Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 157

Văn bản gốc(Tây Tạng)

Trang 1 / 14 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན། བོད་སྐད་དུ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་
ཕྱག་འཚལ་ལོ། །ཐུབ་པ་སྲིད་རྒྱུན་ཐམས་ཅད་བྲལ་ལ་ཕྱག་འཚལ་ཏེ། །རྣམ་པར་འཆད་དོན་ཡིད་ལྡན་རྣམ་པར་འབྱེད་པ་ཡི། །ཡུལ་ལ་བསྟོད་པ་ཉམས་པས་ཡིད་ཀྱི་གགས་སྐྱེས་པ། །
ཡང་དག་རྣམ་བཤད་ཚུལ་གྱིས་ཞི་བ་ཐོབ་པར་བྱ། །སློབ་མ་གུས་པར་བྱས་ཏེ་འདུལ་བ་ཉན་པ་ལ་ངེས་པར་སྦྱོར་བར་འདོད་པ་ཞིག་གིས་གུས་པ་བསྐྱེད་པའི་ཕྱིར་འདུལ་བའི་ཡོན་ཏན་བརྗོད་པ་ནི་རྣམ་
པར་འབྱེད་པའི་དང་པོར་འདུལ་བ་ལ་བསྟོད་པ། འདུལ་བ་རྒྱལ་པོ་རྗེ་ཡི་རིགས་སུ་འཁྲུངས། །སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །སངས་རྒྱས་འདུལ་བའི་གཙོ་ལ་ཕྱག་འཚལ་
ཏེ། །འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་བརྩམས་སོ། །དེ་ལ་འདུལ་བའི་ཡོན་ཏན་དག་ནི་བརྗོད་པར་བྱ་བའོ། །དེ་རྟོགས་པས་འདུལ་བ་ལ་གུས་པ་ནི་

དགོས་པའོ། །གུས་པ་དེ་ཡང་བསྟོད་པ་འདིས་བྱེད་པས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་ནི་འབྲེལ་པའོ། །འདུལ་བ་ལ་གུས་པས་ཞུགས་པའི་ཚུལ་ཁྲིམས་ཡོངས་སུ་དག་ན་འཕགས་པའི་ལམ་
བསྒོམ་པས་མྱ་ངན་ལས་འདས་པ་ཐོབ་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་འདུལ་བ་ཞེས་བྱ་བ་ནི་རང་གི་ཆོས་ལུགས་ལ་གནས་པ་དག་གོ། །རྒྱལ་པོ་ཞེས་བྱ་བ་ནི་མིའི་བདག་པོ་དག་གོ། །དེ་དག་ནི་དུལ་བ་ཡང་ཡིན་ལ་
རྒྱལ་པོ་ཡང་ཡིན་པས་དུལ་བ་རྒྱལ་པོ་དག་གོ། །དེ་དག་གི་རྗེ་ཞེས་བྱ་བ་ནི་རྗེ་བོ་དག་སྟེ། དུལ་བ་རྒྱལ་པོ་དག་གི་རྗེ་དཔོན་མང་པོས་བཀུར་བ་ལ་སོགས་པ་འཁོར་ལོས་སྒྱུར་བ་དག་གོ། །དེ་དག་གི་རིགས་ཞེས་བྱ་བ་ནི་རིགས་རྒྱུན་མ་
ཆད་པ་སྟེ། དུལ་བ་རྒྱལ་པོ་དག་གི་རྗེའི་རིགས་ཤཱཀྱའི་རིགས་བརྒྱུད་དོ། །དེར་འཁྲུངས་ཞེས་བྱ་བ་ནི་སྐྱེས་པ་སྟེ། གདུལ་བའི་དོན་དུ་གཤེགས་ཤིང་དུལ་བ་རྒྱལ་པོ་དག་གི་རྗེའི་རིགས་སུ་འཁྲུངས་པའོ། །དུལ་བ་རྒྱལ་པོ་
དག་གི་རྗེའི་རིགས་སུ་འཁྲུངས་པ་དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བར་སྦྱར་ཏེ། དེ་གང་ཞེ་ན། འོག་ནས་སངས་རྒྱས་ཞེས་འབྱུང་བ་དང་སྦྱར་རོ། །དེ་ཇི་ལྟར་སངས་རྒྱས་ཡིན་ཞེ་ན། དོན་དང་མཐུན་པའི་མཚན་བསྟན་པའི་ཕྱིར། སློབ་

མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །ཞེས་བྱ་བ་གསུངས་ཏེ། གང་གིས་སློབ་མ་རྣམས་དངོས་པོ་ཐམས་ཅད་ཀྱི་མཆོག་ཁྱད་པར་དུ་འཕགས་པ་མྱ་ངན་ལས་འདས་པར་ཁྲིད་པར་མཛད། ཐོབ་པར་མཛད་པ་དེ་ནི་སློབ་མ་འདུལ་མཛད་ཅེས་བྱའོ། །གང་གིས་རྒྱུད་ལ་ཀུན་དུ་སྤྱོད་པའི་དྲི་མ་
དང་། རྣམ་པར་སྨིན་པའི་དྲི་མ་སྐྱོན་ཆགས་པར་བྱེད་པའི་ཉེས་པ་འདོད་ཆགས་ལ་སོགས་པ་མཆོག་ཏུ་རབ་ཏུ་གཞིག་པར་གྱུར་ཅིང་རང་གི་རྒྱུད་ལ་བག་ཆགས་དང་བཅས་པ་གསལ་བར་གྱུར། ཕྱུང་བར་གྱུར་པ་དེ་ནི་ཉེས་པ་རབ་ཏུ་ཐུལ་བ་ཞེས་བྱ་སྟེ། དེ་ལྟ་བུ་དེ་ལ་ཕྱག་འཚལ་ཏེ།
ཞེས་བྱ་བར་སྦྱོར་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་ལ་ཉེས་པ་རབ་ཐུལ་བ་ཞེས་བྱ་བ་ཉིད་ཀྱིས་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་ཐུན་མོང་མ་ཡིན་པ་ཉེ་བར་བསྟན་ནས་གཏི་མུག་གི་གཉིད་མ་ལུས་པ་དང་བྲལ་བའི་ཕྱིར་སངས་རྒྱས་ཉིད་བདག་ལ་ཕན་པ་ཕུན་སུམ་ཚོགས་པ་
སྟོན་ཏོ། །སློབ་མ་འདུལ་མཛད་ཅེས་བྱ་བ་ཉིད་ཀྱིས་ནི་དངོས་པོ་ཐམས་ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཉིད་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པས་ན་རང་དབང་ཉིད་ཀྱིས་འདུལ་བའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་བསྒྲུབ་
པར་མི་ནུས་ཏེ། དེ་ལ་ཉེ་བར་སྦྱར་བར་བྱ་བའི་དོན་རྣམས་རྣམ་པ་ཐམས་ཅད་དུ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེ་ལྟར་བདག་ལ་ཕན་པ་ཕུན་སུམ་ཚོགས་པ་དང་། གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་གང་ཞེ་ན། དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། དོན་ཐམས་
ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་རམ། ཉོན་མོངས་པ་བག་ཆགས་དང་བཅས་པའི་གཉིད་ཐམས་ཅད་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་ནི་སངས་རྒྱས་ཞེས་བྱ་སྟེ། དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བར་སྦྱོར་རོ། །དེ་ལ་ཕྱག་འཚལ་ཏེ་ཅི་ཞིག་རྗོད་པར་བྱེད་ཅེ་ན། འོག་ནས་འདུལ་
བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ་ཞེས་འབྱུང་བ་བརྗོད་པར་བྱའོ། །འོ་ན་རང་དབང་ཉིད་ཀྱིས་འདུལ་བའི་བསྔགས་པ་བརྗོད་པར་བྱ་བ་ལ། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདུལ་བའི་བསྔགས་པ་རྗོད་པར་བྱེད་ཅེ་ན་དེའི་ཕྱིར་འདུལ་བའི་གཙོ་ཞེས་བྱ་བ་

གསུངས་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་འདུལ་བ་འདིའི་གཙོ་བོ་དངོས་ཡིན་ཏེ། འཇུག་པར་མཛད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་ཕྱག་འཚལ་ཏེ་འདུལ་བའི་བསྔགས་པ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་སྟོན་པར་མཛད་
པ་ཉེ་བར་བསྟན་ནས་འདུལ་བ་ལ་སློབ་མ་དད་པས་རྗེས་སུ་འབྲང་བ་རྣམས་ཀྱི་གུས་པ་སྐྱེད་པར་བྱེད་དོ། །དེ་ལྟར་དུལ་བ་རྒྱལ་པོ་དག་གི་རྗེའི་རིགས་སུ་འཁྲུངས་པ། སློབ་མ་རྣམས་འདུལ་བར་མཛད་པ། ཉེས་པ་རྣམས་རབ་ཏུ་ཐུལ་བའི་སངས་རྒྱས་འདུལ་བའི་གཙོ་བོ་དེ་ལ་ཕྱག་འཚལ་ཏེ་ཞེས་
བྱ་བ་ནི་ལུས་དང་ངག་དང་ཡིད་དག་གིས་ཕྱག་འཚལ་བའོ། །ཏེ་ཞེས་བྱ་བའི་སྒྲ་ནི་བརྗོད་པར་བྱ་བ་འོག་ནས་འབྱུང་བ་འདྲེན་པར་བྱའོ་ཞེས་དམ་བཅས་པ་ལ་ལྟོས་པའི་ཚིག་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཇི་ཞིག་རྗོད་པར་བྱེད་ཅེ་ན། དེའི་ཕྱིར་འདུལ་
བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ་ཞེས་བྱ་བ་གསུངས་ཏེ། བསྔགས་པ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གང་གི་བསྔགས་པ་ཞེ་ན། དེའི་ཕྱིར་འདུལ་བའི་ཞེས་བྱ་བ་གསུངས་ཏེ། གང་གིས་སློབ་མ་རྣམས་མྱ་ངན་ལས་འདའ་བར་འགྲོ་བའི་ཚོགས་ལ་བྱེ་བྲག་ཏུ་འཁྲིད་ཅིང་
སློབ་པར་བྱེད་པ་དེ་ནི་འདུལ་བ་ཞེས་བྱའོ། །དེ་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ཉེ་བར་སྟོན་པའི་གཞུང་སྟོང་ཕྲག་བརྒྱ་པའི་ཚད་ལ་བྱ་སྟེ་དེའིའོ། །དེའི་བསྔགས་པ་ཞེས་བྱ་བ་ནི་དེ་བསྔགས་པར་བྱ་བ་ཡིན་པས་བསྔགས་པ་སྟེ་ཡོན་ཏན་ནོ། །ཅི་དེའི་བསྔགས་པ་ཐམས་ཅད་རྗོད་པར་བྱེད་དམ་ཞེ་ན།
དེའི་ཕྱིར་ཅུང་ཟད་ཅེས་བྱ་བ་གསུངས་ཏེ། བདག་ཉིད་རང་གི་ཐོས་པ་དང་བསམ་པ་གང་ཡིན་པ་དེའི་ཕྱོགས་འགར་གྱུར་པའི་བསྔགས་པ་བརྗོད་པར་བྱའོ། །ཐམས་ཅད་ནི་མ་ཡིན་ཏེ། དེའི་རྣམ་པ་ཐམས་ཅད་ནི་བདག་དང་འདྲ་བ་དག་གིས་བརྗོད་པར་མི་ནུས་སོ་སྙམ་དུ་བསམས་སོ། །དེ་ལྟར་ན་འདིར་
སྤྱིའི་དོན་འདི་ཡིན་ཏེ། སློབ་མ་རྣམས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དང་། གདུལ་བའི་བྱ་བ་སྒྲུབ་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རིགས་སུ་གཤེགས་པ་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་བླ་ན་མེད་པ་རྗེས་སུ་བསྒྲུབ་པ་འདུལ་བ་སྟོན་པར་མཛད་པ་ལ་ཕྱག་

འཚལ་ཏེ། འདུལ་བ་སྨྲ་བར་འདོད་པའི་ཡོན་ཏན་རང་གི་བློ་དང་མཐུན་པ་ཅུང་ཟད་ཅིག་བརྗོད་པར་བྱའོ་ཞེས་བསྟན་ཏོ། །ཅིའི་ཕྱིར་བསྔགས་པ་རྗོད་པར་མི་བྱེད་ཅེ་ན། དེའི་ཕྱིར། ཕ་རོལ་མ་མཐོང་གཏིང་རྟོགས་མ་གྱུར་ཅིང་། །གླགས་པའི་མུན་ནག་སློབ་དཔོན་ཚོགས་རྣམས་ཀྱི། །དབྱེ་བས་
ཐ་དད་འདུལ་བ་རྒྱ་མཚོ་ལ། །ཡོན་ཏན་ཀུན་བསྟོད་རྩོལ་བློ་བདག་ལ་མེད། །ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་བདག་གིས་འདུལ་བ་རྒྱ་མཚོ་འདིའི་ཕ་རོལ་མྱ་ངན་ལས་འདས་པའི་འགྲམ་གཉིས་པ་མ་མཐོང་ལ། བདག་གིས་འདི་འཇུག་པར་མཛད་པ་དེ་བཞིན་གཤེགས་པའི་
དགོངས་པའི་གཏིང་རྟོགས་པར་མ་གྱུར་ཅིང་། ངོ་བོ་ཉིད་ཀྱིས་ཀྱང་འཁོར་ལོ་ལྟ་བུའི་འདྲེས་ལ་སོགས་པའི་དབའ་གློང་དག་གིས་གླགས་པའི་མུན་ནག་ལ་རྣམ་པར་བཤད་པ་བྱེད་པའི་སློབ་དཔོན་གྱི་ཚོགས་རྣམས་ཀྱི་བློའི་དབྱེ་བས་རྣམ་པ་སྣ་ཚོགས་ཐ་དད་པར་གྱུར་པ་དེའི་ཕྱིར་འདུལ་
བ་རྒྱ་མཚོ་ལྟ་བུ་འདི་ལ་ཡོན་ཏན་ཀུན་གྱིས་བསྟོད་པར་རྩོལ་ཞིང་འབད་པའི་བློ་གྲོས་བདག་ལ་མེད་པས་དེ་ན་བསྔགས་པ་ཅུང་ཟད་བརྗོད་པར་བྱའི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་འདུལ་བའི་བསྔགས་པ་དེ་སྨོས་ཤིག་ཅེ་ན། དེའི་ཕྱིར། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་
སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྣམ་པར་འཕེལ་དང་ཞེས་བྱ་བ་ནི་ཁྱད་པར་དུ་འཕེལ་བ་སྟེ། ཡལ་ག་དང་ཡལ་ག་གྱེས་
པ་ལ་སོགས་པ་སྐྱེ་བའོ། །ཀུན་འཛིན་ཞེས་བྱ་བ་ནི་ཆུད་མི་ཟ་བའོ། །རྣམ་པར་འཕེལ་བ་དང་ཀུན་འཛིན་པ་ནི་གཉིས་ཏེ། དེ་གཉིས་ཀྱི་གཞི་ཞེས་བྱ་བ་རྒྱུའི་གཙོ་བོ་ནི་རྩ་བ་ཡིན་ནོ། །དམ་ཆོས་ཞེས་བྱ་བ་ནི་མཛེས་པའི་ཆོས་ནི་དོན་ཇི་ལྟ་བ་བཞིན་དུ་ཉེ་བར་བསྟན་པའོ། །དེའི་ཚོགས་
ཞེས་བྱ་བ་ནི་འདུས་པ་སྟེ། མདོ་སྡེ་དང་ཆོས་མངོན་པ་ལ་སོགས་པའོ། །དམ་པའི་ཆོས་ཀྱི་ཚོགས་དེ་རྣམས་ཀུན་གྱི་རྣམ་པར་འཕེལ་བ་དང་ཀུན་འཛིན་པའི་རྒྱུ་དང་རྩ་བ་ཡང་འདུལ་བ་ཡིན་པར་བདག་ཉིད་ཆེན་པོ་རྣམས་གསུང་ངོ་། །འདི་སྐད་བསྟན་ཏེ། ཇི་ལྟར་འཇིག་རྟེན་འདི་ན་

ཤིང་ནྱ་གྲོ་དྷ་ལ་སོགས་པ་ཤིང་ལྗོན་པའི་རྩ་བ་སའི་ནང་དུ་སོང་བའི་སྦུབས་ན་ཤིང་ལྗོན་པ་རྣམ་པར་འཕེལ་བ་དང་ཀུན་འཛིན་པ་གཉིས་ཀྱི་གཞི་ཞེས་བྱ་བ་རྒྱུའི་གཙོ་བོ་དང་རྒྱུ་དངོས་ཡིན་ཏེ་དང་པོའི་རྒྱུ་ཡིན་པ་དེ་བཞིན་དུ་ཐུབ་པའི་དབང་པོའི་གསུང་རབ་འདི་དག་ཐམས་ཅད་ཀྱི་
རྒྱུ་དང་རྩ་བ་ཡང་འདུལ་བའི་སྡེ་སྣོད་ཡིན་པར་གསུངས་ཏེ། འདི་ལྟར་འདུལ་བའི་ས་གཞི་དག་ལ་དམ་པའི་ཆོས་ཀྱི་ཤིང་ལྗོན་པ་རྣམས་ཀྱི་བསམ་གཏན་དང་། གཟུགས་མེད་པ་དང་། དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་ལ་སོགས་པ་རྣམ་པར་འཕེལ་བ་དང་མ་ཉམས་པའི་དགེ་
སློང་ཉིད་ཀྱི་མཚན་ཉིད་ཀུན་འཛིན་པ་དག་འདུལ་བའི་རྟེན་གྱིས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཞེས་བྱ་བ་
ནི་ཇི་ལྟར་ས་གཞི་ལ་བརྟེན་ཏེ་སྐྱེ་དགུ་སེམས་ཅན་དུ་བགྲང་བ་གཟུགས་ཅན་གྱི་དངོས་པོ་རྣམས་གནས་པར་འགྱུར་བ་དང་། ཏིལ་དང་གྲོ་ལ་སོགས་པ་འབྲུའི་བདག་ཉིད་ཀྱི་འབྲས་བུ་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་བ་དེ་བཞིན་དུ་འདུལ་བ་ལ་བརྟེན་ཏེ་སྡོམ་བརྩོན་དགེ་སློང་དང་དགེ་ཚུལ་ལ་སོགས་པ་རབ་
ཏུ་བྱུང་བ་རྣམས་ཀྱང་གནས་པར་འགྱུར་ཏེ། དེས་སྡོམ་པ་སྐྱེ་བ་དང་ཡོངས་སུ་སྲུང་བ་དང་ལེགས་པར་སྦྱོར་བའི་ཕྱིར་རོ། །བྱམས་པ་བསྒོམ་པ་ལ་སོགས་པ་དགེ་བའི་ཆོས་བསོད་ནམས་རྣམས་ཀྱང་སྐྱེ་བར་འགྱུར་བའོ། །ཇི་ལྟར་འདུལ་བ་དང་ཆོས་མཐུན་པ་ཉིད་ཡིན་ཞེ་ན། དེའི་ཕྱིར། ཚུལ་ཁྲིམས་ཡོན་
ཏན་རྣམས་ཀྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །འདི་ལ་གནས་པར་གྱུར་ན་མཐར་ཕྱིན་འགྱུར། །འདི་ལ་མི་གནས་མཐར་ཕྱིན་ག་ལ་འགྱུར། །ཞེས་བྱ་བ་གསུངས་ཏེ། འདི་ལྟར་དེ་ལྟ་བས་ན་ཚུལ་ཁྲིམས་འདི་དག་ཀུན་དུ་རྟེན་ཅིང་གོམས་པར་བྱས་ལན་མང་དུ་
བྱས་ན་མཆོག་ཉིད་ཐོབ་པར་བྱེད་དོ་ཞེས་གསུངས་པས་ཚུལ་ཁྲིམས་ནི་བསམ་གཏན་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱི་གནས་དང་རྟེན་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ལ། ཚུལ་ཁྲིམས་དེའི་གནས་ནི་འདུལ་བ་ཡིན་པར་གསུངས་ཏེ། དེས་དེའི་རྣམ་པ་ཐམས་ཅད་ཉེ་བར་སྟོན་པའི་ཕྱིར་རོ། །

དེ་ལྟ་བས་ན་འདུལ་བ་ནི་ས་དང་ཆོས་མཐུན་པ་ཉིད་ཡིན་ནོ། །དེའི་ཕྱིར་ཕན་ཡོན་དང་ཉེས་དམིགས་ཀྱང་འདི་ལྟ་བུར་འགྱུར་ཏེ། གང་འདུལ་བ་འདི་ལ་གནས་པར་གྱུར་ཅིང་། ཇི་ལྟ་བ་བཞིན་དུ་རྗེས་སུ་སྒྲུབ་པར་བྱེད་པ་དེ་ནི་ཉེ་བའི་ཕྱིར་མཐའ་མྱ་ངན་ལས་འདས་པར་ཕྱིན་པར་འགྱུར་བར་ཤེས་པར་
བྱའོ། །གང་འདུལ་བ་འདི་ལ་མི་གནས་ཤིང་ཐམས་ཅད་ཇི་ལྟ་བ་བཞིན་རྗེས་སུ་སྒྲུབ་པར་མི་བྱེད་པ་དེས་ནི་རེ་ཞིག་མཐའ་ལས་འདས་པར་ཕྱིན་པར་ག་ལ་འགྱུར་ཏེ། སྡིག་པའི་ལས་བཤགས་པ་ལ་སོགས་པས་མྱ་ངན་ལས་འདས་པར་འགྲོ་བའི་ལས་བསགས་པའི་ཕྱིར་རོ། །གཞི་ཉིད་
ཀྱིས་འདུལ་བ་ལ་བསྟོད་ནས། ད་ནི་བསྲུང་བ་ཉིད་ཀྱིས་སྟོད་པར་བྱེད་དེ། ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡིས། །ཆུ་ཀླུང་ཆེ་ཡང་བཟློག་པར་འགྱུར་བ་ལྟར། །དེ་བཞིན་འདུལ་བ་འཕགས་པའི་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་པའི་ཆུ་ཀླུང་བཟློག་པར་འགྱུར། །ཞེས་བྱ་བ་ནི་
ཇི་ལྟར་ཆུ་ལོན་མི་བྱེད་པ་སྲ་བ་བཅས་ན་ཆུ་ཀླུང་ཆེན་པོ་ཡང་ཟློག་པར་འགྱུར་ཞིང་ཕྱིར་སྒྱུར་བར་བྱེད་པ་དེ་བཞིན་དུ་འདུལ་བ་འཕགས་པར་བསྟོད་པར་འོས་པ་ཆུ་ལོན་ལྟ་བུ་འདིས་ཀྱང་། ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་ཟློག་པར་འགྱུར་ཞིང་ཕྱིར་སྒྱུར་བར་བྱེད་དེ། འདི་ལྟར་ཚུལ་ཁྲིམས་
འཆལ་པའི་རྒྱུར་གྱུར་པ་བུད་མེད་ལ་ལྟ་བ་ལ་སོགས་པ་ནི་ཟློག་པར་བྱེད་པ་དེ་ལས་བྱུང་བའི་ཚུལ་ཁྲིམས་འཆལ་བ་ལ་ནི་སྦྱོང་བ་སྟོན་པར་བྱེད་པའི་ཕྱིར་རོ། །ད་ནི་བྱང་ཆུབ་གསུམ་གྱི་ཚོགས་ཉིད་ཀྱིས་འདུལ་བ་ལ་བསྟོད་པའི་ཕྱིར། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་། །བྱང་
ཆུབ་གང་བརྙེས་ཐུབ་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལ་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་གང་ཡིན་པ་དང་། རང་རྒྱལ་རང་སངས་རྒྱས་
རྣམས་ཀྱིས་བྱང་ཆུབ་བརྙེས་པ་གང་ཡིན་པ་དང་། ཐུབ་པ་བཅོམ་ལྡན་འདས་ཀྱི་སློབ་མ་རྣམ་པར་དག་པའི་སེམས་ཅན་དགེ་བའི་ཚོགས་བསགས་པ་རྣམས་དགྲ་བཅོམ་པའི་ཡོན་ཏན་དང་ལྡན་པ་དགྲ་བཅོམ་པའི་འབྲས་བུ་འཁོར་དང་བཅས་པ་དང་ལྡན་པར་གྱུར་པ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དེ་ལ་ཡང་ཐམས་

ཅད་དུ་རྒྱུ་ནི་འདུལ་བ་ཡིན་པར་གསུངས་ཏེ། དེས་ཚུལ་ཁྲིམས་ལ་གནས་ཚུལ་ཁྲིམས་ལ་བརྟེན་ཏེ་ལམ་བསྒོམ་པའི་ཕྱིར་རོ། །ད་ནི་བསྟན་པའི་གནས་རྒྱུ་ཉིད་ཀྱིས་སྟོད་པར་བྱེད་དེ། ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་
འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་། །བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་རྫོགས་པའི་ཞེས་བྱ་བ་ནི་ཚང་བ་སྟེ། གསོལ་བ་དང་ལས་ལ་སོགས་པ་ལ་འཇུག་ནུས་པའོ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་ཞེས་བྱ་བའི་སྒྲ་ནི་ངེས་པར་
གཟུང་བའི་དོན་ཏོ། །དེས་འདིར་དོན་དུ་ན་དུས་ཇི་སྲིད་དུ་འགྲོ་བ་འཇིག་རྟེན་འཛམ་བུའི་གླིང་འདིར་རྒྱལ་བ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཀྱི་མཆོག་འདུལ་བ་རྫོགས་པ་འདི་གནས་པར་འགྱུར་བའི་དུས་དེ་སྲིད་ཁོ་ནར་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཀྱི་སྒྲོན་མ་ལྷག་མ་འདི་ཡང་གནས་
པར་འགྱུར་ཞིང་། དེ་ལས་བཟློག་པར་གྱུར་པ་འདུལ་བ་རྫོགས་པར་ནུབ་པར་གྱུར་ན་དམ་པའི་ཆོས་ཀྱི་སྒྲོན་མ་ལྷག་མ་ཡང་ཞི་བ་ཐོབ་པར་འགྱུར་ཏེ་ནུབ་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་དཀོན་པ་ཉིད་ཀྱིས་སྟོད་པར་བྱེད་དེ། སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང་།
མདོ་སྡེའི་ཡན་ལག་དེ་དང་དེ་དག་སྤྱོད། །བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེའི་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན། །ཞེས་བྱ་བ་ལ། མི་བཞུགས་ཞེས་བྱ་བས་ནི་མེད་པའི་དོན་བསྟན་ཏོ། །དེ་དང་དེ་དག་ཅེས་བྱ་བ་ནི་ཟློག་པའི་ཚིག་སྟེ་མང་བ་ཉིད་དུ་བསྟན་ཏོ། །དེས་ནི་
འདི་ལྟར་སངས་རྒྱས་མི་བཞུགས་སུ་ཟིན་ཀྱང་འཇིག་རྟེན་འཛམ་བུའི་གླིང་འདི་ན། འདོད་པ་ཁྱོད་ཀྱི་རྩ་བ་ཤེས། །ཁྱོད་ནི་ཀུན་དུ་རྟོག་ལས་བྱུང་། །ཁྱོད་ལ་ཀུན་ཏུ་བརྟག་མི་བྱ། །དེས་ན་ང་ལ་ཁྱོད་མི་འབྱུང་། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་དེ་དང་དེ་ལྟ་བུ་དག་དང་། ལྷའི་མདོ་ལ་
སོགས་པ་མདོ་སྡེའི་ཡན་ལག་དམ་དུམ་མང་པོ་དེ་དང་དེ་དག་སྤྱོད་པ་ཡོད་ཀྱི། །བཅོམ་ལྡན་འདས་བྱུང་དུ་ཟིན་ཀྱང་བསླབ་པ་ལ་འཇུག་པ་མེད་ཅིང་བསླབ་པ་བཅའ་བ་མེད་ན་འདུལ་བའང་མེད་ཅིང་སྤྱོད་པར་མི་འགྱུར་བས་དེའི་ཕྱིར་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དག་པས་ཀྱང་ཆོས་འདུལ་བ་

འདི་དཀོན་པ་ཡིན་ན་མདོ་སྡེ་ལ་སོགས་པ་དག་པས་དཀོན་པ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་དཔེ་ཡི་སྒོ་ནས་བསྟོད་པའི་ཕྱིར། །འཇོག་བྲལ་སེམས་གླང་ལྕགས་ཀྱོ་འདི་ཡིན་ཏེ། །གདུལ་བྱ་མ་ཐུལ་བ་ཡི་སྲབ་འདི་ཡིན། །ར་བའི་མཚམས་ཀྱི་འོབས་དང་འདྲ་བ་སྟེ། །ཟག་
པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་འདིས་སེམས་དོན་རྣམས་ལ་འཇོག་པར་བྱེད་པས་ན་འཇོག་པ་ནི་ཏིང་ངེ་འཛིན་ཏོ། །འཇོག་པ་དེ་དང་བྲལ་བའི་ཕྱིར་འཇོག་པ་དང་མ་བྲལ་བ་ནི་མཉམ་པར་མ་བཞག་པ་སྟེ། དེ་ཉིད་སེམས་ཡིན་པས་འཇོག་བྲལ་སེམས་སོ། །
དེ་ཉིད་གླང་པོ་ཆེ་དང་ཆོས་མཐུན་པ་ཉིད་ཡིན་ཏེ། འཇོག་པ་དང་བྲལ་བའི་སེམས་ནི་གླང་པོ་ཆེ་དང་འདྲ་བས་འཇོག་བྲལ་སེམས་གླང་ཞེས་སྨོས་སོ། །གླང་པོ་ཆེ་དེ་གནས་མ་ཡིན་པ་ལས་བཟློག་ཅིང་གནས་བདེ་བར་འཇོག་པར་བྱེད་པ་ལྕགས་ཀྱོ་ཡིན་པ་དང་འདྲ་བར་འཇོག་པ་དང་བྲལ་བའི་སེམས་གླང་
པོ་ཆེ་དང་འདྲ་བ་དེ་གནས་མ་ཡིན་པ་ལས་བཟློག་ཅིང་གནས་བདེ་བར་འཇོག་པར་བྱེད་པའི་ལྕགས་ཀྱོ་ཡང་འདུལ་བ་འདི་ཡིན་ཏེ་འདྲ་བའི་ཕྱིར་རོ། །གདུལ་བྱ་ཞེས་བྱ་བ་ནི་གདུལ་བར་བྱ་བ་སྟེ་རྟའོ། །མ་དུལ་བ་ཞེས་བྱ་བ་ནི་མ་བསླབས་པ་སྟེ། སེམས་ཀྱི་རྟ་གདུལ་བར་བྱ་བ་མ་ཐུལ་བ་དེ་
འདུལ་བའི་སྲབ་ཀྱི་ཁ་ལྕགས་དང་འདྲ་བ་ཡང་འདུལ་བ་འདི་ཡིན་ཏེ། ཕན་པ་དང་གནོད་པ་ལ་འཇུག་པ་དང་ལྡོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །ར་བའི་མཚམས་ཞེས་བྱ་བ་ནི་ར་བ་ཕྱིའི་མཚམས་ཏེ་དེའི་འོབས་དང་འདྲ་བ་ཡང་འདུལ་བ་འདི་ཉིད་ཡིན་ཏེ། འདའ་བ་དང་འདའ་བར་བྱ་བ་མ་ཡིན་པའི་
མཚམས་ཀྱི་མུ་ཐུག་པ་ཡིན་པའི་ཕྱིར་རོ། །ཟག་པ་ཞེས་བྱ་བ་ནི་གང་གིས་འཛག་པར་བྱེད་པ་ཉོན་མོངས་པ་རྣམས་དང་། གང་ནས་འཛག་པར་འགྱུར་བ་ལུས་དང་ངག་དང་ཡིད་ཀྱི་སྒོ་དག་སྟེ། དེ་དག་ཀུན་འགོག་པའི་ཆུ་ལོན་ཡང་འདུལ་བ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་མངོན་དུ་གྱུར་
པ་དག་དང་། དེ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱང་འདུལ་བས་བཟློག་པའི་ཕྱིར་རོ། །ད་ནི་སྟོན་པ་དང་འདྲ་བ་ཉིད་ཀྱིས་བསྟོད་པའི་ཕྱིར། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་

