Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 152

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
དོ། །གོས་རུང་བ་ཉིད་དང་། ཚད་དང་ལྡན་པ་དང་། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང་། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པའོ། །འདི་ལ་ཡན་ལག་ལྔས་
དངོས་གཞིའི་ལྟུང་བར་འགྱུར་ཏེ། གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང་། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པ་དང་། གོས་ཀྱི་ཚད་ཁྲུ་གང་ཡན་ཆད་དང་ཞག་སུམ་ཅུ་འདས་པའོ། །དེ་དག་ལ་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འདི་མན་ཆད་ནི་གོས་ཇི་ལྟ་བུ་དང་། ཚད་ཇི་ཙམ་ལ་

བྱིན་གྱིས་བརླབ་པ་འཆགས་པར་འགྱུར་བ་དང་། དེ་ལས་བཟློག་པ་ལ་སྤང་བར་འགྱུར་བ་སྤྱིར་བསྟན་པ་བརྗོད་པར་བྱའོ། །དེའི་ཕྱིར་སར་པ་ལས་སྣམ་སྦྱར་གྱི་མཐའ་ནི་ཉིས་རིམ་མོ་ཞེས་བྱ་བ་གསུངས་ཏེ། སར་པ་ཞེས་བྱ་བ་ནི་གང་དུས་ཚིགས་གསུམ་པོ་དག་ལ་དུས་ཚིགས་གཅིག་གིས་རངས་པར་མ་སྤྱད་པ་སྟེ།
དེ་ལས་སྣམ་སྦྱར་བྱེད་ན་སྣམ་སྦྱར་དེའི་རིམ་པའི་ཚད་ཀྱི་མཐའ་ནི་ཉིས་རིམ་མོ། །གདིང་བའི་ཡང་ངོ་ཞེས་བྱ་བ་ཡང་སྔ་མ་སར་པ་ལས་བྱེད་ན་དེའི་རིམ་པའི་ཚད་ཀྱི་མཐའ་ནི་ཉིས་རིམ་མོ། །བླ་གོས་དང་མཐང་གོས་གཉིས་ཀྱི་ནི་ཆིག་རྐྱང་ངོ་ཞེས་བྱ་བ་ནི་བླ་གོས་དང་། མཐང་གོས་གལ་ཏེ་སར་པ་ལས་བྱེད་ན་དེ།
གཉིས་ཀྱི་རིམ་པའི་ཚད་ཀྱི་མཐའ་ནི་ཆིག་རྐྱང་ངོ་། །འདིར་གཞུང་ནི་གལ་ཏེ་དགེ་སློང་དེས་བཅག་པ་དང་། ཁ་བསྒྱུར་བ་དང་བཙེམ་པར་ནུས་ན་གོས་དེ་ལས་སྣམ་སྦྱར་དང་། གདིང་བ་ནི་ཉིས་རིམ་དུ་བྱའོ། །བླ་གོས་དང་། མཐང་གོས་ནི་ཆིག་རྐྱང་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །དུས་ཚིགས་སུ་སྤྱད་པ་
ལས་ནི་ཉིས་འགྱུར་དུ་བྱའོ་ཞེས་བྱ་བ་ནི་གལ་ཏེ་གོས་དུས་ཚིགས་གཅིག་ཏུ་སྤྱད་པ་ལས་དེ་དག་བྱེད་ན། སྣམ་སྦྱར་དང་གདིང་བ་ནི་བཞི་རིམ་དུ་བྱའོ། །བླ་གོས་དང་མཐང་གོས་ནི་ཉིས་རིམ་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དུས་ཚིགས་སུ་སྤྱད་པའི་ཆོས་གོས་ནི་བགོ་ཟས་ཆུང་བ་ཡིན་ཏེ།
དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བ་ལས་གཅིག་ཏུ་སྤྱད་པའོ་ཞེས་གསུངས་པ་ཡིན་ནོ། །ཕྱག་དར་ཁྲོད་ལས་བྱས་པ་དག་ལ་ནི་ངེས་པ་མེད་དོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་ལས་བྱས་པའི་གོས་དག་ལ་ནི་རིམ་པ་དག་ངེས་པ་མེད་དོ། །འདིར་གཞུང་ནི་ཕྱག་དར་ཁྲོད་ལ་ནི་ཇི་ཙམ་
འདོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྙིང་པ་ཉིད་དང་དེངས་པ་ཉིད་ལས་ནི་ཅི་དགོས་པ་ལྷག་པར་སྦྱར་རོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་པ་མ་ཡིན་པ་ལ་ཡང་ཆོས་གོས་རང་ཟད་དེ་རྙིང་པ་དང་། སྒོ་སྐྱེས་ཀྱིས་བཤུད་པ་ལ་སོགས་པས་དངས་པ་ཉིད་ལ་ནི་ལྷན་པ་ཇི་ཙམ་དགོས་པ་རིམ་པའམ། མཐའ་སྔར་
བསྟན་པ་དག་ལས་ལྷག་པར་སྦྱར་བར་བྱའོ། །འདི་ནི་མ་མོ་ལས་གསུངས་པ་བསྡུས་པ་ཡིན་ནོ། །ལྷག་པར་སྦྱོར་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི་སྣམ་སྦྱར་ལ་སོགས་པ་ཕྱག་དར་ཁྲོད་ལས་བྱས་པ་མ་ཡིན་པ་མ་རྙིངས་མ་དེངས་པ་ལ་རིམ་པ་སྔར་བསྟན་པ་ལས་ལྷག་པར་མི་སྦྱར་བ་སྟེ། སྦྱོར་ན་སྦྱོར་བ་ཉིད་

ན་ཐམས་ཅད་ཉེས་བྱས་སོ། །སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ལྷག་པར་སྦྱར་བའི་རིམ་པ་དེ་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །འདི་སྐད་བསྟན་ཏེ། དེ་ལ་རིམ་པ་ལྷག་པར་སྦྱར་བ་གང་ཡིན་པ་དེ་སྤང་བར་འགྱུར་གྱི་རིམ་པ་ཇི་སྐད་བསྟན་པ་དག་ནི་སྤང་
བར་མི་འགྱུར་རོ། །རིགས་པ་ཇི་ལྟ་བ་བཞིན་སྤང་བར་མི་འགྱུར་རོ། །རིགས་པ་ཅན་བྱི་དོར་བྱས་ནས་འདི་ཉིད་དུ་སྦྱར་བར་བྱའོ་སྙམ་པའི་སེམས་མ་བསྐྱེད་པ་དབོག་པར་མི་བྱའོ་ཞེས་བྱ་བ་ནི་རིམ་པ་སྔ་མ་སྦྱར་ཟིན་པ་ནི་བྱིན་གྱིས་བརླབས་པའི་འོས་ཡིན་པས་རིགས་པ་ཅན་ཞེས་བྱ་སྟེ། རིམ་པ་
རིགས་པ་ཇི་ལྟ་བ་ཇི་སྲིད་དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཆོས་གོས་འདི་ཉིད་དུ་ཕྱིར་སྦྱར་བར་བྱའོ་སྙམ་པའི་རྣམ་པ་དེ་ལྟ་བུའི་སེམས་མ་བསྐྱེད་པ་དེ་སྲིད་དུ་དབོག་པར་མི་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ཆོས་གོས་ལས་རིམ་པ་གཞན་གྱི་བྱི་དོར་བྱ་བའི་ཆེད་དུ་དབོག་པར་འདོད་
པས་ཇི་སྲིད་དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཕྱིས་འདི་ཉིད་དུ་སྦྱར་རོ་སྙམ་པའི་རྣམ་པ་དེ་ལྟ་བུའི་སེམས་མ་བསྐྱེད་པ་དེ་སྲིད་ཀྱི་བར་དུ་དབོག་པར་མི་བྱའོ། །དབོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གང་ཡང་རུང་བས་ཕོག་པས་མ་སྦྱར་བའི་སྔ་རོལ་དུ་སྤང་བར་འགྱུར་བ་ཉིད་དོ་ཞེས་བྱ་བ་ནི་
སྔར་བསྟན་མ་ཐག་པའི་རྣམ་པ་དེ་ལྟ་བུའི་སེམས་སམ་སེམས་ཀྱི་རྣམ་པ་གཞན་གང་ཡང་རུང་བས་སྦྱར་མ་གཞན་ཕོག་པ་ནི་ཕྱིར་དེ་ཉིད་དུ་མ་སྦྱར་བའི་སྔ་རོལ་དུ་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཉིད་ཡིན་ནོ། །སྦྱར་ན་ནི་ཚིགས་གཅིག་པ་ཉིད་དུ་གྱུར་པ་ཡིན་པས་ཉེས་པ་མེད་དོ། །སྦྱར་མ་རྣམ་པར་
གཞག་པ་དང་འབྲེལ་པ་བསྟན་པའི་ཕྱིར་སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ་ཞེས་བྱ་བ་གསུངས་ཏེ་ཆོས་གོས་སྣམ་སྦྱར་གྱི་སྣམ་ཕྲན་གྱི་གྲངས་ནི་དགུ་ཡན་ཆད་ནས་ཉི་ཤུ་རྩ་ལྔ་མན་ཆད་གང་ཡང་རུང་བ་ཡིན་པར་རིག་པར་བྱའོ། །ཟུང་མ་གཏོགས་སོ་ཞེས་བྱ་
བ་ནི་འདི་ལྟ་སྟེ། བཅུ་དང་། བཅུ་གཉིས་དང་། བཅུ་བཞི་དང་། བཅུ་དྲུག་དང་། བཅོ་བརྒྱད་དང་། ཉི་ཤུ་དང་། ཉི་ཤུ་གཉིས་དང་། ཉི་ཤུ་རྩ་བཞི་མ་གཏོགས་པའོ། །དེ་ཡན་ཆད་ནི་ཚེམ་བུའོ་ཞེས་བྱ་བ་ནི་སྣམ་ཕྲན་ཉི་ཤུ་རྩ་ལྔ་པོ་དེ་ཡན་ཆད་ལས་ལྷག་པ་དག་གིས་སྣམ་བུར་སྦྱར་བ་ནི་ཚེམ་བུ་སྟེ། དེ་བས་ན་

