Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 149
Văn bản gốc(Tây Tạng)
Trang 1 / 17 (50.000 ký tự/trang)
༄༅༅། །དེ་ནས་སིལ་བུའི་ཚོམས་དགོད་པར་བྱ་སྟེ། དྲན་པ་ཉམས་པའི་རྒྱུ་བསྟན་པ་དེ་ལས་བཟློག་པའི་ཕྱིར་སིལ་བུ་རྣམ་པར་བསྟན་པ་སྟེ། དྲན་པ་ཉམས་པར་བྱས་པ་ལས་ ནི་དྲན་པ་བསྒོམ་པ་ལ་མཆོག་ཏུ་མི་བྱེད་པས་སིལ་བུ་རྣམ་པར་བསྟན་པ་འདིས་ཉམས་པའི་རྒྱུ་འཇིག་པར་འགྱུར་རོ། །ཡང་ན་སངས་རྒྱས་ལ་སོགས་པ་དྲན་པའི་བསྒོམ་པས་རྒྱུད་ལ་གསོས་བཏབ་པ་ལ་ནི་ སིལ་བུ་རྣམ་པར་བསྟན་པ་ལ་སོགས་པར་གནོད་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་དྲན་པ་བསྒོམ་པའི་དུས་ཉེ་བར་བསྟན་པའི་ཕྱིར་ཏེ། ཐམས་ཅད་ཀྱི་དང་པོར་ནི་འདི་ཉིད་བྱ་བ་ཡིན་པའི་ ཕྱིར་དེས་ན་དེ་ཉིད་བསྟན་པ། བདག་གི་བྱ་བ་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱིམ་བདག་ཅིག་གི་བུ་ཞིག་ཤིན་ཏུ་ན་ཚོད་གཞོན་ཞིང་འབྱོར་པ་དང་ལྡན་པར་གྱུར་པ་ལས་འདོད་པ་མཆོག་ཏུ་ བྱེད་པར་གྱུར་ཏོ། །དེའི་ཕུ་བོ་ཞིག་གིས་ནི་ཆོས་ཉམས་པར་བྱེད་པ་ཡིན་ནོ་ཞེས་བསྐུལ་ཞིང་ད་ནི་ཆོས་བྱ་བའི་དུས་ཡིན་ན་ཞེས་བྱ་བ་ནས་རྒྱ་ཆེར་རོ། །དེ་ཤི་སྟེ་གླང་ཞིག་ཏུ་སྐྱེས་སོ། །ཇི་ཙམ་ན་ཕུ་བོས་ གླང་དེ་འབྲོག་ཅིག་ན་ཁུར་གྱིས་ནོན་ཅིང་ཤུགས་ནར་ཞེས་འབྱིན་ལ་ཁ་ནས་དབུགས་འབྱིན་པ་མཐོང་ནས། ཅི་དུས་ཡིན་ནམ་ཞེས་སྨྲས་པ་ལས། ཇི་ཙམ་ན་ཡང་དེ་ལྷར་སྐྱེས་ཏེ། དེའི་དབང་དུ་མཛད་ནས་ བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དང་པོ་ཁོ་ནར་ཞེས་བྱ་བ་ནི་ཐོག་མ་ཉིད་དུ་འབད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱ་བའི་མེལ་ཙེ་གྱིས་ཞེས་བྱ་བ་ནི་དྲན་པ་བསྒོམ་པ་ལ་སོགས་པ་ལེགས་པར་སྤྱད་པའི་བདག་ ཉིད་ཀྱི་བྱ་བ་དང་ལས་དེ་ལ་མེལ་ཙེ་གྱིས་ཤིག་པ་སྟེ་འབད་པར་གྱིས་ཤིག་པའོ། །དང་པོ་ཉིད་དུ་གང་ངེས་པར་བྱ་བ་ཡིན་ཏེ། ཕྱིས་འབྱུང་བ་ལ་མི་བསྡད་ཅེས་བྱ་བའི་དོན་ཏོ། །བསམ་པ་གང་གིས་ཤེ་ན། བདག་གི་བྱ་བ་བྱ་བའི་དུས་ གཡོ་བས། །ཞེས་བྱ་བ་སྨོས་ཏེ། བདག་གིས་གང་བྱ་བ་སྟེ། ལེགས་པར་སྤྱད་པ་དེར་ནི་ནམ་ཡང་མི་འགྱུར་རོ། །འཇིག་རྟེན་གྱི་རབ་ཏུ་གྲགས་པ་རྒན་པའི་གནས་སྐབས་ཀྱི་ཚུལ་ལེགས་པར་སྤྱད་པ་སྤྱོད་པའི་དུས་སུ་ཡང་དེར་ནི་ མི་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཡོ་བས་ཞེས་བྱ་བ་ནི་འདས་པས་ངན་སོང་དུ་འགྲོ་བ་སྟེ། དེའི་ཕྱིར་འཇིག་རྟེན་པ་རྣམས་བརྗོད་པའི་ལང་ཚོ་ལ་གནས་ན་ནི་འདོད་པ་སྤང་བར་དཀའ་བ་ཡིན་ནོ། །བར་མ་ལ་ནི་དེའི་རོ་མྱང་བས་དེའི་དགོས་པ་ འདི་ཡིན་ནོ། །རྒས་པའི་དུས་སུ་ནི་ནོར་བསགས་པར་བྱའོ། །དེའི་འོག་ཏུ་ནི་ཆོས་སྤྱད་པར་བྱའོ་ཞེས་སོ། །དེ་ནི་སྲོག་ངེས་པ་མེད་ཅིང་ཡིད་བརྟན་པ་མ་ཡིན་ལ། བདེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཆོས་ནི་དང་པོ་ཉིད་དུ་བྱའོ་ཞེས་འདི་བསྟན་ཏོ། །ན་ཚོད་ཐ་མ་ལ་གང་བསམ་པར་བྱ་བ་དེའི་དུས་སུ་ ཡང་ཚོགས་པ་མི་འཐོབ་ཅིང་བྱ་བ་རྣམས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །གཡོ་བ་དང་། འཇིག་པ་དང་གནོད་པ་ཞེས་བྱ་བས་རང་གི་ལས་གཡོ་ཞིང་འཇིག་པ་ཞེས་བྱ་བའི་དོན་ཏོ། །བདག་གིས་དང་པོ་དེ་ལྟར་བྱས་ན་ནི། །ཞེས་བྱ་བ་དེ་ཉིད་ཀྱི་ཚུལ་གྱིས་གང་ཟག་གིས་དང་པོ་ཁོ་ནར་བྱ་བ་ བྱས་ན་ནི་བྱ་བ་མ་བྱས་པ་མ་ཡིན་ནོ། །བྱ་བ་མ་བྱས་པ་ནི་བྱ་བ་ཉམས་པ་སྟེ། བྱ་བ་དེ་མ་བྱས་པའོ། །སྔ་མ་ཉིད་དུ་བྱ་བ་དག་བསྐྱེད་ཅིང་བྱས་པས་སྐྱེས་བུ་དམ་པ་རྣམས་ཉིད་ནི་ཟད་འདོད་ཅིང་ཞེས་བྱ་བ་གཡོ་བར་མི་འགྱུར་ཞིང་གདུང་བར་མི་འགྱུར་ཏེ། གང་བྱས་པ་དེ་ནི་ལེགས་པར་མ་བྱས་སོ་ཞེས་རྟོག་ནས། ཡང་ན་བྱ་བ་མ་ཡིན་པ་དེ་མ་བྱས་པའི་ཕྱིར་ཏེ། ངན་པར་སྤྱོད་པ་ནི་བྱ་བ་མ་ཡིན་པའོ། །དེས་ན་དང་པོ་ཉེ་བར་བསགས་པའི་རྒྱུར་གྱུར་པའོ། །བྱ་བའི་དུས་ཞེས་བྱ་བ་ནི་སྔར་བསྟན་པའི་མི་ཁོམ་པ་བརྒྱད་སྤངས་པའི་མིའི་ལུས་སོ། །ཟད་འདོད་ཅིང་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པ་དང་འདས་པར་བྱས་ པའི་ཕྱིར་ཏེ་སྐད་ཀྱི་དབྱིངས་ནི་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་གཟུད་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སྲིད་བར་དུ་མི་ཡིས་བསྒྲིམ་པར་གྱིས། །ཞེས་བྱ་བ་ནི་མཁས་པས་དེ་སྲིད་དུ་འབད་པར་བྱ་སྟེ། ཇི་སྲིད་དོན་ནི་ཕུན་སུམ་ཚོགས་འགྱུར་བ། །ཞེས་བྱ་བའི་བར་ དུ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བའམ། ཡིད་ལ་འདོད་པའི་འབྲས་བུ་ཐོབ་པར་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་དེའི་ཆེད་དུའོ། །ཅིའི་ཕྱིར་ཞེ་ན། དེ་ཡི་རང་བཞིན་ང་ཡིས་མཐོང་བས་ན། །ཞེས་བྱ་བ་སྟེ། དེ་ལྟ་བུའི་རང་བཞིན་ནི་དེའི་བདག་ཉིད་དེ། །དེ་འདྲ་བ་ཞེས་བྱ་བའི་དོན་ ཏོ། །འབད་པའི་སེམས་ཀྱིས་བྱ་བ་བྱས་ནས་མཐོང་བས་ན་ཞེས་བྱ་བ་ཡིན་ཏེ། །དེ་བཞིན་ཉིད་ཤེས་པས་མཐོང་ངོ་ཞེས་པའོ། ཇི་ལྟར་མཐོང་བ་ཡིན་ཞེ་ན། ཇི་ལྟར་འདོད་པ་དེ་བཞིན་འབྱོར་འགྱུར་བར། །ཞེས་བྱ་བ་སྨོས་ཏེ། གང་གི་རྣམ་པ་དང་གང་གི་དངོས་པོས་བདག་ལ་ཕན་པའམ་གཞན་ལ་ཕན་པ་དེ་ འདོད་པ་དེ་ཉིད་ཀྱི་རྣམ་པས་དེ་ཐེ་ཚོམ་མེད་པར་འཐོབ་སྟེ། འདི་ལ་དོན་གང་ཚོལ་བྱེད་པ། །དེ་དོན་རྩོལ་བར་བྱེད་པ་ན། །དེ་ནི་ངེས་པར་འཐོབ་འགྱུར་ཏེ། །ཆད་པས་ལྡོག་པར་མི་འགྱུར་རོ། །ཞེས་སོ། །གང་གི་ཕྱིར་བསྒྲིམ་པ་འདི་ཉིད་ཀྱིས་མི་མངོན་པར་འདོད་པའི་འབྲས་ བུ་འཐོབ་པར་འགྱུར་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྒྲིམ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཀོ་ས་ལའི་བྲམ་ཟེ་དང་ཁྱིམ་བདག་རབ་ཏུ་མང་པོ་དག་ལྟད་མོ་སའི་ཁང་པ་ན་འདུས་ཤིང་འཁོད་པར་གྱུར་པ་ལས་དེ་དག་ཉིད་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པར་གྱུར་ཏེ། མི་ རྣམས་སྐྱེ་བ་དང་། རྒ་བ་ལས་འདའ་བར་གང་གིས་འགྱུར་ཞེས་སོ། དེ་ན་ཁ་ཅིག་གིས་སྨྲས་པ། དཀའ་ཐུབ་དྲག་པོས་ཞེས་ཟེར་རོ། །གཞན་དག་ནི་སྟེགས་ལ་གནས་སོ་ཞེས་སོ། །ལ་ལ་དག་ནི་མཆོད་སྦྱིན་དང་སྦྱིན་སྲེག་བྱས་པས་སོ་ཞེས་ཟེར་རོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བྲམ་ཟེ་དང་ཁྱིམ་བདག་དག་འདི་ཇི་སྙམ་དུ་སེམས། ནགས་སྟུག་པོ་འམ། རྩྭ་སྟུག་པོ་དག་མེས་བསྲེགས་པར་གྱུར་ལ་ཆར་གྱིས་ཀུན་ཏུ་བརླན་པར་འགྱུར་ན་ཡང་སྐྱེ་བར་འགྱུར་རམ། །བཙུན་པ་དེ་དེ་བཞིན་ནོ། །དེ་ཅིའི་སླད་དུ་ཞེ་ན། །རྩྭ་རྩ་བ་མ་བཅད་པའི་ཕྱིར་རོ། །དེ་བཞིན་དུ་གང་ལ་ ལ་ཞིག་སེམས་དཀའ་ཐུབ་སྤྱོད་པའམ། སྟེགས་ལ་གནས་པ་ཞེས་བྱ་བའི་བར་དུ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་དུ་སྦྱོར་བ་རྣམས་མ་སྤངས་པའི་ཕྱིར་རོ་ཞེས་ཏེ། དེ་ལ་ཚིགས་སུ་བཅད་པ་འདི་གསུངས་སོ། །བསྒྲིམ་ཞིང་ཞེས་བྱ་བ་ནི་ལམ་གྱི་ཚོགས་བསྐྱེད་པ་ལ་སོགས་པ་ལ་བསྒྲིམ་པའོ། ། བརྩོན་པར་བྱ་བ་ཡིས་ཞེས་བྱ་བ་ནི་བརྩལ་བར་བྱ་བ་སྟེ། །མཐོང་བའི་ལམ་མངོན་སུམ་དུ་བྱ་བ་ལ་བརྩོན་འགྲུས་རྩོམས་ཤིག་པའོ། །ཡང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་གོ་རིམས་བཞིན་དུ་སྦྱར་རོ། །བདག་ཉིད་གླིང་དུ་འགྱུར་བར་བྱ། །ཞེས་བྱ་བ་ནི་བདག་ཉིད་ ལ་བརྟེན་ཅིང་གནས་པས་བསྒྲུབ་པར་བྱ་སྟེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་ཇི་ལྟར་བདག་ཉིད་གླིང་དུ་བྱེད་པ་ཡིན་ཞེ་ན། དེ་སྤངས་པའི་རིམ་པའི་དཔེ་བརྗོད་པའི་ཕྱིར། མགར་བ་ཡིས་ནི་དངུལ་བཞིན་དུ། །རང་གི་ དྲི་མ་སྦྱང་བར་གྱིས། །ཞེས་བྱ་བ་སྨོས་ཏེ། །དཔེར་ན་དངུལ་མགར་གྱིས་མཐར་གྱིས་དངུལ་གྱི་དྲི་མ་སྦྱོང་བར་བྱེད་པ་དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་རང་གི་སེམས་ཀྱི་དྲི་མ་ཁྱེད་ཀྱིས་སྦྱང་བ་དང་བསལ་བར་གྱིས་ཤིག་པ་སྟེ། །ཇི་སྐད་དུ་ཆུང་ངུ་དང་། བར་མ་དང་། ཆེན་པོ་རྣམས་ དང་དེ་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བས་སོ་ཞེས་བཤད་དོ། །དྲི་མ་བསལ་བའི་ཕན་ཡོན་བསྟན་པའི་ཕྱིར། །དྲི་མ་སྦྱངས་པས་ཞེས་བྱ་བ་སྟེ། སྦྱངས་པ་ནི་བསྩལ་བའོ། །དྲི་མ་ནི་ཉོན་མོངས་པ་གང་ཡིན་པ་དེ་ཉིད་ནི་དྲི་མའོ། །འཁོར་ས་མེད་ཅེས་བྱ་བ་ནི་སྐབས་མེད་པ་སྟེ། །འདིས་ ནི་ཡང་སྲིད་པའི་ལས་སྤངས་པར་སྟོན་པ་ཡིན་ནོ། །ཇི་ལྟར་འཁོར་ས་གནས་དང་གཞིའི་ཕྱོགས་ཡིན་པ་དེ་བཞིན་དུ་འཁོར་བའི་འབྲས་བུའི་ལས་དག་ཀྱང་ཇི་ལྟར་བྱེད་པ་པོའི་ཕྱོགས་དེ་ལྟར་འཁོར་ཞིང་ཇི་ལྟར་བྱེད་པ་པོའི་དབང་གིས་འགྲོ་བ་དེ་བཞིན་དུ་ཉོན་མོངས་པ་དེ་ཡང་སྤངས་ན་ནི་འཕེན་ པར་བྱེད་པ་མེད་པའི་ཕྱིར་སྲིད་པའི་རྒྱལ་པོའི་འཁོར་སར་མི་འཇུག་གོ། །གཞན་དག་ནི་སེམས་ཀྱི་གནས་དང་བྲལ་བ་ཞེས་ཟེར་རོ། །སེམས་ཀྱི་གནས་ཀྱང་ལྔ་སྟེ། གནས་པར་འདོད་པ་དང་ཆོས་དང་དགེ་འདུན་དང་བསླབ་པ་དང་། རྗེས་སུ་བསྟན་པ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། སྐྱོན་མི་འབྱུང་ཞེས་གཞན་དག་ཏུ་བརྗོད་དེ་སྲེད་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དྲི་མ་སྦྱངས་པ་ཞེས་བྱ་བ་འདི་བསྟན་པས་ཡང་བརྗོད་པ་ནི་འདི་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་རོ། །ཕྱི་ནས་སྐྱེ་དང་རྒ་མི་འཐོབ། །ཅེས་བྱ་བ་ནི་ཡང་སྲིད་པ་མི་འཛིན་ཅིང་དེ་རྣམ་པར་འགྱུར་བ་ཡང་ཐོབ་པར་མི་འགྱུར་ ཏེ། འདིས་བསྒོམ་པའི་ལམ་གྱི་འབྲས་བུ་བསྟན་ཏོ། ཡང་དག་པའི་བསྒྲུབ་པའི་ཚུལ་གྱིས་བརྩོན་འགྲུས་མ་གཏོགས་པར་ནི་འདི་ལ་ཁྱད་པར་མི་འཐོབ་པ་ཡིན་ཏེ། །དེ་ཉིད་བསྟན་པའི་ཕྱིར་ངོ་ཚ་མིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གོས་མེད་པའི་གཅེར་བུ་བ་མང་པོ་ལུས་དྲི་མ་མང་བ་ དང་། དྲི་ང་བ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་ཉེ་བར་ཕྱིན་ཏེ་གསོལ་པ། བདག་ཅག་གིས་ཐོས་པ་ནི་དགེ་སྦྱོང་གཽ་ཏ་མ་ཁྱོད་རིགས་བཞིའི་ནང་ན་དག་པ་ཡིན་ནོ་ཞེས་བརྟགས་ནས། དམངས་རིགས་ཀྱང་རྗེས་སུ་འཛིན་པར་བྱེད་དམ་ཞེས་པ་དང་། ཇི་ཙམ་ན་འདི་གསུངས་སོ། །གཞན་དག་ ནི་མ་སྔོན་དུ་ཤི་བའམ། ཡི་དགས་ཤིག་གི་དབང་དུ་མཛད་པའོ་ཞེས་ཟེར་རོ། གང་ལ་ངོ་ཚ་བར་བྱ་བ་མ་ཡིན་པ་དེ་ནི་ངོ་ཚ་བ་མ་ཡིན་པའི་དངོས་པོ་སྟེ། །གང་ཁ་ན་མ་ཐོ་བ་མེད་པ་དེས་ཐོབ་པའི་དགེ་སློང་གི་ཟས་སམ། གང་གིས་སྡིག་པ་མེད་པའི་ཟས་ལ་སོགས་པས་ ལུས་འཚོ་བར་བྱེད་པ་དང་། སྐྱེ་བོ་དམན་པ་དག་ཀྱང་རྗེས་སུ་གཟུང་བའི་ཕྱིར་བྱ་བ་སྟེ། །དེ་ལ་ངོ་ཚ་བ་དང་ཞུམ་པས་འཇུག་པར་མི་བྱའོ། །ངོ་ཚ་བ་ལ་ངོ་མི་ཚ། །ཞེས་བྱ་བ་ནི་གང་དུ་ངོ་ཚ་བར་བྱ་བ་ནི་གཅེར་བུར་འགྲོ་བ་ལ་སོགས་པ་སྟེ། །དེ་ལ་ངོ་ཚ་དང་བྲལ་ཞིང་ཞུམ་པར་མི་བྱེད་དེ། ཇི་ལྟར་ཁྱེད་ཅག་ལྟ་བུ་ཞེས་སྟོན་པ་ཡིན་ནོ། །གང་ལ་ངོ་ཚ་མེད་པ་ཡོད་པ་དེ་ནི་ངོ་མི་ཚ་བའོ། །མི་འཇིགས་པ་ལ་འཇིགས་ལྟ་དང་། །ཞེས་བྱ་བ་འཇིགས་པ་དང་། མི་འདོད་པའི་འབྲས་བུ་མེད་པ་དེ་ནི་མི་འཇིགས་པའོ། །ཡང་ན་ལེགས་པར་མྱོང་བ་ནི་མངོན་པར་འདོད་པའི་འབྲས་བུ་ཡིན་པའི་ ཕྱིར་དེ་ལ་འཇིགས་པར་ལྟ་བ་སྟེ། ཁྱེད་ཅག་གིས་མི་འདོད་པའི་འབྲས་བུར་མཐོང་བའོ། །འཇིགས་ལ་མི་འཇིགས་ལྟ་བ་ཡི། །ཞེས་བྱ་བ་ནི་གང་ལ་འཇིགས་པ་ཡོད་པ་སྟེ། །ཤིན་ཏུ་དཀའ་བ་ཡོད་པ་དེར་ནི་ཁྱེད་ཅག་གིས་ཅུང་ཟད་ཀྱང་འཇིགས་པར་མཐོང་བ་མེད་དེ་འདིར་སྲིད་པ་ལ་ བརྐམ་པ་དང་བ་ལང་གི་བརྟུལ་ཞུགས་ཅན་གྱི་གཏམ་དག་ཀྱང་བརྗོད་པར་བྱ་སྟེ། གང་གི་ཕྱིར་དེ་ནི་དྲང་སྲོང་གི་མཆོག་གིས་དམྱལ་བའི་གནས་སུ་དང་ཁྱི་དང་བ་གླང་གི་མངལ་དུ་སྐྱེས་པར་གྱུར་ཏོ་ཞེས་གསུངས་སོ། །ཡང་ན་མི་འཇིགས་པ་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། འཇིགས་ པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ལ་འཇིགས་པར་ལྟ་བ་ནི་ཆད་པར་ལྟ་བས་སོ། །འཇིགས་ལ་ཞེས་བྱ་བ་ནི་འཁོར་བ་ནི་སྡུག་བསྔལ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །མི་འཇིགས་ལྟ་བ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་དེ་དོན་དུ་གཉེར་བའི་ཕྱིར་རོ། །ལོག་པར་ལྟ་བ་བླངས་པ་ཡིས། །ཞེས་བྱ་བ་ ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་ཅིང་ཡོངས་སུ་གཟུད་པའི་ཕྱིར་རོ། །སེམས་ཅན་ནི་སོ་སོའི་སྐྱེ་བོའོ། ངན་འགྲོར་འགྲོ་བར་འགྱུར་བ་ནི་ངན་སོང་ངམ་འཁོར་བ་རྗེས་སུ་མྱོང་བར་འགྱུར་བའོ། །མཁས་པས་ཡང་དག་པའི་ལྟ་བ་བླངས་པ་ལས་ནི་བདེ་འགྲོ་དང་མྱ་ངན་ལས་འདས་པར་འགྲོ་ བར་འགྱུར་རོ། །ཡང་དག་པའི་ལམ་ལ་མངོན་པར་ཞུགས་པས་ནི་བདེ་འགྲོ་ཡིན་ལ། ལོག་པ་ལ་མངོན་པར་ཞུགས་པས་ནི་ངན་འགྲོ་བ་ཡིན་ནོ་ཞེས་བསྟན་མ་ཐག་པ་དེ་གཉིས་བླངས་པ་དང་། གསལ་བར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་སྟེ་བག་ཡོད་པ་ཁོ་ན་བླང་བར་བྱ་བ་ཡིན་ནོ་ཞེས་བསྟན་ པ། འདི་ན་གང་སྔོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རི་བྲགས་པའི་བྲམ་ཟེ་གསུམ་རིག་པ་ཞིག་གི་ཆུང་མ་ལ་བུ་ཆགས་པ་ལས་དེ་སྐོམ་པར་གྱུར་ནས་མཚོན་ཐམས་ཅད་བཀྲུས་པའི་ཆུ་འཐུངས་པར་གྱུར་ཏོ། །བཙས་པའི་དུས་སུ་ཡང་དེའི་ཁྱིམ་དུ་ཁྲག་གི་ཆར་བབ་པས་མི་དགེ་བའི་ མཚན་མ་རབ་ཏུ་བྱུང་བར་གྱུར་ཏེ། དེའི་གཉེན་པོའི་ཕྱོགས་ཀྱིས་འདི་ལ་འཚེ་མེད་ཅེས་བྱ་བར་མིང་བཏགས་སོ་ཞེས་རྒྱ་ཆེར་རོ། །དེའི་མཁན་པོ་ཆུང་མ་མ་རུངས་པ་ཞིག་གིས་ཟིན་པས་རྩོད་དེ་སྨྲས་པ། ང་ལས་རིག་བྱེད་ཐམས་ཅད་ནི་ཁྱོད་ཀྱིས་བསླབས་ཏེ། ད་ནི་རང་གི་ལུས་ཀྱིས་མཐོ་ རིས་ཐོབ་པར་བྱའོ་ཞེས་དེས་དེ་ལ་རལ་གྱི་རྣོན་པོ་དང་ཕུབ་བྱིན་ཏེ། དྲ་བ་ཅན་ཞེས་བྱ་བའི་ནགས་ཚལ་ནི་གྲུབ་པའི་ཞིང་ཡིན་ཏེ། དེར་མི་སྟོང་རྙེད་སོད་ལ་རེ་རེ་བསད་པའི་སོར་མོ་རེ་རེ་ལས་སོར་མོ་བཅུ་བཅུ་སྦྲེངས་པའི་ཕྲེང་བ་མགོ་ལ་བཏགས་ན་དེས་ནི་ཁྱོད་ཀྱི་མཐོ་རིས་ཀྱི་ཐེམ་སྐས་སུ་རབ་ཏུ་ འགྱུར་བ་ཡིན་ནོ་ཞེས་བྱ་བ་ནས། མ་གསད་པའི་ཕྱིར་ཞུགས་པར་གྱུར་ཏོ། །བདག་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གཟུགས་ཕུན་ཚོགས་པས་ཡོངས་སུ་ཆོག་ཤེས་པ་དང་། རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་སྟེ་ཚིགས་སུ་བཅད་པ་ སྨྲས་པ། གང་ཞིག་འཚེ་བ་མེད་པ་ནི། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །འཚེ་བར་མ་བྱེད་དེ་ཡིན་ཏེ། །གང་གིས་གཞན་ལ་མི་འཚེ་བའོ། །ཞེས་པ་དང་། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྡིག་པ་བྱེད་པ་དང་རབ་ཏུ་འབྱུང་བར་བྱ་ཞེས་དེ་སྐད་ཞུས་པ་ལས། རྒྱལ་པོ་གསལ་ རྒྱལ་ལ་རྟོགས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གང་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་སྤྱིར་བསྟན་པའོ། །མི་དགེ་པའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པའི་བག་མེད་པའི་རྒྱུས་སྔོན་ཞེས་བྱ་བ་ནི་སྔ་མ་སྟེ་ཐོག་མའོ། །བག་མེད་ལས་ཞེས་ བྱ་བ་ནི་བག་མེད་པར་བྱས་ནས་སོ། །འདི་ན་གང་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་འདུལ་བ་ལའོ། །ཡང་ན་བདེན་པ་ཡིན་ཡང་གཏི་མུག་གི་དབང་གིས་ཡིད་མི་ཆེས་པའོ། །ཡང་ན་གང་ལ་ལ་ངན་པར་སྤྱོད་པ་གཅིག་ཏུ་བྱེད་པས་ཆོས་ལ་ སྔོན་བག་མེད་པ་ཡིན་ནོ། །ཕྱི་ནས་ཞེས་བྱ་བ་ནི་དུས་གཞན་ན་སྟེ། དེ་ཉིད་སྐྱེས་བུ་དམ་པ་བསྟེན་པ་ལ་སོགས་པའི་རྒྱུས་བག་དང་ལྡན་པར་འགྱུར་བ་སྟེ། དགེ་བ་བྱེད་པ་དེ་ལ་མཆོག་ཏུ་བརྩོན་པའི་ཕྱིར་མཐོང་བའི་ལམ་མངོན་སུམ་དུ་གྱུར་པས་དེའི་ཕྲ་རྒྱས་སྤང་བར་སྟོན་པ་ཡིན་ཏེ། འཇིག་ རྟེན་འདི་ན་ཀུན་ནས་གསལ། །ཞེས་བྱ་བ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་འདི་ནའོ། །ཇི་ལྟ་བུ་ཞེ་ན། སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །ཞེས་བྱ་བ་ནི་དཔེར་ན་སྤྲིན་གྱི་ཚོགས་དང་བྲལ་བའི་ཟླ་བ་དང་། ཉི་མ་མཛེས་པ་དེ་བཞིན་དུ་བག་མེད་པ་མཐོང་བས་སྤངས་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་ རྣལ་འབྱོར་པའོ། །ཀུན་ནས་གསལ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱིར། སྐྱུ་རུ་ར་ལག་མཐིལ་དུ་གཞག་པ་བཞིན་ནོ། །འཇིག་རྟེན་འདི་ན་སྲེད་པ་ལས། །ཞེས་བྱ་བ་ནི་འཁོར་བའི་རྒྱུར་གྱུར་པ་ཞེས་བྱ་བའི་དོན་ཏོ། འདིས་ནི་བསྒོམ་པས་སྤང་པར་བྱ་ བའི་ཉོན་མོངས་པའི་རིས་བསྟན་པ་ཡིན་ཏེ། དེ་ནི་སྲེད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །ལྟ་བ་དང་ཐེ་ཚོམ་ནི་མཐོང་བས་སྤང་བར་བྱ་བའི་རིས་ཀྱི་གཙོ་བོ་ཡིན་པར་བཤད་པའི་ཕྱིར་རོ། །ཡུལ་ལ་སྲེད་པ་ལས་འདའ་བའི་ཐབས་བསྟན་པའི་ཕྱིར། དྲན་པས་ཞེས་བྱ་བ་སྨོས་ཏེ། འདིར་དྲན་ པའི་ལམ་གྱི་རྗེས་སུ་མཐུན་པར་སྤངས་པ་བསྟན་ཏེ། དྲན་པས་བསྒོམ་པ་སྲུང་བར་གྱུར་ན་མི་དགེ་བ་རྣམས་རབ་ཏུ་སྤོང་བར་འགྱུར་རོ་ཞེས་བཤད་པ་སྟེ། དྲན་པ་དེ་དང་ལྡན་པས་ཞེས་བྱ་བའི་དོན་ཏོ། །དེའི་མཐུས་དེ་ཡོངས་སུ་གཏོང་བའི་ཕྱིར་ལེགས་པར་འདའ་བར་འགྱུར་ཞེས་ བྱ་བ་སྨོས་ཏེ། ཡང་དག་པར་འདའ་བར་འགྱུར་བ་ནི་རབ་ཏུ་སྤངས་པའོ། །གལ་ཏེ་འདི་ལ་གཞོན་ནུའི་གནས་སྐབས་ན་ཡང་བག་ཡོད་པར་བྱས་ན་དེས་ནི་མང་པོ་བྱེད་པ་ཉིད་ཡིན་གྱི་གཅིག་པུ་འབའ་ཞིག་ནི་མ་ཡིན་ནོ་ཞེས་བརྟག་པར་བྱ་བ་དེ་ཉིད་སྨྲས་པ། གང་ཞིག་གཞོན་ནུར་ ཞེས་བྱ་བ་ལ་སོགས་པའོ། རྒྱལ་པོ་གསལ་རྒྱལ་ནི་མགོ་སྐྱ་བ་དག་ལ་དད་པ་ཡིན་གྱི། གཞོན་ནུ་དག་ལ་ནི་དད་པ་མེད་དོ། །ཇི་ཙམ་ན་བཅུ་བདུན་སྡེ་གློ་བུར་དུ་འོངས་ནས་དེའི་རྒྱབ་ན་ཆུ་བུམ་པ་གང་བ་ཐོགས་ཤིང་དངར་བ་མཐོང་བས་རྒྱལ་པོ་དེ་དད་པ་ཐོབ་སྟེ། དགའ་ཞིང་ཚིམ་པ་ སྐྱེས་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་བཙུན་པ་བཅོམ་ལྡན་འདས་ངོ་མཚར་ཏེ། གཞོན་པར་གྱུར་ཀྱང་སེམས་སྟོབས་དང་ལྡན་ན་ཁྱད་པར་གྱི་གོ་འཕང་འཐོབ་པ་ལགས་སོ་ཞེས་གསོལ་པ་དང་། དེའི་ཕྱིར་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གང་ཞིག་གཞོན་ ནུར་ཞེས་བྱ་བ་དེ་ནི་གལ་ཏེ་གཞོན་ཞིང་གཞོན་པའི་དྲེགས་པས་དྲེགས་པར་གྱུར་ཀྱང་དེ་དགེ་བ་ལ་བརྩོན་པར་བྱེད་ཅིང་འཇིག་རྟེན་འདི་ན་ཁྱད་པར་ཐོབ་པས་གསལ་ཞིང་གསལ་བ་ཡིན་ན། རྒན་པོར་གྱུར་པ་གསལ་བར་ལྟ་སྨོས་ཀྱང་ཅི་དགོས། སུ་རུ་པ་དང་ཙི་རི་ཀ་ལ་སོགས་པ་ཡང་འདིར་ བརྗོད་པར་བྱའོ། །རབ་ཏུ་བྱུང་ནས་ཞེས་བྱ་བ་འདིས་ནི་བརྟུལ་ཞུགས་དབེན་པ་བླངས་ཤིང་ཚུལ་ཁྲིམས་དང་ལྡན་པར་བསྟན་ཏོ། །ཚུལ་ཁྲིམས་ལ་གནས་ནས་གང་བྱ་བ་དེ་སྨྲས་པ། སངས་རྒྱས་བསྟན་ལ་འཇུག་པ་དེ། །ཞེས་བྱ་བ་སྨོས་ཏེ། འདིར་སངས་རྒྱས་ཀྱིས་བསྟན་ པའི་སྒྲ་ནི་མཐོང་བའི་ལམ་ལ་བསྟན་ཏོ། །ཚིགས་བཅད་གཉིས་པས་ཀྱང་བསྒོམ་པའི་ལམ་བསྟན་ཏེ། དེ་གཉིས་གཅིག་ཏུ་བསྟན་པས་ནི་སྤྱོད་པ་མ་ཡིན་པ་ཐམས་ཅད་སྤོང་བའི་ཕྱིར་རོ། །སངས་རྒྱས་ཀྱིས་བསྟན་པའི་ལམ་བསྒོམ་པ་ནི་བག་ཡོད་པ་ལ་འབད་པས་ཐོབ་པར་འགྱུར་ གྱི། དེ་མ་གཏོགས་པར་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་གཉིས་ཀྱི་སྤང་བ་དང་བླང་བ་མེད་དེ། དེས་ཉོན་མོངས་པ་མཐའ་དག་སྤངས་པས་ཐམས་ཅད་དུ་མཛེས་པ་ཡིན་ནོ། །ཡན་ལག་སྤངས་པས་ཀྱང་སྤྲིན་དང་བྲལ་བ་འམ། སྤྲིན་སྲབ་པའི་སྟོན་གྱི་ནམཁའ་ལ་ཟླ་བ་གང་བ་ བཞིན་ནོ། །ལྷག་མ་ནི་གོ་སླའོ། །གང་གིས་དགེ་བ་བསགས་པ་དེ་ཡང་ཐམས་ཅད་དུ་མཛེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་སྡིག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་འཕགས་ཀྱི་ཡུལ་ན་མཚམས་མེད་པ་ཞེས་བྱ་བའི་རབ་ཏུ་བྱུང་བ་ཞིག་སྡེ་སྣོད་ གསུམ་པར་གྱུར་ཏེ། རིགས་པ་དང་གྲོལ་བའི་སྤོབས་པས་གང་རི་བྲགས་ན་གནས་པ་དེར་སྐྱེ་བོའི་ཚོགས་དེ་དག་མངོན་པར་དད་པར་བྱེད་དེ། དེའི་སློབ་མ་མང་པོར་གྱུར་ཏོ། །ཇི་ཙམ་ན་རིས་གྲང་བས་ཉམ་ཐག་སྟེ། །དེ་བསལ་བའི་ཕྱིར་ཛེན་ཏ་ཀ་ཞེས་ བྱ་བའི་དགེ་འདུན་ལ་བཤོས་གསོལ་བར་གྱུར་ཏོ། །དེ་ཤི་སྟེ་མནར་མེད་པར་སྐྱེས་ནས་འདི་ནི་ཛེན་ཏ་ཀ་ཤིན་ཏུ་ཆའོ་ཞེས་སོ། །དེ་ནས་གཤིན་རྗེའི་སྐྱེས་བུས་ཐོ་བས་བསྣུན་པས་དེ་ལས་ཤི་འཕོས་ཏེ། གྲང་བ་དག་ཏུ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་བརྩམས་ནས་ཚིགས་ སུ་བཅད་པ་གཉིས་གཉིས་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་དོ། །སྡིག་པའི་ལས་བྱས་པ་ཞེས་བྱ་བ་ནི་སྔོན་བསགས་པ་སྟེ། ལུས་ལ་སོགས་པའི་ཉེས་པར་སྤྱོད་པའོ། །དགེ་བས་འགེབས་པར་བྱེད་པ་དེ། །ཞེས་བྱ་བ་ནི་དུས་གཞན་ན་བྱས་པའི་ལེགས་ པར་སྤྱོད་པས་མུན་པ་ལ་སྒྲོན་མ་བཞིན་དུ་སེལ་ཞིང་གསལ་བ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་ཡུལ་གྱིས་གཙེས་པར་གྱུར་ཀྱང་དེ་མྱ་ངན་མེད་པར་བསྟན་པའི་ཕྱིར། །གང་ཞིག་གསོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤཱཀྱ་རྣམས་བསད་ཀྱང་བཅོམ་ལྡན་འདས་ ནི་མྱ་ངན་མི་མཛད་དོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་བྲམ་ཟེ་ཆེན་པོ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ཏེ་གསོལ་པ། ཅི་བཅོམ་ལྡན་འདས་ཤིན་ཏུ་ཡང་མྱ་ངན་མཛད་དམ་ཞེས་གསོལ་པ་དང་། ཇི་ཙམ་དུ་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །གང་ལ་ལ་ཞིག་ གཙོ་བོ་ལ་ལྷག་པར་ཞེན་པའི་དངོས་པོ་བསྟན་ཏེ། གསོན་ན་ཞེས་བྱ་བ་ནི་སྲོག་གི་དབང་པོ་ལ་སྟེ། རྒྱུ་མཚན་གྱི་བདུན་པའོ། །མི་དགའ་བ་ནི་མི་གསལ་བ་དང་མི་མཛེས་པ་དང་། དེ་ལ་ཡིད་མི་འཇུག་པ་སྟེ། ཤིན་ཏུ་སྡུག་བསྔལ་གྱི་དངོས་པོ་ཡིན་པའི་ཕྱིར། ཇི་སྐད་དུ། ཚངས་ སྤྱོད་ལེགས་པར་སྤྱོད་པ་དང་། །དེ་བཞིན་ལམ་ནི་ལེགས་བསྒོམ་པ། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །དུག་སྣོད་སྤངས་པ་ཇི་བཞིན་ནོ། །ཞེས་གསུངས་སོ། །ཤི་ནའང་ཞེས་བྱ་བ་ནི་འཆི་བའི་དུས་ན་མྱ་ངན་མི་བྱེད་ཅིང་གདུང་བ་དང་མི་འབྲེལ་ཏེ། གང་གི་ཕྱིར་གང་ལ་མ་ཆགས་ པ་དེས་ནི་བྲལ་བས་དོགས་པའི་མྱ་ངན་མེད་དེ། འདིར་ཅི་ལྟ་བུ་ཞེ་ན། སྨྲས་པ། ཤི་ན་ཡང་ཞེས་བྱ་བ་སྟེ། ཐ་མར་ཤི་ན་ཡང་ངོ་། །གང་མཁས་པ་ནི་དགའ་བའམ་རངས་པ་ཉིད་མི་འདོད་དེ། །དེ་འཆི་ཞིང་འདི་ཞིག་པར་གྱུར་ཀྱང་དམ་པ་རྣམས་ནི་མྱ་ངན་མི་བྱེད་དེ། དགའ་བའི་ མཐའ་མྱ་ངན་ཡིན་པའི་ཕྱིར་རྒྱུ་མེད་པས་འབྲས་བུ་མེད་པ་སྟོན་ཏོ། །དེ་ཞེས་བྱ་བས་དེ་ཉིད་དེ། །མྱ་ངན་དབུས་ན་ཞེས་བྱ་བ་ནི་མྱ་ངན་ལ་སོགས་པའི་རྣམ་པ་གསེས་པ་སྟེ། འཁོར་བའི་ནང་ན་གནས་ཀྱང་མྱ་ངན་མི་བྱེད་དེ། །ཇི་ལྟ་བུ་ཞེ་ན། གོ་འཕང་མཐོང་བ་དེ་ནི་བདེན་པ་མཐོང་བ་ སྟེ། མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཕྱིར་རོ། །འདུས་བྱས་ཐམས་ཅད་ལ་ཡ་ང་བ་མེད་དེ། འཇིག་ཅིང་འཚེ་བར་འདོད་པ་ལ་ནི་མྱ་ངན་འབྱུང་གི །འདོད་པ་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ནི་མྱ་ངན་མེད་པར་བསྟན་པའི་ཕྱིར། བརྟན་པ་ཞེས་སྨོས་ཏེ། ཉོན་ མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རི་རབ་བཞིན་དུ་མི་གཡོ་བ་སྟེ། དགྲ་བཅོམ་པ་ཞེས་བྱ་བའི་དོན་ཏོ། །མྱ་ངན་གྱི་དབུས་ན་ཡང་གདུང་བར་མི་འགྱུར་བ་ནི་མྱ་ངན་ལ་སོགས་པ་སྐྱོན་ཉེ་བར་མཚོན་པ་དེས་ནི་འདོད་པའི་ཁམས་ཀྱི་མིའི་ནང་ངམ། དེའི་བདག་ཉིད་དེ་ན་གནས་ཀྱང་། རྒྱུད་གདུང་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །ཡང་ན་མྱ་ངན་དབུས་ཞེས་བྱ་བ་ནི་འཁོར་བའི་ནང་ན་གནས་པ་སྟེ། སྲིད་པ་ཐམས་ཅད་མྱ་ངན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཉེན་འདུན་དབུས་ན་ཞེས་བྱ་བ་ནི་མྱ་ངན་གྱིས་ཉེ་བར་གདུང་བའི་ཉེ་དུའི་དབུས་ན་གནས་ཀྱང་སྐྱོ་བ་མེད་པའོ། ། གལ་ཏེ་དེ་མྱ་ངན་མེད་པ་དེ་ལྟ་ན་ནི་ཉེ་དུའི་ནང་ན་མི་མཛེས་སོ་ཞེ་ན་སྨྲས་པ། ལམ་མེར་འདུག་ཅེས་བྱ་བ་ཡིན་ཏེ། དཔེར་ན་སྟོན་གྱི་ཟླ་བ་སྐར་མའི་ནང་ན་རྣམ་པར་མཛེས་པ་དེ་བཞིན་ནོ། །ཅི་ཡང་མེད་པའི་ཕྱིར་ཏེ། དེ་མྱ་ངན་མི་བྱེད་ཅིང་ཉེ་དུའི་དབུས་ན་ལམ་མེར་འདུག་པ་ཡིན་ ཏེ། ཀྱེ་མའོ་ཤིན་ཏུ་བདེ་བས་བདེ། །གང་གིས་ང་ལ་ཅི་ཡང་མེད། །ཅེས་བྱ་བའི་ཚིགས་བཅད་ཀྱིས་བསྟན་ཏེ། དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། དགེ་སློང་དཀར་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་བྲམ་ཟེ་དེ་ཉིད་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། ཅིའི་ཕྱིར་ བཅོམ་ལྡན་འདས་མྱ་ངན་མི་མཛད་ཅེས་གསོལ་པ་དང་། བྲམ་ཟེ་ང་ལ་ནི་ཅི་ཡང་མེད་དེ་གང་ཅི་ཡང་མེད་པ་ལ་ནི་མྱ་ངན་ལ་སོགས་པ་ཅི་ཡང་མེད་དོ། །ཀྱེ་གཽ་ཏ་མ་ཇི་ལྟར་ཅི་ཡང་མི་མངའ་བ་ལགས་ཞེས་ཞུས་པ་དང་། དེས་ན་འདི་གསུངས་སོ། །ནག་པོའི་ཆོས་ ཞེས་བྱ་བ་ལ། ནག་པོ་ནི་ལུས་ཀྱི་ལས་ནག་པོ་ལ་སོགས་པའོ། །རྣམ་པར་སྤོང་ཞེས་བྱ་བ་ནི་བསལ་བ་དང་། རིང་དུ་བྱོས་ཞེས་པ་སྟེ། གཞན་གྱི་དབང་དུ་གྱུར་པས་ནི་དགེ་བའི་ཆོས་བསྒོམ་པར་མི་ནུས་པའི་ཕྱིར་རོ། དེས་ན་ཇི་ཞིག་བྱ་ཞེ་ན། དཀར་པོ་བསྒོམ་གྱིས་ལ་ཞེས་བྱ་ བ་སྟེ། ཁྱེད་ཀྱི་དགེ་བའི་ཆོས་རྣམས་ལ་གོམས་པར་གྱིས་ཤིག་པའོ། །ནག་པོའི་ཆོས་ཐམས་ཅད་སྤངས་ཤིང་། བསམ་གཏན་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བའི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། དགེ་སློང་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཐམས་ཅད་ བཅོམ་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དོན་དམ་པར་ཅི་ཡང་མེད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་རྣམ་པ་གསུམ་བསྟན་པའི་ཕྱིར་དགེ་སློང་དག་ཅེས་བྱ་བ་མང་པོའི་ཚིག་སྨོས་སོ། །གང་ཡང་འདོད་པའི་ ཁམས་ལ་འདོད་ཆགས་དང་བྲལ་བ་དེ་ཡང་ཅི་ཡང་མེད་པ་ཉིད་དོ། །འདོད་པ་ལས་རྒལ་པའི་རིམ་པ་བསྟན་པའི་ཕྱིར། ཁྱིམ་ནས་ཁྱིམ་མེད་རབ་བྱུང་བ། །ཞེས་བྱ་བ་སྨོས་ཏེ། ཁྱིམ་ནས་ཁྱིམ་མེད་པ་དང་གནས་ནས་གནས་མེད་པར་རབ་ཏུ་བྱུང་བའི་འགྲོ་བ་སྟེ། ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་ལུང་ལས་གསུངས་པའི་ཕྱིར་རོ། །ཇི་ལྟར་ཁྱིམ་མེད་པར་སོང་བ་ཡིན་ཞེ་ན། སྤྱོད་ཡུལ་དབེན་པ་གང་ཡིན་པ། །ཞེས་བྱ་བ་སྨོས་ཏེ། གང་ལ་ཁྱིམ་མེད་པ་དེ་ལ་ལུས་དང་སེམས་གཉིས་དབེན་པའི་ངོ་བོས་འཇུག་པའི་གནས་སྐབས་ཡོད་དེ། དེའི་ཕྱིར་རབ་ཏུ་ བྱུང་བ་ཡོངས་སུ་འཛིན་པ་ཡིན་ཏེ། དེ་ཉིད་ཡོངས་སུ་རྫོགས་པར་རབ་ཏུ་བྱུང་བའི་ཚུལ་ཡིན་ནོ་ཞེས་བསྟན་ཏོ། །ཁྱིམ་ན་གནས་པ་ནི་གཡེང་བ་དག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །བསླབ་ཅིང་ཞེས་བྱ་བ་ནི་བྱེད་ཅིང་ངོ་། །དེ་ལ་མངོན་པར་དགའ་བ་ནི་རབ་ཏུ་བྱུང་བ་ལ་མངོན་ པར་དགའ་བའོ། །ཉེས་པར་རབ་ཏུ་བྱུང་བ་ལ་ནི་དགའ་བ་ཞེས་བྱ་བའི་ཚིག་གིས་ཡོངས་སུ་དག་པའི་ཚུལ་ཁྲིམས་བསྟན་ཏེ། དེ་ལ་བརྟེན་པས་ཏིང་ངེ་འཛིན་གྱི་རོ་མྱང་བའི་ཕྱིར་རབ་ཏུ་བྱུང་བ་ལ་ཤིན་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །དེ་ལྟར་ཚུལ་ཁྲིམས་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ རོ་མྱང་བས་གང་སྤོང་བར་བསྒྲུབ་པ་དེ་སྨྲས་པ། འདོད་པ་སྤོངས་ཞེས་བྱ་བ་འདོད་པ་ལས་འདོད་ཆགས་དང་བྲལ་བར་སྒྲུབ་པ་སྟེ། འདོད་པ་རྣམས་ནི་ངན་ངོན་དང་ཅི་ཡང་མེད་པའི་ཕྱིར་དང་། མཆོག་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་སྤངས་པས་ནི་ཅི་ཡང་མེད་པར་ འགྱུར་ཏེ། ཅི་ཡང་མེད་པ་ནི་དངོས་པོ་ངན་པའོ། །ཅི་ཡང་མེད་པ་ཉིད་དག་པ་ཡིན་པར་བསྟན་པའི་ཕྱིར། རྟག་ཏུ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །བྷ་ར་དྷྭ་ཛ་སུན་ད་རི་ཀ་ཞེས་བྱ་བའི་བྲམ་ཟེ་ཞིག་གིས་བཅོམ་ལྡན་འདས་ལ་ཞུས་པ། དགེ་སྦྱོང་གཽ་ཏ་མ་བདག་ནི་ཆུ་བོ་སུན་ད་རི་ ཀ་ལ་ཁྲུས་བྱེད་དུ་འགྲོ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆུ་བོ་སུན་ད་རི་ཀ་ལ་ཁྲུས་བྱས་པས་ཅི་ཞིག་ཏུ་གྱུར། ཀྱེ་དགེ་སྦྱོང་གཽ་ཏ་མ་སྟེགས་ནི་བསྔགས་པ་ཡིན་ཏེ། ཆུ་བོ་སུན་ད་རི་ཀ་ནི་བཀྲ་ཤིས་ཤིང་བསྔགས་ཏེ། གང་ཞིག་ཆུ་བོ་སུན་ད་རི་ཀ་ལ་ ཁྲུས་བྱེད་པ་དེ་ནི་སྡིག་པ་ཐམས་ཅད་སེལ་བར་འགྱུར་རོ་ཞེས་པ་དང་། ཇི་ཙམ་ན་འདི་གསུངས་སོ། །དག་པ་ཞེས་བྱ་བ་ནི་དག་པའི་ཚུལ་ཁྲིམས་ཀྱི་ཆུས་ནི་སེམས་ཅན་གྱི་རྒྱུད་བཀྲུས་པ་ཉིད་དེ་ལུས་དང་ངག་གི་ཉེས་པར་སྤྱོད་པ་ཅི་ཡང་མེད་པར་སྤངས་པའི་ཕྱིར་རོ། །ཆུ་བོས་ནི་ཕྱི་རོལ་ གྱི་དག་པར་ཟད་དེ། ཅུང་ཟད་ཀྱང་སྤངས་པ་མེད་དོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །སྙིང་པོ་ནི་དུས་ཚིགས་ཏེ། ཁྲུས་དང་དགའ་སྟོན་ལ་སོགས་པའི་ཉི་མ་ཞེས་བྱ་བའི་དོན་ཏོ། །སྟེགས་སུ་ཁྲུས་བྱས་པ་ནི་བརྒྱ་ལ་དྲི་མ་ནག་པོ་ཉིད་སེལ་ཞིང་ཕྱི་རོལ་གྱི་དྲི་མ་ དང་བྲལ་བར་བྱེད་པ་ཡིན་གྱི། ངན་པར་སྤྱོད་པ་ཐམས་ཅད་དང་ཅུང་ཟད་ཀྱང་བྲལ་བ་ནི་མེད་པས་གཞན་དག་ནི་སྙིང་པོ་མ་ཡིན་པ་སྟེ། གཅེས་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཨ་ཕལ་གུ་ཞེས་བྱ་བ་ནི་སྙིང་པོ་མ་ཡིན་པའི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། དེའི་གཉེན་པོ་ནི་སྙིང་པོ་ སྟེ། ཨ་ཕལ་གུའིའོ། །སྡིག་པ་སྤངས་པ་ཉིད་སྙིང་པོ་ཡིན་གྱི་སྟེགས་ལ་ཁྲུས་བྱས་པས་ནི་སྡིག་པ་དང་བྲལ་བར་མི་འགྱུར་རོ། །ལེགས་པར་སྤྱོད་པ་བསགས་པ་ཉིད་ཀྱིས་ནང་དུལ་བ་དང་དག་པར་བྱེད་པ་ཡིན་གྱི། སྟེགས་ལ་ཁྲུས་བྱས་པས་ནི་མ་ ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟག་ཏུ་གསོ་སྦྱོང་དག་པ་དང་། །ཞེས་བྱ་བ་སྨོས་ཏེ། དག་པ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ཉིན་རེ་ཞིང་གསོ་བ་སྟེ། ཇི་སྐད་དུ་བྲམ་ཟེ་ཀ་བྱིན་ནས་ཅི་བདག་དང་གསོ་སྦྱོང་བྱའམ་མི་བྱ་ཞེས་ཞུས་པ་དང་། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ རྟག་ཏུ་གསོ་སྦྱོང་དག་པ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་དུས་ཚིགས་བཅོ་ལྔ་པ་ལ་སོགས་པ་ལ་བརྗོད་དེ་གསོ་སྦྱོང་ནི་སོ་སོར་ཐར་པའི་མདོ་བསྟན་པ་དེས་ཚུལ་ཁྲིམས་གསོ་བ་སྐྱེས་པའོ། །ལམ་བསྒོམ་པས་ནི་ཡིད་གདུལ་བ་དང་ཡོན་ཏན་ཉེ་བར་སོགས་པའི་ཕྱིར་རོ། །ཅིའི་ཕྱིར་ ཞེ་ན། གཙང་མའི་ལས་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཁ་ན་མ་ཐོ་བ་མེད་པར་སྤྱོད་པའི་གང་ཟག་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་སྤྱོད་པའི་ཕྱིར་རོ། །དག་པ་ཞེས་བྱ་བ་ནི་ལམ་གྱི་སྟོབས་ཀྱིས་ནང་གི་དྲི་མ་རྣམས་བསལ་བས་སོ། །དེ་ཡི་བརྟུལ་ཞུགས་ཕུན་སུམ་ཚོགས་ པར་འགྱུར། །ཞེས་བྱ་བ་ནི་དེ་ཁོ་ན་རང་རང་གི་ཕུན་སུམ་ཚོགས་པས་འགྲུབ་པར་འགྱུར་ཞིང་མངོན་པར་འདོད་པའི་འབྲས་བུ་དང་འབྲེལ་བར་འགྱུར་རོ། །ལམ་གྱི་ཁྱད་པར་འདྲེན་པར་བྱེད་པའི་ཕྱིར་དང་། འབྲས་བུ་ཁྱད་པར་འདྲེན་པའི་ཕྱིར་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་ཡོངས་ སུ་དག་པ་དེ་ཞིང་ཉིད་དུ་བསྟན་པའི་ཕྱིར། ཞིང་གི་སྐྱོན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་བཀྲེན་པ་ཞིག་གིས་རབ་འབྱོར་ལ་ཕྱེ་བྱིན་པས་གཏེར་ཐོབ་པར་གྱུར་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཤོས་གསོལ་ཏེ། སྐྱེས་བུ་དེ་ཆོས་མཉན་པའི་ཕྱིར་ མདུན་དུ་འདུག་པ་དང་། དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་བཞི་གསུངས་སོ། །གཞན་དག་ནི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་གསོལ་པ། གང་ལ་སྦྱིན་པ་སྩལ་བར་བགྱི། །ཞེས་ཞུས་པ་དང་། རྒྱལ་པོ་ཆེན་པོ་གང་ལ་སེམས་དང་བའོ་ཞེས་སོ། ། གཞན་དག་ནི་སྡེ་པ་གཞན་དག་གིས་གསོལ་པ། བཙུན་པ་གང་ལ་སྩལ་ན་འབྲས་བུ་ཆེན་པོར་འགྱུར། །ཞེས་ཞུས་པ་ལགས་སོ་ཞེས་ཟེར་རོ། །ཞིང་ཞེས་བྱ་བ་ནི་ལོ་ཏོག་འགྲུབ་པའི་གཞི་དག་གོ། །རྩྭའི་སྐྱོན་ཞེས་བྱ་བ་ནི་གང་ལ་རྩྭའི་ཉེས་པ་ཡོད་པ་དེ་ནི་རྩྭའི་སྐྱོན་ཏེ། རྩྭ་དང་ཚེར་མ་དང་ རོ་དྲོད་ལ་སོགས་པས་ཉམས་པར་བྱས་པའི་ཕྱིར་འབྲས་བུ་ཆུང་བའམ་འབྲས་བུ་མེད་པར་འགྱུར་བའོ། །སྐྱེ་དགུ་འདི་ལ་འདོད་ཆགས་སྐྱོན། །ཞེས་བྱ་བ་ནི་གང་ཡང་སྐྱེ་དགུ་རྣམས་སྲེད་པ་དང་བཅས་པའི་སྐྱོན་གྱིས་ཉམས་པར་འགྱུར་བ་ཉིད་ཡིན་ནོ། །ལ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ ཞེས་བྱ་བའི་དོན་ཏེ། ཇི་ལྟར་ཞིང་ལ་རྩྭ་ལ་སོགས་པས་མ་རུང་བར་བྱས་ན་ནི་ལོ་ཏོག་ཕུན་སུམ་ཚོགས་པའི་གནས་སུ་མི་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ཀྱིས་སེམས་ཅན་གྱི་རྒྱུད་ལ་མི་འདོད་པའི་འབྲས་བུ་དང་ལྡན་པར་བྱེད་པ་ཡིན་ཏེ། དེའི་རྒྱུས་སྡིག་པ་ལྷག་པར་སྤྱོད་པའི་ཕྱིར་ རོ། །གང་གི་ཕྱིར་དེ་ལྟ་བས་ན་བྲལ་བ་ནི་སྤངས་ཤིང་མེད་པར་བྱས་པ་སྟེ། འདོད་ཆགས་ཀྱི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་གང་ཡིན་པ་དེ་ཉིད་དོ། །དེ་དག་ལ་བྱིན་པས་འབྲས་བུ་ཆེན་པོར་འགྱུར་ཞེས་བྱ་བ་ནི་ཁ་ཟས་ལ་སོགས་པ་ཕུལ་བས་འབྲས་བུ་མཐའ་ཡས་པ་སྐྱེ་བར་འགྱུར་ཏེ་ ཟན་དྲོན་ཆང་བ་སྦྱིན་པར་བྱས་པ་ལ་སོགས་པ་འདིར་དཔེར་བརྗོད་པར་བྱའོ། །སྐྱོན་ནི་མ་རུང་བར་བྱེད་པས་སྐྱོན་ཏེ། ཁོང་ཁྲོ་བ་དེའི་སྐྱོན་དང་ཉེས་པ་གང་ལ་ཡོད་པས་ནི་བདག་ཤིན་ཏུ་མ་རུང་བར་ཕྱེད་པའི་ཕྱིར་འདིར་ཞེ་སྡང་སྐྱོན་དུ་བསྟན་ཏོ། །ཡང་ན་ཞེ་སྡང་སྐྱེད་པར་བྱེད་པའི་ཕྱིར་ ཏེ། ཇི་སྐད་དུ་ལུས་ཀྱི་སྐྱོན་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་ལ་འབྲས་བུར་བཏགས་པའི་ཕྱིར་ཞེ་སྡང་སྐྱེ་བའི་ལུས་ལ་སོགས་པ་འདྲེན་པས་ན་སྐྱོན་ཞེས་བྱ་བ་ཡིན་ནོ། །གཏི་མུག་བྲལ་རྣམས་ལ་ཞེས་བྱ་བ་ལ་ནི་མ་རིག་པ་སྤངས་པས་ཏེ། མི་ཤིས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། གསུམ་པོ་འདི་དག་ནི་འཆིང་བ་ཡིན་ཏེ། ངའོ་སྙམ་པའི་ང་རྒྱལ་གྱིས་ནི་རབ་ཏུ་བསྟན་པར་འགྱུར་རོ། །རྐང་པའི་འཆིང་བ་ལས་གྲོལ་བ་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བས་ང་རྒྱལ་བྲལ་རྣམས་ལ། །ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་ལ་ཉེ་བར་བཏགས་པ་ལས་ སྐྱེས་པའི་སེམས་མཐོན་པོ་ནི་ང་རྒྱལ་ཏེ། ལས་དེའི་ངོ་བོ་ཉིད་ཡིད་ལ་བྱེད་པས་ནི་ཟིལ་གྱིས་གནོན་པ་ཡིན་ཏེ། དེ་ཁོ་ན་ཉིད་ཤེས་པས་སྤངས་པའོ། །འདོད་ཆགས་སྤངས་པའི་འཆིང་བ་སྟེ། ཀུན་འབྱུང་གི་བདེན་པ་ཉིད་ཡིན་པའི་ཕྱིར་དེས་ན་དེ་ཉིད་ཀྱི་དབྱེ་བ་ འདིར་སྨྲས་པ། །ཆགས་པའི་སྐྱོན་དང་སྲེད་པའི་སྐྱོན་དང་བྲལ་བ་ཡིན་ཏེ། གང་གི་ཕྱིར་འདོད་པའི་འདོད་ཆགས་ནི་ཆགས་པའི་སྐྱོན་ཡིན་ནོ། །གོང་མའི་འདོད་ཆགས་ནི་སྲེད་པ་ཉིད་དེ་ཕྱི་རོལ་དུ་འགྲོར་མེད་པའི་ཕྱིར་རོ། །དེའི་འོག་ཏུ་ང་རྒྱལ་གྱི་དབྱེ་བ་བསྟན་པ་ནི་ཉོན་མོངས་པའི་རང་གི་ ངོ་བོ་རྒོད་པའི་ཐ་མ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཡང་རྣམ་པ་གཉིས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་དྲུག་གི་འདོད་ཆགས་ལ་སོགས་པ་དང་། ཡིད་ཀྱི་ས་པའི་ང་རྒྱལ་ཏེ། དེ་གཉིས་ཀའི་དབྱེ་བ་བསྟན་པའི་སྐབས་བྱ་བ་ཡིན་ཏེ། ཉོན་མོངས་པ་སྤངས་ན་ཡང་ཞིང་ཉིད་དུ་ འགྱུར་རོ། །ཇི་ལྟར་འདོད་ཆགས་དང་ལྡན་པ་དང་འདོད་ཆགས་དང་བྲལ་བ་ཞེས་བརྗོད་པར་བྱ་ཞེ་ན། འདིར་མཚན་ཉིད་བསྟན་པའི་ཕྱིར་དྲུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དགའ་ལྡན་དུ་སོང་ནས་གཞལ་ཡས་ཁང་གི་རྩེ་མོ་ན་ཚིགས་བཅད་ གཅིག་བྲིས་པ་མཐོང་སྟེ། དེའི་དོན་མ་རྟོགས་ནས་འདབ་མ་ལ་བྲིས་ཏེ། གནོད་སྦྱིན་ཧི་ར་ཎྱ་ཞེས་བྱ་བ་ལ་བྱིན་ནས། འདིའི་དོན་ཚོལ་ཅིག་ཅེས་བྱས་སོ། །དེས་ཀྱང་ཆ་བྱད་སྣ་ཚོགས་ཀྱིས་དེ་དང་དེར་སོང་ཞིང་བཙལ་བ་ལས་དེའི་དོན་མ་རྙེད་དོ། །དེའི་དོན་ཤེས་པར་བྱ་བའི་ཕྱིར་བྱང་བུ་ དེ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་ཕྱིན་ནོ། །ཅི་ཙམ་ན་ཆ་བྱད་མཐུན་པས་རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། དོན་གྱི་དེ་ཉིད་རྙེད་པར་གྱུར་ཏེ་འདི་ཡང་གསུངས་སོ། །གཞན་དག་ནི་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་ འགྱུར་ལ། སེམས་རྣམ་པར་བྱང་བའི་རྒྱུས་ནི་རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་འབྱུང་བ་དེ་ལས་སོ་ཞེས་ཟེར་རོ། །དྲུག་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དྲུག་པར་ཚང་བ་ཉིད་ཀྱི་ཕྱིར་རོ། །དྲུག་པ་དེ་ལ་བདག་པོ་ཞེས་བྱ་བ་ནི་མཐུ་ཆེ་བ་ཡིན་ཏེ། རྣམ་ པར་རྟོག་པ་གསུམ་དང་ལྡན་པའི་ཕྱིར་དང་། ཟག་པ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཕྱིར་དང་། ཁམས་གསུམ་དུ་ཁྱབ་པའི་ཕྱིར་རོ། །རྒྱལ་པོ་ནི་དབང་བསྒྱུར་བས་ཏེ། དེས་འཕངས་པའི་ཕྱིར་རྣམ་པར་ཤེས་པ་གཞན་ཡིན་ཏེ། རླུང་གིས་ལྗོན་ཤིང་བསྒུལ་བའམ་དེ་ལ་ གནས་པའི་ཕྱིར་ཤིང་གི་སྡོང་པོ་ལ་ཡལ་ག་ལ་སོགས་པ་བཞིན་ནོ། །ཆགས་པར་གྱུར་ན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་ལ་འཇུག་པར་གྱུར་ན་ཆགས་ཅན་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། འདོད་ཆགས་དང་མ་བྲལ་བ་དང་། ཞེ་སྡང་དང་མ་བྲལ་བ་ ཞེས་བྱ་བ་ལ་སོགས་པའོ། །ཆགས་པའི་ཉོན་མོངས་པ་གང་ལ་ཡོད་པ་དེ་ནི་ཆགས་ཅན་ཏེ། དྲི་མ་ཅན་ཞེས་བྱ་བའི་དོན་ཏོ། །འདིར་ཆགས་པ་ནི་འདོད་ཆགས་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །མ་ཆགས་གྱུར་ན་ཆགས་མ་ཡིན། །ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་ པའི་མིང་ཅན་ཆགས་པ་གང་ལ་མེད་པ་དེ་ནི་དྲུག་པ་དེ་ཉིད་དེ། དེ་ལ་དེ་ལྟར་གྱུར་ན་ནི་དེས་བདག་ཉིད་ཆགས་པ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་རྒྱུད་ལ་ཆགས་པ་ཅན་དུ་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། ཆགས་པ་བྱིས་ པ་ཞེས་བརྗོད་དོ་ཞེས་བྱ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་དྲུག་པས་རྒྱུད་ལ་དྲི་མ་ཅན་དུ་བྱས་པའི་སེམས་ཅན་དེ་ནི་བྱིས་པ་ཞེས་བརྗོད་དོ། །ངན་ངོན་དང་གཞན་གྱི་དབང་དུ་བྱས་པ་དང་། འཁོལ་བ་ཞེས་བྱ་བའི་དོན་ཏེ། ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་རོ། ། ཆགས་བྲལ་མཁས་པར་ཤེས་པར་བྱ། །ཞེས་བྱ་བ་ནི་ཤུགས་ཀྱིས་རྟོགས་པའི་ཕྱིར་མ་བཤད་དེ། དེ་བས་ན་འདོད་ཆགས་དང་བྲལ་ཞིང་སྙིང་རྗེ་བས་སེམས་ཁོ་ན་དུལ་བར་བྱ་སྟེ། དེ་ལྟར་བྱས་ན་སྐྱོན་མེད་པར་འགྱུར་ཞིང་བསོད་ནམས་ཀྱི་ཞིང་དུ་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། དྲུག་པ་དེས་ཕལ་ཆེར་གང་ལ་གནས་ནས་ཤིན་ཏུ་ཆགས་པར་འགྱུར་ཞེ་ན། གཟུགས་ཅན་དང་ལུས་ཅན་གྱི་དབང་དུ་བྱས་པའི་ཕྱིར་ཏེ། ཁམས་གཉིས་ན་གཟུགས་ལ་བརྟེན་ཏེ་འཇུག་པའི་སེམས་དང་སེམས་ལས་བྱུང་བ་ཡིན་ནོ་ཞེས་གྲུབ་པའི་མཐའོ། །ལུས་ཅན་དེ་ ཉིད་ངེས་པར་བརྟག་པའི་ཕྱིར། །འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་ནི་གནས་བརྟན་དགའ་བོ་ཡུལ་མིའི་བུད་མེད་གཟུགས་བཟང་བ་མཐོང་ནས་ཀུན་དུ་ཆགས་པར་གྱུར་པ་ལས་བརྩམས་སོ་ཞེས་ཟེར་རོ། །གཞན་དག་ གི་བཅོམ་ལྡན་འདས་ནགས་ཚལ་ན་བཞུགས་པ་ལས་ཉན་ཐོས་དག་ལ་ཤི་བའི་རོ་དག་སྟོན་ཅིང་ལུས་དྲན་པ་ཉེ་བར་གཞག་པ་སྟོན་པར་མཛད་པ་ན་ལྷ་ཞིག་ཉེ་བར་འོངས་ཏེ་གསོལ་པ། ལུས་ནི་ཇི་ལྟར་འཚལ་བར་བགྱི། །ར་བ་ཞལ་ཞལ་ཇི་ལྟ་བུ། །བཅོམ་ལྡན་འདིར་ནི་ གང་ཞིག་གི །རྟག་པའི་འཆིང་བའི་གནས་གང་ལགས། །ཞེས་ཞུས་པ་ལས་འདི་གསུངས་སོ་ཞེས་ཟེར་རོ། །གྲོང་ཁྱེར་ཞེས་བྱ་བ་ནི་ཆོས་ལ་མངོན་པར་དགའ་བར་མི་རྟོགས་པའི་ཕྱིར་གྲོང་ཁྱེར་ཉིད་དེ། སྡང་བའི་གཞིའི་ལུས་ཞེས་བྱ་བའི་དོན་ཏེ། །དེ་དང་འདྲ་ བའི་ཕྱིར་དང་། །སྐབས་ཡིན་པའི་ཕྱིར་དང་། འོག་ནས་ཁྱད་པར་བརྗོད་པའི་ཕྱིར་ཏེ། དུ་བ་དང་ལྡན་པ་མཐོང་བ་ལས་མེ་རྟོགས་པར་བྱེད་པ་དེ་བཞིན་ནོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རུས་པའི་ར་བ་ཅན་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་རུས་པ་ནི་ར་བ་ལྟ་བུ་སྟེ། རུས་ པའི་རང་བཞིན་གྱི་རྩིག་པ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཤ་དང་ཁྲག་གིས་ཞལ་ཞལ་བྱས་པ་ནི་དཔེར་ན་ཤིང་དང་སོ་ཕག་ལ་སོགས་པ་བཀོད་ལ་གླེགས་བུ་ལ་གཟེར་བུ་དང་ཐག་པ་ལ་སོགས་པས་བཅིངས་ནས་འདག་པ་ལ་སོགས་པས་བྱུགས་པ་ནི་གྲོང་ཁྱེར་གྱི་གྲངས་སུ་འགྲོ་བ་དེ་ བཞིན་དུ་ནང་གི་རུས་པ་སུམ་བརྒྱ་དྲུག་ཅུས་བཀོད་ལ། རྒྱུས་པ་ལ་སོགས་པས་བཅིངས་ནས། ཤ་དང་ཁྲག་གིས་བྱུགས་ནས་ལུས་སུ་འགྱུར་རོ། །འདིར་གྲོང་ཁྱེར་དུ་གང་ཞིག་དཔྱད་པར་བྱ་སྟེ། དེ་སྨྲས་པ། གང་དུ་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་གང་ལ་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་གནས་པའོ། །དང་གི་སྒྲ་ནི་ངོ་ཚ་མེད་པ་ལ་སོགས་པ་དེའི་འཁོར་ཡོངས་སུ་བཟུང་བ་སྟེ། འདོད་ཆགས་ཀྱི་དྲི་མ་ཡིན་པའི་ཕྱིར་རོ། ཞེ་སྡང་དང་ཞེས་བྱ་བ་ནི་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བའོ། །དང་གི་སྒྲ་ནི་དེའི་དྲི་མ་ཁྲོ་བ་ལ་ སོགས་པ་བཟུང་བ་ཡིན་ནོ། །ང་རྒྱལ་དང་ཞེས་བྱ་བ་ནི་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་སྟེ། དང་གི་སྒྲ་ནི་དེ་དང་རྒྱུ་མཐུན་པ་ཡང་བརྗོད་པ་ཡིན་ནོ། །འཆབ་པ་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པའི་དཔེར་བརྗོད་པའོ། །སྡིག་པ་སྦེད་པ་དང་ཕྱི་རོལ་ནས་ཀུན་དུ་བྱུག་པར་བྱེད་པ་དེ་ནི་འཆབ་པ་སྟེ། སྲེད་པ་དང་མ་རིག་པ་ལས་བྱུང་བ་ནི་འཆབ་པའི་མཚན་ཉིད་དོ། །ཚིགས་བཅད་སྔ་མའི་རྣམ་པར་ཤེས་པ་ཡང་འདིར་སྦྱོར་བར་བྱ་སྟེ། དེ་ལ་བརྟེན་པའི་དངོས་པོ་བརྗོད་པའི་ཕྱིར་ཏེ། གནས་མེད་པའི་ནི་གནས་པ་མེད་པའོ། །དཔེར་ན་གྲོང་ལ་རྒྱལ་པོ་དང་། བློན་པོ་དང་། བྱ་པྲི་ཏ་ཀ་ དང་། མདུན་ན་འདོན་དང་། ཐུབ་པ་རྣམས་ཀྱིས་གནས་པར་བྱ་བ་དེ་བཞིན་དུ་འདིར་རྣམ་པར་ཤེས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། འཆབ་པ་ལ་སོགས་པ་བརྗོད་པར་བྱའོ། །གནས་པ་ནི་འཇུག་པའོ། །ལུས་ཀྱི་གྲོང་ཁྱེར་འདི་ག་ལས་བྱུང་བ་དང་། ཇི་ལྟར་འདིར་གང་གི་འཆིང་བར་འགྱུར་བ་དང་། གང་གིས་འདི་སྤང་བ་ཡིན་ཞེས་བསྟན་པའི་ཕྱིར། རྒྱུ་ཡི་ཀུན་ནས་བསླང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཨུཏྤ་ལའི་མདོག་ཅན་གཟུགས་ཤིན་ཏུ་མཛེས་པ་ལས་འདོད་ཆགས་ཀྱིས་གཞན་གྱི་དབང་དུ་བྱས་པའི་ གྲོང་ཁྱེར་ཆེན་པོ་དྲུག་ཏུ་སྨད་འཚོང་མ་བྱས་སོ། །དེ་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །རྒྱུ་ཡི་རབ་ཏུ་བྱུང་ཞེས་བྱ་བ་ནི་སྐྱེད་པ་དང་རྒྱུ་དང་བྱེད་པ་སྟེ། དེ་དག་ལས་རབ་ཏུ་བྱུང་བ་ཡིན་པས་རབ་བྱུང་སྟེ་ཀུན་ འབྱུང་གི་ཚོགས་པ་སྟེ། དེ་སྐྱེད་པར་བྱེད་པ་ཡོད་པ་དང་དེ་ལས་འབྲས་བུ་འབྱུང་སྟེ། གང་གི་ཕྱིར་རྐྱེན་གཅིག་ལས་སྐྱེས་པ་ནི་གང་ཡང་མེད་དོ། །དེ་བས་ན་ཀུན་འབྱུང་གི་བདེན་པར་གྱུར་པས་སོ། ཀུན་ནས་བསླང་བ་ཞེས་བྱ་བ་ནི་ཀུན་ནས་སྐྱེས་པའོ། །ལུས་ཀྱི་ གནས་སྐབས་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བའི་དོན་ཏོ། །དེ་མ་མཐོང་ན་ཞེས་བྱ་བ་ནི་ལུས་དེ་ཇི་ལྟ་བ་བཞིན་མ་ཤེས་པ་སྟེ། འཇིག་རྟེན་འདི་ན་སྐྱེ་བ་དང་འཇིག་པའོ། །གང་ལ་ལས་འདི་མ་ཤེས་པ་ནི་མ་རིག་པ་དེས་སོ། །དེ་ཞེས་བྱ་བ་ནི་མི་གཙང་ བར་གྱུར་པའི་ལུས་དེའོ། །འཆིང་བར་འགྱུར་ཞེས་བྱ་བ་ནི་ལྷག་པར་ཞེན་པས་གཞན་གྱི་དབང་དུ་བྱས་པའི་ཕྱིར་མི་གཙང་བ་ལ་ཕག་བཞིན་ཏེ། འཇིག་རྟེན་པ་དག་ནི་མི་ཤེས་པས་བསྒྲིབས་པ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །དེ་དག་རྟོགས་ན་ཆུ་བོ་རྣམས་ ནི་རབ་ཏུ་སྤོང་། །ཞེས་བྱ་བ་ལ། དེ་དག་ལ་ནི་ལུས་དེ་དག་སྟེ་ཟག་པ་མེད་པའི་ཤེས་པས་ཇི་ལྟ་བ་བཞིན་དུ་མཐོང་ན་ཆུ་བོ་རྣམ་པ་བཞི་ཡོངས་སུ་སྤོང་བ་ཡིན་ནོ། །འདིས་ནི་ལམ་དང་འགོག་པའི་བདེན་པ་བསྟན་ཏེ། རྟོགས་པ་དང་རབ་ཏུ་སྤངས་པ་ཞེས་བསྟན་པས་སོ། །རྟོགས་པ་ ཁོ་ནས་ཆུ་བོ་རྣམས་སྤངས་པ་ཡིན་ནོ་ཞེས་བསྟན་པ་ག་ལས་ཤེ་ན། ཕྱི་རོལ་པ་ལ་ཆགས་པ་དེ་དག་སྤོང་བ་མེད། །ཅེས་བྱ་བ་ཡིན་ཏེ། མུ་སྟེགས་ཅན་རྣམས་ལ་ནི་ཐར་པའི་གེགས་སུ་གྱུར་པ་ཆུ་བོའི་མིང་ཅན་ཆགས་པ་སྤོང་བ་མེད་དེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མེད་ པའི་ཕྱིར་རོ། །ཆོས་འདི་པ་དག་ནི་འཕགས་པའི་བདེན་པ་བཞི་རྟོགས་པས་ཕྲ་རྒྱས་ཐམས་ཅད་སྤངས་པ་ཡིན་ནོ། །ཇི་ལྟར་ངེས་པར་བྱ་ཞིང་ག་ལས་ཤེ་ན། ཕྱི་རོལ་པ་ལས་ཆགས་པ་དེ་དག་སྤོང་བ་མེད། །ཅེས་བྱ་བ་སྨོས་ཏེ། འཁོར་བ་ལ་ལྷག་པར་ཞེན་ཅིང་བདག་མེད་ པ་ལ་མོས་པས་ཆད་པས་འཇིགས་པ་ཡིན་པའི་ཕྱིར་སྤོང་བར་བྱེད་པ་ཡིན་ན་ཐར་པ་ལྟ་ག་ལ་ཡོད། སིལ་བུའི་ཚོམས་ཏེ་བཅུ་དྲུག་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།སིལ་བུ་བསྟན་པ་ལས་བྱུང་བའི་གཡེང་བས་ཀུན་ནས་བསླང་བའི་རྡུལ་ལ་ཆུ་དང་འདྲ་བའི་ བརྩོན་འགྲུས་དང་ལྡན་པའི་དབང་པོ་ལ་སོགས་པའི་ཁྱད་པར་ཡོངས་སུ་བཟུང་ཞིང་རྗེས་སུ་མཐུན་པས་ཞི་བའི་ཐབས་བསྟན་པའི་ཕྱིར། དེའི་འོག་ཏུ་ཆུའི་ཚོམས་བརྗོད་པར་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར། དེ་དག་ཁྱིམ་ལ་ཞེས་བྱ་བ་སྨོས་སོ། །ཡང་ན་རབ་ཏུ་འབྱུང་བ་ནི་གཡེང་བ་ ཐམས་ཅད་སྤོང་བར་བྱེད་པ་ཡིན་ཏེ། དེས་ན་དེ་ཉིད་བསྟན་པའི་ཕྱིར་དེ་དག་ཁྱིམ་སྤངས་པ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཕྱི་རོལ་པ་ལ་ཆགས་པ་དེ་དག་སྤོང་བ་མེད་དེ། རྟོགས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ལ། ཅིའི་ཕྱིར་དེ་དག་མངོན་པར་རྟོགས་པ་མེད་ཅེ་ན། སྨྲས་ པ་རབ་ཏུ་འབྱུང་བ་མེད་པའི་ཕྱིར་ཏེ། དེ་ལ་མ་ཞུགས་པར་ནི་སྤོང་བ་མ་ཡིན་ཏེ། རབ་ཏུ་བྱུང་བ་ནི་འཁོར་བ་ལ་ཞེན་པ་མེད་པའི་ཕྱིར་དང་། ཡོངས་སུ་གཏོང་བའི་བསམ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཉོན་མོངས་པ་སྤངས་པ་ནི་རབ་ཏུ་བྱུང་བ་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་ པའི་ཕྱིར། དེ་དག་ཁྱིམ་སྤངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ཨུ་དུམ་བཱ་རི་ཀ་ན་བྲམ་ཟེ་ནྱ་གྲོ་དྷ་ཞེས་བྱ་བ་པདྨ་ཆེན་པོའི་མཆོད་སྦྱིན་བྱེད་པ་ཆོས་ཀྱི་ནང་ན་གྲོང་བཅུ་དྲུག་དང་། བྲན་གྱི་གྲོང་སུམ་ཅུ་དང་གླང་དོར་སྟོང་དུ་གཅིག་གིས་མ་ཚང་བ་དང་། དབྱིག་བྱེ་བ་ དྲུག་ཅུ་དང་། ནས་དང་གསེར་བང་ཆུང་བརྒྱད་ཅུ་ཡོད་པ་དེའི་བུ་འོད་སྲུངས་ཆེན་པོ་ཆུང་མ་བླང་བ་ལ་འཛུད་པར་བྱེད་དོ། །དེས་ཀྱང་ཕའི་ངག་གཅོག་པར་མ་ནུས་ཏེ། སྨྲས་པ། གལ་ཏེ་འཛམ་བུ་ཆུ་བོའི་གསེར་གྱི་གཟུགས་ཟིལ་གྱིས་གནོན་པ་མཚན་ཕུན་སུམ་ཚོགས་པའི་བུ་ མོ་ཡོད་ན་ནི་བླང་ངོ་ཞེས་བྱས་སོ། ཇི་ཙམ་ན་ཡུལ་མ་ག་དྷཱ་ནས་སེར་སྐྱ་བཟང་མོ་ཞེས་བྱ་བ་བླངས་ན། དེ་སྤངས་ནས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །འབད་པ་ཡིས་ཞེས་བྱ་བ་ནི་དགེ་ བ་བྱ་བ་དག་ལ་མངོན་པར་བརྩོན་པར་བྱེད་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ནས། བསམ་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། དྲན་ལྡན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གི་ཕྱིར་དྲན་པ་ཉམས་ན་ནི་བག་མེད་པས་དྲན་པ་ཉམས་པར་འགྱུར་ལ། དྲན་པ་ཉེ་ བར་གཞག་པ་ལ་ནི་མ་ཡིན་ཏེ། དྲན་པས་སྒོ་བསྲུངས་པར་གྱུར་ན་མི་དགེ་བ་རྣམས་སྤོང་བར་འགྱུར་རོ་ཞེས་མདོ་ལས་གསུངས་སོ། །དེ་དག་ཁྱིམ་ལ་མི་དགའ་བར། །ཞེས་བྱ་བ་ལ་ཁྱིམ་ནི་འཇུག་པར་བྱ་བའི་ཁང་པ་སྟེ། དེ་ལ་མངོན་པར་མི་དགའ་བ་རྙེད་པ་ནི་དྲན་པ་དང་ བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་ཏེ། ཁྱིམ་ན་ནི་གཡེང་བ་དང་བྱ་བ་ངན་པས་གཡེང་བར་བྱེད་པའི་ཕྱིར་རོ། །གང་ཡང་དེ་ལྟར་གྱུར་ན་ནི་དེ་དག་རབ་ཏུ་བྱུང་བ་ཡོངས་སུ་བཟུང་བས་ཁྱིམ་གྱི་གནས་ཡོངས་སུ་སྤོང་ངོ་། །དེ་སྤངས་པས་དུས་གཞན་ཞིག་ན་དྲན་པ་དང་ བརྩོན་འགྲུས་དང་ལྡན་པར་གྱུར་པས་ལམ་བསྒོམས་ཏེ། ཁམས་གསུམ་གྱི་ཉོན་མོངས་པའི་རང་བཞིན་གྱི་ཆུ་བོ་སྤོང་བ་ཡིན་ཏེ། འདིར་དཔེར་བརྗོད་པ་ནི་ངང་པ་ལྟར་ཞེས་བྱ་བ་སྟེ། དཔེར་ན་ངང་པས་མཚོ་ངན་པ་སྤངས་པ་ཞེས་བྱ་བ་སྨོས་པ་ལ་ཆར་ཆུས་ རྙོག་པའི་ཆུ་སྤོང་བར་བྱེད་པ་དེ་བཞིན་དུའོ། །ཡང་ན་མཚོ་ངན་ཞེས་བྱ་བ་ནི་ཆུ་ཆུང་བ་སྟེ། མཚེའུ་དང་། རྫིང་བུ་དང་། ཆུ་བྲན་ཐམས་ཅད་ལ་འདོད་དོ། །དེ་ལྟར་ཆུ་བོ་སྤང་བ་ལ་འབད་པས་ནི་དོན་དམ་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ ཕྱིར། བརྟན་པ་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་མའི་ལམ་ནས་ངང་པ་ལྟར། །ཞེས་བྱ་བ་ལ་གང་གི་ཕྱིར་ཉི་མ་ནི་ནམཁའི་ངོས་ཀྱི་ལམ་ལ་འགྲོ་བའི་ཕྱིར་རོ། །དེ་ལ་འདིས་ནི་ལྷ་རྣམས་ཀྱི་རབ་ཏུ་རྒྱུ་བའི་གནས་བསྟན་ནས་འོག་དང་ཐད་ཀར་རབ་ཏུ་རྒྱུ་བ་ཡང་ བསྟན་པའི་ཕྱིར། རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ངང་པ་ནི་ནམཁའ་ལ་རང་གི་གཤོག་པའི་མཐུས་འཕུར་བར་བྱེད་པ་དེ་བཞིན་དུ། བདག་ཉིད་ཆེན་པོ་རྣམས་ཀྱང་ཟང་ཟིང་ལ་ཡིད་ཆགས་ཤིང་དགའ་བ་མེད་པར་ཆུ་བོ་ལས་རྒལ་བ་ཡིན་ཏེ། གང་དུ་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་འགྲོ་བ་དེ་ལྟར་ཡང་གཞན་གྱི་དོན་བསྐྱེད་པའི་ཕྱིར་ཀུན་དུ་འགྲོ་བ་ཡིན་ནོ། །དེ་ཡང་ཇི་ལྟར་ངན་སོང་ལ་སོགས་པར་ཞེས་བྱ་བའི་དོན་ཏེ། གདུལ་བྱའི་སྐྱེ་བོ་ལ་ཕན་པ་བསྐྱེད་པའི་ཕྱིར་རོ། །དེས་ན་གདུལ་བྱའི་དོན་བྱས་ནས་དུག་གི་སྣོད་ བཞིན་དུ་ལུས་སྤོང་བ་ཡིན་ནོ། །འཇིག་རྟེན་ངེས་བྱུང་ནས་ཞེས་བྱ་བ་ནི་འཁོར་བར་ལྡོག་པ་མེད་པར་འགྲོ་བའོ། །བརྟན་པ་ནི་བདག་མེད་པ་རྟོགས་པས་ཆད་པས་མི་འཇིགས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཐོས་པ་དང་ལྡན་པ་ལ་ཡོངས་སུ་རྟོགས་པ་ཁ་ཅིག་ཀྱང་ཆད་པས་མི་འཇིགས་ པ་ཡོད་ན། ཅི་དེ་ཡང་ངེས་པར་འབྱུང་བ་ཡིན་ནམ་ཞེ་ན། བདུད་ཀྱི་སྡེ་རྣམས་རབ་བཅོམ་སྟེ། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་ཚོགས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པས་སྤངས་པ་ཡིན་ནོ། །ཉོན་མོངས་པའི་སྟོབས་བཅོམ་པས་བརྟན་པ་ཉིད་ངེས་པར་འབྱུང་བ་ཡིན་གྱི་གཞན་མ་ ཡིན་ནོ། །གང་ཡང་ཁྱིམ་ལ་བག་མེད་པར་འདུག་པ་དེ་དག་གི་ཉེས་དམིགས་བསྟན་པའི་ཕྱིར་སྨྲས་པ། ཚངས་པར་སྤྱོད་པ་མ་སྤྱད་ཅིང་། །ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་ཞིང་གཤེགས་པ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱོ་ཤུག་ཅིག་རྒས་ཤིང་འཁོགས་པ་ནས་གཟེར་བ་བ་ལང་གི་སྣ་ལྟར་ཡོ་བ་ཞིག་མཐོང་ངོ་། །གཞན་ཞིག་ན་ཕྱག་དར་གྱི་ཕུང་པོ་ན་འདུག་ཅིང་ཆུ་སྐྱར་རྒན་པོ་ཁྱོ་ཤུག་བཞིན་དུ་སེམས་ཁོང་དུ་ཆུད་པ་དེ་ལྟ་བུ་དག་ཀྱང་གཟིགས་ཏེ། ཀུན་དགའ་བོ་ལ་ བཀའ་སྩལ་པ། གལ་ཏེ་ཁྱོ་ཤུག་འདིས་ན་ཚོད་དང་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྡུས་ཤིང་བསྩགས་པར་བྱས་ན་ནི་དགའ་བ་འཐོབ་པ་འདི་ནི་གནས་ཡིན་ཏེ། གང་གི་ཕྱིར་འདིས་ནི་ཁྱིམ་གྱི་མཆོག་ཉིད་བྱེད་པར་འགྱུར་རོ། །གལ་ཏེ་རབ་ཏུ་བྱུང་ན་ནི་དགྲ་ བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཁྱིམ་གཉིས་པས་ནི་ཕྱིར་མི་འོང་བའི་འབྲས་བུའོ། །ཁྱིམ་གསུམ་པས་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ་ཞེས་པ་སྟེ། དེས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཚངས་པར་སྤྱོད་པ་མ་སྤྱད་ ཅིང་། །ཞེས་བྱ་བ་ནི་ལམ་གྱི་ཚོགས་མ་བསྲུངས་པའམ། རབ་ཏུ་བྱུང་ཞིང་ལམ་མ་བསྒོམས་པའོ། །གཞོན་ནུར་ནོར་ནི་མ་རྙེད་པ། །ཞེས་བྱ་བ་ནི་དབྱིག་ལ་སོགས་པའི་ནོར་མ་བསྩགས་པ་སྟེ། ན་ཚོད་དང་པོ་ལ་ནི་བྱ་བ་ཐམས་ཅད་ལ་ནན་ཏན་བྱ་བར་བཟོད་པ་ཡིན་ནོ། ། དེའི་ཕྱིར་ལང་ཚོ་ལ་གནས་པ་ནི་ཐམས་ཅད་ལ་ནུས་པ་ཉིད་དེ། དེ་བས་ན་འཇུག་པ་དང་ལྡོག་པའི་བྱ་བ་རྣམས་ལ་རབ་ཏུ་འབད་པར་བྱ་བ་ཉིད་དོ། །དེ་མ་བྱས་ན་ནི་རྒན་སེམས་བཞིན་དུ་འགྱུར་ཞེས་བྱ་བ་སྨོས་ཏེ་སེམས་མྱ་ངན་དང་ཡིད་མི་བདེ་བས་གདུང་བར་བྱེད་པ་སྟེ། སེམས་ ཀྱི་གདུང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆུ་སྐྱར་རྒན་པོ་ཞེས་བྱ་བ་ནི་རྒ་བས་འཁོགས་པར་བྱས་པའི་བྱ་གར་ཆུ་སྐྱར་ལྟ་བུ་སྟེ། ཀྲུང་ཀྲུང་ཞེས་ཟེར་བའི་ཕྱིར་ཁྲུང་ཁྲུང་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། །གང་དུ་སེམས་པར་བྱེད་ཅེ་ན། ཉ་ཉུང་ངོགས་ དག་ན་ཞེས་བྱ་བ་སྨོས་ཏེ། གང་ན་ཉ་ཉུང་བའི་མཚོ་ངན་པ་ཉིད་ན་སྟེ། ཤིན་ཏུ་ཆུང་བའི་མཚོ་དང་རྫིང་བུ་ལ་སོགས་པ་ན་འདམ་དང་ཆུ་བལ་ལ་སོགས་པས་རྙོག་པའི་ཕྱིར་དང་། ཆུ་ཡང་སྐམ་དུ་ཉེ་ཞིང་ཟད་པའི་ཕྱིར་ངན་པའོ། །ཉལ་བར་འགྱུར་ཞེས་ བྱ་བ་ནི་གཉིད་ལོག་པ་ལྟ་བུར་རྨོངས་པས་འདུག་པ་སྟེ། རྐང་ལག་རྣམས་ཞིགས་ཤིང་ལྷོད་པར་གྱུར་པའི་ཕྱིར་རོ། །ལུས་བསྐུམས་ནས་ནི་ཞེས་བྱ་བ་ནི་རྩ་བ་བད་ཅེས་བྱ་བའི་སྒྲས་གཞུ་དྲངས་པ་བཞིན་དུ་འཁུམས་པའི་ལུས་གང་ལ་ཡོད་པ་དེ་ནི་དེ་ཉིད་དོ། །ནས་ནི་ཞེས་བྱ་བའི་སྒྲ་ནི་ ཡང་གི་དོན་ཏེ། སེམས་ཁོང་དུ་ཆུད་པ་གཅིག་པུར་ཡང་མ་ཟད་དེ། ལུས་ཀྱང་བསྐུམས་ཏེ་བྲང་གི་ཐད་ཀར་པུས་མོའི་ལྷ་ང་བཀུག་ཅིང་ཡན་ལག་རྣམས་བསྡུས་ནས་ཉལ་བར་བྱེད་དོ། །སྔོན་ཆད་བྱས་པ་ཞེས་དྲན་ཞིང་ཞེས་བྱ་བ་ནི་སྔོན་རྩེ་བ་དང་དགོད་པ་ལ་སོགས་པ་དང་། གཟུགས་ བཟང་བ་ལ་སོགས་པ་རྒྱུན་དུ་མྱོང་བ་དང་བྲལ་བས་དེ་དག་ཐམས་ཅད་ལ་རེ་བ་མེད་པའོ། །སྡིག་པ་ཆུང་ངུས་ནི་གནོད་པར་མི་བྱེད་དེ། དཔེར་ན་རྡུལ་ཕྲ་མོའི་ཡུལ་གཅིག་ལ་ནི་དབང་པོའི་བྱེ་བྲག་ཤེས་པ་སྐྱེ་བར་མི་ནུས་ཏེ། དེ་བས་ན་ཚངས་པར་སྤྱོད་པས་ཅི་ཞིག་བྱ་ཞེས་པ་ལ། དེའི་ ཕྱིར་སྨྲས་པ། སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་ཉེས་པར་སྤྱོད་པ་ཅུང་ཟད་ཅུང་ཟད་ཙམ་བྱེད་དེ། ཆུང་ངུ་སྤྱད་པ་ཙམ་གྱིས་ནི་གནོད་པར་མི་འགྱུར་རོ་སྙམ་སེམས་པར་བྱེད་དོ། །གཞན་ཞིག་ནི་ཅུང་ཟད་ ཅུང་ཟད་ལེགས་པར་སྤྱོད་པ་ནུས་ཀྱང་མི་བྱེད་དེ། གང་གི་ཕྱིར་སྐར་ཁུང་གི་བུ་ག་ལས་འབྱུང་བའི་རྡུལ་དག་གིས་ནི་ར་བ་བྱེད་པར་མི་རུང་ངོ་ཞེས་སེམས་པ་ལས་དེ་གཉིས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཆུང་བྱས་མ་སེམས་ཤིག་ཅེས་བྱ་བ་ནི་ཅུང་ ཟད་ཅུང་ཟད་དུ་མ་རྟོག་ཤིག་པའོ། །སྡིག་པ་ནི་ངན་པར་སྤྱོད་པའོ། །ངེས་པར་གཟུང་བ་ནི་དྲུག་པ་སྟེ། སྡིག་པའི་ནང་ནས་ཅུང་ཟད་ཀྱང་མེ་བཞིན་དུ་གདུང་བར་བྱེད་པ་དང་། ཁ་ཟས་དུག་དང་འདྲ་བ་བཞིན་དུ་གསོད་པར་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་སྡིག་པ་མ་ཡིན་ནོ་ ཞེས་བརྟག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཕྱི་བཞིན་མི་འོང་མ་སེམས་ཤིག །ཅེས་བྱ་བ་ཡིན་ཏེ། སྡིག་པ་སྤྱད་པ་འདི་ནི་ཆུང་བ་ཡིན་པས་བདག་འཇིག་རྟེན་ཕ་རོལ་དུ་འགྲོ་བ་ན་རྗེས་སུ་འོང་བ་མ་ཡིན་ཞིང་གདུང་བར་བྱེད་པ་མ་ཡིན་ནོ་ཞེས་གང་ཞིག་རྟོག་ན་དེ་ལྟར་ཤེས་པར་ མི་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལ་ཉུང་ངུའི་དངོས་པོ་རྒྱུན་མི་འཆད་པར་བསྩགས་པ་སྟེ། དཔེ་བསྟན་པའི་ཕྱིར། ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །ཞེས་བྱ་བ་སྨོས་ཏེ། དཔེར་ན་རྒྱུན་དུ་ཆུའི་ཐིགས་པ་འབབ་པ་དེ་ནི་བུམ་པ་ཆེན་པོ་ཡང་ཁེངས་པར་འགྱུར་ བ་དེ་བཞིན་དུ་སྟེ། བུམ་པ་ཆེན་པོའི་ཚད་ཤིན་ཏུ་ཆེ་བའི་ཆུའི་སྣོད་དོ། །སྡིག་པས་བྱིས་པ་གང་བར་འགྱུར། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་སྤྱད་པས་བྱིས་པས་ཉེ་བར་བསྩགས་པ་སྟེ། བུམ་པ་ཆུས་ཡོངས་སུ་གང་བ་བཞིན་ནོ། །ཇི་ལྟར་ཉུང་ངུས་བྱིས་པ་ཡོངས་སུ་གང་བར་ འགྱུར་ཞེ་ན། ཅུང་ཟད་ཅུང་ཟད་ཅེས་བྱ་བ་སྟེ་བྱིས་པས་ཅུང་ཟད་ཅུང་ཟད་ཉེ་བར་བསྩགས་པས་ཡོངས་སུ་འཕེལ་བར་འགྱུར་ཏེ། གྲོག་མཁར་གྱི་ཕུང་པོ་བཞིན་ནོ། །དགེ་བ་ནི་ལེགས་པར་སྤྱོད་པ་སྟེ། བདེ་བའི་རྒྱུ་ཞེས་བྱ་བའི་དོན་ཏོ། །བརྟན་པ་ནི་མཁས་པའོ། སྡིག་ པ་དང་བསོད་ནམས་སྤང་བ་དང་ལེན་པ་ལ་སྲེད་པ་སྤང་བའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། འདི་ལྟར་ཀུན་ན་ཆུ་ཡོད་པས། །ཞེས་བྱ་བ་ལ་སོགས་པའོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་བཙུན་པ་བཅོམ་ལྡན་འདས་གཟིགས་སུ་གསོལ། །ཡུལ་བེ་ར་ཏྱ་ན་བྲམ་ ཟེ་ཞིག་ཁྲོན་པ་ནས་ཆུ་འབྱིན་ཅིང་ཀུན་དགའ་ར་བ་ན་ཆུ་བླུགས་པར་འདོད་དོ་ཞེས་གསོལ་ཏོ། །དེས་ཀྱང་བཅོམ་ལྡན་འདས་གཤེགས་པ་མཐོང་སྟེ། བསམས་པ་གལ་ཏེ་ཀུན་དགའ་ར་བ་འདིར་བྱོན་ན་ནི་ལན་དུ་མར་ཆུ་འཐུངས་ཏེ་འདི་ཟད་པར་འགྱུར་རོ་སྙམ་ནས་དེས་སྒོ་ བཅད་ཅིང་ཟོ་ཆུན་ཡང་སྦས་ཏེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་ཀུན་དགའ་ར་བ་དེའི་ནང་དུ་གཤེགས་ཏེ། ཁྲོན་པ་དེ་ལ་ལྟོས་པ་མེད་པའི་ཚུལ་དུ་ཀུན་དགའ་ར་བ་ཆུས་བཀང་བ་དང་། བྲམ་ཟེ་དེ་མངོན་པར་དད་དེ་བཅོམ་ལྡན་འདས་འདིར་གཤེགས་ སུ་གསོལ། །ཟོ་བ་དང་ཆུན་པོ་འདི་བཞེས་ལ་ཅི་བདེར་ཆབ་ལ་ལོངས་སྤྱད་དུ་གསོལ་ཞེས་ཞུས་པ་དང་། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་འདི་གསུངས་ཏེ། དེ་ཡང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཁྲོན་པའི་ཆུ་ལྟ་ཅི་ཞིག་དགོས། །ཞེས་ བྱ་བ་ནི་ཁྲོན་པས་བྱ་བ་མ་ཡིན་པ་ཉིད་ཀྱིས་སོ། །གང་གི་ཕྱིར་ཆུ་བཏུང་བར་བྱ་བ་དེ་ནི་ཁྲོན་པ་སྟེ། མཚོ་དང་རྫིང་བུ་ལ་སོགས་པའོ། །ནམ་ཞིག་ཅེ་ན། འདི་ལྟར་ཀུན་ན་ཆུ་ཡོད་པས། །ཞེས་བྱ་བ་ཡིན་ཏེ། གལ་ཏེ་ཀུན་ནས་ཆུ་ཉོན་མོངས་པ་མེད་པར་རྙེད་པ་ཡོད་ན་དཀའ་བས་གདོན་ དགོས་པས་ཁྲོན་པའི་ཆུ་དེས་ནི་སྐོམ་པར་གྱུར་ཀྱང་དགོས་པ་མེད་ན། སྐོམ་པ་དང་བྲལ་བ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། བརྗོད་པ་ནི་འདི་ཡིན་ཏེ། དཔེར་ན་ཐམས་ཅད་ན་ཆུ་ཡོད་ཅིང་སུས་ཀྱང་དགག་པ་མེད་ལ། རྙེད་སླ་བར་གྱུར་པ་ལ་ནི་ཁྲོན་པའི་ཆུས་སྐོམ་ཡང་མི་དགོས་ པ་ཉིད་ཡིན་ན། སྲེད་པ་རྩ་ནས་བཅད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་གི་དོན་དུ་ཅི་ཞིག་ཚོལ་བར་བྱེད་ཅེས་པའོ། །གང་གི་ཕྱིར་སྐོམ་པ་ཡོད་ན་ནི་ཆུ་ཚོལ་བར་བྱེད་ཀྱི། དེ་མེད་ན་ནི་དེ་ཡང་མེད་པའི་ཕྱིར་ཏེ། གང་རྣལ་འབྱོར་པ་འཇིག་རྟེན་ལས་འདས་པའི་ལམ་བསྒོམས་ པས་སྲེད་པའི་འདོད་ཆགས་ཀྱི་རྩ་བ་མ་རིག་པའམ་ཚོར་བ་འཐོབ་པ། འཇིག་རྟེན་འདིར་དྲུངས་ནས་ཕྱུང་ཞིང་སྤངས་ལ་གཞི་ཡོངས་སུ་སྤངས་ཤིང་བསལ་བས་ང་ལྟ་བུ་ནི་ཐམས་ཅད་ཀྱི་དོན་དུ་ཆུ་ལ་སོགས་པ་ཚོལ་བས་རྗེས་སུ་གནས་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །ཁྱེད་སྲེད་ པ་དང་བཅས་པ་ནི་ཁྲོན་པ་དང་། ཀུན་དགའ་ར་བ་ལ་སོགས་པ་དགོས་པ་ཡིན་གྱི། སྲེད་པ་དང་བྲལ་བ་དང་མི་འདྲའོ་ཞེས་བྱ་བའི་དོན་ཏོ། །སྲིད་པ་ལ་སྤྱོད་པ་ནི་བྱ་བ་མ་ཡིན་པ་ཐམས་ཅད་ལ་འཇུག་པ་སྟེ། དེ་བས་ན་དེ་ལས་བཟློག་པར་བྱ་བའི་ཕྱིར་འདི་གསུངས་སོ། ། སྲེད་པ་སྤངས་པས་ནི་ཆུ་བོ་བཞི་ལས་རྒལ་ཏེ། སྲིད་པའི་རྒྱ་མཚོ་ལས་རྒལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་རགས་བརྩིགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་ཁྱེར་པ་ཏྲ་ལེ་པུ་ཏྲ་ན་བར་ཤ་ཀ་ར་ཞེས་བྱ་བ་མ་ག་དྷཱའི་བློན་པོ་ཞིག་གིས་སངས་རྒྱས་ བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ནས་བཤོས་ཉེ་བར་ལོངས་སྤྱད་ནས་ཡོན་ཕུལ་ལོ། །བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་སླར་གཤེགས་ཏེ། དུས་དེར་བྱས་པའི་རགས་བརྩིགས་པས་ མཚོ་ངན་པ་ལས་རྒལ་ཞིང་གང་གཱའི་ཡང་ཚུ་རོལ་གྱི་ངོགས་ནས་རྫུ་འཕྲུལ་གྱིས་ཕ་རོལ་དུ་གཤེགས་ཏེ་བཞུགས་པར་གྱུར་ཏོ། །དགེ་སློང་དག་ལས་ཁ་ཅིག་ནི་གྲུ་དང་གཟིངས་དང་ཤིང་ཤལ་མ་ལིའི་སྤང་ལེབ་ལ་སོགས་པ་ལ་བརྟེན་ནས་རྒལ་བར་གྱུར་ཏེ། ཅི་ཙམ་ན་ ཚིགས་སུ་བཅད་པ་གཉིས་གསུངས་སོ། །གང་ཞིག་རྒལ་འདོད་ཅེས་བྱ་བ་ནི་དེའི་ཚེ་རྒལ་བར་ཆས་པའི་སྐྱེ་བོའོ། །གང་ཞིག་ཅེ་ན། རྒྱ་མཚོ་ཞེས་བྱ་བ་སྟེ། ཆུ་ཆེན་ནོ། །རྒྱ་མཚོར་འགྲོ་བའི་འབབ་ཆུ་སྟེ། གང་གཱ་ཞེས་བྱ་བའི་དོན་ཏོ། །རགས་བརྩིགས་ཞེས་བྱ་ བ་ནི་ཆུ་ལོན་ལ་སོགས་པའི་ཚུལ་གྱིས་ཟམ་པ་ལ་བརྟེན་ནས་མཚོ་ངན་སྤངས་པ་ནི་རྒལ་བ་སྟེ། རྫིང་བུ་དང་ཀེ་དྷ་ར་ལ་སོགས་པ་ཆུས་ཁྱབ་པའི་ཕྱོགས་སོ། །དེ་ནས་ཅི་ཞིག་བྱེད་པ་ཡིན་ཞེ་ན། གཟིངས་ནི་བཅས་ནས་ཀྱང་ཞེས་བྱ་བ་སྨོས་ཏེ། རྩྭ་དང་ཡལ་ག་དང་ ལོ་མ་ལ་སོགས་པའི་ཚོགས་ཆུའི་གཟིངས་འགོད་པའམ། གྲུ་ལ་སོགས་པ་ལ་བརྟེན་པའོ། །སྐྱེ་བོ་ཞེས་བྱ་བ་ནི་གང་གཱ་རྒལ་བར་འདོད་པའོ། །དེས་གྲུ་ལ་སོགས་པ་ཡོངས་སུ་བླངས་ཏེ། ཁ་ཅིག་རྒལ་བར་བྱེད་ཅེས་བྱ་བ་ཉེ་བར་རྒལ་བ་སྟེ། ཆུ་བོའི་ཕ་རོལ་གྱི་ འགྲམ་དུ་ཕྱིན་པའོ། །དེ་གང་དག་ཡིན་ཞེ་ན། སྐྱེ་བོ་མཁས་པ་ཞེས་བྱ་བ་ཡིན་ཏེ། མཁས་ཤིང་རྟོགས་པའོ། །སྡོད་པ་མེད་པར་བྱེད་པའི་ཕྱིར་དང་པོ་རྒལ་བ་སྟེ། སྐྱེ་བོ་མཁས་པ་རྣམས་ཀྱིས་འདྲེན་པ་ནི་བཅོམ་ལྡན་འདས་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒལ་ནས་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་སྨོས་ཏེ། འདིས་ནི་གོ་རིམས་བཞིན་དུ་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་དང་། ཆོས་ཐམས་ཅད་ལས་རྣམ་པ་ཐམས་ཅད་ དུ་སངས་རྒྱས་པའི་ཕྱིར་ཏེ། དེ་ཡང་ཐམས་ཅད་ཀྱི་དང་པོར་རྒལ་བའོ། །བྲམ་ཟེ་ཞེས་བྱ་བ་ནི་རྒྱུན་དུ་ཡིད་ཕྱི་རོལ་དུ་བྱས་པ་སྟེ། དོན་དམ་པར་ནི་ཐུབ་པ་མཆོག་ལ་བརྗོད་དོ། །སྐམ་སར་གནས་པར་མཛད་ཅེས་བྱ་བ་ནི་གང་གཱའི་འགྲམ་དུ་ བཞུགས་པའོ། །དེ་ལ་དགེ་སློང་ཁྲུས་བྱེད་ཅིང་། །ཞེས་བྱ་བ་ནི་དགེ་སློང་དག་ཕ་རོལ་གྱི་འགྲམ་དུ་ལུས་ལ་ཆུས་ཡོངས་སུ་འཁྲུ་བའོ། །ཉན་ཐོས་རྣམས་ཀྱིས་གཟིངས་ཀྱང་བཅས། །ཞེས་བྱ་བ་ནི་གང་དག་ད་དུང་མ་རྒལ་བ་སྟེ། ཕྱིས་འོངས་པའི་དགེ་སློང་དག་གཟིངས་ཡོངས་ སུ་འཛིན་པར་བྱེད་དོ། །དེ་ལྟར་རེ་ཞིག་ཚིགས་བཅད་ཀྱི་སྒྲ་ཇི་བཞིན་གྱི་དོན་བསྟན་ནས། དེ་བཞིན་དུ་འདིར་ཡང་དོན་བཤད་པར་བྱ་སྟེ། གང་ཞིག་རྒལ་འདོད་པ་ཞེས་བྱ་བ་ནི་སྤོང་པར་འདོད་པའོ། །རྒྱ་མཚོའི་ཆུ་བོ་ནི་འཁོར་བའི་སྐྱེ་བ་འགྲུབ་པའི་ཉོན་མོངས་པའི་ཆུ་བོའོ། ། སྤོང་བར་འདོད་པ་འདིས་ནི་ཐར་པའི་ཆ་ལ་སོགས་པའི་ཚོགས་བསྟན་ཏེ། གང་གི་ཕྱིར་འདི་མ་ཡིན་པར་ནི་དེ་བཞིན་ཉིད་ཤེས་པ་སྐྱེ་བར་མི་འགྱུར་རོ། །རགས་བརྩིགས་ཞེས་བྱ་བ་ནི་མཐོང་བའི་ལམ་མངོན་དུ་བྱས་པས་སོ། །སྤངས་པ་ནི་བསྩལ་བ་སྟེ། མཐོང་བས་སྤང་ བར་བྱ་བའི་ཉོན་མོངས་པའོ། །སྐྱེ་བོས་གཟིངས་ནི་བཅས་ནས་ཀྱང་། །ཞེས་བྱ་བ་ནི་གང་དེ་ལྟར་མཐོང་བའི་ལམ་མངོན་དུ་བྱས་པ་དེ་ཉིད་ཀྱིས་བསྒོམ་པའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་ཡིན་ཏེ། དེས་ཕྲ་རྒྱས་སྤོང་བར་བྱེད་པའི་ཕྱིར་རོ། །ལམ་གཉིས་ཀྱིས་ཀྱང་ཀུན་ དུ་སྦྱོར་བ་རིམ་གཉིས་སྤངས་པའི་ཕྱིར་རྒལ་བར་བྱེད་པ་ཡིན་ནོ། །མཁས་པ་ནི་འཕགས་པའི་གང་ཟག་གོ། །མ་རྒལ་བ་རྣམས་ཀྱིས་འདྲེན་པར་བསྟན་པའི་ཕྱིར་བརྒལ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྨོས་ཏེ། རང་ཉིད་བྱུང་བར་བསྟན་ཏོ། །སྐམ་སར་ གནས་པར་མཛད་ཅེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏེ། ཕ་རོལ་གྱི་འགྲམ་ན་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དེའི་ཚིག་བླ་དགས་སོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །གནས་པར་མཛད་ ཅེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་མཚོན་པ་ཡིན་ཏེ། གང་གི་ཕྱིར་དེ་མེད་པར་ནི་བཅོམ་ལྡན་འདས་སྐད་ཅིག་ཀྱང་སྲིད་པ་ན་གནས་པར་མི་མཛད་དོ། །དེ་ལ་དགེ་སློང་ཁྲུས་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པས་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་རྣམས་སེམས་ཅན་གྱི་ དོན་དུ་བཞུགས་ཤིང་མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་ཏོ། །གཟིངས་ཀྱང་བཅས་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པས་མཐོང་བའི་ལམ་ལ་སོགས་པ་མངོན་སུམ་དུ་བྱེད་པ་སྟེ། དེ་ལ་འདིས་ནི་ཞུགས་པ་རྣམས་ཀྱི་མཚོན་པ་ཡིན་ནོ། །དེས་ ན་ཡང་ཞུགས་པ་བཞི་དང་འབྲས་བུ་བཞི་ལ་གནས་པའི་དགེ་སློང་འདི་ནི་སྦྱིན་གནས་ཡིན་ཏེ། རིག་པ་དང་རྐང་པར་ལྡན་པ་ཡིན་པས་བར་ཤ་ཀ་ར་པ་ཏྲ་ལེ་པུ་ཏྲ་ན་ན་གནས་པའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཁྱད་པར་གྱི་ཞིང་ལ་ཕུལ་བ་འདིས་ནི་བསོད་ནམས་དཔག་ཏུ་ མེད་པ་སྐྱེད་པར་འགྱུར་རོ་ཞེས་སོ། །སློབ་པ་དང་མི་སློབ་པ་ཐོབ་པ་དག་ཇི་སྐད་བསྟན་པས་བདག་ཉིད་གདུལ་བར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །བཙོ་བླག་མཁན་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུའི་སྦྱིན་བདག་ཁྱིམ་བདག་དཔའ་ བོ་ཞེས་བྱ་བ་དེའི་བུ་སྐྱེས་མ་ཐག་རྐང་པའི་ཕྱོགས་སུ་ལྷའི་པདྨ་རབ་ཏུ་བྱུང་བར་གྱུར་ཏེ། དེ་དེར་འདུག་ནས་ཚིགས་བཅད་སྨྲས་པ། སངས་རྒྱས་ལྟ་བུའི་ཞིང་མེད་ཅིང་། །སྦྱིན་པ་ལྟ་བུའི་གྲོགས་མེད་དེ། །གང་ཕྱིར་བདག་འདྲའི་དབུལ་བ་ཡང་། །འདི་ལྟར་ཕྱུག་པོར་ བྱས་གྱུར་ཏོ། །ཞེས་སོ། །མཚན་མ་བརྒྱ་དང་། མེ་ཏོག་གི་ཆར་ཡང་བྱུང་ངོ་། །དེའི་ཕ་ལ་གཏམ་སྙན་སྐྱེལ་བའི་མི་བྱུང་སྟེ། དེ་ལ་ལན་གསུམ་གྱི་བར་དུ་ཁ་རིན་པོ་ཆེས་བཀང་ངོ་། །ཁྱེའུ་དེ་ཡང་མཁས་པ་ཞེས་བྱ་བར་མིང་དུ་བཏགས་ཏེ། རྒྱལ་པོས་ཀྱང་གྲོང་ གི་རྣམ་པ་བགོ་བཤའ་བྱས་སོ། །མུ་གེ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་དེ་བོས་ནས་དེར་འགྲོ་བར་ཞུགས་པ་དང་། ལམ་གྱི་བར་དུ་སློང་མོ་པ་དག་གིས་བསླངས་སོ། །དེས་ཀྱང་ཀླུ་དག་ལས་ནོར་བསླངས་ཏེ་དེ་དག་ལ་བྱིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་མངོན་ པར་དང་ནས་དེ་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། དེ་དག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འདི་ལྟར་ཇི་ཙམ་ན་དེ་འཕགས་པ་ཤཱ་རིའི་བུས་རབ་ཏུ་ཕྱུང་སྟེ། སེམས་གདུལ་པར་བྱའོ་ཞེས་ཀྱང་བསྟན་ཏོ། ། དེ་ཡང་མཁན་པོ་དང་ལྷན་ཅིག་བསོད་སྙོམས་སུ་འགྲོ་བའི་ལམ་གྱི་བར་ན་ཆུ་ཆུན་ཞིག་མཐོང་སྟེ། མཁན་པོ་ལ་འདི་གང་དག་ལགས་ཞེས་སྨྲས་པ་དང་། འདི་དག་ནི་ཆུ་བླངས་ནས་རང་ཉིད་ཀྱི་ཞིང་ལ་ཁྱེར་ཏེ་ཇི་ལྟར་འདོད་པ་བཞིན་དུ་ལས་བྱེད་དོ། །ཅི་ཆུ་ལ་སེམས་མེད་པ་ཡང་ གཞན་གྱིས་ཁྱེར་བ་ཡིན་ནམ། དེ་བཞིན་ཏེ། སེམས་མེད་ཀྱང་ཁྱེར་ནས་ལས་བྱེད་པ་ཡིན། གང་གི་ཕྱིར་བདག་ཅག་སེམས་དང་བཅས་པས་བདག་ཉིད་ཀྱི་སེམས་གདུལ་བར་མི་བྱ་ཞེས་སོ། །ཡང་མདའ་མཁན་དག་མཐོང་བ་མདའ་མེ་ལ་སྲོ་བར་བྱེད་ཅིང་མིག་གི་ཟུར་ གྱིས་རྩེ་མོར་བལྟས་ཏེ་དྲང་པོར་བྱེད་དོ། །མདའ་སེམས་མེད་པ་ཡང་དྲང་པོར་བྱེད་ན། བདག་ཅག་སེམས་དང་བཅས་པ་ཅིའི་ཕྱིར་བདག་གི་སེམས་དབང་དུ་མི་བྱེད་ཅེས་སོ། །ཡང་མཐོན་པོ་ནི་འཇོག་པ་ལ་སོགས་པས་ཤིང་སྦྱོང་བར་བྱེད་པ་མཐོང་སྟེ་འདི་དག་ནི་ཤིང་ལ་ སོགས་པ་བཞོགས་ནས་སྲོག་ཤིང་ལ་སོགས་པས་འཁོར་ལོ་བྱེད་པ་ཡིན་ནོ། །དེས་བསམས་པ་སེམས་མེད་པའི་ཤིང་ལས་ཀྱང་འཁོར་ལོ་བྱེད་པ་ཡིན་ན། བདག་ཅག་སེམས་དང་བཅས་པ་ཅིའི་ཕྱིར་བདག་གི་ཆོས་ཀྱི་འཁོར་ལོ་མི་བྱེད་ཅེས་ནས། ཇི་ཙམ་ན་མཁན་པོའི་ ལྷུང་བཟེད་བླངས་ཏེ། སླར་ལོག་ནས་གནས་སུ་སོང་སྟེ། སེམས་དུལ་བར་བྱ་བ་དེ་བསྒྲུབས་པས་དགྲ་བཅོམ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལས་བསམས་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །ཆུས་འཁྲུ་ཞིང་ཞེས་བྱ་བ་ནི་ཆུས་ཞིང་འཇམ་པར་བྱེད་ ཅིང་སྐྱེད་པ་སྟེ། ནི་ཛིར་ཞེས་བྱ་བའི་སྒྲ་ལས་གཙང་བ་དང་། སྐྱེད་པ་ཡིན་ནོ། །འདིར་བཙོ་བླག་མཁན་ཞེས་མི་བྱ་སྟེ། ཆུ་ཆུན་ཞེས་ཟེར་བས་ཆུ་ཆུན་ནི་ཆུ་འདྲེན་པ་སྟེ་ཞིང་པའོ། །གཞན་དག་ནི་བཙོ་བླག་མཁན་ཞེས་ཟེར་ཏེ། བུལ་ཏོག་གི་ཆུ་ལ་སོགས་པས་གོས་ ལ་སོགས་པ་འཁྲུ་ཞིང་དག་པ་དང་དྲི་མ་མེད་པར་བྱེད་པའོ། །མདའ་མཁན་ཞེས་བྱ་བ་ནི་གང་ལ་འདམ་བུ་ལ་སོགས་པའི་མདའི་བཟོ་བྱེད་པའོ། །མེས་ནི་སྲོང་བ་དང་ཞེས་བྱ་བ་ནི་མདའ་བསྲོས་ནས་དྲང་པོར་བྱེད་པའོ། །ཤིང་མཁན་ཤིང་ལ་འཇོག་སྦྱོང་ལྟར། །ཞེས་བྱ་བ་ནི་ ཤིང་ཀུན་དུ་འཇོག་པར་བྱེད་པའོ། །མཁས་པས་བདག་ཉིད་གདུལ་བར་བྱ། །ཞེས་བྱ་བ་ནི་བདག་ལ་ཕན་པར་འདོད་པས་རང་ཉིད་ཀྱི་སེམས་གདུལ་བར་བྱའོ། །བདག་ཉིད་གདུལ་བ་ལ་ནི་དམ་པའི་ཆོས་མཉན་པ་ཐབས་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་མཚོ་ཆེན་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཨུ་དུམ་བཱ་རའི་ནགས་ན་བཞུགས་ཏེ། དེ་ན་མཚོ་ཆེན་པོ་མ་དྲོས་པ་ལ་གཟིགས་ནས་གཙུག་ཕུད་ལྔ་པའི་བདག་པོ་ལས་བརྩམས་ཏེ་འདི་གསུངས་སོ། །གཞན་དག་ནི་ཀ་ནི་མ་ཏྲི་ཀ་ཞེས་བྱ་བ་དམ་པའི་ཆོས་མཉན་པ་ལ་ རྒྱབ་ཀྱིས་ཕྱོགས་པ་ལས་བརྩམས་སོ་ཞེས་ཟེར་རོ། །མཚོ་ཞེས་བྱ་བ་ནི་ཚིམ་པར་བྱེད་པ་སྟེ། ཚད་པས་གདུངས་པའི་སྐོམ་པ་ལ་སོགས་པའི་དབང་དུ་བྱས་པ་སྟེ། མཚོ་ཆེན་པོའོ། །ཇི་ལྟར་ཞེས་བྱ་བ་ནི་གང་ལྟར་རོ། །མཚོ་ཆེན་པོ་དེ་ཇི་ལྟ་བུ་ཡིན་ཞེ་ན། ། ཟབ་མོ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏིང་དཔག་དཀའ་བའོ། །རབ་ཏུ་རྣམ་དང་ནི་ཤིན་དུ་གཙང་བའོ། །རྙོག་པ་མེད་པའི་ནི་འདམ་དང་ཆུ་བལ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །ལྟར་ཞེས་བྱ་བ་ནི་དེ་བཞིན་ནོ། །འདི་ན་ཆོས་ནི་ཉན་པར་བྱེད། ཅེས་བྱ་བ་ནི་བསྟན་པའི་ཆོས་ཀུན་དུ་ཉན་པར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད་དེ། དེའི་ཕྱིར་འདི་ལ་ཆོས་ནི་རྟོགས་པར་དཀའ་བ་ཡིན་ཏེ། ཤཱ་རིའི་བུ་ལ་སོགས་པས་ཀྱང་དེའི་དེ་བཞིན་ཉིད་མི་རྟོགས་པའི་ཕྱིར་རོ། །རབ་ཏུ་རྣམ་པར་དང་བས་ནི་ཙི་རི་ཀ་ལ་སོགས་པས་ མ་བྱང་ཡང་དེ་རྟོགས་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་འདོད་པ་ལ་སོགས་པའི་ཆུ་བལ་དང་འདམ་གྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །རབ་དང་ཞེས་བྱ་བ་ནི་དམ་པའི་ཆོས་མཉན་པ་ལ་སེམས་དང་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ཏེ། དད་པ་ཚང་བ་ལ་ནི་ཡོངས་སུ་ རྫོགས་པར་བརྗོད་པར་བྱའོ་ཞེས་བྱ་བའི་ཚིག་གིས་ཏེ། དེས་ཀྱང་སེམས་དུལ་བའི་ཕྱིར་རོ། །མཁས་པ་ནི་ཁྱད་པར་ཤེས་པའོ། །ཇི་སྐད་དུ་ཡོན་ཏན་གྱི་མཚོ་ཆེན་པོ་ལ་བལྟས་ན་སེམས་ཡོངས་སུ་གདུང་བ་དད་པ་དང་རབ་ཏུ་དང་བ་སྐྱེད་ པར་བྱེད་དེ་དེ་བཞིན་དུ་ཆོས་ཐོས་ན་སེམས་དུལ་བས་མཁས་པ་དང་བར་འགྱུར་ཞིང་ཟང་ཟིང་མེད་པ་ཐོབ་པར་འགྱུར་རོ། ཆོས་མཉན་པས་སེམས་དུལ་བར་བྱས་པའི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། ནམ་མཁའ་ལྟ་བུར་ཆགས་མེད་ཅིང་། །ཞེས་བྱ་བ་ལ་སོགས་ པའོ། །ལྷ་སྦྱིན་གྱིས་འབད་པ་ཆེན་པོས་དགེ་སློང་མང་པོ་དབང་དུ་བྱས་ཤིང་ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་མ་ཡིན་ཏེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །གཞན་དག་ནི་འོད་སྲུངས་ཆེན་པོ་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་བརྗོད་པ་སྟེ། ནམ་མཁའ་ དང་སྒོ་ཐེམ་དང་མཚེའུ་ལ་སོགས་པའི་དཔེ་སྟེ། དེ་ལ་འདི་གསུངས་སོ་ཞེས་ཟེར་རོ། །ནམ་མཁའ་དང་མཉམ་ཞིང་མཚུངས་པ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པའི་ཕྱིར་རོ། །ཆགས་མེད་ཅིང་ཞེས་བྱ་བ་ནི་རྗེས་སུ་ཞེན་པ་མེད་པ་དང་། ཤིན་ཏུ་མ་གོས་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་ཞེས་བྱ་བའི་དོན་ཏོ། །དཔེར་ན་ནམ་མཁའ་ནི་མི་གཙང་བ་དང་གཙང་བས་ཀྱང་མི་གོས་པ་དེ་བཞིན་དུ་ཉོན་མོངས་པ་དང་བྲལ་བ་རྣམས་ཀྱང་ཕན་འདོགས་པ་དང་གནོད་པ་བྱེད་པ་གཉིས་ཀྱིས་སྟེའུ་དང་ཙནྡན་གྱི་བརྟག་པ་ལྟ་བུའི་ཕྱིར་རོ། ། གཞན་དགྲ་བོ་དག་ལ་ཡང་བདག་དུལ་བ་དག་ནི་ཁོན་དུ་འཛིན་པར་མི་བྱེད་དོ་ཞེས་བསྟན་ནས་དུས་དེར་འགྱུར་བ་མེད་པར་བསྟན་པ། སྒོ་ཐེམ་ལྟ་བུར་གཡོ་བ་མེད། །ཅེས་བྱ་བ་ཡིན་ཏེ། གྲོང་གི་སྒོའི་ནང་དུ་གཞུག་པའི་འཁོར་གཏན་གང་ལ་བརྟེན་པས་ནི་སྒོ་སྲན་ཐུབ་པ་ ཡིན་ཏེ། དེ་ཁྱེའུ་ལ་སོགས་པ་དག་གིས་བོང་བ་ལ་སོགས་པ་བསྣུན་ན་ཡང་གཡོ་བ་མེད་ཅིང་རང་གི་བྱ་བ་ཡང་མི་འདོད་དོ། །དེ་བཞིན་དུ་བདག་གཞན་ལ་བརྙས་པ་ཐོབ་ཀྱང་བདག་དང་གཞན་གྱི་དོན་གཏོང་བར་མི་བྱེད་པའོ། །སྒོ་ཐེམ་ལྟ་བུར་ཞེས་བྱ་བ་ནི་འདྲ་བ་གང་ ཡིན་པ་དེ་ནི་དེའོ། །གཡོ་བ་མེད་པ་ནི་འགྱུར་བ་མེད་པའོ། །མཁས་པ་འཁོར་བ་ལ་མི་དགའ། །ཞེས་བྱ་བ་ལ་འདིར་དཔེར་བསྟན་པ་མཚོ་ལྟ་བུར་ཞེས་བྱ་བ་སྟེ། མཚེའུ་ལྟ་བུར་རོ། །ཇི་ལྟ་བུ་ཞེ་ན། རྙོག་པ་ཅན་ཞེས་བྱ་བ་སྨོས་ཏེ། འདམ་དང་ཆུ་བལ་ལ་སོགས་པའི་དྲི་མ་ ཡང་དག་པར་སྐྱེས་པའོ། །ཡང་ན་ཆུ་སྐམ་པ་ལ་ནི་ངང་པ་ཡང་དགའ་བ་མ་ཡིན་ལ། ལུས་ཚ་བས་གདུངས་པ་དག་ཀྱང་ཁྲུས་བྱ་བའི་ཕྱིར་དེ་ལ་འཇུག་པར་མི་བྱེད་པ་དེ་བཞིན་དུ་འཁོར་བ་ལ་མཁས་པ་དེ་ཡང་དགའ་བ་མ་ཡིན་ཏེ། གནོད་པ་དུ་མས་མ་རུང་བར་བྱས་པའི་ཕྱིར་བློ་དང་ ལྡན་པ་དག་ནི་འཁོར་བ་ལ་དགའ་བ་མི་སྐྱེད་དོ། །ཆུའི་ཚོམས་ཏེ་བཅུ་བདུན་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།མེ་ཏོག་ལ་སོགས་པའི་བཅུད་ཐམས་ཅད་ནི་ཆུ་ལས་སྐྱེས་ཤིང་གནས་པ་དེ་བཞིན་དུ་རབ་ཏུ་བྱུང་བ་ལ་ཡང་སློབ་པའི་ལམ་ལ་སོགས་པ་མཐའ་ དག་སྐྱེ་བར་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར་འདིའི་འོག་ཏུ་མེ་ཏོག་གི་ཚོམས་བཀོད་པ་ཡིན་ནོ། །ཡང་ན་འཁོར་བ་ལ་མཁས་པ་མི་དགའ་བ་ཡིན་ནོ་ཞེས་བསྟན་པ་དེ་ལ་འཁོར་བ་ལ་མི་དགའ་བ་ལ་ནི་ངེས་པར་ཐར་པ་འདོད་པའི་མཐོང་བའི་ལམ་ལ་སོགས་པའི་ཐབས་བསྟན་ པའི་ཕྱིར་འདི་ཉིད་བསྟན་པ་ཡིན་ཏེ། ལྷར་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་པའི་ལྷ་ཡི་བུ་ཞིག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དང་པོས་ཞུས་པ། དེ་ལ་ཐུབ་པ་མཆོག་གིས་ཚིགས་བཅད་གཉིས་པས་ལན་བཀའ་སྩལ་ཏོ། །གང་ ཞིག་ལགས་ཞེས་བྱ་བ་ནི་གང་ཟག་གང་ངོ་། །འདིས་ས་སྟེང་ལས་ཞེས་བྱ་བ་ནི་མིའི་འགྲོ་ལ་འདི་ལས་སོ། །རྒྱལ་བ་ནི་ཟིལ་གྱིས་གནོན་པ་དང་། རྣམ་པར་ཕམ་པར་བྱ་བ་དང་། དབང་དུ་བྱ་བ་སྟེ། འདི་ལྟར་འདོད་པའི་ལྷ་ནི་ཉེ་དབང་གི་དབང་དུ་བྱས་པའོ། །ལྷ་དང་ལྷ་ མ་ཡིན་འཐབ་པར་གྱུར་པ་དེ་ནི་སྲིད་པ་གསུམ་ལས་རྒྱལ་བར་འདོད་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། ཅི་འདི་བསྒྲུབ་པར་ནུས་སམ་མི་ནུས་ཞེ