ཕྱིར། །གཉིས་གྱུར་ཕྱག་བྱ་སངས་རྒྱས་ཆོས་གཅིག་བཞིན། །ཞེས་བྱ་བ་གསུངས་ཏེ། འདི་ལྟར་རྒྱལ་བ་བཅོམ་ལྡན་འདས་ནི་སྟོན་པ་ཡིན་ཏེ། བསྟན་པ་ཐམས་ཅད་འཇུག་པར་མཛད་པའི་ཕྱིར་རོ། །སྟོན་པ་དེའི་བསྟན་བཅོས་དག་ནི་མདོ་སྡེ་དང་ཆོས་
མངོན་པ་ཞེས་བྱ་བའི་གཞུང་གང་ཡིན་པ་དེ་གཉིས་ཡིན་པར་གསུངས་ཏེ། དེ་གཉིས་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བར་མཛད་པའི་ཕྱིར་རོ། །འདུལ་བ་ནི་དངོས་སུ་སྟོན་པ་ཡང་ཡིན་ཏེ། དེ་བཞིན་གཤེགས་པ་འདྲ་བར་རྟག་ཏུ་རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བ་རྣམས་
ལ་རྗེས་སུ་སྟོན་པའི་ཕྱིར་རོ། །བསྟན་བཅོས་དངོས་ཀྱང་ཡིན་ཏེ། གཞུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདུལ་བ་འདི་ནི་ངོ་བོ་ཉིད་གཅིག་ལས་གཉིས་སུ་འགྱུར་བ་ཡིན་ཏེ། སྟོན་པ་དང་བསྟན་བཅོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་པས་འདུལ་བ་འདི་ནི་ཕྱག་བྱ་བའི་འོས་ཡིན་ཏེ།
འདི་ལ་ངེས་པ་ཁོ་ནར་ཕྱག་བྱ་བའོ། །ཅི་ཞིག་དང་འདྲ་བར་གཉིས་སུ་གྱུར་པ་ཡིན་ཞེ་ན། ཆོས་མི་མཐུན་པའི་དཔེ་བསྟན་པའི་ཕྱིར། སངས་རྒྱས་ཆོས་གཅིག་བཞིན་དུ་ཞེས་བྱ་བ་གསུངས་ཏེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་དང་ཆོས་ནི་ངོ་བོ་ཉིད་ཐ་དད་པ་ཡིན་ཏེ། ཐམས་ཅད་
མཁྱེན་པ་ཉིད་ཡིན་པའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ཡིན་པ་མྱ་ངན་ལས་འདས་པ་ཐོབ་པར་མཛད་པ་ཡིན་པའི་ཕྱིར་ནི་ཆོས་ཡིན་པས་དེ་གཉིས་ངོ་བོ་ཉིད་ཐ་དད་ཀྱང་སངས་རྒྱས་ཞེས་བྱ་བ་གཅིག་ཏུ་འགྱུར་བ་བཞིན་དུ། འདི་ནི་དེ་ལས་བཟློག་སྟེ་འདུལ་བ་ཞེས་བྱ་བའི་ངོ་བོ་ཉིད་གཅིག་
པ་ལས་དེ་བཞིན་གཤེགས་པ་དང་འདྲ་བར་རྟག་ཏུ་རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བ་རྣམས་ལ་རྗེས་སུ་སྟོན་པའི་ཕྱིར་ན་སྟོན་པ་ཡང་ཡིན་ལ། གཞུང་གི་རང་བཞིན་ཡིན་པའི་ཕྱིར་ནི་བསྟན་བཅོས་ཀྱང་ཡིན་པས་དེའི་ཕྱིར་སྟོན་པ་དང་བསྟན་བཅོས་ཀྱི་ངོ་བོ་ཉིད་གཉིས་སུ་གྱུར་པ་དེ་ནི་ཕྱག་
བྱ་བའི་འོས་ཁོ་ན་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་བས་ཀྱང་ཆེས་བླ་མ་ཡིན་པས་འདི་ལ་ཕྱག་བྱ་བ་ཉིད་དུ་བསྟན་པའི་ཕྱིར། གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བཅས་རྗེ་སར་བཅས་གྱུར་ཅིང་། །དེ་ནི་མགོན་པོའི་མགོན་ཡིན་སྐྱབས་གནས་ཡིན། །

དེ་ཕྱིར་རབ་བསྒྲིམས་ཚུལ་ལ་ཕྱག་འཚོལ་ཅིག །ཅེས་བྱ་བ་གསུངས་ཏེ། འདུལ་བ་གང་ལ་བརྟེན་ཏེ་གནས་ཤིང་དེ་དང་འགལ་བ་ཀུན་དུ་མི་སྤྱོད་པས་ཐ་སྙད་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུལ་བ་དེ་ལ་ངོ་བོ་ཉིད་ཁོ་ནར་གུས་པ་དང་ལྡན་པའི་སྒོ་ནས་གུས་པ་
དང་བཅས་པ་དང་དེ་ལ་འཇིག་རྟེན་གྱིས་སྨད་པའི་དབང་གིས་དགོངས་པ་བསྟོད་པའི་སྒོ་ནས་རྗེས་དང་བཅས་པར་གྱུར་པ་དེ་འདྲ་བའི་འདུལ་བ་འདི་ལ་རབ་ཏུ་བསྒྲིམས་ཏེ་ཕྱག་འཚོལ་ཅིག་ཅེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེ་ནི་མགོན་པོའི་མགོན་ཡིན་སྐྱབས་གནས་ཡིན། །
ཞེས་བྱ་བ་གསུངས་སོ། །གང་གི་ཕྱིར་འདུལ་བ་དེ་ནི་བདག་ཅག་གི་བླ་མ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་པས་ཀྱང་བླ་མ་མགོན་པོ་ཡིན་ཏེ། དེ་དེ་ལྟ་གུས་པ་དང་བཅས་རྗེ་ས་དང་བཅས་པའི་ཕྱིར་དང་། འདུལ་བ་དེ་ནི་སྐྱབས་ཡིན་ཏེ། ཁྱིམ་ཡོངས་སུ་སྤོང་བ་དང་བརྟུལ་ཞུགས་ཀྱི་
བགོ་བཤའ་ལེགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། འདུལ་བ་དེ་ནི་གནས་ཡིན་ཏེ། བརྟུལ་ཞུགས་བླངས་པ་རྣམས་ལ་སྐྱོབ་པ་དང་སྲུང་བ་དང་། བརྟུལ་ཞུགས་ཀྱང་ཡོངས་སུ་སྲུང་བར་བྱེད་པ་དེའི་ཕྱིར་རབ་ཏུ་བསྒྲིམས་ལ་འདུལ་བ་འདི་ལ་ངེས་པ་ཁོ་ནར་ཕྱག་འཚོལ་ཅིག་བྱ་བའི་ཐ་ཚིག་གོ། །དེ་ནི་
གནོད་པའི་རྒྱུ་ཉིད་ཀྱིས་གུས་པ་སྐྱེད་པའི་ཆེད་དུ་བསྟོད་པའི་ཕྱིར། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བསྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་བྱ་བ་
གསུངས་ཏེ། རབ་ཏུ་བྱུང་བ་བག་མེད་པ་དང་ལྡན་པ་གང་ལ་ལ་ཞིག་སྟོན་པ་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ་ཕན་པ་ཉེ་བར་སྟོན་པའི་བསྟན་པ་འདུལ་བ་ལས་གསུངས་པའི་བཀའ་ལུང་ལ་བཅས་པའི་ཁ་ན་མ་ཐོ་བ་ཡང་ཡིན་པས་དེ་ལས་འདས་ན་ཉེས་བྱས་ལ་སོགས་པ་ཙམ་འབྱུང་བར་སེམས་
ཤིང་རྟོག་པ་ན་དོན་མེད་པ་ཉིད་དོ་སྙམ་དུ་བློ་སྔོན་དུ་གཏོང་ཞིང་ཅུང་ཟད་འདའ་ཞིང་འགལ་བར་བྱེད་པའི་རབ་ཏུ་བྱུང་བ་བག་མེད་པ་དང་ལྡན་པ་དེ་ནི་བསྟན་པ་ལས་འདས་པ་དེ་ལས་འཇིག་རྟེན་ཕ་རོལ་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཆེན་པོས་གདུང་བར་བྱེད་པ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་

པ་དང་འབྲེལ་པ་གཞན་ལ་རག་ལས་ཤིང་གཞན་གྱི་དབང་དུ་གྱུར་པ་ཐོབ་པར་འགྱུར་བས་དེའི་ཕྱིར་སྟོན་པའི་བསྟན་པ་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དཔེས་བསྟན་པའི་ཕྱིར། སྨྱིག་ཚལ་བསྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་
བྱ་བ་གསུངས་ཏེ། དཔེར་ན་རྒྱལ་པོའི་ཨ་མྲའི་ཚལ་སྲུང་བའི་ཕྱིར་ཁོ་ར་ཁོར་ཡུག་ཏུ་སྨྱིག་མ་ཚེར་མ་ཅན་གྱིས་བསྐོར་བ་བྱས་པ་དེ་མི་བག་མེད་པ་ལ་ལ་ཞིག་གིས་འདི་ནི་དགོས་པ་མེད་དེ་གྱོད་ཡང་བ་ཡིན་ནོ་སྙམ་དུ་སེམས་ཤིང་། བསྲེགས་པས་ཨ་མྲའི་ཚལ་དེ་བ་ལང་དང་རྟ་ལ་སོགས་པ་
མཐའ་དག་གིས་ཟོས་པ་ལ་སོགས་པས་ཉམས་ཤིང་གནོད་པར་གྱུར་པ་ན་མི་དེ་ལ་གཞི་དེས་རྒྱལ་པོ་ཁྲོས་པས་ཆད་པ་ཆེན་པོ་ལ་གཏུགས་པ་ལས་བྱུང་བའི་སྡུག་བསྔལ་ཐོབ་པར་འགྱུར་བ་དེ་བཞིན་དུ། འདིར་ཡང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྨྱིག་མའི་ཚལ་ལྟ་བུ་དེ་ལས་འདས་
ཤིང་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཨ་མྲའི་ཚལ་ལྟ་བུ་དེ་ཉམས་པ་ན་རྒྱལ་པོ་ཁྲོས་པ་ལྟ་བུ་རྒྱལ་བའི་བཀའ་ཁྱད་དུ་བསད་ཅིང་བསླབ་པ་དྲལ་བ་དེ་ལས་རྒྱལ་པོའི་སྡུག་བསྔལ་གཞན་གྱི་དབང་དུ་གྱུར་པ་ཐོབ་པ་ལྟ་བུ་འཇིག་རྟེན་ཕ་རོལ་དུ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་
པ་གནོད་པའི་སྡུག་བསྔལ་ཆེན་པོ་འཐོབ་པར་འགྱུར་བས་དེའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་ཡང་སྨྱིག་མའི་ཚལ་ལྟ་བུ་དེ་ཉིད་ལ་གུས་པ་དང་བཅས་པས་བསྲུང་བར་བྱའོ། །ད་ནི་ཁྱད་པར་དུ་གསོད་པའི་སེམས་ཀྱིས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་འདས་པའི་ཉེས་པ་བརྗོད་པའི་ཕྱིར།
འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང་། །བཟླས་ན་ལན་འགའ་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་བཟླས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་འདི་ན་སྐྱེ་བོ་ལ་ལས་རྒྱལ་པོའི་ཚིག་ཆེན་པོ་ཡང་
བཟླས་ན་ལན་འགའ་བྱམས་པའི་གནས་ལྟ་བུའམ་ཡུལ་འཁྲུག་པ་ལ་སོགས་པར་འགྱུར་བའི་གནས་སྐབས་ན་རྒྱལ་པོའི་ཆད་པ་འཐོབ་པར་མི་འགྱུར་བ་ཡང་སྲིད་ཀྱི། ཐུབ་པ་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ་ཕན་པ་མཛད་པ་བླ་ན་མེད་པའི་བཀའ་ལུང་བསླབ་པ་ཚུལ་མ་ཡིན་པ་

ཁྱད་དུ་གསོད་པས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཙམ་ཡང་བཟླ་བ་བྱས་ན་ཕལ་ཆེར་ངན་སོང་གིས་དུད་འགྲོ་བའི་སྐྱེ་གནས་སུ་འགྲོ་བར་འགྱུར་བས་དེའི་ཕྱིར་གུས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དཔེས་བསྟན་པའི་ཕྱིར། ཨེ་ལའི་འདབ་ཀླུ་བཞིན་ཞེས་བྱ་བ་གསུངས་
ཏེ། བཅོམ་ལྡན་འདས་འོད་སྲུངས་ཀྱི་དགེ་སློང་སྤོང་བ་པ་དེས་འཆག་པའི་ཚེ་མགོ་བོའི་སྟེང་དུ་ཤིང་ཨེ་ལའི་འདབ་མས་རེག་པ་ན། བཅོམ་ལྡན་འདས་ཀྱི་བཀའ་ཁྱད་དུ་བསད་དེ་ཤིང་ཨེ་ལའི་འདབ་མ་དེ་བཅད་པས་གཞི་དེས་དགེ་སློང་དེ་ཀླུ་ཨེ་ལའི་འདབ་ཅེས་བྱ་བར་སྐྱེས་ཏེ། མགོ་ལ་ཤིང་ཨེ་
ལའི་དྲུང་ཅིག་སྐྱེས་ཤིང་དེ་འགུལ་བ་ན་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་རྩུབ་པ་ཚ་བ་ཉམས་སུ་མྱོང་སྟེ། དེ་ནས་ཁྲག་དང་རྣག་གི་རྒྱུན་འབབ་པ་ཟས་སུ་ཟ་བར་གྱུར་པ་ལྟ་བུ་དང་། དེ་དང་འདྲ་བ་གཞན་དག་ཏུ་ཡང་འགྲོ་བར་འགྱུར་བའོ། །དེ་ནི་སོ་སོར་ཐར་པའི་རྣམ་པར་བཤད་པར་གྱུར་པ་
ཉིད་ཀྱིས་འདུལ་བ་ལ་བསྟོད་པའི་ཕྱིར། སོ་སོར་ཐར་བྱ་གང་ཡིན་པ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ཡིན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གསུངས་སོ། །དེ་ལ་དོན་ནི་འདི་
ཡིན་ཏེ། གང་ཕྱིར་སོ་སོར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་དང་ཕན་ཡོན་དུ་མས་ཡང་དག་པར་རྒྱས་པ་ཡིན་ལ། རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པ་འདུལ་བ་འདི་དག་ཐམས་ཅད་ནི་སོ་སོར་ཐར་པ་དེའི་རྒྱ་ཆེར་རྣམ་པར་བཤད་པ་ཡིན་པར་གསུངས་པ་དེའི་ཕྱིར་
ཐར་པར་འདོད་པ་དག་གིས་འདུལ་བ་འདི་ལ་གུས་པར་བྱས་ཏེ་མཉན་པ་ལ་འབད་པ་བྱ་ཞིང་། འདུལ་བ་ལ་གུས་པས་མཉན་པའི་སྤྲོ་བ་བརྟན་པར་བྱའོ་ཞེས་སྟན་ཏོ། །འོ་ན་སོ་སོར་ཐར་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་སོ་སོར་ཐར་བྱ་གང་ཡིན་པ་ལ་སོགས་པ་
གསུངས་ཏེ། དེ་ལ་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་གང་ཆེན་མཚོ་ཞེས་པ་རྒྱ་མཚོ་ལྟ་བུ་གང་ལ། གཏིང་ཞེས་བྱ་བ་ཀུན་ནས་སློང་བ་དང་། མཐའ་ཞེས་བྱ་བ་འབྲས་བུ་སྟེ། དེ་གཉིས་དཔག་ཏུ་མེད་པ་དེ་ནི་སངས་རྒྱས་ཀྱི་འདུལ་བ་གང་ཆེན་མཚོ་གཏིང་དང་མཐའ་མེད་པ་ཞེས་

བྱ་བ་སྟེ། འདུལ་བ་རྒྱ་མཚོ་སྟོང་ཕྲག་བརྒྱ་པའི་ཚད་དེ་དག་ཐམས་ཅད་ཀྱི་གནས་པ་ཞེས་བྱ་བ་མཚན་ཉིད་རྣམ་པར་གཞག་པ་དེའི་སྙིང་ཞེས་བྱ་བ་འཕེན་པ་ས་བོན་ཀུན་ནས་སློང་བ་དང་། སྙིང་པོ་ཞེས་བྱ་བ་བརྟན་པ་རྣམ་པར་མི་གཡོ་བ་ནི་སོ་སོར་ཐར་པ་ཞེས་བྱ་བ་སྡིག་པ་ལས་
ཐར་པའམ། འཁོར་བ་ཐམས་ཅད་ལས་ཐར་པ་མདོའི་སྡེ་བསྟན་པ་དེ་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ནི་དམ་ཆོས་རྒྱལ་པོ་ཞེས་བྱ་བ་སངས་
རྒྱས་བཅོམ་ལྡན་འདས་ཀྱི་མདོའི་སྡེ་ལ་སོགས་པ་བསྟན་པའི་ཆོས་ཀུན་གྱི་ནི་འདྲེན་པ་མཆོག་ཡིན་ཏེ་བློན་པོ་རིན་པོ་ཆེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དེ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར། འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཞེས་བྱ་བ་གསུངས་ཏེ། སོ་
སོར་ཐར་པ་འདི་ནི་མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་འདོད་པའི་དགེ་སློང་ཚོང་པའི་ཚོགས་པ་འདྲོན་པ་རྣམས་ཀྱི་བསླབ་པ་ཟོང་ཚུལ་ཁྲིམས་ཀྱི་ནོར་གང་ཡིན་པ་དེའི་ཚོང་ཁང་ཆེན་པོ་ཞེས་བྱ་བ་ཟོང་བཅེར་བའི་གནས་དང་འདྲ་བ་ཡིན་ནོ། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུག་པ་རྣམས་
སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམས་འཁྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱོ་ཡིན། །ཞེས་བྱ་བ་ནི། གང་དག་ཚུལ་ཁྲིམས་འཆལ་པའི་བསླབ་པ་རལ་པ་ལྷག་མ་དང་བཅས་པ་སྦྲུལ་ཆེན་པོ་དུག་མྱུར་དུ་ཁྱབ་པར་བྱེད་པས་ཟིན་ཅིང་རེག་པ་དེ་རྣམས་ཀྱི་ལྟུང་བ་གདུག་པ་
རྣམ་པར་སེལ་ཞིང་རྣམ་པར་འགོག་པའི་སྨན་པ་ནད་སེལ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། །འདིས་དེ་སྦྱོང་བ་སྟོན་པའི་ཕྱིར་རོ། །སོ་སོར་ཐར་པ་འདི་ནི་གང་དག་ལང་ཚོ་གཞོན་པ་ཉིད་རྣམ་པར་འཁྲུལ་ཞིང་རྣམ་པར་སྨྱོས་པའི་མི་རྐང་གཉིས་གཞོན་ནུ་དེ་དག་གི་ལྕགས་ཀྱོ་དང་འདྲ་བར་ཕྱིར་ཟློག་པ་ཡིན་
ཏེ། བསྙིལ་བ་དང་ཡོངས་སུ་གནས་པ་སྤྱོད་པ་ལ་སོགས་པའི་ཉེས་དམིགས་སྟོན་པས་ཀུན་དུ་སྐྲག་པར་བྱེད་པ་ཡིན་པའི་ཕྱིར་རོ། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །ཞེས་

བྱ་བ་ནི་རྒྱ་མཚོ་དུག་ཅན་པ་བས་ཀྱང་ཟབ་ཅིང་ཆེས་གཏིང་སླེབ་པར་དཀའ་བའི་འཁོར་བ་འགྲོ་བ་ལྔ་པའི་འཇིག་རྟེན་གང་ཡིན་པ་དེ་ལས་སྒྲོལ་ཞིང་རྣམ་པར་གྲོལ་བར་འགྱུར་བའི་རྒལ་ཐབས་ཟམ་པ་དང་། གྲུ་དང་། གཟིངས་དང་། རྐྱལ་པ་ལ་སོགས་པ་ལྟ་བུ་ནི་སོ་སོར་ཐར་པ་འདི་ཡིན་ཏེ།
ཚུལ་ཁྲིམས་རྣམ་པར་དག་ན་ལམ་སྐྱེ་བའི་ཕྱིར་རོ། །སོ་སོར་ཐར་པ་འདི་ནི་བཟང་འགྲོ་བདེ་འགྲོར་འགྲོ་ཞིང་འཇུག་པའི་ངེས་པ་བརྟན་པོ་གཅིག་ཏུ་གྱུར་པའི་ཆུ་ལོན་ཟམ་པ་ཞེས་བྱ་བ་ས་གཞི་དང་འབྲེལ་པའི་རྒྱུན་ས་ཡིན་ཏེ། ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ནི་ཉོན་མོངས་
ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཕམ་ཞིང་སྤང་བར་བྱ་བ་ལ་འཕགས་པའི་ལམ་མིའི་བདག་པོ་རྒྱལ་པོ་དང་འདྲ་བའི་
འདྲེན་པ་སྙིང་ཚོམས་མཆོག་ལྟ་བུ་ཡིན་ནོ། །སོ་སོར་ཐར་པ་འདི་ནི་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་རྩེག་མར་འཇུག་ཅིང་འཇོག་པའི་ལམ་གྱི་ཐེམ་སྐས་གཞིའི་ཐེམ་སྐས་དང་པོ་དང་འདྲ་བར་གནས་ཏེ་ལམ་གྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ང་ནི་མྱ་ངན་འདས་འོག་ན། །འདི་ནི་ཁྱོད་ཀྱི་སྟོན་པ་
ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་བྱ་བ་ནི་སྟོན་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ན་དགེ་སློང་དག་དང་ཕྱིན་ཆད་བདག་ཅག་ལ་སྟོན་པ་མེད་པར་འགྱུར་རོ་སྙམ་དུ་དོགས་པ་བཟློག་པའི་ཕྱིར་འདི་སྐད་ཅེས་ང་མྱ་ངན་
ལས་འདས་པར་གྱུར་ནས་སོ་སོར་ཐར་པ་འདི་ཁྱོད་ཀྱི་སྟོན་པ་བྱེད་པར་འགྱུར་བས་འདི་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ་ཞེས་རང་བྱུང་གཞན་གྱི་ལུང་མེད་པར་བླ་ན་མེད་པའི་མཁྱེན་པ་བརྙེས་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་རང་གི་ཞལ་ནས་གུས་པ་དང་བཅས་པར་དགོངས་པ་གཏད་དེ་ནན་ཏན་དུ་དགེ་སློང་
རྣམས་ལ་བཀའ་སྩལ་ནས། དགེ་སློང་གི་ཚོགས་དགེ་འདུན་དུ་བསྟོད་པ་མཛད་པས། དེའི་ཕྱིར་འདི་ནི་སྟོན་པ་ཉིད་ཀྱི་ཞལ་དང་འདྲ་བར་བསྟན་ཏོ། །འདུལ་འདི་སོ་སོར་ཐར་པ་དེའི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཐར་འདོད་རྣམས་ཀྱིས་གུས་བྱས་ཏེ། །འདི་ནི་

ནན་ཏན་མཉན་བྱར་བྱ། །ཞེས་བྱ་བ་ནི་དེ་ལྟར་གང་གི་ཕྱིར་སོ་སོར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་དང་ཕན་ཡོན་དེ་ལྟ་བུ་དུ་མས་ཡང་དག་པར་རྒྱས་པ་ཡིན་ལ། རྣམ་པར་འབྱེད་པ་དེ་ཕྲན་ཚེགས་ལ་སོགས་པ་འདི་དག་ཐམས་ཅད་ནི་སོ་སོར་ཐར་པ་དེའི་རྒྱ་ཆེར་རྣམ་
པར་འབྱེད་པ་ཡིན་པར་དགོངས་པ་དེའི་ཕྱིར་ཐར་པར་འདོད་པ་རྣམས་ཀྱིས་གུས་པར་བྱས་ཏེ་སོ་སོར་ཐར་པ་དེའི་རྣམ་པར་འབྱེད་པར་གྱུར་པ་འདུལ་བ་འདི་དག་རྣམ་པ་ཐམས་ཅད་དུ་ནན་ཏན་གྱིས་མཉན་པར་བྱ་ཞིང་། ཐོས་ནས་ཀྱང་འབྲས་བུ་དང་བཅས་པར་བྱའོ་ཞེས་བསྟན་ཏོ། །འདུལ་བ་རྣམ་
པར་བཤད་པའི་གགས་བསལ་ཏེ། དེ་ལས་བདག་གིས་དགེ་བསྩགས་གང་ཡིན་པས། །འཆིང་བ་མ་ལུས་རབ་ཏུ་དགྲོལ་བྱའི་ཕྱིར། །འཇིག་རྟེན་ཀུན་གྱི་གགས་ནི་ཉམས་གྱུར་ཅིག །འདུལ་བ་ལ་བསྟོད་པ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ་སློབ་དཔོན་དུལ་བའི་ལྷས་རྣམ་
པར་བཤད་པ་རྫོགས་སོ།། །།དེ་ནས་ཞི་ལམ་རྣམ་དབྱེའི་ཕྱིར། །བདག་ལ་རྣམ་པར་འབྱེད་པའི་ཚིག །གང་དག་མི་གསལ་སྣང་བ་དག །དེ་དག་རྣམ་པར་དགྲོལ་བར་བྱ། །ད་ནི་རྣམ་པར་འབྱེད་པའི་གཞུང་ཉིད་ཀྱི་ཚིག་མི་གསལ་བ་རྣམ་པར་བཤད་པར་བྱའོ། །འདིར་ཡང་
བརྗོད་པར་བྱ་བ་ལ་སོགས་པ་བཞི་པོ་དག་ངེས་པར་བརྗོད་པར་བྱ་སྟེ། འདི་ལྟར་བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་ན་ཚིག་ཙམ་ལ་ཡང་ཉན་པ་པོ་དག་གུས་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་འདིར་ལྟུང་བ་སྡེ་ལྔ་པོ་དག་ནི་བརྗོད་པར་བྱ་བའོ། །དེ་དག་གི་ངོ་བོ་ཉིད་བསྟན་པ་ནི་དགོས་པའོ། །
ངོ་བོ་ཉིད་བསྟན་པ་དེ་ཡང་བསྟན་བཅོས་རྣམ་པར་འབྱེད་པ་ཞེས་བྱ་བ་འདིས་བྱེད་པས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་ནི་འབྲེལ་པའོ། །རྣམ་པར་འབྱེད་པ་ལ་སོགས་པའི་འདུལ་བ་ཡོངས་སུ་ཤེས་པས་ཚུལ་ཁྲིམས་ཡོངས་སུ་དག་ན་འཕགས་པའི་ལམ་བསྒོམས་པས་མྱ་ངན་ལས་འདས་པ་ཐོབ་
པ་ནི་དགོས་པའི་དགོས་པའོ། །དེ་ལ་རེ་ཞིག་ཡང་དག་པར་སྡུད་པར་བྱེད་པའི་ཚིགས་སུ་བཅད་པ་དག་རྣམ་པར་བཤད་པར་བྱའོ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །འདུལ་བ་ཐོས་པར་འགྱུར་བ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །བསྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །

ཞེས་བྱ་བ་ལ། བསྐལ་པ་ཞེས་བྱ་བ་ནི་བསྐལ་བར་བྱེད་པ་སྟེ་དུས་ཀྱི་བྱེ་བྲག་གོ། །འདུལ་བ་ཞེས་བྱ་བ་ནི་གང་གིས་སློབ་མ་རྣམས་མྱ་ངན་ལས་འདས་པར་ཁྱད་པར་དུ་ཁྲིད་པར་བྱེད་པའམ། ལམ་ཐོབ་པར་བྱེད་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་ཉེ་བར་སྟོན་པའོ། །དེ་ཐོས་པ་ཞེས་བྱ་བ་ནི་མཉན་
པའོ། །གཟུང་ཞེས་བྱ་བ་ནི་ཚིག་གི་བདག་ཉིད་དང་། དོན་གྱི་བདག་ཉིད་ཀྱིས་རྟོགས་པའོ། །འཛིན་པ་ཞེས་བྱ་བ་ནི་མི་བརྗེད་པའོ། །དེ་གསུམ་ཆར་ཡང་རྙེད་པར་དཀའ་སྟེ། རྒྱ་མཚོ་ཆེན་པོར་གཉའ་ཤིང་གི་མིག་ཏུ་རུས་སྦལ་གྱི་མགྲིན་པ་ཆུད་པའི་ཚུལ་གྱིས་སངས་རྒྱས་འབྱུང་ཡང་མི་ཉིད་
དང་། བར་ཆད་མེད་པ་ཉིད་རྙེད་པར་དཀའ་བས། བསྐལ་པ་ཆེན་པོ་བྱེ་བ་སྙེད་དག་འདས་པས་ཀྱང་དེ་དག་རྙེད་པར་དཀའ་སྟེ། དེ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པའི་དབང་གིས་རྙེད་པར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་ཞེས་བྱ་བ་ནི་འདུལ་བ་ལས་ནན་ཏན་བྱེད་པའོ། །དེའང་
སྔ་མ་དེ་གསུམ་པས་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། ཡང་དག་པར་སྒྲུབ་པ་ནི་མངོན་པར་བརྩོན་པ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་འདུལ་བ་བརྗོད་པར་བྱས་གུས་པར་ཉོན་ཅིག །ཐོས་ནས་ཀྱང་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་དེ་བཞིན་དུ་རྗེས་སུ་བསྒྲུབ་པ་ནན་ཏན་དུ་བྱའོ་ཞེས་བྱ་
བའི་ཐ་ཚིག་གོ། །ཡང་དག་པར་སྡུད་པར་བྱེད་པའི་ཚིག་འདི་དང་འོག་མ་དག་ཀྱང་འདུལ་བ་ལ་གུས་པར་བྱ་བའི་ཕྱིར་གསུངས་པར་ཤེས་པར་བྱ་སྟེ། གང་གི་ཕྱིར་འདུལ་བ་ཐོས་པ་ལ་སོགས་པ་ནི་རྙེད་པར་དཀའ་བའི་སངས་རྒྱས་འབྱུང་བ་དང་ཆོས་བསྟན་པ་ལ་སོགས་པ་ནི་བདེ་བའི་ཕྱིར། གུས་
པ་དང་བཅས་པས་འདུལ་བ་མཉན་པ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིས། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ལ་མཐུན་པ་ཞེས་བྱ་བ་ནི་རོ་གཅིག་
པའོ། །དཀའ་ཐུབ་ཅེས་བྱ་བ་ནི་རྗེས་སུ་བསྒྲུབ་པ་སྟེ། ཉེ་བར་སྦྱོང་བ་གདུང་བར་བྱེད་པའོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། འཕགས་པ་རྣམས་ཞེས་བྱ་བ་

ནི་དགྲ་བཅོམ་པ་ལ་སོགས་པ་དག་གོ། །དམ་པ་དག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ནང་ན་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དག་གོ། །འགྲོགས་པ་ཞེས་བྱ་བ་ནི་ལྷན་ཅིག་མཚུངས་པར་གནས་པའོ། །བྱིས་པ་རྣམས་ཞེས་བྱ་བ་ནི་ཤེས་རབ་འཆལ་པ་
ལོག་པར་སྒྲུབ་པ་རྣམས་སོ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་ལ་འཇུག་ངོགས་བདེ་བའི་ཞེས་བྱ་བ་ནི་འཇུག་པའི་ལམ་བདེ་བའོ། །ཆོས་ལ་གོམས་པ་ཞེས་བྱ་བ་ནི་དགེ་
བའི་ཆོས་ལ་གོམས་པའོ། །ཤེས་རབ་ཐོབ་པར་གྱུར་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཐོབ་པར་གྱུར་པའོ། །ངའོ་ང་རྒྱལ་ཟད་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བའོ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་། །
མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་བྱ་བ་ལ་ནི་ངེས་པར་བྱས་ཤིང་ཞེས་བྱ་བ་ནི་མངོན་པར་བརྩོན་པར་བྱས་པའོ། །དབང་པོ་ཐུལ་བ་དག་ཅེས་བྱ་བ་ནི་དབང་པོ་རྣམས་དབང་དུ་གྱུར་ཅིང་མཉམ་པར་གཞག་པ་དག་གོ། །དེ་དག་དགོན་པ་ཞི་བ་
རྣམས་སུ་རྒས་པར་གྱུར་པ་རྣམས་དང་། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ་ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ་བ་ཞེས་བྱ་བ་ནི་དེ་ལྟར་གང་དག་གིས་མངོན་པར་བརྩོན་པ་བྱས་ནས་དབང་པོ་ཐུལ་བ་ནི་དགོན་པ་ཞི་བ་དབེན་པ་གྲོང་ལས་ཐག་རིང་བའི་ཕྱོགས་དག་ཏུ་རྒྱས་པར་གྱུར་པ་རྣམས་དང་།
གང་དག་མང་དུ་ཐོས་པ་ནི་ནགས་ཀྱི་ནང་དག་ཏུ་ལང་ཚོ་གཞོན་པ་ཉིད་ཡོལ་ཞིང་ཟད་པར་བྱས་པ་དེ་རྣམས་ཀྱི་གནས་པ་ཞེས་བྱ་བ་གསོན་པ་ཉིད་ནི་བདེའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤཱཀྱ་སེང་གེ་དེ་ལ་ནི། །སེན་མོ་བཅུ་ཡི་ཐལ་སྦྱར་ཏེ། །འདུལ་བ་རབ་ཏུ་གདོན་པར་བྱ། །འདུལ་བའི་དོན་དུ་
ང་ལ་ཉོན། །ཞེས་བྱ་བ་ལ་སེན་མོ་བཅུ་ཞེས་བྱ་བ་ནི་ལག་སོར་གཉིས་ཀྱི་སེན་མོ་བཅུའོ། །འདུལ་བའི་དོན་དུ་ཞེས་བྱ་བ་ནི་སློབ་མ་རྣམས་གདུལ་བའི་དོན་དུའོ། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །

བརྟུན་ཞིང་བྱེད་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ། ཁ་ན་མ་ཐོ་ཕྲ་རྣམས་ལ། །ཞེས་བྱ་བ་ནི་ཆ་ཕྲ་མོ་རྣམས་ལའོ། །བརྟུན་ཞིང་བྱེད་པ་ཞེས་བྱ་བ་ནི་བསྲུང་བ་ལ་སོགས་པ་དག་ལ་འབད་པ་ལྷུར་བླང་བའོ། །རྟག་ཏུ་འབད་པས་བདའ་བ་ཡིས། །སེམས་རྟ་ཁ་བླན་དཀའ་བ་ལ། །
མཐུན་པ་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་འདུལ་བ་འདི་ཡིན་ནོ། །ཞེས་བྱ་བ་ལ། རྟག་ཏུ་འབད་པས་བདའ་ཞེས་བྱ་བ་ནི་ལམ་བདེ་བ་དང་འདྲ་བའི་དག་པའི་ཕྱོགས་ལ་གཞུག་པའི་དུས་ན་རྟག་ཏུ་བྲུངས་བཞིན་དུ་འཐེན་ཅིང་བརྩོན་འགྲུས་ཀྱི་ལྕག་གིས་བདའ་ཞིང་བསྐྱོད་དགོས་པའོ། །
ཁ་བླན་དཀའ་བ་ཞེས་བྱ་བ་ནི་ལམ་གོལ་བ་དང་འདྲ་བའི་མི་དགེ་བའི་ཕྱོགས་ལ་འཇུག་པའི་དུས་ན་རླུང་བཞིན་དུ་འཕྱོ་ཞིང་ཆུ་ལོན་གྱི་འགུགས་སྲབ་ཀྱིས་ཕྱིར་བླན་ཞིང་དགུག་དཀའ་བའོ། །མཐུན་པ་ཞེས་བྱ་བ་ནི་རྐྱེན་དུ་འབབ་པ་སྟེ། དཔེར་ན་རྟག་ཏུ་ལྕག་གིས་འབད་པས་བདའ་ཞིང་འགུགས་
སྲབ་ཀྱི་ཁ་ལྕགས་ཀྱིས་ཁ་བླན་དགོས་པའི་རྟ་ལ་གཟེར་བུ་རྣོན་པོ་བརྒྱ་པའི་སྲབ་ཀྱིས་བསླབ་དགོས་པ་དང་འདྲ་བར་སེམས་ཀྱི་རྟ་རྟག་ཏུ་བརྩོན་འགྲུས་ཀྱི་འབད་པས་བདའ་ཞིང་ཚུལ་ཁྲིམས་ཀྱི་ཆུ་ལོན་གྱིས་བླན་དགོས་པ་ལ་བསླབ་པའི་གཟེར་དུ་འབིགས་པར་བྱེད་པ་རྣོན་པོ་བརྒྱ་པའི་འདུལ་བས་
བསྡམ་དགོས་པའོ། །གཟེར་རྣོན་བརྒྱ་པ་ཞེས་བྱ་བ་ནི་བསླབ་པའི་གཞིའི་གཟེར་བུ་འབིགས་པར་བྱེད་པ་མང་པོ་དང་ལྡན་པའོ། །བརྒྱ་པ་ཞེས་བྱ་བ་ནི་མང་པོའི་དཔེ་ཡིན་ནོ། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་
མོངས་གཡུལ་ལས་ངེས་རྒྱལ་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་རྗེས་སུ་བསྒྲུབ་པའི་ཕན་ཡོན་སྟོན་ཏེ། མཚམས་ལས་ཞེས་བྱ་བ་ནི་བསླབ་པ་ལས་སོ། །མི་བདའ་བ་ཞེས་བྱ་བ་ནི་མི་འབྲལ་བའོ། །མི་རྟ་བཟང་པོ་ཞེས་བྱ་བ་ནི་མི་དེ་དག་གི་རྟ་ཅང་ཤེས་དང་འདྲ་བའོ། །ཉོན་
མོངས་གཡུལ་ཞེས་བྱ་བ་ནི་ཉོན་མོངས་པ་གཡུལ་དང་འདྲ་བའོ། །ངེས་རྒྱལ་འགྱུར་ཞེས་བྱ་བ་ནི་སྦྱོར་བར་འགྱུར་ཞིང་འབྲས་བུ་དང་བཅས་པར་འགྱུར་བའོ། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་

རྣམ་པར་འཁྱམ་པར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་རྗེས་སུ་མི་བསྒྲུབ་པའི་ཉེས་དམིགས་སྟོན་ཏེ། མེད་པ་ཞེས་བྱ་བ་ནི་ཡང་དག་པར་མ་བླངས་པས་མ་རལ་བར་གྱུར་པས་སོ། །ནམ་དུའང་ཞེས་བྱ་བ་ནི་ལན་འགའ་ཡང་ངོ་། །འདོད་པར་མི་
འགྱུར་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་མི་ཕྱོགས་པས་མངོན་པར་འདོད་པར་མི་འགྱུར་བའོ། །དཀྲུགས་ཞེས་བྱ་བ་ནི་ཕམ་པར་བྱས་པའོ། །འཇོག་བྲལ་ཞེས་བྱ་བ་ནི་ལྕགས་ཀྱོ་མེད་པ་སྟེ། ཏིང་ངེ་འཛིན་ལ་འཇོག་པའི་དུལ་བ་དང་བྲལ་བའོ། །རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་
བ་ནི་འཁོར་བར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ནི་གང་ལ་སྐལ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡོད་པ་དེ་ནི་ད་རུང་ཡང་བསྟན་པ་རྗེས་སུ་འཇུག་པས་ད་ལྟར་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་སྐལ་ལྡན་
ཞེས་བྱ་སྟེ་དེའིའོ། །ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ལ། ཉན་ཐོས་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ལས་ཆོས་ཉན་པར་བྱེད་པའམ། དེ་བཞིན་གཤེགས་པའི་བཀའ་རྗེས་སུ་སྒྲུབ་པར་བྱེད་པ་སྟེ། སློབ་མ་རིགས་གསུམ་པོ་དག་དང་ལྡན་པ་རྣམས་སོ། །དེ་དག་གི་དགེ་
འདུན་ཞེས་བྱ་བ་ནི་ཚོགས་ཏེ། དེ་ནི་ཉན་ཐོས་ཀྱི་དགེ་འདུན་ནོ། །སྐྱོན་མེད་ཅིང་ཞེས་བྱ་བ་ནི་ལྟ་བའི་ཆུ་བུར་གྱི་སྐྱོན་མེད་པ་སྟེ། ལོག་པར་ལྟ་བ་མ་བྱུང་བའི་ཕྱིར་རོ། །ཆུ་བུར་མེད་ལ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཆུ་བུར་གྱི་ནད་མེད་པ་སྟེ། ཕམ་པ་མ་བྱུང་བའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་
བསྡུ་བའོ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། རྩ་བ་དང་པོས་ནི་ཚུལ་ཁྲིམས་རྣམ་པར་དག་པ་བསྟན་ཏོ། །རྩ་བ་གཉིས་པས་ནི་ཤེས་རབ་རྣམ་པར་དག་པ་བསྟན་ཏོ། །ཤེས་རབ་རྣམ་པར་དག་པས་མྱ་ངན་ལས་འདས་པ་ཞེས་བྱ་བའི་དགེ་བ་ཕུན་སུམ་
ཚོགས་པ་བསྒྲུབ་པའི་ཕྱིར་རོ། །རྩ་བ་གསུམ་པས་སེམས་རྣམ་པར་དག་པ་བསྟན་ཏེ། བསམ་གཏན་གྱི་སེམས་སྦྱོང་བའི་ཕྱིར་རོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་བྱ་བ་

ལ་སོགས་པ་ཚིགས་སུ་བཅད་པ་རྩ་བ་དྲུག་པ་གཅིག་གིས་ནི་བློ་བར་མ་རྣམས་ལ་དེ་ཉིད་འབྲས་བུ་དང་བཅས་པར་རྒྱས་པར་བསྟན་ཏོ། །སྡོམ་པ་ཞེས་བྱ་བ་ནི་ཡང་དག་པའི་སྡོམ་པའོ། །ངག་རྣམས་བསྲུང་ཞིང་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་བསྟན་པས་སྒྲུབ་པར་བྱེད་དོ། །ལས་
ལམ་ཞེས་བྱ་བ་ནི་ལས་ཀྱི་སྒོ་དག་གོ། །དྲང་སྲོང་གསུངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་རྟོགས་པར་འགྱུར་བའོ། །ལོ་བཅུ་གཉིས་པོ་དག་པ་ནི་དང་པོར་ཐར་པའི་ཆ་དང་མཐུན་པ་ཡོངས་སུ་སྨིན་པ་དག་རབ་ཏུ་བྱུང་བའི་ཕྱིར་ཁ་ན་མ་ཐོ་
བ་མེད་པའི་ཁ་ན་མ་ཐོ་བ་མེད་པར་རོ། །ཕྱིས་ནི་འདྲེན་མར་གྱུར་པའི་ཕྱིར་ཉེས་པ་བྱུང་ངོ་། །བབ་པ་ནི་ཞེས་བྱ་བ་ནི་འབྱུང་བ་ནའོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་སངས་རྒྱས་ཀྱི་སྒྲའི་ཉེ་བའི་ཚིག་ཡིན་ཏེ། ཡང་དག་པར་སྡུད་
པར་བྱེད་པ་རྣམས་ཀྱིས་གུས་པར་བྱ་བའི་ཕྱིར་རོ། །ཡུལ་སྤོང་བྱེད་དག་ན་ཞེས་བྱ་བ་ནི་ལྗོངས་ཀྱི་མིང་སྤོང་བྱེད་ཅེས་བྱ་དེ་དག་ནའོ། །ཀ་ལན་ད་ཀའི་གྲོང་ཁྱེར་ན་ཞེས་བྱ་བ་ནི་ཀ་ལན་ད་ཀ་ཞེས་བྱ་བ་རིགས་ཐ་དད་པ་དཔེར་ན་ཧུ་ན་ལ་སོགས་པ་དང་འདྲ་བའི་ཕྱིར་མི་དག་ཡོད་དོ། །དེ་དག་གི་
གྲོང་ནི་ཀ་ལན་ད་ཀ་གྲོང་ཁྱེར་ཞེས་བྱ་བ་སྟེ་དེ་ནའོ། །བཞུགས་སོ་ཞེས་བྱ་བ་ནི་སྤྱོད་ལམ་བཞི་པོ་དག་གིས་གནས་པའོ། །དེའི་ཚེ་ན་ཞེས་བྱ་བ་ནི་དེའི་དུས་ནའོ། །ཕྱུག་པ་ཞེས་བྱ་བ་ནི་སཱ་ལུ་ལ་སོགས་པ་ནང་གི་ཡོ་བྱད་འབྱོར་པའོ། །ནོར་མང་བ་ཞེས་བྱ་བ་ནི་དབྱིག་དང་གསེར་ལ་སོགས་
པ་ནོར་འབྱོར་པའོ། །ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ནི་མ་ཧེ་ལ་སོགས་པ་དག་དང་གྲོང་ལ་སོགས་པ་དག་གིས་སོ། །ཡོངས་སུ་གཟུང་བ་ཡངས་པ་ཞེས་བྱ་བ་ནི་བྲན་ལ་སོགས་པ་ཡོ་བྱད་དང་མི་དག་གིས་སོ། །ཡོངས་སུ་བཟུང་བ་རྒྱ་ཆེ་བ་ཞེས་བྱ་བ་ནི་ཁང་ཁྱིམ་གྱི་གཏོས་རྒྱ་ཆེ་བའོ། །རྣམ་ཐོས་
ཀྱི་བུའི་ནོར་དང་ལྡན་པ་ཞེས་བྱ་བ་ནི་གྲངས་དང་རིན་པོ་ཆེའི་ནོར་དང་ལྡན་པའི་ཕྱིར་རོ། །རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞེས་བྱ་བ་ནི་ནོར་མཉམ་པ་གཞན་མི་སྣང་བས་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པའི་ཕྱིར་རོ། །ཆུང་མ་ཞེས་བྱ་བ་ནི་ཁྱིམ་མོའོ། །དེ་དང་ཞེས་བྱ་བ་ནི་ཆུང་མ་དང་ངོ་། །