སྣམ་སྦྱར་ལ་ནི་དེ་ལས་ལྷག་པར་མི་བྱའོ། །སྣམ་ཕྲན་དེ་དག་ལ་ནི་གླེགས་བུ་དང་། གླེགས་བུ་ཕྱེད་ཇི་ལྟར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། དང་པོར་གསུམ་ལ་ཞེས་བྱ་བ་ནི་སྣམ་སྦྱར་རྣམ་པ་
དགུ་ལས་གསུམ་པ་དང་པོ་ལ་སྟེ། སྣམ་ཕྲན་དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དག་ལའོ། །དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ལ་གླེགས་བུ་ནི་ཕྱེད་དང་གསུམ་པ་ཉིད་དུ་བྱའོ། །འདིར་སྣམ་ཕྲན་ཞེས་བྱ་བའི་སྒྲ་ནི་ཚལ་བུ་ལ་བྱའི། གླེགས་བུ་དང་གླེགས་བུ་ཕྱེད་
ལ་ནི་མི་བྱའོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་གཉིས་པ་ལ་སྟེ། སྣམ་ཕྲན་བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དག་ལའོ། །གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ལ་གླེགས་བུ་ནི་ཕྱེད་དང་བཞི་པ་ཉིད་དུ་བྱ་བའོ། །གསུམ་པ་ལ་
ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་གསུམ་པ་ལ་སྟེ། སྣམ་ཕྲན་ཉི་ཤུ་གཅིག་པ་དང་། ཉི་ཤུ་གསུམ་པ་དང་། ཉི་ཤུ་ལྔ་པ་དག་ལའོ། །གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ལ་གླེགས་བུ་ནི་ཕྱེད་དང་ལྔ་པ་ཉིད་དུ་བྱ་བའོ། །བླ་གོས་ནི་སྣམ་ཕྲན་བདུན་པ་དང་
གླེགས་བུ་ཕྱེད་དང་གསུམ་པའོ། །མཐང་གོས་ནི་སྣམ་ཕྲན་ལྔ་པ་དག་དང་གླེགས་བུ་ཕྱེད་དང་གཉིས་པའོ། །དེ་དག་གི་ཚད་ལས་ལྷག་པ་ཇི་ཙམ་ཞེ་ན། དེའི་ཕྱིར་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ་ཞེས་བྱ་བ་གསུངས་ཏེ། སྣམ་སྦྱར་དང་བླ་གོས་དང་། མཐང་གོས་བྱིན་
གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་ཚད་གཅིག་སྟེ། ཞེང་དུ་ཁྲུ་ཕྱེད་དང་གསུམ། ཆུར་ཁྲུ་ལྔའོ། །དེ་ལས་ལྷག་པར་བྱེད་ན་གནས་སྤང་བར་འགྱུར་བ་ཉིད་དོ། །ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ་ཞེས་བྱ་བ་ནི་ཆོས་གོས་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་ཆུང་ངུ་དག་གི་ཚད་ནི་སྔར་
ཆེན་པོ་དག་གི་ཞེང་དུ་ཁྲུ་གསུམ་ཞེས་བྱ་བ་དང་། ཆུར་ཁྲུ་ལྔ་ཞེས་བྱ་བའི་ཚད་དེ་གཉིས་ལས་ཁྲུ་ཕྱེད་ཕྱེད་ཕྲི་བ་ཡིན་པར་རིག་པར་བྱའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ་ཞེས་བྱ་བ་ནི་ཆོས་གོས་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་འབྲིང་རྣམས་ཀྱི་ཚད་ནི་ཆེན་པོ་རྣམས་ཀྱི་ཁྲུ་གསུམ་

དང་། ལྔ་གང་ཡིན་པ་དང་། ཆུང་ངུ་རྣམས་ཀྱི་ཁྲུ་ཕྱེད་དང་གསུམ་དང་། ཕྱེད་དང་ལྔ་གང་ཡིན་པ་དེའི་བར་མའི་ཚིགས་ཏེ་ཞེང་དུ་ཁྲུ་ཕྱེད་དང་གསུམ་དང་ཁྲུའི་བཞི་ཆ་གཅིག །ཆུར་ཁྲུ་ཕྱེད་དང་ལྔ་དང་ཁྲུའི་བཞི་ཆ་གཅིག་ཡིན་པར་རིག་པར་བྱའོ། །གླེགས་བུ་དང་གླེགས་བུ་ཕྱེད་
དག་མཉམ་པར་བྱའོ་ཞེས་བྱ་བ་ནི་གླེགས་བུ་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱ། གླེགས་བུ་ཕྱེད་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱ་བའོ། །ཚལ་བུ་དག་ཀྱང་ངོ་ཞེས་བྱ་བ་ཡང་མཉམ་པ་ཉིད་དུ་བྱ་བའོ། །ཚལ་བུ་ཆེ་ཚད་ནི་སོར་བཞིའམ་བྱ་རོག་གི་མཐོ་གང་ངོ་། །ཆུང་ཚད་ནི་སོར་གསུམ་པ་དག་
ཀྱང་རུང་སོར་ཕྱེད་དང་གསུམ་མམ། སོར་གཉིས་སམ་མཐེབ་སོར་གཅིག་གོ། །འབྲིང་ཚད་ནི་ཆེ་ཆུང་གཉིས་ཀྱི་བར་མའི་ཞེས་བྱ་བ་དག་ནི་ཚལ་བུའི་ཞིང་ཚད་དེ་ནི་གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་ངོ་། །མཐང་གོས་ཀྱི་ཚད་ཀྱི་རྣམ་པ་བསྟན་པའི་ཕྱིར་མཐང་གོས་ནི་དོ་དང་ལྔ་ཡང་
ཡིན་པ་དོ་དང་བཞི་ཡང་ཡིན་ནོ་ཞེས་གསུངས་ཏེ། མཐང་གོས་ཀྱི་ཚད་ནི་ཞེང་དུ་ཁྲུ་དོ་དང་། ཆུར་ཁྲུ་ལྔ་ཡང་ཡིན་ལ་ཞེང་དུ་ཁྲུ་དོ་དང་། ཆུར་ཁྲུ་བཞི་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་མཐང་གོས་ཀྱི་རྣམ་པ་གཞན་ཡང་ཞེང་དུ་ཁྲུ་དོ་ཆུར་ཁྲུ་བཞི་
པ་མན་ཆད་ནས་འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱི་བར་གང་ཡང་རུང་བ་ཡང་ཡིན་པར་རིག་པར་བྱའི་ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་དོ་དང་ལྔ་པ་དག་དང་། <ཞིང་‚ཞེང་>དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་པ་ཉི་ཚེར་མ་ཟད་དོ། །ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་བྱ་བ་ནི་ཁྲུ་ཞེས་སྔར་སྨོས་པའི་ཁྲུ་ཚད་ནི་ལུས་ལ་ཆ་མཉམ་པ་
བདུན་དུ་རྣམ་པར་ཕྱེ་བ་གང་དག་ཡིན་པ་དེ་དག་ལས་ཆ་གཉིས་ནི་ཁྲུའི་ཚད་ཀྱི་དོན་ཡིན་གྱི་ལུས་ལ་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཇི་ཙམ་ཡོད་པ་དེའི་ཚད་ནི་མ་ཡིན་ནོ། །དེ་ནི་གང་ཟག་གང་གི་ལུས་ལ་ལྟོས་ན་ལག་པའི་ཚད་དུ་ཐུང་བའམ་རིང་བ་དེའི་ཆེད་དུ་འདི་གསུངས་ཀྱི་གང་ཟག་གང་ལུས་ཀྱི་རྐྱེན་དང་ལག་
པའི་རྐྱེན་དུ་འཚམ་པ་དག་ལ་ནི་རང་རང་གི་ཁྲུ་ཉིད་འདིར་ཡང་ཚད་ཡིན་ནོ། །མི་ཡོགས་ན་རལ་ག་དཔུང་ཆད་བྱའོ་ཞེས་བྱ་བ་ལ་གང་གི་ལུས་ཆེ་ཆེས་པས་མཐང་གོས་ཀྱི་ཚད་དེ་ཙམ་གྱིས་ལུས་མི་ཡོགས་ན། ལུས་དང་འཚམ་པའི་རལ་ག་དཔུང་ཆད་ཅན་བྱ་བ་སྟེ། ཁེབས་པར་གཡོགས་པར་བྱའོ། །སྦྱོར་བའི་ལྟུང་

བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཞག་སུམ་ཅུ་འདས་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཁྲུ་གང་གི་ཚད་པས་ཆུང་བ་ལ་ཉེས་བྱས་སོ། །རུང་བ་མ་ཡིན་པར་འཇོག་པ་
ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ལ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་
སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་གོས་ཁ་བསྐང་བ་ལ་རེ་བ་མེད་པ་དང་། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་པོ་ཡོད་པ་དང་། ཞག་སུམ་ཅུ་མ་འདས་པ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་
བཏིང་བ་མ་ཕྱུང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཇོག་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་
པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། འཇོག་པའི་སྤང་བའི་ལྟུང་བྱེད་དེ་གསུམ་པ་བཤད་ཟིན་ཏོ།། །།འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་
ལྔ་པོ་རིགས་དང་། ཡུལ་དང་། དུས་དང་། རུས་དང་། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས། གླང་པོ་ཆེར་སྣང་བར་བསྒྱུར་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་
ཅིང་འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །གང་གི་ཉིན་མོ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པར་གྱུར་པ་དེའི་ཉིན་མོར་མཉན་ཡོད་ན་རྒྱལ་པོ་ཆེན་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་གསལ་རྒྱལ་དང་། རྒྱལ་པོའི་ཁབ་ན་རྒྱལ་པོ་པད་མ་ཆེན་པོའི་བུ་གཟུགས་ཅན་

སྙིང་པོ་དང་། ཀཽ་ཤཱཾ་བཱི་ན་རྒྱལ་པོ་ཆེན་པོ་དམག་བརྒྱ་པའི་བུ་ཤར་བ་དང་། འཕགས་རྒྱལ་ན་རྒྱལ་པོ་ཆེན་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་དག་ཀྱང་བཙས་སོ། །དེ་ཉིད་ཀྱི་ཉིན་མོར་ཤཱཀྱ་གཞོན་ནུ་བཟང་ལྡན་ལ་སོགས་པ་ལྔ་བརྒྱ་དང་། བསྙེན་བཀུར་བ་འདུན་བྱེད་ལ་
སོགས་པ་ལྔ་བརྒྱ་ཡང་བཙས་སོ། །རྟེའུ་བསྔགས་ལྡན་ལ་སོགས་པ་ལྔ་བརྒྱ་ཡང་འབྲང་ངོ་། །ལྷ་རྣམས་ཀྱི་གཏེར་ལྔ་བརྒྱ་ཡང་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་བྲམ་ཟེ་ལྟས་པ་དང་། མཚན་མཁན་དག་གིས་ཁབ་ན་བཞུགས་པར་གྱུར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་
མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། བུ་དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་མངའ་བ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོན་པས་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་
མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ་ཞེས་ལུང་ཡང་བསྟན་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ན་ཐམས་ཅད་རི་བོ་གངས་ཀྱི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་ཚོགས་འགྲམ་དྲང་སྲོང་སེར་
སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་མཚན་མཁན་དག་གིས་དེ་སྐད་ལུང་བསྟན་ཏོ་ཞེས་སྒྲ་ཡང་གྲགས་པར་གྱུར་ཏོ། །ཉི་འོག་གི་རྒྱལ་པོ་དག་གིས་ཀྱང་དེ་སྐད་ཐོས་པར་གྱུར་ཅིང་། ཐོས་ནས་ཀྱང་ཉི་འོག་གི་རྒྱལ་པོ་དེ་དག་ད་གཞོན་
ནུ་དེ་བསྟེན་ན་དུས་སུ་འབྲས་བུ་སྟེར་བར་འགྱུར་བས་ཇེ་གཞོན་ནུ་བསྟེན་པའི་དོན་དུ་དེའི་ཡབ་རྒྱལ་པོ་ཟས་གཙང་བསྟེན་པར་བྱའོ་སྙམ་ནས་དུས་དང་མཐུན་པའི་དུས་སུ་རྒྱལ་པོ་ཟས་གཙང་ལ་འདུད་པས་ཕོ་ཉ་དང་དཀོར་སྒྲོམ་དག་ཀྱང་བསྐུར་བར་བྱེད་དོ། །དེའི་ཚེ་གཞོན་ནུ་དེའི་མཚན་དོན་ཐམས་ཅད་

གྲུབ་པ་ཞེས་བྱ་བ་ཡང་གསོལ་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོར་འཁྲུངས་ཤིང་། དེས་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་ནས་ཐུགས་བྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཚལ་དུ་གཤེགས་པའི་ཚེ་རྒྱལ་པོ་ཟས་གཙང་དང་ཤཱཀྱ་ལེགས་རབ་རྟོགས་ཀྱི་ཞམ་འབྲིང་བ་
མི་ལྔ་བརྒྱ་བཀྱེ་སྟེ་བཀའ་མཆིད་ཕྱིར་ཡང་སྐྱེལ་བར་གྱུར་ཏོ། །ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དག་གིས་དེ་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་བྱུང་བར་ཐོས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་ད་རྒྱལ་པོ་ཟས་གཙང་བསྟེན་ཀྱང་དོན་མེད་དོ་ཞེས་དེ་ལ་འདུད་པ་དང་།
ཕོ་ཉ་དང་། ཀོར་སྒྲོམ་འབུལ་བ་རྒྱུན་ཆད་པར་གྱུར་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འབའ་ཞིག་རྒྱལ་པོ་ཟས་གཙང་དང་སྔ་མཁོ་བཞིན་འདུད་པ་དང་། ཕོ་ཉ་དང་། སྐྱེས་ཀྱིས་འདྲུལ་ལོ། །དེའི་ཚེ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ནི་བློན་པོའི་མཆོག་སྦེད་པ་ཞེས་བྱ་བ་ཞིག་ཡོད་ལ། རྒྱལ་པོ་ཟས་
གཙང་ལ་ནི་མདུན་ན་འདོན་གྱི་བུ་འཆར་ཀ་ཞེས་བྱ་བ་ཞིག་ཡོད་དེ། གང་གི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་ཟས་གཙང་གི་གན་དུ་ཕོ་ཉ་གཏོང་བར་བྱེད་པ་དེའི་ཚེ་ན་བློན་པོའི་མཆོག་སྦེད་པ་གཏོང་བར་བྱེད། དེས་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ནས་མདུན་ན་འདོན་གྱི་བུ་འཆར་ཀའི་ཁྱིམ་དུ་འཇུག་
པར་བྱེད་དོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་ཕོ་ཉ་གཏོང་བར་བྱེད་པ་དེའི་ཚེ་ན་ནི་མདུན་ན་འདོན་གྱི་བུ་འཆར་ཀ་གཏོང་བར་བྱེད་དོ། །དེས་ཀྱང་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ནས་བློན་པོའི་མཆོག་སྦེད་པའི་ཁྱིམ་དུ་འཇུག་པར་བྱེད་དོ། །སྦེད་པ་ལ་ཆུང་མ་
སྦེད་མ་ཞེས་བྱ་བ་གཟུགས་བཟང་བ་དང་། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་དགའ་བ་ཞིག་ཡོད་དེ། དེའི་ཚེ་འཆར་ཀ་སྦེད་མ་དང་ལྷན་ཅིག་ཁ་དུམ་པར་གྱུར་ཏོ། །སྦེད་པས་ཇི་ལྟར་འཆར་ཀ་སྦེད་མ་དང་ལྷན་ཅིག་ཁ་དུམ་པར་གྱུར་པར་ཤེས་ནས། དེས་བསམས་པ་འདི་གསད་པར་བྱའོ་སྙམ་མོ། །
ཡང་བསམས་པ། གལ་ཏེ་འདི་གསད་པར་གྱུར་ན་ཡུལ་འཁོར་གཉིས་འཁྲུག་པ་ཆེན་པོར་འགྱུར་བས། བདག་གིས་བུད་མེད་ཀྱི་ལུས་ཀྱི་ཕྱིར་ཅིའི་ཕྱིར་བྲམ་ཟེ་གསད་པར་བྱ་སྙམ་ནས། དེས་བཏང་སྙོམས་སུ་གཞག་གོ། །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། བདག་སྦེད་པས་འཕྲིགས་སོ་སྙམ་

དུ་རིག་ནས་སྐྲག་སྟེ། ཁྱིམ་ནས་བྱུང་ཞིང་གཞན་དུ་འདུག་པ་དང་། སྦེད་པས་སྨྲས་པ། འཆར་ཀ་ཁྱོད་ཅིའི་ཕྱིར་རང་གི་ཁྱིམ་སྤངས་ཏེ་གཞན་ན་འདུག་ཚུར་ཤོག །འདི་ཁྱོད་རང་གི་ཁྱིམ་ཡིན་གྱི་ཇི་བདེར་འདུག་ཤིག །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། དོན་
གྱིས་ན་འདིས་བདག་ལ་རྗེས་སུ་གནང་ངོ་སྙམ་དུ་རིག་ནས་དེ་ཉིད་ན་འདུག་གོ། །དེ་ནས་དུས་གཞན་ཞིག་ན་བློན་པོའི་མཆོག་སྦེད་པ་ཤི་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རང་གི་མཛོད་དང་བང་བར་བཅུག་གོ། །སྦེད་མས་འཆར་ཀ་སེར་སྐྱའི་གནས་
ན་འདུག་པ་ལ་གང་གི་ཚེ་ཁོ་མོའི་ཁྱིམ་ཐབ་གསོན་ཞིང་འདུག་སྟེ་འཚོ་ཞིང་སྡོད་པ་དེའི་ཚེ་ན་ཁྱོད་རྟག་པ་ཁོ་ནར་འོང་ན་ད་དེ་ཤི་སྟེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རང་གི་མཛོད་དང་བང་བར་བཅུག་ན་ད་ཁྱོད་ཀྱིས་གཏམ་ཙམ་ཡང་མི་འདྲིའམ་ཞེས་ཡི་གེ་སྤྲིང་ངོ་། །
དེ་ནས་འཆར་ཀས་སྤྲིང་ཡིག་གི་དོན་ཐོས་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་དེར་སོང་བར་གྱུར་ན་གཞི་དེ་ལས་འཆར་ཀ་བུད་མེད་ལ་ཆགས་པས་བུད་མེད་ཀྱི་ཕྱིར་དེར་སོང་ངོ་ཞེས་གཞན་དག་ཁ་ཟེར་བར་འགྱུར་གྱི། བདག་གིས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་དེས་ལན་གཉིས་ལན་
གསུམ་དུ་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ནས་རྒྱལ་པོ་ཟས་གཙང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམས་པ་དེའི་ཚེ་ན་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་ཐམས་ཅད་འདུད་ཅིང་ཕོ་ཉ་དང་། དཀོར་སྒྲོམ་གསོལ་ནས། གང་གི་ཚེ་གཞོན་
ནུ་དོན་ཐམས་ཅད་གྲུབ་པ་རྒན་པོ་དང་ནད་པ་དང་། གུམ་པ་གཟིགས་ནས་ཐུགས་བྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཚལ་དུ་གཤེགས་པ་དེའི་ཚེ་ན་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དེ་དག་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་འདུད་པ་དང་ཕོ་ཉ་དང་དཀོར་སྒྲོམ་
འབུལ་བར་རྒྱུན་བཀུམ་ནས། སླར་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་དང་དཀོར་སྒྲོམ་དག་བཀའ་སྩལ་གྱི་ན་བསྐུར་ནས། ད་ལྟ་དེ་ལྟར་སྐྱེན་པར་གྱུར་པ་ལས་ད་ཡལ་བར་བོར་ན་སླད་ཀྱིས་གནོད་པ་ཆེན་པོར་འགྱུར་བས། དེ་འོ་སྐོལ་དང་མཚམས་འབྲེལ་པར་མཆིས་པས་དེ་དང་ལྷན་

ཅིག་སྟེན་པར་མཛད་པ་རིགས་སོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གལ་ཏེ། དེ་ལྟ་ན་ཁྱོད་ཉིད་ཕོ་ཉར་སོང་ཤིག །ལྷ་བཀའ་བཞིན་འཚལ་ཞེས་དེ་ནས་འཆར་ཀས་དཀོར་སྒྲོམ་དག་ཁྱེར་ཏེ་མཉན་ཡོད་ག་ལ་བ་དེར་འཕགས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་འཆར་ཀ་
འདི་སྙམ་དུ་སེམས་ཏེ། བསྟེན་པ་ལ་བསྟེན་པར་མི་བྱ་བར་མི་བསྟེན་པ་ལ་བསྟེན་པར་བྱ་བ་ཡིན་པས་ཇེ་དང་པོར་བློན་པོ་རྣམས་བལྟ་བར་བྱ་ཞིང་དེའི་འོག་ཏུ་རྒྱལ་པོ་བལྟས་ཏེ། སྦེད་མའི་ཕྱིར་རྒྱལ་པོ་ལ་གསོལ་བར་བྱའོ་སྙམ་ནས། དེས་བློན་པོ་རྣམས་ལ་བལྟ་བར་བརྩམས་ཏེ་སྨྲས་པ། ཤེས་ལྡན་
དག་ཁྱོད་ཀྱིས་ཁོ་བོ་ཇི་ལྟར་སྦེད་མ་དང་ལྷན་ཅིག་བཤེས་པ་དེ་མི་ཤེས་སམ། དེའི་ཁྱིམ་ཐབ་ཤི་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བུ་མེད་པའི་ཕྱིར་དེའི་ནོར་ཐམས་ཅད་རང་གི་མཛོད་དང་། བང་བར་བཅུག་པས། དེའི་ཕྱིར་ཁོ་བོ་རྒྱལ་པོ་ལ་གསོལ་བ་བྱེད་ཀྱི་ཁྱེད་ཀྱིས་གྲོགས་གྱིས་
ཤིག །དེ་དག་གིས་དེ་བཞིན་དུ་ཁས་བླངས་སོ། །དེ་ནས་འཆར་ཀ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བ་དང་། ཚེ་སྤེལ་བ་བྱས་ཏེ། མཐའ་གཅིག་ཏུ་འདུག་ནས། དེས་ལན་གཉིས་ལན་གསུམ་དུ་རྒྱལ་པོའི་བྱ་བ་དང་
བྱེད་པ་དག་བྱས་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གི་གནས་སྩོལ་ཅིག །འཆར་ཀ་ཁྱོད་སྔོན་གང་དུ་ཞུགས། ལྷ་བློན་པོའི་མཆོག་སྦེད་པའི་སྡུམ་པར་མཆིས་སོ། །འཆར་ཀ་སོང་ལ་དེ་ཉིད་དུ་ཞུགས་ཤིག །ལྷ་བློན་པོའི་མཆོག་སྦེད་པ་གུམ་མོ། །
གལ་ཏེ་དེ་ཤི་ན་ཇི་དེའི་ཁྱིམ་ཡང་ཤིའམ། ལྷ་དེའི་སྡུམ་པ་ནི་མ་གུམ་མོད་ཀྱི་འོན་ཀྱང་དེ་ན་སྟན་ཙམ་ཡང་མ་མཆིས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་འཆར་ཀའི་གནས་བྱིན་ཅིག །འཆར་ཀ་ཕྱིར་བྱུང་བ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅི་ལགས་
འཆར་ཀ་ལ་གནས་མ་མཆིས་སྙམ་མམ། ཇི་ལྟར་འཆར་ཀ་སྦེད་མ་དང་ལྷན་ཅིག་མཇལ་བས། དོན་གྱིས་ན་འཆར་ཀ་སྦེད་མའི་སླད་དུ་ལྷ་ལ་གསོལ་བར་བགྱིས་ཀྱི་ལྷ་འཆར་ཀ་ནི་བྲམ་ཟེ་མདུན་ན་འདོན་གྱི་བུ་ལགས་པས། བྲམ་ཟེ་ནི་མི་འཚལ་བཞིན་དུ་དགང་བར་བགྱི་བ་ལགས་ཏེ། འདི་ལེགས་

པར་གཟུང་ན་རྒྱལ་པོ་ཟས་གཙང་ལེགས་པར་གཟུང་བར་འགྱུར་རོ། །དེ་ནས་རྒྱལ་པོས་འཆར་ཀ་ལ་བོས་ཏེ་སྨྲས་པ། འཆར་ཀ་ངས་ཁྱོད་ཇི་ལྟར་སྦེད་མ་དང་ལྷན་ཅིག་བཤེས་པར་སྔར་མ་ཤེས་ཀྱི། ད་སོང་ལ་སྦེད་མ་དང་དེའི་ཁྱིམ་དང་། ནོར་ཐམས་ཅད་ཁྱོད་ཁྱེར་ཅིག །ལྷ་
བཀའ་དྲིན་ཆེའོ་ཞེས་སྨྲས་ནས། འཆར་ཀ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་བ་དང་། སྦེད་མས་འཆར་ཀ་འོངས་སོ་ཞེས་ཐོས་ནས། སྒོ་གང་དུ་འདུག་སྟེ་ངུ་བར་བརྩམས་སོ། །འཆར་ཀས་མཐོང་ནས་སྨྲས་པ། སྦེད་མ་ཁྱོད་ཅིའི་ཕྱིར་ངུ། དེས་སྨྲས་པ། བདག་འཚལ་བའི་ཁྱིམ་ཐབ་གུམ་
ན་ཅི་བདག་ཁྱོད་ཀྱིས་ཀྱང་ཡོངས་སུ་བཏང་ངམ། དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་མཐུན་པར་སྨྲས་ན་འདི་ཤིན་ཏུ་ངུ་བར་འགྱུར་བས་བདག་གིས་འདི་ཚར་གཅད་པར་བྱའོ་སྙམ་དུ་རིག་ནས་སྨྲས་པ། སྦེད་མ་བྱང་ཆུབ་སེམས་དཔའ་དཀའ་བ་བྱེད་པ་གང་གིས་
བཙུན་མོ་གྲགས་འཛིན་དང་། ས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་དེ་དག་གི་རྐང་པའི་རྡུལ་ཙམ་དུ་ཡང་ཁྱོད་ཀྱིས་མི་ཕོད་དོ། །དེ་ནས་དེ་ཅང་མི་སྨྲ་བར་འདུག་པ་དང་། འཆར་ཀས་སྨྲས་པ། ཁོ་བོས་ཁྱོད་མ་བཏང་བས་ཁྱོད་ཉིད་ཀྱི་ཕྱིར་འདིར་
འོངས་པ་ཡིན་ནོ། །ཁོ་བོས་རྒྱལ་པོ་ལས་ཁྱོད་དང་། ཁྱོད་ཀྱི་ཁྱིམ་དང་ནོར་ཐམས་ཅད་ཐོབ་ན་ཅི་ཁྱོད་འདི་ཉིད་དུ་འདུག་གམ། སེར་སྐྱའི་གནས་སུ་འགྲོ །དེས་བསམས་པ། གལ་ཏེ་སེར་སྐྱའི་གནས་སུ་སོང་ན་འདིའི་བྲམ་ཟེ་མོ་ལས་སྲོག་ཀྱང་མི་ཐོབ་བོ་སྙམ་དུ་རིག་ནས། འདི་ཉིད་དུ་མཆིས་སོ་ཞེས་སྨྲས་
ཏེ་དེ་དེ་ཉིད་དུ་འདུག་གོ། །དེའི་<ཚེད་‚ཚེ་>འཆར་ཀ་ལ་ཁྱིམ་གཉིས་ཡོད་དེ། གཅིག་ནི་མཉན་ཡོད་ནའོ། །གཅིག་ནི་སེར་སྐྱའི་གནས་ནའོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ། དཀའ་བ་བྱེད་པ་ལ་དོན་ཅི་ཡང་མེད་པར་རིག་ནས། ཅི་བདེར་དབུགས་རྔུབ་པ་དང་།
འབྱིན་པ་དང་། ཞལ་ཟས་རྒྱ་ཆེན་པོ་དག་གསོལ་བ་དང་། སྐུའི་བསྐུ་མཉེ་དང་། དྲིལ་བྱས་མཛད་ནས་གྲོང་སྡེ་འདོང་དུ་གཤེགས་ཏེ། གྲོང་པའི་བུ་མོ་དགའ་མོ་དང་དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་བརླས་པའི་འོ་མ་གསོལ་ནས། ཀླུའི་རྒྱལ་པོ་ནག་པོས་མངོན་པར་བསྟོད་དེ། རྩྭ་

བཀྲ་ཤིས་འཚོང་པ་ལས་རྩྭ་གསེར་གྱི་མདོག་ལྟ་བུ་དག་བཞེས་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང་། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ནས་བླ་ན་མེད་པའི་བྱང་ཆུབ་མངོན་པར་
རྫོགས་པར་སངས་རྒྱས་ཏེ་ཚངས་པས་གསོལ་ནས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ཏེ། བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ནས། ལྔ་པ་དང་ཉེ་ལྔ་པ་དང་། གྲོང་ཁྱེར་བའི་ཁྱེའུ་མཐོ་བ་མཐོ་བ་ལྔ་བཅུ་བཏུལ་བ་དང་། རས་བལ་ཅན་གྱི་ཚལ་
གསེབ་ཏུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་ཅུ་བདེན་པ་དག་ལ་བཀོད་པ་དང་། གྲོང་སྡེའི་འདོང་དུ་གཤེགས་ནས་གྲོང་བའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་བདེན་པ་དག་ལ་བཀོད་པ་དང་། ལྟེང་རྒྱས་སུ་གཤེགས་ནས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་
མཛད་པ་དང་། ག་ཡའི་མགོའི་མཆོད་རྟེན་དུ་གཤེགས་ནས། དགེ་སློང་སྟོང་སྟོང་པོ་དེ་དག་ཆོ་འཕྲུལ་གསུམ་གྱིས་གདམས་པར་མཛད་ནས། དགྲ་བཅོམ་པ་ཉིད་ཐོབ་པར་མཛད་པ་དང་། ལྟང་བྲང་གི་ཚལ་གསེབ་དུ་གཤེགས་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་། མ་
ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་གཞག་པ་དང་། རྒྱལ་པོའི་ཁབ་ཏུ་གཤེགས་ནས་འོད་མའི་ཚལ་བཞེས་ཏེ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་ལྡན་པ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་པ་དང་མཉན་ཡོད་དུ་གཤེགས་ནས་
རྒྱལ་བྱེད་ཀྱི་ཚལ་བཞེས་ཏེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོས་བཏུལ་ནས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཟས་གཙང་
གི་གན་དུ་ཕོ་ཉ་བཏང་སྟེ། ལྷ་དགྱེས་པ་སྐྱེད་ཅིག །ཁྱོད་ཀྱི་སྲས་ཀྱིས་བདུད་རྩི་ཐུགས་སུ་ཆུད་དེ་བདུད་རྩིས་འགྲོ་བ་ཚིམ་པར་མཛད་ཅིང་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་སྤྲིང་ངོ་། །རྒྱལ་པོ་ཟས་གཙང་གིས་ཐོས་ནས་བཅོམ་ལྡན་འདས་

ཀྱི་སྤྱན་སྔར་ཕོ་ཉ་བཏང་སྟེ། གཞོན་ནུ་བདག་གིས་རིང་དུ་མ་མཐོང་སྟེ། བདག་གཞོན་ནུ་མཐོང་བས་ཡོངས་སུ་སྐོམ་མོ་ཞེས་གསོལ་པ་དང་། ཕོ་ཉ་དེ་དེ་ཉིད་དུ་རབ་ཏུ་བྱུང་ངོ་། །ཕོ་ཉ་གཉིས་པ་བཏང་བ་དང་། དེ་ཡང་དེ་ཉིད་དུ་རབ་ཏུ་བྱུང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་ཡིད་
ལ་གཅགས་ནས་རང་གི་ལག་ནས་བཅོམ་ལྡན་འདས་སྤྱན་དྲངས་པའི་ཚིགས་སུ་བཅད་པ་བྲིས་ཏེ་མདུན་ན་འདོན་གྱི་བུ་འཆར་ཀ་ཕོ་ཉར་བཏང་ངོ་། །དེ་ནས་འཆར་ཀས་ཕྲིན་ཡིག་དེ་བླངས་ཏེ་མཉན་ཡོད་དུ་འཕགས་ནས། དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་
ནས་ཕྲན་ཡིག་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དོན་གྱི་ཕྲིན་ཡིག་ཀླག་པ་མཛད་ནས་འཆར་ཀ་རབ་ཏུ་ཕྱུང་ནས་རྒྱལ་པོའི་ཕོ་ཉར་བཀའ་སྩལ་ཏེ། ཞག་བདུན་ན་ཡབ་སྲས་མཇལ་ཞིང་སེར་སྐྱའི་གནས་སུ་གཤེགས་སོ་ཞེས་སྤྲིང་ཡིག་སྤྲིང་ངོ་། །དེ་ནས་འཆར་ཀ་རབ་ཏུ་བྱུང་
བས་རྒྱལ་པོའི་ཕོ་ཉ་བྱས་ཏེ་ཡབ་ཟས་གཙང་ལ་སྦྲན་ནས། རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ཀྱི་ཕྱིར་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཡོ་ལང་རྒྱ་ཆེན་པོ་བཤམས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བའི་དོན་ཆེན་པོ་དག་མཛད་ནས། ཚེ་དང་
ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་སེར་སྐྱའི་གནས་སུ་གཤེགས་ཀྱི་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་སེར་སྐྱའི་གནས་སུ་འགྲོ་བ་དང་། ཡབ་དང་སྲས་མཇལ་བ་ལྟ་བར་སྤྲོ་བ་དེས་
ཆོས་གོས་དག་ལོངས་ཤིག་ཅེས་བསྒོས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་དགེ་སློང་རྣམས་ལ་དེ་སྐད་བསྒོའོ། །དགེ་སློང་དག་གིས་ཚེ་དང་ལྡན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་
པོའི་ཚིག་མཉན་ནོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ།

འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་
བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དཔའ་བོ་རུ་པའི་
ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ས་མཁན་འདྲོན་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཚོང་དཔོན་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། མཁར་གྱི་རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ།
འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་
བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཐགས་བཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་
ཡོངས་སུ་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ་དང་། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། རྒྱ་མཚོ་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་
ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ་ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་དུ་བཟང་པོ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་

པའི་ཚོགས་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་བ་ཉག་གཅིག་པ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་། ལྷག་མཐོང་གིས་ཞུགས་པ། རིག་པ་གསུམ་གསལ་
བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱོང་བར་མཛད་པ། མི་འཇིགས་
པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ་འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་
བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུའི་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ་འཁོར་ཉན་ཐོས་ཆེན་པོ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང་།
ག་ཡ་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་ལ་སོགས་པ་སྔོན་གྱི་རལ་པ་ཅན་སྟོང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོས་མདུན་དུ་བདར་ཏེ། སེར་སྐྱའི་གནས་ག་ལ་བ་དེར་རྒྱུ་ཞིང་གཤེགས་སོ། །དེའི་ཚེ་རྒྱལ་པོ་ཟས་གཙང་
གིས་ཉི་མ་བདུན་པ་ལ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་རྡོ་བ་དང་། གསེག་མ་དང་གྱོ་མོ་མེད་པར་བྱས་ཏེ། བདུག་པ་དང་ཕྱེ་མ་འཁྲིགས་པ་དང་། མེ་ཏོག་སྣ་ཚོགས་བཀྲམ་པ་དང་། རྒྱལ་མཚན་དང་བ་དན་བསྒྲེང་བ་ལ་སོགས་པ་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་དག་བཤམས་ཤིང་། ནྱ་གྲོ་
དྷའི་ཀུན་དགའ་ར་བར་ས་ཕྱོགས་གོ་སྐབས་ཡངས་པར་གདན་ཐབས་ཟླ་གམ་ལྟ་བུར་བཤམས་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བ་ནས་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་བར་གྱི་ལམ་ཐམས་ཅད་མཛེས་ཤིང་རྡོ་བ་དང་། གསེག་མ་དང་གྱོ་མོ་མེད་པར་བྱས་ཏེ། སྤོས་ཆུའི་ཆག་ཆག་བཏབ་ཅིང་། བར་བར་དུ་དར་

གྱི་ཆུན་པོ་མང་པོ་དཔྱངས་ཏེ། མེ་ཏོག་གི་ཚོགས་དག་ཀྱང་བཤམས། བདུག་སྤོས་དྲི་ཞིམ་པོའི་དུ་བ་འཁྲིགས་པ་དང་། མེ་ཏོག་སྣ་ཚོགས་བཀྲམ་པ་དང་། རྒྱལ་མཚན་དང་བ་དན་བསྒྲེང་བ་དག་རྣམ་པར་གཞག་གོ། །རྒྱལ་པོ་ཟས་གཙང་ཉིད་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་
ཆེན་པོས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་སྡོད་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་ཆུ་ཀླུང་རོ་ཧ་ཀའི་འགྲམ་དུ་གཤེགས་སོ། །དེ་ན་དགེ་སློང་ཁ་ཅིག་ནི་ལག་པ་དང་རྐང་པ་དག་འཁྲུ་བར་བྱེད། ཁ་ཅིག་ནི་སོ་ཤིང་འདོར་བར་བྱེད།
ཁ་ཅིག་ནི་ཆུ་འཚགས་པར་བྱེད། ཁ་ཅིག་ནི་ཁྲུས་བྱེད་དོ། །གྲོང་ཁྱེར་སེར་སྐྱའི་གནས་ན་འཁོད་པའི་ཤཱཀྱ་རྣམས་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འོངས་ཤིང་། རྒྱལ་པོ་ཟས་གཙང་གིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་ས་ཕྱོགས་གོ་སྐབས་ཡངས་པར་གནས་མལ་བཤམས་ཞེས་ཐོས་སོ། །
ཐོས་ནས་ཀྱང་ཤཱཀྱ་འབུམ་ཕྲག་དུ་མ་དག་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་འདུས་པར་གྱུར་ཅིང་དེ་ན་ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་ཞིང་ལྷགས་སོ། །ཁ་ཅིག་ནི་ཡ་མཚན་སྐྱེས་ཏེ་ཇི་ལྟར་དང་པོར་ཡབ་ཀྱིས་སྲས་ཀྱི་ཞབས་ལ་ཕྱག་བཞེས་པར་མཛད་དམ། འོན་ཏེ་སྲས་ཀྱིས་ཡབ་ཀྱི་ཞབས་ལ་
ཕྱག་བཞེས་པར་མཛད་པ་ལྟའོ་སྙམ་པས་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཞབས་ཀྱིས་སེར་སྐྱའི་གནས་སུ་གཤེགས་ན་ཤཱཀྱ་ང་རྒྱལ་ཅན་དག་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཆེན་པོ་མ་རྙེད་དེ། འདི་ལྟར་འདི་སྔོན་བྱང་ཆུབ་སེམས་
དཔར་གྱུར་པ་ན་གྲོང་ཁྱེར་སེར་སྐྱའི་གནས་ནས་ལྷ་འབུམ་ཕྲག་དུ་མས་བསུ་ཞིང་སྟེང་གི་ནམ་མཁའ་ལས་བྱུང་སྟེ། སོང་ན་ད་འདིས་བླ་ན་མེད་པའི་ཡེ་ཤེས་རྟོགས་ཀྱང་རྐང་པས་འོངས་སོ་ཞེས་མ་དད་པ་སྐྱེ་བར་འགྱུར་བས་བདག་རྫུ་འཕྲུལ་གྱིས་སེར་སྐྱའི་གནས་སུ་འཇུག་པར་བྱའོ་སྙམ་དུ་དགོངས་ཤིང་
རིག་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ནི་རྐང་པ་དག་གིས་ཆུ་ཀླུང་རོ་ཧ་ཀ་རྒོལ་ཅིག །དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱིས་གཤེགས་སོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་རྐང་པ་དག་

གིས་ཆུ་ཀླུང་རོ་ཧ་ཀ་རྒལ་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱིས་ཆུ་ཀླུང་རོ་ཧ་ཀའི་ཕ་རོལ་གྱི་འགྲམ་ནས་མི་སྣང་
བར་གྱུར་ཅིང་། སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་མངོན་པར་འཕགས་ནས་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་སྟེང་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་དེར་གཤེགས་ཏེ་བྱོན་ནས། ནྱ་གྲོ་དྷའི་ཀུན་དགའ་ར་བའི་སྟེང་གི་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་
བཅོམ་ལྡན་འདས་ཤར་ཕྱོགས་སུ་སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། བཞུད་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བ་དག་མཛད་དོ། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་སྟོན་པར་མཛད་དེ། སྐུའི་སྨད་ནས་མེ་འབར་ཞིང་སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་པར་མཛད་དོ། །སྐུའི་སྟོད་ནས་མེ་
འབར་ཞིང་སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པར་མཛད་དོ། །མེའི་ཁམས་ལ་ཡང་སྙོམས་པར་འཇུག་པར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་
དག་དང་། བཙོད་ཀ་དག་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་སྟོན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་
དུ་དགོངས་ཏེ། གལ་ཏེ་དེ་བཞིན་གཤེགས་པས་རྒྱལ་པོ་ཟས་གཙང་གི་རྐང་པ་གཉིས་ལ་གཏུགས་པར་གྱུར་ན་ནི་དེའི་སྤྱི་བོ་ཚལ་པ་བདུན་དུ་འགས་པར་གྱུར་ལ། གལ་ཏེ་རྒྱལ་པོ་ཟས་གཙང་གིས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་པར་གྱུར་ན་ནི། ཤཱཀྱ་ང་རྒྱལ་ཅན་དག་ཅིའི་ཕྱིར་
ཡབ་ཏུ་གྱུར་པས་སྲས་ཀྱི་རྐང་པ་གཉིས་ལ་གཏུགས་པར་བྱེད་ཅེས་མ་དད་པ་སྐྱེ་བར་འགྱུར་བས་བདག་གིས་ཇི་ནས་ཀྱང་རྒྱལ་པོ་ཟས་གཙང་གིས་ལུས་མ་བཏུད་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱའོ་

སྙམ་དུ་དགོངས་པར་རིག་ནས། ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་ནམ་མཁའ་ལ་གཞེས་ཤིང་ཏ་ལ་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་སྲིད་ཙམ་ན་གཞེས་སོ། །དེ་ནས་སྐྱེས་བུ་བདུན་སྲིད་ཙམ་ན་གཞེས་ཤིང་སྐྱེས་བུ་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་།
གཉིས་དང་། གཅིག་སྲིད་ཙམ་ན་གཞེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ལུས་མ་བཏུད་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཤཱཀྱ་རྣམས་ལ་གོ་བར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། གང་ཚེ་ཁྱོད་བལྟམས་དོག་ས་རབ་གཡོས་
དང་། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མ་བཏང་དང་། །འདི་དང་ལན་གསུམ་ཀུན་གཟིགས་མཁྱེན་ལྡན་པ། །སངས་རྒྱས་ཁྱོད་ཀྱི་ཞབས་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་སླར་བསྡུ་བ་མཛད་ནས། ནྱ་གྲོ་དྷའི་ཀུན་དགའ་ར་བར་
གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་དང་། བྲེ་བོ་ཟས་དང་། ཟས་དཀར་དང་། བདུད་རྩི་ཟས་དང་། ཤཱཀྱ་འབུམ་ཕྲག་དུ་མ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་
གཅིག་ཏུ་འཁོད་དོ། །ཤཱཀྱ་ཁ་ཅིག་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཤཱཀྱ་ཁ་ཅིག་ནི་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ནས་ཅང་མི་སྨྲ་བར་མཐའ་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ལ་ཚིགས་
སུ་བཅད་པའི་སྐད་ཀྱིས་ཕན་ཚུན་ཀུན་དགའ་བའི་གཏམ་མང་པོ་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་དེའི་ཡི་རངས་པར་མཛད་དོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བདག་གི་བུས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་
མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེའི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེའི་ཉིན་མོ་རྒྱལ་པོ་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་

མཛད་དོ། །ཉི་མ་གཉིས་པ་ལ་སྐྱེད་མོས་ཚལ་སྐྱེ་ཡོད་དུ་རྒྱལ་པོ་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་དྲུག་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །ཉི་མ་གསུམ་པ་ལ། སྐྱེད་མོས་ཚལ་ཚངས་པའི་གནས་སུ་རྒྱལ་པོ་བདུད་རྩི་ཟས་ལ་
སོགས་པ་ཤཱཀྱ་བདུན་ཁྲི་ལྔ་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །ཉི་མ་བཞི་པ་ལ་རྒྱལ་པོ་ཟས་གཙང་གི་སེམས་ཧ་ཅང་ཞུམ་པ་དང་། ཧ་ཅང་མཐོ་བའི་སྒྲིབ་པ་ལྷ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་རྫུ་འཕྲུལ་བསྟན་པས་བསལ་
ནས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བདེན་པ་མཐོང་ནས། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་
རྩི་ཟས་ལ་རྒྱལ་སྲིད་བསྟབས་ན་དེ་དག་ཀྱང་སྔར་བདེན་པ་མཐོང་ཟིན་པས་རྒྱལ་སྲིད་ནོད་དུ་མ་བཏུབ་ནས་ཤཱཀྱ་གཞོན་ནུ་བཟང་ལྡན་རྒྱལ་སྲིད་ཀྱི་བདག་པོར་དབང་བསྐུར་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཉིན་གཅིག་མི་འཆད་བར་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ་
བ་དང་། རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་རལ་པ་ཅན་ལས་རབ་ཏུ་བྱུང་བ་དཀའ་ཐུབ་ཀྱིས་ལུས་མི་སྡུག་པར་སྣང་བ་དག་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་ཉིད་ཆེན་པོ་འདི་དག་སེམས་ནི་བཟང་བ་ཡིན་ན་ལུས་མི་བཟང་སྟེ། དཀའ་
ཐུབ་དྲག་པོ་དག་གིས་ལུས་མི་སྡུག་པར་སྣང་བ་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱི་འཁོར་ནི་བཅོམ་ལྡན་འདས་ཉིད་ཅི་འདྲ་བར་འཁོར་ཡང་དེ་འདྲ་བ་ཉིད་དུ་གྱུར་ན་དེ་ལྟ་ན་བཅོམ་ལྡན་འདས་མཛེས་པར་འགྱུར་རོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་རྣམས་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་
གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་བར་གྱུར་ན་ཅིར་འགྱུར། ལྷ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱོད་ཀྱི་བུ་དག་ཅིར་འགྱུར། ལྷ་ཞམ་རིང་བར་འགྱུར་རོ། །འོ་ན་ད་གཞོན་ནུ་དོན་ཐམས་ཅད་གྲུབ་པས་བདུད་རྩི་ཐུགས་སུ་ཆུད་དེ། བདུད་རྩིས་འགྲོ་བ་ཚིམ་པར་མཛད་

ན་ཁྱོད་ཀྱི་བུ་དག་ཅིའི་ཕྱིར་ཞམ་རིང་མི་བྱེད། ལྷ་ཅི་ལགས་དེ་དག་རབ་ཏུ་དབྱུང་ངམ། རབ་ཏུ་ཕྱུང་ཤིག །ལྷ་ཤཱཀྱའི་རྒྱུད་ཆད་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཁྱིམ་རེ་རེ་ནས་རེ་རེ་རབ་ཏུ་ཕྱུང་ཤིག །ལྷ་བཀའ་སྩལ་པ་བཞིན་འཚལ་ལོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་གཞོན་ནུ་རྣམས་ཀྱི་
ཁྱིམ་རེ་རེ་ནས་རེ་རེ་བྱུང་བར་བྱའོ་ཞེས་དྲིལ་བསྒྲག་པར་བྱས་སོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་གིས་དྲིལ་བསྒྲགས་པ་དེའི་ཚེ་ན་བཟང་ལྡན་དང་། མ་འགགས་པ་དང་། ནམ་གྲུ་ལ་སོགས་པ་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རབ་ཏུ་བྱུང་ངོ་། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རབ་ཏུ་
བྱུང་བ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་ནི་རྙེད་པ་ཕྱེད་དང་ཉེ་བ་ཡིན་ནོ་ཞེས་གསུངས་པས་དེ་དག་ལ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། རིགས་ཀྱི་བུ་འདི་དག་གཞན་གྱི་ཕྱིར་ཁོ་ནར་རབ་ཏུ་བྱུང་བ་ཡིན་
ནོ་གཞན་ཁོ་ན་འཆགས་སོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་དེ་དག་ལ་རྙེད་པ་དང་། བཀུར་སྟི་བྱུང་བ་གཅད་པར་བཞེད་ནས། སེར་སྐྱའི་གནས་སུ་ཅི་དགྱེས་པར་བཞུགས་ནས་མཉན་ཡོད་ག་ལ་བ་དེར་གཤེགས་ཏེ། མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས།
མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་
ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་བྲང་བརྡུངས་ཏེ་སྨྲས་པ། འཆར་ཀ་ཅིའི་སླད་དུ་ཁྱོད་ཀྱིས་བདག་སྦེད་མ་སྤངས་ཏེ་རབ་ཏུ་འབྱུང་། འཆར་ཀས་སྨྲས་པ།
བྱང་ཆུབ་སེམས་དཔས་བཙུན་མོ་ས་འཚོ་མ་དང་གྲགས་འཛིན་དང་། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་ནི་ཤིན་ཏུ་དཀའ་བ་ཡིན་གྱི། རྡུལ་གྱི་རྫབ་དང་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད། འཆར་ཀ་བདག་ཀྱང་རབ་ཏུ་འབྱུང་ངོ་། །དེ་ལྟར་གྱིས་ཤིག །དེ་ནས་

