Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 147

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
 འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་
སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱའོ། །འདུ་བྱེད་ཀྱི་དངོས་པོ་ནི་འདི་སྙེད་དོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བརྗོད་པའོ། །ཇི་ལྟར་བསྟན་པ་དེ་ལྟར་བཤད་པར་བྱ་སྟེ། དེའི་ཕྱིར་ད་ནི་རྣམ་པར་ཤེས་པ་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །གཟུགས་ལ་སོགས་པ་ཡུལ་
གྱི་དངོས་པོ་ཞེས་བྱ་བ་ལ། དངོས་པོ་སྨོས་པས་ནི་རྣམ་པར་ཤེས་པ་དམིགས་པ་མེད་པ་མ་ཡིན་ནོ་ཞེས་དེ་སྐད་སྟོན་ཏོ། །གང་ཟླ་བ་གཉིས་མཐོང་བ་ཡང་ཡིན་ནམ། དེ་ནི་ཟླ་བའི་གཟུགས་ལ་སོགས་པ་དེ་ཉིད་ལ་དམིགས་ནས་འཁྲུལ་པའི་རྣམ་པར་ཤེས་པ་འབྱུང་ངོ་། །གལ་ཏེ་དམིགས་པ་ལ་མི་ལྟོས་པར་
རྣམ་པར་ཤེས་པ་འབྱུང་ན། དེ་ལྟར་གྱུར་ན་ནི་གནས་ལ་མི་ལྟོས་པར་ཡང་འབྱུང་བར་འགྱུར་ཏེ། དེ་ལྟ་ན་ནི་རྣམ་པར་ཤེས་པ་དྲུག་རྣམ་པར་གཞག་པ་མེད་པར་འགྱུར་རོ། །མདོ་ལས་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་འབྱུང་བ་དང་ཡང་འགལ་བར་འགྱུར་རོ། །ཙམ་ཞེས་བྱ་

བ་སྨོས་པ་ནི་སྤྱིའི་མཚན་ཉིད་བསལ་བའི་དོན་ཏོ། །དེས་ན་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བས་དོན་དེར་འགྱུར་རོ། །སོ་སོར་ཞེས་བྱ་བའི་ཚིག་ནི་ཁྱབ་པར་འདོད་པའི་ཐ་ཚིག་གོ། །དོན་དང་དོན་སོ་སོར་དམིགས་པ་ནི་སོ་སོར་རྣམ་པར་རིག་པའོ་ཞེས་གལ་ཏེ་རྣམ་པར་ཤེས་
པ་ཐམས་ཅད་ཀྱི་ཡུལ་རང་གི་མཚན་ཉིད་ཡིན་ན། ཆོས་མངོན་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོའོ་ཞེས་རྣམ་པར་ཤེས་པས་སོ་ཞེས་འབྱུང་བ་དེ་ཇི་ལྟ་བུ། འདུ་ཤེས་དང་ལྡན་པས་དེ་སྐད་དུ་སྟོན་ཏོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་སྐྱོན་འདི་ཇི་ལྟར་མི་འབྱུང་ཞེ་ན།
འདུ་ཤེས་ཞན་པའི་ཕྱིར་རོ། །དེ་ཉིད་ཀྱི་དོན་ནི་འགྲེལ་པ་ལས་སྟོན་ཏེ། མིག་ལ་སོགས་པ་ལྷན་ཅིག་བྱེད་པ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་དང་། སྣང་བ་ལ་སོགས་པ་གང་དུ་བྱུང་བའོ། །དེས་ཡོངས་སུ་ཟིན་ན་འབྱུང་བ་ནི་དཔེར་ན་གཟུགས་བརྙན་འབྱུང་ནུས་པ་ལྟ་བུའོ། །གཟུགས་དང་། སྒྲ་དང་།
དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་དངོས་པོ་ཙམ་ཁོང་དུ་ཆུད་པའི་ཆོས་གང་ཡིན་པ་ནི། རང་གི་སེམས་ཉིད་ཙམ་ཁོང་དུ་ཆུད་པའོ། །དེ་བྱེ་བྲག་ཁོང་དུ་ཆུད་པ་ནི་མ་ཡིན་ནོ། །བྱེ་བྲག་ཁོང་དུ་ཆུད་པར་བྱེད་པ་ནི་ཚོར་བ་ལ་སོགས་པ་ཆོས་རྣམས་ཀྱི་གནས་སུ་གྱུར་པ་སྟེ། ད་ལྟར་གྱི་
དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ་ཞེས་བྱ་བ་ལ། འདུ་བྱེད་ཐམས་ཅད་ཀྱང་ད་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་ཤེས་པ་བྱེ་བྲག་ཏུ་སྨོས། འདི་ལ་ནི་ད་ལྟར་གྱི་སྐད་ཅིག་སྐལ་བ་མཉམ་པ་མ་ཡིན་པ་ཡོད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་
དུས་ན་སྟེ་གཟུགས་ནི་དེ་ལྟ་མ་ཡིན་ནོ། །ཟག་པ་མེད་པའི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་ཡང་སྐལ་བ་མཉམ་པ་མ་ཡིན་པའི་སྐད་ཅིག་ཡོད་པ་མ་ཡིན་ནམ། དེ་ལྟ་ཡིན་དུ་ཟིན་ཀྱང་དེ་ཡོད་ན་ནི་ཡོད་པར་རྣམ་པར་ཤེས་པ་གཙོ་བོ་ཡིན་ནོ། །ཡང་ན་ཡོངས་སུ་མྱ་ངན་ལས་
འདས་པའི་དུས་ན་རྣམ་པར་ཤེས་པའི་སྐད་ཅིག་པ་གཅིག་སྟེ། གཟུགས་ནི་རྒྱུ་མཐུན་པ་མ་ཡིན་པས་འགལ་བ་མེད་དོ། །དགེ་བ་དང་མི་དགེ་བའི་ཁམས་རྣམས་ཀྱིས་རྒྱས་པར་སེམས་སོ། །ཤེས་པས་ན་ཡིད་དོ། །སྣ་ཚོགས་ཤེས་པས་རྣམ་པར་ཤེས་པ་སྟེ། དཔེར་ན་ལག་པ་དང་འཐོར་བྱེད་དང་།