རྩ་བར་བྱེད་ཅེས་བྱ་བ་ནི་རྒྱན་པོ་དང་ཕོ་ལོངས་ལ་སོགས་པས་སོ། །དགའ་བར་བྱེད་ཅེས་བྱ་བ་ནི་གླུ་དང་བྲོ་དང་འཁྱུད་པ་ལ་སོགས་པས་སོ། །དགའ་མགུར་སྤྱོད་པ་ཞེས་བྱ་བ་ནི་འཁྲིག་པས་བདག་ཉིད་ཀུན་ཏུ་སྤྱོད་པ་བསྙེན་བཀུར་བྱེད་དུ་འཇུག་པའོ། །སངས་
རྒྱས་ལ་མངོན་པར་དད་ཅེས་བྱ་བ་ནི་མི་སློབ་པའི་ཆོས་ཀྱི་ངོ་བོ་ཉིད་དེ་བཞིན་གཤེགས་པ་སྐུ་ལུས་དང་བཅས་པ་ལ་དད་པར་གྱུར་པའོ། །ཆོས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ། །དགེ་འདུན་ལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པའི་ངོ་བོ་ཉིད་ཀྱི་དགེ་སློང་གི་ཚོགས་ལའོ། །སྐྱབས་སུ་སོང་ཞེས་
བྱ་བ་ནི་རྟེན་ཏུ་ཁས་བླངས་པའོ། །སྲོག་གཅོད་པ་སྤངས་ཏེ་ཞེས་བྱ་བ་ནི་ཡང་དག་པའི་ལེན་པའི་དུས་ན་སྲོག་ཆགས་གསོད་པའི་ཡིད་ཡོངས་སུ་གཏང་སྟེའོ། །སྲོག་གཅོད་པ་ལས་ཕྱིར་ལོག་ཅེས་བྱ་བ་ནི་དུས་ཕྱིས་ཀྱང་ལུས་དང་ངག་དག་གིས་ཕྱིར་ལོག་པར་གྱུར་པའོ། །མ་བྱིན་པར་ལེན་
པ་ཞེས་བྱ་བ་ནི་གཞན་གྱི་རྫས་བདག་གིར་བྱེད་པའོ། །འདོད་པ་ལ་ལོག་པར་གཡེམ་པ་ཞེས་བྱ་བ་ནི་བགྲོད་པ་མ་ཡིན་པ་དང་། ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པ་དག་ཏུ་སྨད་པའི་འདོད་པ་བསྟེན་པའོ། །བརྫུན་དུ་སྨྲ་བ་ཞེས་བྱ་བ་ནི་བསླུ་བའི་ཕྱིར་
གཞན་དུ་སྟོན་པའོ། །འབྲུའི་ཆང་ཞེས་བྱ་བ་ནི་ཟས་ཀྱི་ཆང་ངོ་། །བཅོས་པའི་ཆང་ཞེས་བྱ་བ་ནི་རྫས་ཀྱི་ཆང་ངོ་། །མྱོས་པར་འགྱུར་བ་ཞེས་བྱ་བ་ནི་ར་རོ་བར་འགྱུར་བའི་རྫས་སོ། །བག་མེད་པའི་གནས་ཞེས་བྱ་བ་ནི་འབྲུའི་ཆང་དང་བཅོས་པའི་ཆང་གི་མཚན་ཉིད་དོ། །བག་མེད་པ་ཞེས་བྱ་བ་ནི་
དོན་ནི་ཉམས་ལ་དོན་མ་ཡིན་པ་ནི་འཕེལ་བའོ། །དེའི་གནས་ཞེས་བྱ་བ་ནི་དེའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་སྤེལ་ཞིང་ཞེས་བྱ་བ་ནི་བསྐྱེད་ཅིང་ངོ་། །སྐྲ་དང་ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང་། མི་འབྲེལ་བར་བྱ་བའི་ཕྱིར་
སྐྲ་དང་ཁ་སྤུ་དག་བསྐྱར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །བགོས་ནས་ཞེས་བྱ་བ་ནི་གྱོན་ནས་སོ། །ཡང་དག་པ་ཁོ་ནར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་དུའོ། །ཁྱིམ་ནས་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་ནས་སོ། །ཁྱིམ་མེད་པར་ཞེས་བྱ་བ་ནི་ཁྱིམ་ཡོངས་སུ་སྤངས་པ་དང་མཐུན་པར་རབ་ཏུ་འབྱུང་བར་

རོ། །རབ་ཏུ་བྱུང་ངོ་ཞེས་བྱ་བ་ནི་ཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་པ་ཞེས་བྱ་བ་ནི་ཁྱིམ་ན་གནས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་དུའོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་ཡོད་པ་སྟེ། དེའི་འབྲས་བུའི་རྗེས་སུ་ཞུགས་པས་ད་ལྟ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་ལྡན་པ་ཞེས་
སྨོས་སོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་འདི་སྙམ་དུ་སེམས་པར་འགྱུར་བའོ། །ལེགས་པར་གསུངས་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་གསུངས་པའོ། །ཆོས་འདུལ་བ་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་དོན་དུ་ཉེ་བར་བསྟན་པའི་གསུང་རབ་ལའོ། །བདག་གིས་མ་རྙེད་དེ་རྙེད་
པ་མ་ཡིན་ཞིང་ཞེས་བྱ་བ་ནི་མིའི་ཆོས་ལས་བླ་མ་མ་ཐོབ་པའི་ཕྱིར་རོ། །ཉེས་པ་རྙེད་དེ་ལེགས་པར་རྙེད་པ་མ་ཡིན་གྱི་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྙེད་པ་ལ་སོགས་པ་ཡང་རྫོགས་པར་མ་རྙེད་པའི་ཕྱིར་རོ། །འབྲལ་བའི་ཕྱིར་ཞེས་བྱ་བ་ནི་ཐ་དད་པ་ཉིད་དུ་བྱ་བའི་ཕྱིར་རོ། །ལྗོངས་རྒྱུར་ཞེས་བྱ་བ་ནི་ཡུལ་
གཞན་དུ་རྒྱུར་རོ་སྙམ་མོ་ཞེས་བྱ་བ་ནི་སོམ་ཉི་བྱེད་པའོ། །མུ་གེ་ཞེས་བྱ་བ་ནི་སློང་མོ་དག་འབྱོར་པ་མེད་པའོ། །ཉམ་ང་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་སྡུག་བསྔལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དགོན་པ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དག་མེད་པའི་འབྲོག་དགོན་པ་དང་འདྲ་བའི་ཕྱིར་རོ། །ཟས་ཞེས་བྱ་
བ་ནི་བཟའ་བའོ། །སྦྱིན་པ་ཞེས་བྱ་ནི་གཏོང་བར་བྱེད་པའོ། །བྱ་བར་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །སེམས་པ་ཞེས་བྱ་བ་ནི་སེམས་པའོ། །སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་བསམ་ཡང་ཅི་དགོས་ཞེས་བྱ་བའོ། །ད་ལྟར་ཞེས་བྱ་བ་ནི་དེང་སང་ངོ་། །ཟས་དག་ཅེས་བྱ་བ་ནི་འབྲས་ཆན་
ལ་སོགས་པ་བཟའ་བར་བྱ་བ་དག་གོ། །སྦྱོར་དུ་གཞུག་ཅེས་བྱ་བ་ནི་བྱེད་དུ་གཞུག་པའོ། །སྐྱོ་མ་དག་ཅེས་བྱ་བ་ནི་སྐྱོ་མའི་བཏུང་བ་དག་གོ། །ཐུག་པའི་བཏུང་བ་དག་ཅེས་བྱ་བ་ནི་ཐུག་པར་བཏུང་བ་དག་གོ། །རྟག་རེས་འཁོར་དག་ཅེས་བྱ་བ་ནི་རྒྱུན་དུ་ཡོད་པ་དག་གོ། །མགྲོན་དུ་བོས་པ་
དག་ཅེས་བྱ་བ་ནི་ལན་འགའ་ཡོད་པ་དག་གོ། །བརྒྱད་སྟོན་ཞེས་བྱ་བ་ལ་སོགས་པ་གསུམ་ནི་ཚེས་བརྒྱད་ལ་སོགས་པ་ལ་ངེས་པའི་སྟོན་མོ་དག་གོ། །སྤྱན་གཟིགས་ཕྲན་ཚེགས་ཞེས་བྱ་བ་ནི་རྩ་བའི་བཅའ་བར་བྱ་བ་ལ་སོགས་པ་དག་གོ། །ཅི་དགར་ཞེས་བྱ་བ་ནི་ཅི་འདོད་པར་རོ། །འདུག་

ནས་ཞེས་བྱ་བ་ནི་གནས་ནས་སོ། །མཐར་གྱིས་ཞེས་བྱ་བ་ནི་རྐང་པ་བྱུག་པ་ལ་སོགས་པ་དག་གིས་ཐོད་རྒལ་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་བའི་ཚེ་ཞེས་བྱ་བ་ནི་རྒྱུ་བ་ནིའོ། །གན་དུ་ཞེས་བྱ་བ་ནི་དྲུང་དུའོ། །དགོན་པ་ཞེས་བྱ་བ་ནི་ངེས་པར་དགོན་པར་
གནས་པའོ། །ཆོས་གོས་གསུམ་པ་ཞེས་བྱ་བ་ནི་ཆོས་གོས་གསུམ་པ་ལས་ལྷག་པ་བདག་གིར་མི་བྱེད་པའོ། །ཕྱག་དར་ཁྲོད་པ་ཞེས་བྱ་བ་ནི་ལམ་པོ་ཆེ་ནས་རྙེད་པའི་གོས་ཀྱི་དམ་དུམ་ཕྱག་དར་དང་འདྲ་བར་གྱུར་པ་དག་གིས་འཚོ་བའོ། །བསོད་སྙོམས་པ་ཞེས་བྱ་བ་ནི་སློང་མོའི་ཟས་ཀྱིས་འཚོ་
བའོ། །མཐར་ཆགས་ཀྱིས་རྒྱུ་བ་ཞེས་བྱ་བ་ལ་མཐར་ཞེས་བྱ་བ་ནི་ཁྱིམ་རེ་རེར་མཐར་གྱིས་འཇུག་པ་སྟེ། མཐར་དེ་དང་བསོད་སྙོམས་ལ་རྒྱུ་བ་བཅས་པ་ནི་མཐར་ཆགས་ཀྱིས་རྒྱུ་བ་ཞེས་བྱ་བ་སྟེ། རིམ་གྱིས་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དང་པོ་ཁོ་ནར་ཞེས་བྱ་བ་ནི་ཐོག་མ་ཁོ་ནར་རོ། །བསོད་
པ་ཞེས་བྱ་བ་ནི་མར་ལ་སོགས་པ་བསྟབས་པས་སོ། །ཚིམ་པར་བྱས་ནས་ཞེས་བྱ་བ་ནི་ཇི་ཙམ་འདོད་པ་ཟར་བཅུག་ནས་སོ། །སྔ་དྲོ་ཞེས་བྱ་བ་ནི་གུང་ཚིགས་ཀྱི་མདུན་རོལ་དུའོ། །ཤམ་ཐབས་བགོས་ཏེ་ཞེས་བྱ་བ་ནི་སྨད་ཀྱི་གོས་བགོས་ཏེའོ། །ཆོས་གོས་ཐོགས་ནས་ཞེས་བྱ་བ་ནི་སྟོད་ཀྱི་
གོས་བགོས་ནས་སོ། །བསོད་སྙོམས་ལ་ཞུགས་པ་ནི་ཞེས་བྱ་བ་ནི་རྒྱུ་བ་ནའོ། །ཁྱིམ་ཞེས་བྱ་བ་ནི་ཁང་ཁྱིམ་མོ། །སྦྱིན་པ་ཞེས་བྱ་བ་ནི་སློང་མོ་ལ་སོགས་པ་སྦྱིན་པར་བྱའོ། །ཕྱིར་གཏོང་བ་ཞེས་བྱ་བ་ནི་ཕྱིར་བཟློག་པའོ། །མྱུར་བ་མྱུར་བར་ཞེས་བྱ་བ་ནི་ཡང་དང་ཡང་དུ་ཚིག་གཉིས་བཟླས་
པའམ་རྣམ་པ་གཞན་དང་གཞན་དུའོ། །མ་ཞེས་བྱ་བ་ནི་སྐྱེད་པའི་མའོ། །འགའ་ཞིག་ལ་ཞེས་བྱ་བ་ནི་དོན་དགོས་པ་མེད་པའི་ཕྱིར་མིང་མ་སྨོས་སོ། །ཇོ་མོ་ཞེས་བྱ་བ་ནི་ཇོ་མོ་ལ་བོད་པའོ། །མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ནི་ཐུགས་སུ་ཆུད་པར་མཛོད་ཅིག་ཅེས་བྱ་བའོ། །ཇོ་ཅོ་ཞེས་བྱ་བ་ནི་བུ་ཐུ་
བོ་ལ་གཅུགས་པའི་ཚིག་གོ། །འཕྱི་བ་འཕྱི་བར་ཞེས་བྱ་བ་ནི་སྔར་ཡང་དང་ཡང་དུ་མ་འོངས་པ་སྟེ། རྣམ་པའི་ཚིག་ཡིན་པས་ལན་གཉིས་བཟླས་སོ། །མ་ལ་ཞེས་བྱ་བ་ནི་དོན་འདི་ལ་སོགས་པར་འཇུག་སྲིད་པ་བསྟན་ཏོ། །འདོད་པའམ་ཞེས་བྱ་བ་ནི་སྐྱེ་བོ་ཁྱིམ་པར་མངོན་པར་འདོད་པའོ། །

མངོན་པར་མི་དགའ་བའམ་ཞེས་བྱ་བ་ནི་རབ་ཏུ་བྱུང་བས་ཡིད་བྱུང་བའོ། །རྣམ་པར་འཁྱམ་འདོད་པར་གྱུར་ཅིང་ཞེས་བྱ་བ་ནི་ཕྱིར་འབབ་པར་འདོད་པའོ། །དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་འབྲས་བུ་མེད་པར་སེམས་པའོ། །སྒྱིད་ལུག་པ་ཞེས་བྱ་བ་ནི་ལུས་
ཀྱིས་ངལ་བར་བྱེད་པའོ། །མུས་བྱུང་བའམ་ཞེས་བྱ་བ་ནི་སེམས་ཀྱིས་ངོ་ཚ་བར་བྱེད་པ་སྟེ། དེ་གཉིས་ནི་འཇིག་རྟེན་འདི་ལ་ལྟོས་པས་སོ། །ཐེ་ཚོམ་ཟ་འམ་ཞེས་བྱ་བ་ནི་ཡིད་གཉིས་ཟ་བའོ། །སྨོད་པའམ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་ནི་མི་བཟང་བའ་སྙམ་དུ་སྨོད་པ་སྟེ། དེ་གཉིས་ནི་འཇིག་
རྟེན་ཕ་རོལ་ལ་ལྟོས་པས་སོ། །ཡོངས་སུ་གཏོང་འདོད་པའམ་ཞེས་བྱ་བ་ནི་འདོར་བར་འདོད་པའོ། །རིག་ནས་ཞེས་བྱ་བ་ནི་ཤེས་ནས་སོ། །གལ་ཏེ་ཞེས་བྱ་བ་ཇི་སྟེ། ཞེས་བྱ་བའི་ཐ་ཚིག་གོ། །བུད་མེད་ཀྱི་ནོར་ཞེས་བྱ་བ་ནི་བུད་མེད་ཀྱི་རྫས་སོ། །བུད་མེད་ཀྱི་བག་རྫངས་ཞེས་བྱ་བ་ནི་བག་མའི་
རྫངས་ཁུད་པའོ། །བུད་མེད་དབང་བའི་རྫས་ཞེས་བྱ་བ་ནི་བདག་གིར་བྱས་པའི་རྫས་སོ། །འམ་ཞེས་བྱ་བ་ནི་རྣམ་གྲངས་ཉིད་བསྟན་པའི་ཕྱིར་རོ། །དབྱིག་ཅེས་བྱ་བ་ནི་དངུལ་ལོ། །གསེར་ཞེས་བྱ་བ་ནི་གསེར་ཉིད་དོ། །དེ་ནི་ཁྱོད་ཀྱི་མའི་ཡིན་ནོ་ཞེས་བྱ་བ་ནི་ཚད་ཅེས་བྱ་བའི་ཚིག་གི་ལྷག་མའོ། །
མཚན་མ་བཏབ་པ་ཞེས་བྱ་བ་ནི་མངོན་མཚན་ཅན་ཉིད་དུ་གྱུར་པའོ། །བརྒྱ་ཕྲག་ཅེས་བྱ་བ་ལ་སོགས་པ་ནི་དགེ་བ་ཐ་དད་པ་དག་ཡིན་ཏེ། གནས་ལ་སོགས་པའི་དབྱེ་བ་ཐ་དད་པར་བསྟན་པའི་ཕྱིར་རོ། །གཞན་ཞེས་བྱ་བ་ནི་གཙོ་བོའོ། །ཕལ་ཞེས་བྱ་བ་ནི་གོས་ལ་སོགས་པ་སྙིང་པོ་མ་ཡིན་པའོ། །ཅི་དགོས་
ཞེས་བྱ་བ་ནི་ཅི་བསམ་ཞེས་བྱ་བའོ། །སྦྱིན་པ་དག་ཀྱང་ཞེས་བྱ་བ་ནི་ཕན་གདགས་པའི་དོན་དག་གོ། །བསོད་ནམས་དག་ཀྱང་ཞེས་བྱ་བ་ནི་ཆོད་པའི་དོན་དག་གོ། །ཡང་ན་སྦྱིན་བདག་ཅེས་བྱ་བ་ནི་སྦྱིན་བདག་བྱུང་བའི་བསོད་ནམས་དག་ཀྱང་བརྗོད་དོ། །བསོད་ནམས་དག་ཅེས་བྱ་བས་ནི་ཚུལ་ཁྲིམས་
ལས་བྱུང་བའི་བསོད་ནམས་དག་བརྗོད་དོ། །ཕྱིར་བཟློག་པར་ཞེས་བྱ་བ་ནི་དབང་དུ་བྱ་བར་རོ། །བག་སར་ཞེས་བྱ་བ་ནི་བསུས་ནས་རིང་པོ་མ་ལོན་པའི་བུད་མེད་དོ། །སྦད་པར་བྱའོ་ཞེས་བྱ་བ་ནི་སྤྲོ་བར་བྱའོ། །ཀྱེ་ཞེས་བྱ་བ་ནི་བོད་པའོ། །དུས་ལ་བབ་ཅིང་ཞེས་བྱ་བ་ནི་མངལ་ན་གནས་པ་