འཆར་ཀ་འདི་སྙམ་དུ་སེམས་ཏེ། སྔོན་ཡང་བདག་ཅག་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱིས་བརྙས་པར་གྱུར་པས། གལ་ཏེ་བདག་གིས་དགེ་སློང་མ་རབ་ཏུ་ཕྱུང་བར་གྱུར་ན། དྲུག་སྡེ་དག་གིས་དགེ་སློང་མ་རབ་ཏུ་ཕྱུང་ངོ་ཞེས་རྒྱ་ཆེར་བརྙས་པར་འགྱུར་གྱི་བདག་ནི་རེ་ཞིག་རྒྱལ་
པོའི་ཁབ་ཏུ་སོང་སྟེ། དེར་དབྱར་གནས་པར་ཁས་བླངས་ལ་སྦེད་མ་ནི་ཇི་ནས་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་རབ་ཏུ་འབྱིན་ཅིང་བསྙེན་པར་རྫོགས་པར་བྱེད་པར་འགྱུར་བར་བྱའོ་སྙམ་ནས། འཆར་ཀ་རྒྱལ་པོའི་ཁབ་ཏུ་སོང་སྟེ། དབྱར་གནས་པར་ཁས་བླངས་པ་དེའི་ཚེ་སྦེད་མ་མཉན་ཡོད་དུ་སྐྱེ་
དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་མཉན་ཡོད་ན་རྒན་ཞུགས་ཤིག་རྒྱལ་པོའི་ཁབ་ཏུ་སོང་བས། འཆར་ཀ་ལ་སྦེད་མ་རབ་ཏུ་བྱུང་བའི་གཏམ་བརྗོད་པ་དང་། འཆར་ཀ་ཡང་སྦེད་མ་དེ་གཞན་དག་གིས་ཁ་དྲངས་སུ་དོགས་པས། མྱུར་བ་
མྱུར་བ་ཁོ་ནར་མཉན་ཡོད་དུ་འོངས་ཏེ་རང་གི་གཙུག་ལག་ཁང་དུ་ཞུགས་སོ། །དེའི་ཚེ་ན་དགེ་སློང་མ་རྒྱལ་བྱེད་ཀྱི་ཚལ་དུ་འདུན་པ་འབུལ་དུ་དོང་བ་རྣམས་ཀྱིས་འཆར་ཀ་འོངས་པར་ཐོས་ནས་སྦེད་མ་ལ་སྦྲན་པ་དང་། སྦེད་མས་ནས་ཀྱི་ངར་ཕྱེ་དང་། ཁྲུས་ཀྱི་ཆལ་དང་། འབྲུ་མར་ཐོགས་ཏེ་
འཆར་ཀའི་གཙུག་ལག་ཁང་དུ་སོང་ནས་སྒོ་བརྡུངས་སོ། །འཆར་ཀས་སྨྲས་པ། དེ་སུ་ཡིན། སྦེད་མས་སྨྲས་པ། བདག་སྦེད་མའོ། །ཁྱིམ་བདག་གི་ཆུང་མ་སྦེད་མ་འོངས་པ་ལེགས་སོ་ལེགས་སོ། །བདག་ད་དུང་ཡང་ཁྱོད་ཁྱིམ་བདག་གི་ཆུང་མ་ལགས་སྙམ་མམ། འོ་ན་ཅི་ཡིན་བདག་རབ་
ཏུ་བྱུང་ངོ་། །ཁྱོད་སུས་རབ་ཏུ་ཕྱུང་། འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སོ། །སྦེད་མས་ཅིའི་ཕྱིར་ཁོ་བོ་བདག་ཉིད་ཀྱི་ལག་པ་ལ་སོས་འདེབས་པར་བྱེད་དམ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཁྱོད་རབ་ཏུ་ཕྱུང་ཡང་རུང་ཁོ་བོས་རབ་ཏུ་ཕྱུང་ཡང་རུང་སྟེ། ལེགས་ཀྱི་ནང་
དུ་ཞུགས་ཤིག་དང་ཆོས་བསྟན་པར་བྱའོ། །སྦེད་མ་ནང་དུ་ཞུགས་ཏེ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་ཉན་པར་བྱ་བའི་ཕྱིར་མདུན་དུ་འདུག་གོ། །དེས་དེ་ལ་ཆོས་བསྟན་པར་བརྩམས་ཏེ། དེས་དེ་ལ་ཇི་ཙམ་པ་དེ་ཙམ་དུ་ཆོས་བསྟན་ནས། སྔོན་གྱི་བགད་བ་དང་དགའ་བར་བྱེད་

པ་དང་། རྩེས་པ་དང་། དགའ་མགུར་སྤྱད་པ་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་བདག་ཅག་གཉིས་ཀྱིས་སྐྱེད་མོས་ཚལ་དང་། ལྷའི་གནས་ག་གེ་མོ་ཞིག་ཏུ་ཟས་འདི་དང་འདི་ལྟ་བུ་ཟོས་པ་དང་། བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་གང་
ཡིན་པ་དེ་དྲན་ནམ་ཞེས་སྨྲས་པ་དང་། འཆར་ཀ་ཀུན་དུ་ཆགས་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་ཀུན་དུ་ཆགས་པར་གྱུར་པ་དེ་ལྟ་དེ་ལྟར་དྲལ་ལོ། །སྦེད་མས་འཆར་ཀ་ཆགས་སོ་སྙམ་དུ་ཤེས་ནས་སྨྲས་པ། སླད་རོལ་དུ་མཆིས་ཏེ་སླད་མཆིའོ། །འཆར་ཀས་བསམས་པ། འདི་བཤང་བའམ་
གཅི་བ་བྱེད་འདོད་གོར་མ་ཆག་སྙམ་ནས་སྨྲས་པ་སོང་ཤིག །སྦེད་མ་ཕྱིར་བྱུང་བས་ཤིང་ང་དཔུང་བཅད་བརྫེས་ཏེ། བརྒྱུག་པར་བརྩམས་པ་དང་། འཆར་ཀ་སྒྲ་ལ་མཁས་པས། དེས་དེའི་ཏིང་སྒྲ་ཐོས་ནས་ཕྱིར་བྱུང་སྟེ། དགེ་སྦྱོང་མ་མགོ་རེག་མ་གར་བྲོས་ཞེས་དེས་དེའི་ཕྱི་བཞིན་བརྒྱུག་པར་
བརྩམས་པ་དང་། དེ་ལ་བརླའི་རེག་པས་ཁུ་བ་བྱུང་ནས། དེ་ཀུན་ནས་དཀྲིས་པ་དང་བྲལ་ཏེ། གླང་པོ་ཆེ་ཆགས་པ་དང་བྲལ་བ་བཞིན་དུ་གཞི་དེ་ཉིད་ན་འདུག་གོ། །སྦེད་མས་དེ་ཀུན་ནས་དཀྲིས་པ་དང་བྲལ་ཞིང་ཕྱིར་ལོག་པ་མཐོང་ནས་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་གལ་ཏེ་བདག་གིས་
དང་དུ་བླངས་པར་གྱུར་ན་བདག་ཀྱང་དགེ་སློང་མ་ཉིད་དུ་མི་རུང་ལ་ཁྱོད་ཀྱང་དགེ་སློང་ཉིད་དུ་མི་རུང་བར་འགྱུར་རོ། །སྲིང་མོ་བཅོམ་ལྡན་འདས་ཀྱིས་ཀྱང་བདག་སྲུང་ན་གཞན་སྲུང་བར་བྱེད་ལ། གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་དོ་ཞེས་གསུངས་པ་ལེགས་སོ། །འཕགས་པ་ཤམ་ཐབས་
འདི་ཚུར་སྩོལ་བཀྲུ་བར་བགྱིའོ། །འཆར་ཀས་ཤམ་ཐབས་དེ་སྦེད་མ་ལ་བྱིན་ནོ། །སྦེད་མས་ཁུ་བ་དེ་མཐོང་ནས་འགྱོད་པ་སྐྱེས་ཏེ། བདག་གི་ལུས་ཀྱི་ཕྱོགས་བཙུན་པ་འཆར་ཀས་སྔོན་མ་མཐོང་བའམ། མ་མནམས་པའམ། མ་བྱུགས་པ་ཇི་ཞིག་ཡོད་ན། བདག་གིས་དང་དུ་མ་བླངས་པ་ནི་མ་
ལེགས་པ་ཞིག་བྱས་སོ་སྙམ་དུ་འགྱོད་པ་སྐྱེས་སོ་ཞེས་སྦེད་མ་དེ་ལྟར་རྣམ་པར་རྟོག་པ་ན་དེ་ཀུན་དུ་ཆགས་ཤིང་དྲལ་བར་གྱུར་པའི་སེམས་ཀྱིས་ཁུ་བ་དེ་རང་གི་མངལ་གྱི་སྒོར་བླུགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་དེ་ལ་སེམས་ཅན་ཞུགས་པར་

གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། སྦེད་མ་ཁོ་མོ་ཅག་ཀོ་ཁྱོད་ཆོས་བཟང་པོའི་ཆོས་ཀྱིས་འཕགས་པ་འཆར་ཀའི་གན་དུ་འགྲོ་བར་སེམས་ཀྱི་ཁོ་མོ་ཅག་དེས་ཁྱོད་གནས་སྐབས་འདི་ལྟ་བུ་བྱས་པར་མི་སེམས་སོ། །སྦེད་མས་སྨྲས་པ། ཕུ་ནུ་མོ་དག་དགེ་
སློང་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། གང་ཚུན་ཆད་རབ་ཏུ་བྱུང་ནས། དེ་ཁོ་མོ་སྔོན་ཆད་ལན་འགའ་ཡང་ལག་གིས་ཀྱང་མ་བྱུགས་སོ། །དེ་དག་གིས་སྨྲས་པ། མ་བྱུགས་ན་ཡང་དེས་ཁྱོད་གནས་སྐབས་འདི་འདྲ་བར་བྱས་ན། གལ་ཏེ་བྱུགས་ན་དེས་ཁྱོད་གནས་སྐབས་ཇི་ལྟ་བུར་
བྱས་པར་འགྱུར་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་དེ་ནི་ཕམ་པར་མ་གྱུར་གྱི། འདི་ལྟར་ས་ཕྱོགས་དབེན་པར་
གཞག་སྟེ་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་གྱིས་ཤིག་དང་། བུ་འོད་སྲུངས་གཞོན་ནུ་ཞེས་བྱ་བ་བཙའ་བར་འགྱུར་ཞིང་དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འདི་ལྟ་སྟེ། དགེ་སློང་འོད་སྲུངས་གཞོན་ནུ་དེ་ནི་
ངའི་གཏམ་སྣ་ཚོགས་དང་། <གཏན་‚གཏམ་>སྙན་པ་དང་། སྤོབས་པ་དགེ་བ་ཅན་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་དགེ་སློང་རྣམས་ཀྱི་ཉེས་དམིགས་གང་ཡིན་པ་དེ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། གནས་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་
བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུད་དམ། འཚེད་དུ་འཇུད་དམ། འཆག་ཏུ་འཇུད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་

ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལ་བརྟེན་པའི་
བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །རྙིང་པ་ཞེས་བྱ་བ་ནི་
དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བར་སྤྱད་པ་གང་ཡིན་པའོ། །འཁྲུར་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཆུར་སྨྱུག་པ་བྱེད་དུ་འཇུད་ནའོ། །འཚེད་དུ་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཚོན་དུ་སྨྱུག་པ་བྱེད་དུ་འཇུག་ནའོ། །འཆག་ཏུ་འཇུག་ན་ཞེས་བྱ་བ་ནི་ཐ་ན་ཐལ་མོས་རྡེབས་པ་བྱེད་དུ་
འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་
པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་བྱིན་གྱིས་བརླབས་པ་དང་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་
འགའ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བསྒོ་བས་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ་འཆག་ཏུ་བཅུག་པ་དག་བྱས་པ་ཉིད་ནི་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འཁྲུ་བ་དང་འཚེད་པ་དང་འཆག་པ་རིགས་མི་མཐུན་པའི་ཚིགས་རྣམས་དང་། དེ་
དག་གྲུབ་པའི་མཐའ་མན་ཆད་བར་སྐབས་སུ་ཆད་པའི་ཚིགས་རྣམས་ལ་ལྟུང་བ་རེ་རེར་རྣམ་པར་མི་གཞག་པར་སྤྱིར་དངོས་གཞིའི་འབྲས་བུ་གཅིག་རྣམ་པར་གཞག་གོ། །དགེ་སློང་ལ་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་

པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་འཁྲུར་གཞུག་པ་དང་། འཚེད་དུ་གཞུག་པ་དང་། འཆག་ཏུ་གཞུག་པར་འོས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་
སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འཁྲུར་འཇུད་པའི་སྤང་བའི་ལྟུང་བ་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་
ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །གོས་ཀྱི་གྲྭ་ལ་སོགས་པ་ཕྱོགས་གཅིག་ལ་བྱས་པ་དང་། འཁྲུ་བ་ལ་སོགས་པ་ལས་ཀྱི་ཕྱོགས་གཅིག་པ་བྱས་པ་ལ་ན་སྨད་པ་མེད་དོ། །གོས་ཀྱི་རྫས་བཟང་ངན་
དང་མཉམ་པ་ལ་ན་སྨད་པ་མེད་དོ། །གོས་རུང་བ་ཉིད་དང་། ཆོས་གོས་དང་། གདིང་བ་ཚད་དང་ལྡན་པ་དང་། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་བསྙེན་པར་རྫོགས་པ་མ་ཉམས་པ་ལ་ན་སྨད་པ་མེད་དོ། །བཤང་བ་དང་། གཅི་བ་དང་། ལྗན་ལྗིན་དང་། འདམ་
རྫབ་ལ་སོགས་པས་མ་རུངས་པར་གྱུར་པ་འཁྲུ་བ་དང་། འཚེད་པ་དང་། འཆག་ཏུ་འཇུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གོས་དང་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་ཀྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བྱིན་
གྱིས་བརླབས་པ་དང་། རང་གི་དང་། རྙིང་པ་དང་། འཁྲུར་གཞུག་པར་འོས་པ་དང་། གོས་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་དང་། བསྒོ་བ་དང་བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་
ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སྨོས་པས་ལྟུང་བ་འདི་དང་འོག་མ་དག་གི་ཡན་ལག་ནི་ཉེ་དུ་དང་ཉེ་དུ་མ་ཡིན་པ་དག་ཡིན་པས་དེའི་ཕྱིར་ད་འདིར་ཉེ་དུའི་མཚན་ཉིད་བརྗོད་པར་འདོད་ནས། སྔར་ལུང་ཉིད་ལས་ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་ཕྲུགས་ལ་བརྟེན་པའི་

བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ་ཞེས་གསུངས་པའི་རྗེས་སུ་འབྲང་བས་ཕ་མ་དག་གི་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་གཅིག་ཏུ་སྔན་ཆད་གྱུར་པ་ཡང་ཉེ་དུ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ་ཕ་མ་དག་ཅེས་བྱ་བ་ནི་ཕ་དང་མ་ནི་ཕ་མ་དག་གོ། །དེ་བས་ན་ཕ་མ་དག་གི་
བདུན་པ་ཚུན་ཆད་ཅེས་བྱ་བ་ནི་ཕའི་ཕྲུགས་བདུན་པ་ཚུན་ཆད་དང་། མའི་ཕྲུགས་བདུན་པ་ཚུན་ཆད་ཅེས་བྱ་བའི་ཐ་ཚིག་གོ། །མདོ་ལས་ཕ་མ་ཞེས་བྱ་བ་སྨོས་པའི་སྒྲ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་དང་། དེ་བཞིན་དུ་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་
ན་ཕའི་ཕ་དང་ཕ་དེའི་ཡང་ཕ་དང་། དེ་ལྟ་བུ་ལ་སོགས་པ་ནི་ཕའི་རྒྱུད་དོ། །ཕ་དེའི་མ་གང་ཡིན་པ་དང་། མ་དེའི་ཡང་མ་དང་། དེ་ལྟ་བུ་ལ་སོགས་པ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའོ། །དེ་བཞིན་དུ་མའི་མ་དང་། མ་དེའི་ཡང་མ་དང་། དེ་ལྟ་བུ་ལ་སོགས་པ་ནི་མའི་རྒྱུད་དོ། །མ་
དེའི་ཕ་གང་ཡིན་པ་དང་། ཕ་དེའི་ཡང་ཕ་དང་། དེ་ལྟ་བུ་ལ་སོགས་པ་ནི་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་བྱས་ན་ཕའི་རྒྱུད་ཀྱང་མའི་ཡན་ལག་དང་བཅས་པ་ཡིན་པའི་ཕྱིར་ཕྲུགས་སུ་གྱུར་པ་ཡིན་ལ། དེ་བཞིན་དུ་མའི་རྒྱུད་ཀྱང་ཕའི་ཡན་ལག་དང་
བཅས་པ་ཡིན་པའི་ཕྱིར་ཕྲུགས་སུ་གྱུར་པ་ཡིན་ནོ། །ཕ་མ་དག་གི་ཕྲུགས་སུ་གྱུར་པ་བདུན་པ་ཚུན་ཆད་ལས་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ཕྲུགས་སུ་གྱུར་པ་དག་གམ། མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཕྲུགས་སུ་གྱུར་པ་དག་ལས་གང་ཡང་རུང་བ་ཕའི་རྒྱུད་མའི་ཡན་ལག་དང་བཅས་
པའམ། མའི་ཡན་ལག་དང་བཅས་པ་གཅིག་ཏུ་སྔན་ཆད་གྱུར་པ་སྟེ། ཕའི་རྒྱུད་དུ་སྔན་ཆད་གྱུར་པའམ། མའི་ཡན་ལག་དང་བཅས་པ་སྔན་ཆད་གྱུར་པའམ། མའི་རྒྱུད་དུ་སྔན་ཆད་གྱུར་པའམ། ཕའི་ཡན་ལག་དང་བཅས་པར་སྔན་ཆད་གྱུར་པ་དེ་ནི་ཉེ་དུ་ཞེས་བྱའོ། །ཡང་ཞེས་བྱ་བའི་
སྒྲ་ནི་གཉི་གར་སྔན་ཆད་གྱུར་པ་འབའ་ཞིག་ཉེ་དུ་ཡིན་པར་མ་ཟད་ཀྱི་གཅིག་ཏུ་སྔན་ཆད་གྱུར་པ་ཡང་ཉེ་དུ་ཡིན་པར་སྟོན་ཏོ། །འདི་སྐད་བསྟན་ཏེ། འདིར་ཉེ་དུ་ཞེས་བྱ་བ་ནི་སྔན་ཆད་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའམ། མའི་རྒྱུད་ཕའི་ཡན་ལག་དང་བཅས་པའམ། གཉི་གའི་རིགས་

གྲངས་བདུན་པ་ཚུན་ཆད་དུ་སྐྱེས་པ་དེ་ཡིན་ནོ། །ཇི་སྐད་སྨྲས་པ་ལས་གཞན་པ་ནི་ཉེ་དུ་མ་ཡིན་ནོ། །དེས་ན་ཕའི་རྒྱུད་ལ་ནི་ཕ་དང་མེས་པོ་དང་ཡང་མེས་དང་། སུམ་མེས་དང་། བཞི་མེས་དང་། ལྔ་མེས་དང་། དྲུག་མེས་ཚུན་ཆད་དུ་སྔོན་ཆད་གྱུར་པ་ནི་ཉེ་དུ་ཡིན་ལ། དེ་
ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ལ་ནི་ཕ་དང་ཕྱི་མོ་དང་། ཡང་ཕྱི་དང་། སུམ་ཕྱི་དང་། བཞི་ཕྱི་དང་། ལྔ་ཕྱི་དང་། དྲུག་ཕྱི་ཚུན་ཆད་དུ་སྔོན་ཆད་དུ་གྱུར་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །མའི་རྒྱུད་ལ་ནི་མ་དང་། མ་ཕྱི་དང་མ་རྒྱུད་ཡང་ཕྱི་དང་། མ་རྒྱུད་
སུམ་ཕྱི་དང་མ་རྒྱུད་བཞི་ཕྱི་དང་། མ་རྒྱུད་ལྔ་ཕྱི་དང་། མ་རྒྱུད་དྲུག་ཕྱི་ཚུན་ཆད་དུ་སྔན་ཆད་གྱུར་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ལ་ནི་མ་དང་། མ་མེས་དང་། མ་རྒྱུད་ཡང་མེས་དང་། མ་རྒྱུད་སུམ་མེས་དང་། མ་རྒྱུད་བཞི་མེས་དང་། མ་
རྒྱུད་ལྔ་མེས་དང་། མ་རྒྱུད་དྲུག་མེས་ཚུན་ཆད་དུ་སྔན་ཆད་གྱུར་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །དེ་ལ་འཁོར་ལོ་བཞིན་དུ་སྦྱར་ན་ཕའི་རྒྱུད་ལས་དྲུག་མེས་སྤུན་ཚུན་ཆད་དང་། ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ལས་ཀྱང་དྲུག་ཕྱི་སྤུན་ཚུན་ཆད་དང་མའི་རྒྱུད་ལས་ཀྱང་མ་རྒྱུད་དྲུག་
ཕྱི་སྤུན་ཚུན་ཆད་དང་། མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ལས་ཀྱང་མ་རྒྱུད་དྲུག་མེས་སྤུན་ཚན་ཆད་ཀྱི་རུས་དང་། སྣག་གི་ཕོ་སྨོས་ཀྱི་རྒྱུད་ཐམས་ཅད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །བུ་རྒྱུད་དང་། སྤུན་རྒྱུད་དང་། བུ་མོའི་རྒྱུད་དང་། སྲིང་མོའི་རྒྱུད་དུ་ཕྱིན་ཆད་གྱུར་པ་ལས་
ཀྱང་། བུ་དང་བུ་རྒྱུད་ཚ་བོ་དང་། ཡང་ཚ་དང་། སུམ་ཚ་དང་། བཞི་ཚ་དང་། ལྔ་ཚ་དང་། དྲུག་ཚ་ཚུན་ཆད་དང་། སྤུན་རྒྱུད་ཀྱི་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚ་དང་། བཞི་ཚ་དང་། ལྔ་ཚ་དང་། དྲུག་ཚ་ཚུན་ཆད་དང་། བུ་མོ་དང་བུ་མོའི་རྒྱུད་ཀྱི་ཚ་བོ་དང་། ཡང་ཚ་དང་། སུམ་ཚ་དང་།
བཞི་ཚ་དང་། ལྔ་ཚ་དང་། དྲུག་ཚ་ཚུན་<ཚད་‚ཆད་>དང་། སྲིང་མོའི་རྒྱུད་ཀྱི་བུ་དང་། ཚ་བོ་དང་ཡང་ཚ་དང་། སུམ་ཚ་དང་། བཞི་ཚ་དང་། ལྔ་ཚ་དང་དྲུག་ཚ་ཚུན་ཆད་ཀྱི་རུས་དང་། སྣག་གི་ཕོ་སྨོས་ཀྱི་རྒྱུད་ཐམས་ཅད་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །དེ་ལ་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་

