན་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ལྟ་ན་ནི་ འོ་ན་ལྟོས་པས་བྱས་པའི་ཕྱིར་དོན་དམ་པ་ཡང་མ་ཡིན་ནོ་ཞེ་ན་བདེན་ཏེ། སྤྱི་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བསྟན་པ་ཉིད་དེ། འདི་སྔ་ན་མེད་པ་བརྗོད་པ་ནི་མ་ཡིན་ནོ། །དངོས་པོ་ལ་མི་སླུ་བའི་སྒོ་ནས་ཐ་དད་པ་ཉིད་དུ་མ་རྟོགས་པའི་ཐ་སྙད་པ་དག་གིས། དངོས་པོ་ཞེས་ཐ་སྙད་དུ་བྱེད་པ་དེས་ན་དེ་ལ་ལྟོས་ནས་ གཞལ་བྱ་རྣམ་པ་གཉིས་ཞེས་དེ་སྐད་བརྗོད་པ་ཡིན་ནོ། །འོན་ཏེ་གཉིས་ཀའི་རང་བཞིན་ཡིན་པའི་ཕྱིར་གཅིག་འཛིན་པ་ཚད་མ་གཞན་ཉིད་དུ་འགྱུར་རོ་ཞེས་བྱ་བར་འདོད་ན། དེ་ནི་མི་རིགས་ཏེ། ཚད་མ་གཅིག་གིས་གཉི་གའི་རང་བཞིན་དུ་རྟོགས་པར་མི་ནུས་པའི་ཕྱིར་རོ། །རྟོགས་ན་ཡང་དེ་ཚད་མ་གཉིས་ཡིན་ ཏེ། རྟོགས་པའི་དབྱེ་བ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །ཡང་ན་རྟོགས་པའི་དབྱེ་བ་ཡིན་པའི་ཕྱིར་དོན་དམ་པའི་མཚན་ཉིད་མ་ཡིན་པས་ན་གཉི་གའི་རང་བཞིན་དུ་ཐལ་བ་མེད་དོ། །སྔོན་པོ་ཉིད་ལ་སོགས་པ་ནི་དོན་དམ་པའི་རང་བཞིན་ལ་དེ་ནི་ལྟོས་པའི་དབྱེ་བས་ཐ་དད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་དོན་དམ་པའི་ གཞལ་བྱ་མེད་པའི་ཕྱིར་ཚད་མ་ཉིད་དུ་འགྱུར་ཞེ་ན། འདི་ལ་བརྗོད་པ། ཐ་དད་བཏགས་པའི་རང་བཞིན་ཕྱིར། །དེ་ཉིད་དོན་དམ་མ་ཡིན་གྱི། །དངོས་པོའི་རང་བཞིན་ཐོབ་བྱ་གང་། །དེ་ནི་དོན་དམ་ལས་གཞན་མིན། །འོ་ན་དོན་དམ་པ་ཡུལ་དུ་བྱེད་པའི་ཕྱིར་ཐ་དད་པར་ཅི་ལྟར་འགྱུར་ཏེ། རང་གི་ ངོ་བོ་དངོས་སུ་བྱེད་ན་ནི་མངོན་སུམ་ཉིད་དུ་འགྱུར་རོ། །དེ་ལ་མ་རེག་ན་ཇི་ལྟར་དེ་ཡུལ་དུ་ཡིན་ཞེ་ན། འདིར་བརྗོད་པ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །གཉིས་པ་འཁྲུལ་པ་ཡིན་པར་འདོད། །ཇི་ལྟར་དོན་དེ་དེ་ལྟར་དེ་ན་རྒྱུའི་དབྱེ་བས་ཐ་དད་པ་དེ་ལྟར་དེ་མངོན་པར་ཞེན་པ་མ་ ཡིན་པའི་ཕྱིར་ཇི་བཞིན་མ་ཡིན་པར་མངོན་པར་ཞེན་པས་ན་འཁྲུལ་པ་ཉིད་ཡིན་ཏེ། སྔར་མཐོང་བའི་དོན་གྱིས་སྐྱེད་པའི་བག་ཆགས་སད་པའི་སྟོབས་ལས་འབྱུང་བ་ཡིན་པས་ན། དངོས་པོ་མ་རེག་ཀྱང་དེར་ལྷག་པར་ཞེན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་རེག་པ་མེད་ན་འོ་ན་ཚད་མ་ཉིད་དུ་མི་འགྱུར་རོ། །མི་ སླུ་བའི་ཕྱིར་ཚད་མ་ཉིད་དོ་ཞེ་ན། གཞན་རྟོགས་པ་ན་གཞན་ཐོབ་པའི་ཕྱིར་མི་སླུ་བར་འགྱུར་རོ་ཞེ་ན། དེ་ཉིད་སྨྲས་པ་ནི། གལ་ཏེ་གཞན་གྱི་ངོ་བོས་ནི། །རྟོགས་ན་འཁྲུལ་པ་ཚད་མ་ཡིན། །གལ་ཏེ་གཞན་གྱི་ངོ་བོས་རྟོགས་ན་ཇི་ལྟར་དེ་རྟོགས་པ་ཡིན། དེ་ནི་གཞན་གྱི་ངོ་བོ་ཉིད་རྟོགས་པ་ཡིན་ནོ། ། དེ་ལ་གཞན་ཐོབ་པ་ནི་འཁྲུལ་པ་ཉིད་ཡིན་ལ་འཁྲུལ་པ་ཡང་ཚད་མ་ཉིད་མ་ཡིན་ནོ་ཞེ་ན། ལན་དུ། བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང་། །ཕྱོགས་འདི་ལ་ནི་ལན་བཏབ་ཟིན། །གཞན་དུ་ཡང་དོན་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་པར་ ཇི་ལྟར་རྟོགས་པར་བྱ་ཞེ་ན་བསམ་པ་ལ་སླུ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་འདི་ལ་ཡང་ཡོད་པའི་ཕྱིར་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པ་མ་ཡིན་ནོ། །འདི་ནི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་དང་། སྣང་བ་ཐ་དད་པའི་ཕྱིར་ཐ་དད་དོ་ཞེས་བྱ་བ་འདི་ཐ་སྙད་པས་རིག་པ་མ་ཡིན་གྱི། འདི་ནི་འཆད་ པར་བྱེད་པ་རྣམས་ཀྱིས་དོན་རྟོགས་པ་ཡིན་ནོ། །གཞན་མཐོང་བའི་ཕྱིར་བསམ་པ་དེ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ནི་དངོས་པོ་སོ་སོར་ངེས་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ཡིན་ནོ། །དེས་ན་ཇི་ལྟར་དེ་ཁོ་ན་ཉིད་དུ་ཡོངས་སུ་མ་བཅད་པར་དེ་ ལ་འཇུག་ཅེས་བྱ་བ་འདི་བརྩད་པར་བྱ་བ་མ་ཡིན་པ་ཁོ་ནའོ། །མཐོང་བ་ལ་ནི་མི་འཐད་པ་མེད་དོ། །མངོན་སུམ་ལ་ཡང་འཇུག་པར་བྱེད་པ་ཉིད་ཇི་ལྟར་འགྱུར་ཏེ། དེ་ལ་ཡང་ཐོབ་པར་བྱ་བའི་རང་བཞིན་ཡོངས་སུ་གཅོད་པ་ནི་མེད་པ་ཁོ་ན་སྟེ། ཉེ་བར་གནས་པ་ཙམ་ཡོངས་སུ་གཅོད་པ་ཡིན་པའི་ཕྱིར་རོ། །གཉིས་ ན་མངོན་སུམ་ཉིད་འཇུག་པར་བྱེད་པ་མ་ཡིན་ཏེ། ཉེ་བར་གནས་པ་ཙམ་ནི་མི་འཐོབ་པའི་ཕྱིར་རོ། །དེར་ཡང་དེ་དག་གཅིག་ཏུ་ལྷག་པར་ཞེན་པ་ཉིད་ཀྱིས་འབྱུང་བར་འགྱུར་བ་ལ་འཇུག་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པའི་འཇུག་པ་ཡང་དེ་ལྟ་བུ་ཉིད་ཡིན་པས་ཅི་ལྟར་མཚུངས་པ་ཉིད་དུ་མ་མཐོང་། འོན་ཏེ་ མངོན་སུམ་ནི་གཅིག་ཏུ་ལྷག་པར་ཞེན་པའི་རང་བཞིན་ནི་མ་ཡིན་ཏེ། ཉེ་བར་གནས་པ་ཡོངས་སུ་གཅོད་པ་ཙམ་ཉིད་དོ། །གཅིག་ཏུ་ལྷག་པར་ཞེན་པ་ནི་དེའི་དུས་ཕྱིས་འབྱུང་བ་ཅན་གྱི་རྣམ་པར་རྟོག་པས་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། རྗེས་སུ་དཔག་པས་ཤིན་ཏུ་ནི། །རང་གི་ངོ་བོ་གཟུང་བའི་ཕྱིར། ། ཉེ་བར་གནས་པས་གཟུང་བ་ལ། །རྣམ་རྟོག་གཞན་ནི་གནས་པར་འགྱུར། །ཇི་ལྟར་ཉེ་བར་གནས་པའི་གཟུགས་ལ་སོགས་པ་ཙམ་འཛིན་པའི་མངོན་སུམ་རྣམ་པར་རྟོག་པ་གཞན་གྱིས་གཅིག་ཏུ་ལྷག་པར་ཞེན་པར་གྱུར་ན་འཇུག་པར་བྱེད་པ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་རང་གི་ངོ་བོ་ཉེ་བར་གནས་པ་ཉིད་ དུ་ལྷག་པར་གསལ་བ་འཛིན་པ་ཡིན་པའི་ཕྱིར། དེར་ཡང་ལྷག་པར་ཞེན་པ་ལས་འཇུག་པར་བྱེད་པའི་རྣམ་པར་རྟོག་པ་གཞན་ཡོད་པར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་པ་ནི་རང་གི་ངོ་བོ་ཉིད་ཀྱིས་ལྷག་པར་ཞེན་པའི་རང་བཞིན་ཡིན་པའི་ཕྱིར། འཇུག་པར་བྱེད་པ་ཉིད་དང་དངོས་པོ་ལ་རེག་པ་མེད་པ་ཉིད་ཡིན་ པས་ན་ཚད་མ་མ་ཡིན་ནོ། །མངོན་སུམ་ནི་དངོས་པོ་ལ་རེག་པ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། དངོས་ལ་རེག་པ་ཙམ་གྱིས་ནི། །མངོན་སུམ་འཇུག་པར་བྱེད་པ་མིན། །འབྱུང་བར་འགྱུར་བ་གཅིག་ཉིད་དུ། །ཞེན་པ་མངོན་སུམ་ཡོད་མིན་ན། །རང་བཞིན་གང་གི་དངོས་པོ་ལ་རེག་ པའི་རང་བཞིན་དེས་ནི་ཚད་མ་མ་ཡིན་ཏེ། འཇུག་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ། །འོན་ཏེ་རང་བཞིན་དེ་ཉིད་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ལ་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན། གང་གིས་དེའི་སྒོ་ནས་མངོན་སུམ་འཇུག་པར་བྱེད་པ་ཉིད་ཡོད་དམ། དེ་རང་ཉིད་འཇུག་པར་བྱེད་པ་ཉིད་ཡིན་ན། འོ་ན་ནི་འཇུག་པར་ བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག