Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 159
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
གཉིས་ཀྱི་ལས་བྱ་བ་དང་། སྣོད་སྤྱད་འབྲིམ་པ་བསྐོ་བ་ལ་གསོལ་བ་ དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་ཀྱི་རྙེད་པ་སྦེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་ཀྱི་རྙེད་པ་འགྱེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་རས་ཆེན་སྦེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་རས་ཆེན་འགྱེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། མངག་གཞུག་པར་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། མཛེས་འཆོས་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་ལ་རྩོད་པ་བྱུང་བ་མངོན་སུམ་གྱིས་འདུལ་བའི་གཟུ་ བོ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་ལ་རྩོད་པ་བྱུང་བ་གཟུ་བོས་ཞི་བར་མ་ནུས་ན་དགེ་འདུན་ནམ་གཟུ་བོ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱེད་པའི་གང་ཟག་གསལ་བ་དང་གསལ་བའི་ཡང་གསལ་བ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་ལ་རྩོད་ པ་བྱུང་བ་གང་ཟག་གསལ་བ་དང་གསལ་བའི་ཡང་གསལ་བས་ཞི་བར་མ་ནུས་ཏེ་དགེ་འདུན་ལ་ཕུལ་བ་ན་དགེ་འདུན་གྱིས་རྩོད་པ་སྦེད་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་རྩོད་པ་བྱུང་བའི་ཚེ་ཚུལ་ཤིང་འབྲིམ་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ ལས་བྱ་བ་དང་། དགེ་སློང་ཁང་པའི་གཞི་རུང་བ་བསྟན་པར་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་གཙུག་ལག་ཁང་གི་གཞི་རུང་བ་བསྟན་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་ཁྱིམ་སུན་འབྱིན་པ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་ བའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། རྒན་པོ་དང་ནད་པ་ལ་ཆོས་གོས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་ལག་གི་བླ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་ དང་། ལྷུང་བཟེད་འབྲེལ་པ་མེད་པར་འབྲིམ་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་དང་དགེ་སློང་མ་སྐྱེ་བོ་ཕལ་པོ་ཆེ་མ་དད་པར་རིག་པར་འགྱུར་བ་དེ་ལྟར་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མའི་ སྟོན་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། སོ་སོར་བཤགས་པའི་ཉེས་པ་སྤང་བའི་ཕྱིར་གང་ཟག་ནགས་ཉུལ་བ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་དགེ་འདུན་གྱི་གནས་ནས་ཕྱུང་བ་ལ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྦྱིན་པ་ལ་གསོལ་བ་དང་ གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་འཁོར་སྐྱོང་ནུས་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་འཁོར་སྐྱོང་ནུས་པ་དང་ལོ་བཅུ་གཉིས་ལོན་པ་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་རྒན་པོ་དང་ནད་པ་ལ་འཁར་བ་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་རྒན་པོ་དང་ན་བ་ལ་དྲ་བ་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་ དང་། དགེ་སློང་མའི་བསླབ་པའི་སྡོམ་པ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་སྦྱིན་པ་ལ་གསོལ་བ་དང་ གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གནས་པར་ཁས་བླངས་པ་དགེ་འདུན་གྱི་ཚད་ལ་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པ་ལ་ གསོལ་བ་དང་གཉིས་ཀྱི་ལས་བྱ་བའོ། །གསོལ་བ་དང་བཞིའི་ལས་སུམ་ཅུ་གང་ཞེ་ན། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་པ་སྦྱིན་པ་ལ་གསོལ་བ་དང་ བཞིའི་ལས་བྱ་བ་དང་། དཀྱིལ་འཁོར་པ་དང་། མཚམས་ཆེན་པོ་དང་། མཚམས་བུ་ཆུང་དགྲོལ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གནས་ནས་ཕྱུང་བ་བཟོད་པའི་ལས་བྱས་པ་མཐུན་པ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། མཐུན་པ་བྱིན་པ་ལ་མཐུན་པའི་གསོ་སྦྱོང་སྦྱིན་པ་ལ་ གསོལ་བ་དང་བཞིའི་ལས་བྱ་བ་དང་། ནན་ཏུར་གྱི་ལས་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་དང་། མ་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང་། གསོ་སྦྱོང་ གཞག་པ་དང་། དགག་དབྱེ་གཞག་པར་བྱ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དེ་དག་ལ་བཟོད་པ་བྱ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། བྱ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། སྤོ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གཞི་ནས་སྤོ་བ་སྦྱིན་པ་ལ་གསོལ་ བ་དང་བཞིའི་ལས་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་གསོལ་ བ་དང་བཞིའི་ལས་བྱ་བ་དང་། སྲ་བརྐྱང་དབྱུང་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དྲན་པས་འདུལ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། མ་སྨྱོས་པས་འདུལ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་ འདུན་གྱི་དབྱེན་བྱེད་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དེའི་རྗེས་སུ་ཕྱོགས་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཁྱིམ་སུན་འབྱིན་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། བཀའ་བློ་མི་བདེ་བ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་ བཞིའི་ལས་བྱ་བ་དང་། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་དཀོན་མཆོག་གཏོང་བ་ བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་འཐབ་ཀྲོལ་བྱེད་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་སྡེ་ཞིང་གནས་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་སྡེ་ཞིང་གནས་སུ་འཛུད་པ་བཟློག་པའི་ཕྱིར་བསྒོ་ བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ལ་བསླབ་པ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བའོ། །ལས་རྣམས་ཀྱི་བསྡུ་བའི་ཚིགས་སུ་བཅད་པ་ནི་འདི་དག་ཡིན་ཏེ། གསང་དང་ ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་ བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང་། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁས་དབུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གསུམ་པོ་དང་། །མི་འབྲལ་སྨྱོས་དང་དགག་དབྱེ་དང་། ། གནས་མལ་སྟོབས་པར་བྱེད་པ་དང་། །རུང་བའི་ས་གཞི་བསྒོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། ། སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེ་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་བ་གཉིས་ཀྱི་ལས་ཡིན་ནོ། །བསྙེན་ པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དག །བརྒྱ་དང་དྲན་དང་མ་སྨྱོས་དང་། །དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ ཡིན་ནོ། །ལས་བརྒྱ་རྩ་གཅིག་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་བཙུན་པ་སློབ་དཔོན་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་ རབ་ཀྱི་དབང་པོ་རྒྱས་པ་བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པ། སྡེ་པ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་ བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤློ་ཀ་ནི་སུམ་སྟོང་བདུན་བརྒྱ་ཡོད། བམ་པོ་ནི་དགུར་བྱས་སོ།། །།