འཛིན་པའི་དུས་ལ་བབ་ཅིང་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་ཁྲག་དང་ལྡན་པའོ། །སྔོན་གྱི་ཆུང་མ་ཞེས་བྱ་བ་ནི་ཁྱིམ་པ་མོ་སྟེ། སྔོན་གྱི་ཁྱིམ་པའི་དུས་ཀྱི་ཆུང་མ་ཞེས་བྱ་བའི་ཐ་ཚིག་གོ། །ལས་མཉན་ཏོ་ཞེས་བྱ་བ་ནི་དེ་ལས་
མཉན་པའི་དང་དུ་བླངས་པའོ། །གྱུར་ནས་ཞེས་བྱ་བ་ནི་སྐྱེས་ནས་སོ། །ངན་བུ་ཞེས་བྱ་བ་ནི་བདག་གོ། །ཇི་ལྟ་བུ་ཞེས་བྱ་བ་ནི་ཅི་འདྲ་བས་སོ། །བསྐུ་མཉེ་ཞེས་བྱ་བ་ནི་བསྐུ་ཞིང་མཉེ་བའོ། །ཕྲེང་བ་རྒྱུ་ཞེས་བྱ་བ་ནི་མེ་ཏོག་གོ། །བརྒྱན་ན་ཞེས་བྱ་བ་ནི་ལུས་བརྒྱན་པ་དང་ལྡན་པའོ། །དགའ་
བ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་དང་རྗེས་སུ་མཐུན་པའམ་ལུས་དང་རྗེས་སུ་མཐུན་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པའོ། །ངན་བུ་འདི་འདྲ་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སྟ་གོན་བྱས་པ་ཉིད་དུ་བརྗོད་པའོ། །བདག་གིས་ཅི་ཞིག་བགྱི་ཞེས་བྱ་བ་ནི་
མཚན་ཉིད་ལུང་ནོད་པའོ། །བཞོན་པ་ལས་བབས་ནས་ཞེས་བྱ་བ་ནི་སྒོ་ལ་སོགས་པས་བཞོན་པ་ལ་ཐོགས་པ་ཡོད་པའི་ཕྱིར་རོ། །བླ་གབ་མེད་པ་ཞེས་བྱ་བ་ནི་གཡོགས་མ་མེད་པའི་ཕྱོགས་སོ། །འཆགས་ན་ཞེས་བྱ་བ་ནི་བཅག་པར་བྱ་བའི་ཆེད་ཀྱི་ཕྱོགས་ནས་སོ། །ས་བོན་གྱི་ཆོས་ཞེས་བྱ་
བ་ནི་ཁུ་བའོ། །ཆུང་ཞིག་ཅེས་བྱ་བ་ནི་ཅུང་ཟད་ཅིག་གོ། །བུ་མེད་པའི་ཞེས་བྱ་བ་ནི་བུ་མེད་པའི་རྒྱུད་ཀྱིའོ། །དེ་བཞིན་དུ་ཞེས་བྱ་བ་ནི་རིན་མེད་པར་རོ། །ཇི་ལྟར་ཡང་རུང་བས་ཞེས་བྱ་བ་ནི་ཞིང་ལ་སོགས་པ་སྐྱིན་པ་ཅུང་ཟད་ཙམ་ཅིག་སྦྱིན་པས་སོ། །རྒྱལ་པོས་དབང་དུ་བྱས་པ་ཞེས་བྱ་བ་ནི་
རྒྱལ་པོས་བསྣམས་པའོ།། །།བམ་པོ་གཉིས་པ། སྔར་བསླབ་པའི་གཞི་མ་བཅས་ཤིང་ཞེས་བྱ་བ་ནི་སྔར་ཁྲིམས་སུ་བྱ་བ་མ་གསུངས་པ་སྟེ། དགེ་བ་ཤས་ཆེ་བའི་ཕྱིར་དང་ཉེས་པ་ཉམ་ཆུང་བའི་ཕྱིར་ཕམ་པར་འགྱུར་བ་ལ་སོགས་པ་འབྱུང་བ་མེད་པས་དེའི་ཕྱིར་སྔར་བསླབ་
པའི་གཞི་མ་བཅས་སོ། །འོ་ན་བཅོམ་ལྡན་འདས་ཀྱིས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་ན། ཉེས་པར་སྤྱད་པ་ཐམས་ཅད་སྨད་ཅིང་ལེགས་པར་སྤྱད་པ་ཐམས་ཅད་བསྔགས་པ་མཛད་ན། ཇི་ལྟར་སྔར་

བསླབ་པའི་གཞི་མ་བཅས་ཞེས་བྱ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ད་དུང་བཅོམ་ལྡན་འདས་ཀྱིས་མཚམས་མ་མཛད་ཅིང་སྟོན་པ་མ་མཛད་ལ་གང་གིས་ཉེས་པ་འདི་བྱས་པ་དེའི་ཆད་པ་འདི་ཡིན་ནོ་ཞེས་ཆད་པའི་ལས་བཅའ་བ་ཡང་མ་མཛད་པས་དེའི་ཕྱིར་སྔར་བསླབ་པའི་གཞི་མ་བཅས་ཤིང་ཞེས་བྱ་བ་
གསུངས་སོ། །ཉེས་པ་མ་མཐོང་ལ་ཞེས་བྱ་བ་ནི་ཉེས་དམིགས་མ་མཐོང་ལའོ། །བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི་བུད་མེད་ཉིད་ཡུལ་ཡིན་ནོ། །གཞོན་ནུ་ཞེས་བྱ་བ་ནི་ན་ཚོད་ལྔ་པའོ། །ཁ་དོག་བཟང་བ་ཞེས་བྱ་བ་ནི་ཤིན་ཏུ་གཞོན་ནུའི་གཟུགས་ཅན་ནོ། །ཆགས་པར་འགྱུར་བ་ཞེས་བྱ་བ་
ནི་འདོད་ཆགས་སྐྱེད་པར་བྱེད་པའོ། །ཟིལ་གྱིས་གནོན་ཅིང་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པར་བྱེད་པའོ། །ཡོངས་སུ་གདུང་བ་ཞེས་བྱ་བ་ནི་ཀུན་དུ་གདུང་བར་བྱེད་པའོ། །ཉོན་མོངས་པ་རྣམས་ནི་ཡོངས་སུ་གདུང་བར་བྱེད་པ་ཡིན་པའི་ཕྱིར་རོ། །རུང་ངམ་ཞེས་བྱ་བ་ནི་རིགས་སམ་ཞེས་
བྱ་བའོ། །འདི་ལྟ་སྟེ། ཞེས་བྱ་བ་ནི་འདི་ལྟར་རོ། །ཤིན་ཏུ་ཞེས་བྱ་བ་ནི་ཧ་ཅང་ངོ་། །ཕྱོགས་གཅིག་སོང་ནས་ཞེས་བྱ་བ་ནི་ཁྲེལ་ཡོད་པ་ཉིད་ཀུན་དུ་བསྲུང་བའི་ཕྱིར་རོ། །ཆོས་གོས་དག་བཞག་སྟེ་ཞེས་བྱ་བ་ནི་མི་གཙང་བ་སྤང་བའི་ཕྱིར་རོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་ཚངས་
པ་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པ་གང་ཡིན་པ་དེ་ནི་ཚངས་པར་སྤྱོད་པ་སྟེ་ལམ་མོ། །དེ་དང་མི་མཐུན་པ་ནི་ཚངས་པར་སྤྱོད་པ་སྟེ་ཉོན་མོངས་པ་ཅན་གྱི་སྤྱོད་པའོ། །དེ་ཡང་གང་ཞེ་ན། དེའི་ཕྱིར་སྤྲོད་པ་ལས་བྱུང་བའི་ཆོས་ཞེས་བྱ་བ་སྨྲས་ཏེ། སྤྲོད་པ་ཞེས་བྱ་བ་ནི་བསྟེན་པར་བྱ་བ་དང་།
སྟེན་པར་བྱེད་པ་གཉིས་སྦྱོར་བའོ། །དེས་སྐྱེད་པ་ནི་སྤྲོད་པ་ལས་བྱུང་བ་ཞེས་བྱའོ། །ཆོས་ཞེས་བྱ་བ་ནི་དེའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ལ། དེས་ལན་ཅིག་བྱས་པས་ཅིའི་ཕྱིར་ཚིམ་པར་མ་གྱུར་ན་ལན་གཉིས་སུ་བྱེད་དེ། ལན་གཉིས་བྱས་
པས་ཅིའི་ཕྱིར་ཚིམ་པར་མ་གྱུར་ན་ལན་གསུམ་དུ་བྱེད་ཅེ་ན་ཚིམ་པར་མ་གྱུར་ཏེ། ཅིའི་ཕྱིར་ཞེ་ན། ཡུལ་རྣམས་ནི་འཕྲོག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་། མི་ངོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཇི་སྲིད་དུ་ཡུལ་རྣམས་ལ་བརྩལ་པ་བརྩལ་བ་དེ་སྲིད་དུ་འདོད་ཆགས་

ཀྱང་ཆེས་ཤས་ཆེ་བར་གྱུར་ཏེ་ཞེས་གསུངས་པ་ཡིན་ནོ། །ཡང་ན་དྲི་ཟའི་ལས་ཀྱི་དབང་གིས་ཏེ་ལན་ཅིག་བྱས་ནས་ཁྱོད་ལ་ཞུགས་སམ་ཞེས་དྲི་པས་ནི། དེ་ན་རེ་མ་ཞུགས་སོ་ཞེས་ཟེར་རོ། །ལན་གཉིས་བྱས་ནས་ཡང་ཅི་ཁྱོད་ལ་ཞུགས་སམ་ཞེས་དྲིས་པ་ན།
དེ་ན་རེ་མ་ཞུགས་སོ་ཞེས་ཟེར་རོ། །ལན་གསུམ་བྱས་ནས་ཅི་ཁྱོད་ལ་ཞུགས་སམ་ཞེས་དྲིས་པས་ན་དེ་དབང་པོ་རྣོན་པོས་ཞུགས་སོ་ཞེས་ཟེར་ཏེ། དེ་ཉིད་ལས་དགོངས་ནས་འོག་ནས་བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །ཅིའི་ཕྱིར་དྲི་ཟ་དེ་ལན་དང་པོ་དང་ལན་གཉིས་པའི་གནས་སྐབས་སུ་མཚམས་སྦྱོར་བར་མ་གྱུར་ལ་ལན་གསུམ་པའི་གནས་སྐབས་སུ་མཚམས་སྦྱོར་བར་གྱུར་ཅིག་ཅེས་ཚོགས་པའི་དབང་གི་ཕྱིར་ཏེ། གནས་སྐབས་གང་ལ་ཚོགས་པ་ཡོད་པའི་གནས་སྐབས་དེ་ཉིད་
ལས་སེམས་ཅན་ཞིག་ཀྱང་ལྷའི་རིས་བཟང་པོ་ནས་ཤི་འཕོས་ཏེ། མའི་རུམ་དུ་འཇུག་པས་དེའི་ཕྱིར་ལན་གསུམ་དུ་ཞེས་བྱ་བ་སྨོས་སོ་ཞེས་འདུལ་བ་བྱེ་བྲག་ཏུ་བཤད་པ་ལས་འབྱུང་ངོ་། །འོ་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བསྒྱུར་བའི་ཡིད་མངའ་བས་དེ་ཅིའི་ཕྱིར་མི་བཟློག་ཅེ་ན།
འདོད་ཆགས་བོད་པ་ཉིད་ཀྱིས་གདོན་མི་ཟ་བར་མི་ཚངས་པར་སྤྱོད་པར་བྱེད་པར་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་དང་། བཅོམ་ལྡན་འདས་ལ་མ་གུས་པ་སྐྱེ་བར་འགྱུར་བས་བཅོམ་ལྡན་འདས་ནི་གནས་མ་ཡིན་པར་མི་འཇུག་པར་དགེ་འདུན་གྱི་དབྱེན་ལ་སོགས་པར་བཟློག་པར་ཡལ་བར་
གཞག་པ་དང་འདྲ་བར་ཤེས་པར་བྱའོ། །བསྟེན་ཏེ་ཞེས་བྱ་བ་ནི་ལྷག་པར་སྤྱད་པའོ། །སྲིད་པ་ཐ་མ་ལ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་ལའོ། །སྤྱོད་པ་ཚོལ་བ་ཞེས་བྱ་བ་ནི་ལམ་གྱི་སྤྱོད་པ་ཚོལ་བར་བྱེད་པའོ། །ཐར་པའི་སྙིང་པོ་བཟུང་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་འཕངས་པའོ། །
མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཞེས་བྱ་བ་ནི་ཐར་པ་མངོན་པར་འདོད་པའོ། །འཁོར་བ་ལས་ཕྱིར་ཕྱོགས་པ་ཞེས་བྱ་བ་ནི་ཁ་ཕྱིར་ཕྱོགས་པར་གྱུར་པའོ། །སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་སྐྱེ་བ་དོན་དུ་མི་གཉེར་བ་ཞེས་བྱ་བ་ནི་སྲིད་པའི་ངོ་བོ་ཉིད་ཀྱི་འགྲོ་བ་ལྔ་པོ་ཐམས་ཅད་དུ་འཆི་