དང་། མའི་རྒྱུད་ཕའི་ཡན་ལག་དང་བཅས་པའི་བདུན་རྒྱུད་ནི་སྔན་ཆད་དེར་གྱུར་པ་ཡིན་ལ། བུ་དང་སྤུན་དང་བུ་མོ་དང་སྲིང་མོའི་རྒྱུད་ཀྱི་བདུན་རྒྱུད་ནི་ཕྱིན་ཆད་དེར་འགྱུར་བ་ཡིན་ཏེ་ད་ལྟར་བདག་ཉིད་ཡོད་པ་ལ་ལྟོས་པས་བདག་ཉིད་མ་གཏོགས་པར་ཕ་དང་མ་ནས་ཕྱི་མེས་གྱེན་དུ་བགྲངས་པའི་བདུན་པ་
མན་ཆད་དང་། བུ་དང་བུ་མོ་དང་། སྤུན་དང་། སྲིང་མོའི་བུ་དང་། བུ་མོ་ནས་ཐུར་དུ་བགྲངས་པའི་བདུན་པ་ཡན་ཆད་དང་། ཐད་ཀར་ཕའི་རྒྱུད་ཀྱི་དྲུག་མེས་སྤུན་ཚུན་ཆད་ཀྱི་མིང་སྲིང་དང་། ཕའི་རྒྱུད་མའི་ཡན་ལག་དང་བཅས་པའི་དྲུག་ཕྱི་སྤུན་ཚུན་ཆད་ཀྱི་མེའུའི་མིང་སྲིང་དང་། མའི་རྒྱུད་ཀྱི་
དྲུག་ཕྱི་སྤུན་ཚུན་ཆད་ཀྱི་མེའུའི་མིང་སྲིང་དང་། མའི་རྒྱུད་ཕའི་ཡན་ལག་དང་བཅས་པའི་དྲུག་མེས་སྤུན་ཚུན་ཆད་ཀྱི་ཞང་པོ་དང་། སྲུ་མོ་དང་། བདུན་ནི་ཚ་བོའི་ཚ་བོ་དང་། ཚ་མོ་ཚུན་ཆད་ཀྱི་རུས་དང་། སྣག་གི་ཕོ་སྨོས་ཀྱི་རྒྱུད་ཐམས་ཅད་ལ་ཉེ་དུའི་སྡེ་ཚན་གྱི་འཁོར་ལོ་གཅིག་ཏུ་བརྩིའོ། །
དེ་ལྟར་ཉེ་དུ་དང་ཉེ་དུ་མ་ཡིན་པའི་མཚན་ཉིད་བསྟན་ནས། དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ་ཞེས་སྨོས་པར་བསྟན་པའི་ཕྱིར་འདུ་ཤེས་གཙོ་བོ་ཉིད་ལ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་
བྱ་བ་གསུངས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ་ཞེས་གསུངས་པའི་སྐབས་འདི་ལ། གལ་ཏེ་འདུ་ཤེས་ཇི་ལྟ་བ་བཞིན་དུ་དོན་ཡང་དེ་ལྟ་བུ་ཉིད་ཡིན་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་དུ་འདུ་ཤེས་ཤིང་། དགེ་སློང་མ་ཉིད་ཀྱང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན། དངོས་གཞི་སྟེ། སྤང་བའི་
ལྟུང་བྱེད་ཉིད་དུ་འགྱུར་རོ། །གལ་ཏེ་དོན་ཇི་ལྟ་བ་ཉིད་མ་ཡིན་ཏེ། དགེ་སློང་མ་ནི་ཉེ་དུ་ཡིན་ལ་འདུ་ཤེས་ཀྱིས་ནི་ཉེ་དུ་མ་ཡིན་ནོ་སྙམ་ན་དངོས་གཞི་དང་ཉེ་བ་སྟེ་ཉེས་བྱས་སུ་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་སྟེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་ནི་དངོས་གཞིར་
འགྱུར་ལ། དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་ནི་ཉེས་བྱས་སུ་འགྱུར་རོ། །འདི་ལ་ཡན་ལག་བརྒྱད་ཀྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བྱིན་གྱིས་བརླབས་པ་དང་། རང་གི་དང་། རྙིང་པ་དང་། འཁྲུར་གཞུག་པར་འོས་པ་དང་། གོས་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་དང་།

བསྒོ་བ་དང་བྱས་པའོ་ཞེས་སྔར་སྨོས་པ་དང་བྱིན་གྱིས་བརླབས་པའོ་ཞེས་སྨོས་པ་ནི་བྱིན་གྱིས་མ་བརླབས་པ་འཁྲུར་འཇུག་པ་ལ་སོགས་པ་བྱས་ན་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཆོས་གོས་སྤང་བ་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར་
གལ་ཏེ་མ་སྤངས་པ་འཁྲུར་འཇུག་ན་ནི་སྤང་བར་འགྱུར་རོ། །འོན་ཏེ་སྤངས་པ་འཁྲུར་འཇུག་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རང་གི་ཞེས་སྨོས་པ་ནི་གཞན་གྱི་བསལ་བའི་ཕྱིར་ཏེ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གཞན་དབང་བའི་ཆོས་གོས་འཁྲུར་སྩོལ་
ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྙིང་པ་ཞེས་སྨོས་པ་ནི་སར་པ་དགག་པའི་ཕྱིར་ཏེ། འདིར་གཞུང་ནི་རྙིང་པ་ཞེས་བྱ་བ་ནི་དུས་ཚིགས་གསུམ་པོ་དག་ལས། དུས་ཚིགས་གང་ཡང་རུང་བར་སྤྱད་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་མཚོན་པ་
ཡིན་པར་རིག་པར་བྱ་སྟེ། གལ་ཏེ་ཇི་སྲིད་སྤྱད་ཀྱང་རུང་། མི་གཙང་བ་ལ་སོགས་པས་གོས་པ་འཁྲུར་གཞུག་པར་འོས་པ་ནི་དུས་ཚིགས་སུ་མ་སྤྱད་ན་ཡང་སྤང་བར་འགྱུར་བ་བསྐྱེད་པ་ཁོ་ནའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཆོས་གོས་རུང་བས་གྲོང་དུ་ཞུགས་ཤིང་དེའི་ཆོས་གོས་དེ་ཡང་ལུས་
ལས་མ་ཕུད་པར་དེ་སྤང་བར་བགྱི་བའི་སླད་དུ་འབྱུང་བར་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟ་སྟེ། ཁྱིམ་གྱི་ནང་དུ་ཞུགས་པའི་ཆོས་གོས་མི་གཙང་བ་ལ་སོགས་པས་གོས་པར་གྱུར་པ་དེ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་
པ་ཡིན་ནོ། །འཁྲུར་གཞུག་པར་འོས་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ལ་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར། གལ་ཏེ་གང་ཟག་གིས་སྤྱད་པས་དྲི་མ་ཅན་དུ་གྱུར་པ་ཡིན་ན་ནི་ཉེས་བྱས་
སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གོས་ཞེས་སྨོས་པ་ནི་ཆོས་གོས་དང་གདིང་བ་སྟེ། དེ་དག་མ་ཡིན་པ་ཐམས་ཅད་ལ་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་ཆོས་གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་

བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ན་སྨད་པའི་ཕྱིར་རོ། །བསྒོ་བ་ཞེས་སྨོས་པ་ནི་མངགས་པ་ལ་སོགས་པ་ལ་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་
དེ་གཉིས་ཀྱི་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་མངགས་པས་ཆོས་གོས་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱས་པའོ་ཞེས་སྨོས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པས་བཀྲུ་བ་ལ་སོགས་པ་མ་བྱས་ན་ཉེས་བྱས་
སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་འཁྲུར་འཇུག་པ་དང་། འཚེད་དུ་འཇུག་པ་དང་། འཆག་ཏུ་འཇུག་པ་དག་བྱས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་
ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་ལ་ཉེས་བྱས་སོ། །གོས་རུང་བ་ཉིད་མ་ཡིན་པ་དང་། ཚད་པས་ཆུང་བ་ལ་ཉེས་བྱས་སོ། །བྱིན་གྱིས་
མ་བརླབས་པ་དང་། གཞན་གྱི་དང་། སར་པ་དང་། འཁྲུར་གཞུག་པར་མི་འོས་པ་དང་། ཆོས་གོས་དང་། གདིང་བ་མ་ཡིན་པ་དང་། མངག་པ་ལ་སོགས་པ་དང་དགེ་སློང་མས་མ་བྱས་པ་དག་ལ་ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང་། ཉེ་དུ་ལ་ཡིད་གཉིས་ཟ་བ་ལ་ཉེས་
བྱས་སོ། །དྲེའུ་རྔོག་དང་ཁྱིམ་པའི་གོས་དང་། སྔས་ནང་ཚངས་ཅན་དང་། རུང་བ་བྱས་པ་དང་། སྤངས་པ་དང་། དགེ་འདུན་གྱི་རྣམས་ལ་ཡང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་
བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ཁྱིམ་པའི་

རྟགས་ཅན་མོ་ལ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་
ཅད་ལ་གནས་སྐབས་ཐམས་ཅད་དུ་འཁྲུར་འཇུག་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་མ་སྦྲུམ་མ་དབེན་པར་གཞག་གོ། །དེར་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ། །དེ་ལ་ཟས་སྦྱིན་པར་བྱའོ། །དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་
བར་བྱའོ། །གློ་བུར་དུ་འོངས་པས་ཀྱང་དེ་ལས་མི་འགལ་བ་ཉིད་དུ་བྱའོ། །ཡོད་དམ་མེད་པ་ཉིད་དང་། ཇི་ལྟ་བུར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེས་དེ་དྲི་བར་བྱའོ། །ཧ་ཅང་ཡུན་མི་རིང་བར་ཏེ་འཇུག་པ་དང་འཇུག་པའི་གནས་བཙལ་བ་དང་། རྫས་གཞག་པ་དང་། རེ་ཞིག་སྡོད་པ་
དེ་དག་ཐམས་ཅད་ཇེ་དང་པོར་བྱས་ལ་དེའི་འོག་ཏུ་ཁྲིམས་སུ་བྱ་བ་དྲི་བར་བྱའོ། །སངས་རྒྱས་ཀྱིས་གསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ། །ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་འབུལ་བ་ན་དགེ་འདུན་གྱིས་ཉེ་བར་གཞག་པའི་དོན་དུ་བླང་བར་
བྱའོ། །དེ་ལྟར་ཉེ་བར་གཞག་པ་ནི་དེ་མེད་པ་དག་གིས་ཇི་དགར་བཀུར་རོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འཁྲུར་འཇུག་པའི་སྤང་བ་སྟེ་བཞི་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་གཅིག
Luận tạng Tây Tạng (Tengyur) — Tập 152 | Tra cứu Kinh điển | Tàng Kinh Việt