འཕོ་དང་སྐྱེ་བ་ལ་མི་ལྟོས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་བཙལ་བའི་ཕྱིར་སྲིད་པའི་ཞེས་སྨོས་སོ། །བདེ་འགྲོ་བསྡུ་བའི་ཕྱིར་ཐམས་ཅད་ཅེས་སྨོས་སོ། །ལུས་ཐ་མ་འཛིན་པ་ཞེས་བྱ་བ་ནི་སྲིད་པ་བར་མའི་ལུས་ཐ་མ་འབའ་ཞིག་འཛིན་པ་ཞེས་བྱ་བའི་ཐ་ཚིག་
གོ། །ཞིག་ཀྱང་ཞེས་བྱ་བ་ནི་མིང་མ་གྲགས་པའི་སེམས་ཅན་ཞིག་ཀྱང་ངོ་། །ལྷའི་རིས་ཞེས་བྱ་བ་ནི་ལྷའི་གནས་སོ། །འདི་ཞེས་བྱ་བ་ནི་བཟང་བྱིན་གྱིའོ། །སྐྱེ་དགུའི་བདག་མོ་ཞེས་བྱ་བ་ནི་ཆུང་མའིའོ། །ཞུགས་སོ་ཞེས་བྱ་བ་ནི་བབས་པའོ། །མཁས་པའི་རང་བཞིན་ཅན་ཞེས་བྱ་
བ་ནི་ཤེས་རབ་དང་ལྡན་པའོ། །ལ་ལ་ལ་ཞེས་བྱ་བ་ནི་དགེ་བ་དག་གི་ནང་ནས་ཕྱོགས་ལ་ལ་ལ་གནས་པ་འགའ་ཞིག་ལ་ཞེས་བྱ་བའི་ཐ་ཚིག་གོ། །མ་འདྲེས་པའི་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །ཆོས་ཞེས་བྱ་བ་ནི་དངོས་པོའོ། །སྐྱེས་བུ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་
དང་བྲལ་བར་ཤེས་པ་དང་ཞེས་བྱ་བ་ནི་ཆགས་པར་གྱུར་པ་དང་ཆགས་པ་དང་བྲལ་བ་ཤེས་པའི་གནས་སྐབས་ཤེས་པའི་ཕྱིར་ཆོས་གཅིག་གོ། །དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་ཞེས་བྱ་བ་ནི་བདག་ཉིད་ཀྱི་ངོ་བོ་ཉིད་ཤེས་པའི་ཕྱིར་ཆོས་གཉིས་པ་སྟེ། དུས་ཞེས་བྱ་བ་ནི་མངལ་ན་གནས་
པ་ཡོངས་སུ་འཛིན་པའི་དུས་ལ་བབ་པའི་དུས་སོ། །ཟླ་མཚན་ཞེས་བྱ་བ་ནི་ཁྲག་གི་དྲི་མ་ཟགས་པའི་ལྷག་མ་ཁྲག་གི་ཐིགས་པ་གཉིས་སམ་གསུམ་ཙམ་སྟེ། མེ་ཏོག་ཅེས་བྱ་བའི་ཐ་ཚིག་གོ། །མངལ་ན་གནས་པ་ཞུགས་པ་ཤེས་པ་དང་ཞེས་བྱ་བ་ནི་མངལ་ན་གནས་པ་ཞེས་བྱ་བ་བུ་
མངལ་དུ་ཞུགས་ཤིང་ཆགས་པར་ཤེས་པའི་ཕྱིར་ཆོས་གསུམ་པ་ཡིན་ནོ། །གང་ན་མངལ་ན་གནས་པ་ཞུགས་པ་ཤེས་པ་དང་ཞེས་བྱ་བ་ནི་མངལ་ན་གནས་པ་འཇོག་པར་བྱེད་པའི་སྐྱེས་པ་གང་ལས་མངལ་ན་གནས་པ་རང་གི་རུམ་དུ་ཞུགས་པ་སྐྱེས་པའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་བཞི་པའོ། །
ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ་ཞེས་བྱ་བ་ནི་མངལ་ན་གནས་པའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་ལྔ་པའོ། །ཁྱེའུ་བུ་མོ་ཤེས་པའི་བུད་མེད་ཀྱི་ཤེས་པའི་རྒྱུ་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགའ་ཞིང་ཡིད་དགའ་ནས་ཞེས་བྱ་བ་ནི་ཡིད་མགུ་བ་སྟེ་རྣམ་

པའི་ཕྱིར་ཚིག་གཉིས་སུ་སྨོས་སོ། །སེམས་ཅན་ཞུགས་པ་ཞེས་བྱ་བ་ནི་མངལ་ན་གནས་པ་ཆགས་པའོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་རམ་གོར་མ་ཆག་པར་རོ། །དེ་ཡང་ཞེས་བྱ་བ་ནི་སྒྱུག་མོ་ཡང་ངོ་། །འདི་སྐད་ཅེས་བྱ་བ་ནི་ལེགས་སོ་སྨོན་
པའོ། །ཁོ་མོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་ཞེས་བྱ་བ་ནི་ཁོ་མོའི་རྗེས་སུ་སྐྱེ་ལ་ཚིག་ཉན་པར་འགྱུར་ཞིང་ཚིག་ཉན་པར་མི་འགྱུར་བ་མ་ཡིན་པའོ། །བྱ་བ་དག་བྱེད་པའོ་ཞེས་བྱ་བ་ནི་ཁྱིམ་གྱི་བྱ་བ་དག་གོ། །གསོས་པ་ཞེས་བྱ་བ་ནི་ཚ་བོ་གསོས་པས་སོ། །ཕྱིར་གསོ་བ་ཞེས་
བྱ་བ་ནི་ཚ་བོས་བདག་ལ་ལན་དུ་ཕན་འདོགས་ཤིང་ཕྱིར་གསོ་བའོ། །བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ནི་སྐལ་བ་བྱིན་པའི་རིགས་ཀྱི་ནོར་ལ་ལོངས་སྤྱོད་པའོ། །རིགས་རྒྱུད་ཅེས་བྱ་བ་ནི་རིགས་ཀྱི་རྒྱུན་ནོ། །བདག་ཅག་ཅེས་བྱ་བ་ནི་ཕྱི་མོ་དང་མེས་མོ་དག་གོ། །ཤི་ཞིང་ཞེས་བྱ་བ་ནི་
བར་མ་དོར་དུས་མ་ཡིན་པར་འཆི་བས་ཤི་བའོ། །དུས་ལས་འདས་པ་ཞེས་བྱ་བ་ནི་ཚེ་ཟད་ཅིང་འཆི་བས་ཤི་བའོ། །འདི་ཞེས་བྱ་བ་ནི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པའོ། །འགྲོ་ཞིང་ཞེས་བྱ་བ་ནི་འཁོར་བའི་ལམ་དུ་མཚམས་སྦྱར་ཞིང་ངོ་། །རྗེས་སུ་འགྲོ་བར་གྱུར་
ཅིག་ཅེས་བྱ་བ་ནི་རྗེས་སུ་ཐོབ་པར་གྱུར་ཅིག་ཅེས་སོ། །མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་བྱ་བ་ནི་བདག་ཅག་གི་མིང་ནས་འབྱིན་ཅིང་ཡོན་གནས་དག་ལ་མཆོད་པར་བྱ་བའི་ཕྱིར་ནོར་འབུལ་བ་ལ་སོགས་པ་བྱེད་ཅིང་སྨོན་ལམ་འདེབས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། ཆེད་
དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དེ་ཞེས་བྱ་བ་ནི་མགུ་བའི་ཚིག་རྗོད་པར་བྱེད་པ་སྟེ། ཡིད་བདེ་བ་ཚིག་ཏུ་རྗོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གསོ་བའི་ཕྱིར་རོ། །སྟེང་གི་ཞེས་བྱ་བ་ནི་ཁང་སྟེང་གི་སྟེང་ཕྱོགས་སུ་རྣམ་པར་བལྟ་བས་སེམས་གསང་
བའི་ཕྱིར་དང་། དབེན་པ་ཉིད་དུ་བྱ་བའི་ཕྱིར་སྟེང་དུ་རིམ་གྲོ་བྱེད་དུ་འཛུད་དོ། །གཞིར་ཞེས་བྱ་བ་ནི་ས་གཞིར་རོ། །གྲང་བ་ན་ཞེས་བྱ་བ་ནི་གྲང་བའི་དུས་ནའོ། །དྲོ་བ་ན་ཞེས་བྱ་བ་ནི་དྲོ་བའི་དུས་ནའོ། །སྨན་པས་བཅས་པའི་ཞེས་བྱ་བ་ནི་སྨན་པས་བསྟན་པའིའོ། །ཟས་ཧ་ཅང་མི་ཁ་

བ་ལ་སོགས་པ་དང་ཁ་བ་ལ་སོགས་པ་རྣམ་པར་སྤངས་པ་ནི་རླུང་ལ་སོགས་པའི་རྣམ་པར་འགྱུར་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །དོ་ཤལ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་འཆང་བའོ། །སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་གྱི་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །དགའ་བའི་ཚལ་
ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིའོ། །ཁྲི་ནས་ཁྲིར་དང་ཞེས་བྱ་བ་ལ་སོགས་པ་ནི་གཅིག་གི་སྟེང་ནས་གཅིག་གི་སྟེང་དུ་རྗེས་སུ་རྒྱུ་བའོ། །ཤོད་ཀྱི་ས་གཞིར་མི་དབབ་པ་ཞེས་བྱ་བ་ནི་ངལ་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མ་ཐོས་
པར་ཞེས་བྱ་བ་ནི་མི་དགའ་བར་མི་འགྱུར་བར་བྱ་བའི་ཕྱིར་རོ། །ཟླ་བ་བརྒྱད་དང་དགུ་ཞེས་བྱ་བ་ལ། གང་དག་ཟླ་བ་ངོ་ཚང་བ་འབའ་ཞིག་ཟླ་བ་ཉིད་དུ་བགྲང་ཞིང་ཟླ་བ་ཕྱེད་ལ་སོགས་པ་ཡོངས་སུ་སྤོང་བར་བྱེད་པ་དེ་དག་གི་ལུགས་ལྟར་ནི་ཟླ་བ་བརྒྱད་ཅེས་སྨོས་སོ། །གང་དག་ཟླ་བ་ཕྱེད་ལ་
སོགས་པའི་བསམ་པས་ཀྱང་ཟླ་བ་དེ་ཉིད་དུ་བསྣན་ཏེ་བགྲང་བར་བྱེད་པ་དེ་དག་གི་ལུགས་ལྟར་ནི་ཟླ་བ་དགུ་ཞེས་སྨོས་སོ། །འདས་ནས་ཞེས་བྱ་བ་ནི་ཡོལ་ནས་སོ། །བཙས་པ་ལས་ཞེས་བྱ་བ་ནི་མངལ་ན་གནས་པ་བཙས་པ་ལས་སོ། །གཟུགས་བཟང་བ་ཞེས་བྱ་བ་ནི་ཁ་དོག་གིས་
སོ། །བལྟ་ན་སྡུག་པ་ཞེས་བྱ་བ་ནི་དབྱིབས་ཀྱིས་སོ། །མཛེས་པ་ཞེས་བྱ་བ་ནི་དགའ་ཞིང་སྡུག་པའི་རྒྱུར་འགྱུར་བའོ། །གསལ་བ་གསེར་གྱི་ཁ་དོག་འདྲ་བ་ཞེས་བྱ་བ་ནི་གསེར་གྱི་མདོག་འདྲ་བ་ཉིད་ཀྱིས་གསལ་བ་སྟེ། སྔོ་བསངས་ལ་སོགས་པ་གསལ་བ་ཡིན་ནོ། །མགོ་
གདུགས་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནི། མགོ་གདུགས་ལྟར་ཟླུམ་པ་དང་འདྲ་བའོ། །ལག་པ་རིང་བ་ཞེས་བྱ་བ་ནི་ལག་པས་པུས་མོར་སླེབས་པའོ། །དཔྲལ་བའི་དབྱེས་ཆེ་བ་ཞེས་བྱ་བ་ནི་དཔྲལ་བ་ཡངས་པའོ། །སྨིན་མ་འབྱར་བ་ཞེས་བྱ་བ་ནི་སྨིན་མའི་སྤུ་རྣམས་འདབ་ཆགས་སུ་
འབྱོར་པ་སྟེ། སྨིན་མ་གཡས་གཡོན་གཉིས་ཀྱི་བར་མཚམས་སྣ་གོང་དུ་འབྲེལ་བ་ནི་མ་ཡིན་ནོ། །སྣའི་གཟང་མཐོ་བ་ཞེས་བྱ་བ་ནི་སྣའི་གཟང་གི་འཕང་མཐོ་བའོ། །བྱུང་ངོ་ཞེས་བྱ་བ་ནི་མངལ་ནས་བྱུང་བའོ། །འདུས་ཤིང་ཞེས་བྱ་བ་ནི་ཉེ་འཁོར་ན་འཁོད་པ་དག་འདུས་ཤིང་ངོ་། །

ལྷགས་ནས་ཞེས་བྱ་བ་ནི་ཐག་རིང་པོ་ནས་འཁོད་པ་དག་ལྷགས་ནས་སོ། །ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་ཞེས་བྱ་བ་ནི་བདུན་དང་པོ་དང་གཉིས་པ་དང་། གསུམ་པ་ལ་བཙས་སྟོན་ཆུང་ངུ་དང་། འབྲིང་དང་ཆེན་པོ་བྱེད་དུ་བཅུག་པ་ཉིད་ཀྱི་ཉི་མ་དང་ནི་བདུན་
གསུམ་ཡང་ཡིན་ལ་སྤྱིར་བསྡོམས་ན་ཉི་ཤུ་གཅིག་ཀྱང་ཡིན་པའོ། །བཙས་སྟོན་ཞེས་བྱ་བ་ནི་འཚོ་བའི་མཆོད་པ་སྟེ་བང་ཟན་ནོ། །རྒྱ་ཆེར་ཞེས་བྱ་བ་ནི་ཡོ་ལང་ཆེར་རོ། །མིང་ཞེས་བྱ་བ་ནི་མིང་དུ་གདགས་པར་རོ། །རྟེན་ཏེ་ཞེས་བྱ་བ་ནི་ལྟོས་ཏེ་འམ་སྔོན་དུ་གཏང་སྟེའོ། །པང་ན་
འཚོ་བའི་མ་མ་ཞེས་བྱ་བ་ནི་འཚོ་བའི་བུད་མེད་དོ། །ནུ་མ་སྣུན་པའི་མ་མ་ཞེས་བྱ་བ་ནི་འོ་མ་ལྡུད་པའོ། །དྲི་མ་འཕྱི་བའི་མ་མ་ཞེས་བྱ་བ་ནི་ཁྲུས་ལ་སོགས་པ་བྱེད་པའོ། །རྩེ་གྲོགས་ཀྱི་མ་མ་ཞེས་བྱ་བ་ནི་རྩེར་འཇུག་པར་བྱེད་པ་གང་ཡིན་པའོ། །གཉིས་གཉིས་བསྐོ་བ་ནི་བྲེལ་བ་གཉིས་
ཀྱིས་ཕོངས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །མར་གྱི་ཉིང་ཁུ་ཞེས་བྱ་བ་ནི་ཞུན་མར་གྱི་སྙིང་པོའོ། །ཡོ་བྱད་ཀྱི་བྱེ་བྲག་ཅེས་བྱ་བ་ནི་ཡོ་བྱད་ཁྱད་པར་ཅན་དག་གོ། །གཙོ་བོ་གཙོ་བོ་དག་ཅེས་བྱ་བ་ནི་བཟང་པོ་དག་སྟེ། རྣམ་པའི་ཚིག་ཏུ་ལན་གཉིས་སྨོས་སོ། །སྲིང་བར་བྱེད་ཅེས་བྱ་བ་
ནི་སྲིད་དུའོ། །སྐྱེད་པར་བྱེད་པ་ནི་སྦོམས་སུའོ། །རྫིང་ན་གནས་པའི་པདྨ་ཞེས་བྱ་བ་ནི་རྫིང་གི་ནང་ནས་སྐྱེས་པའི་པདྨའོ། །མྱུར་དུ་ཞེས་བྱ་བ་ནི་སྐྱེན་པར་རོ། །ཡི་གེ་ཞེས་བྱ་བ་ནི་ཡིག་འབྲུ་དག་གོ། །གྲངས་ཞེས་བྱ་བ་ནི་ཡིད་ཀྱིས་བགྲང་བའོ། །རྩིས་ཞེས་བྱ་བ་ནི་ཚིག་གིས་རྩིབ་སྟེ།
རྩིས་སུ་བྱ་བའོ། །ལག་རྩིས་ཞེས་བྱ་བ་ནི་ལག་པའི་ཐ་སྙད་དོ། །དབྱུང་བ་ཞེས་བྱ་བ་ནི་སྤྲོག་མ་ལ་སོགས་པ་ནས་རྫས་ད