འཐུང་བྱེད་ཅེས་བྱ་བ་ལྟ་བུའོ། །ཡང་ན་གང་འདས་པ་དེ་ནི་ཡིད་དོ། །གང་ད་ལྟར་བྱུང་བ་དེ་ནི་རྣམ་པར་ཤེས་པའོ། །གང་མ་འོངས་པ་དེ་ནི་སེམས་སོ། །དང་པོའི་སེམས་ཅན་གྱི་རྫས་གདགས་པའི་རྒྱུ་ཞེས་བྱ་བ་ནི་སེམས་ཅན་གྱི་གདགས་པ་ཞེས་བྱ་བར་སྦྱར་རོ། །དང་པོའི་སེམས་ཅན་
གྱི་རྫས་གང་ཡིན་པ་དེ་ནི་ཐོག་མའི་སེམས་ཅན་གྱི་རྫས་ཏེ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན། ཁུ་ཆུ་དང་ཁྲག་མེར་མེར་པོར་ཆགས་པར་འགྱུར་རམ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སེམས་ཅན་ཉིད་རྫས་ཡིན་པས་སེམས་ཅན་གྱི་རྫས་སོ། །འདོགས་པས་ན་གདགས་པ་སྟེ།
འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་རྫས་གདགས་པ་དེའི་རྒྱུ་ནི་བྱེད་རྒྱུའོ། །དང་པོ་ནི་གཙོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སེམས་ཅན་གྱི་རྫས་གདགས་པའི་རྒྱུ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་སེམས་ཅན་གྱི་རྫས་གདགས་པའི་དང་པོའི་རྒྱུའོ། །དེ་ནི་འདི་སྐད་དུ། མིག་ལ་སོགས་པ་
ཡང་སེམས་ཅན་དུ་གདགས་པའི་རྒྱུར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་དངོས་སུ་ན་རྣམ་པར་ཤེས་པ་ཉིད་དེ་གདགས་པའི་རྒྱུ་ཡིན་གྱི་མིག་ལ་སོགས་པ་ནི་མ་ཡིན་ཏེ། དེ་དང་མི་ལྡན་ཡང་སེམས་ཅན་དུ་གདགས་པའི་ཐ་སྙད་འདོགས་ཏེ། རྣམ་པར་ཤེས་པ་མེད་ན་སེམས་ཅན་དུ་གདགས་པའི་ཐ་སྙད་འདོགས་པ་
མེད་དོ། །གཟུགས་ལ་སོགས་པ་ཡུལ་སོ་སོར་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་སོ་སོར་ཡོངས་སུ་གཅོད་ཅེས་བྱ་བའི་ཐ་ཚིག་གོ། །སོ་སོར་རྣམ་པར་རིག་པར་བྱེད་པ་ཉིད་གང་ཡིན་པ་དེ་སོ་སོར་རྣམ་པར་རིག་པར་བྱེད་པ་སྟེ། འདི་ལྟར་མིག་གིས་བལྟས་ནས་རྣམ་པར་ཤེས་པས་རྣམ་པར་ཤེས་
སོ། །རྣམ་པར་ཤེས་པ་དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་ཏེ། །དཔེར་ན་བུར་ཤིང་གི་བྱེ་བྲག་གིས་ཐ་དད་དེ། རྩྭ་དང་སོག་མའི་མེ་ཞེས་བྱ་བ་ལྟ་བུའོ། །དེའི་མཚན་ཉིད་ནི་བཅོམ་ལྡན་འདས་ཉིད་ཀྱི་སྟེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གང་ཞེ་ན། སྣ་
ཚོགས་ཤེས་པས་རྣམ་པར་ཤེས་པའོ་ཞེས་སྨོས་པའོ། །མཚན་ཉིད་བསམ་པའི་སྐབས་སུ་སྨོས་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་མཚན་ཉིད་བསམ་པའི་སྐབས་སུའོ། །ཅི་སྨོས་ཤེ་ན། ནང་གི་ཡན་ལག་ནི་སྐྱེ་བའོ། །ཕྱིའི་ཡན་ལག་ནི་རྒྱུ་དང་རྐྱེན་རྣམས་སོ་ཞེས་སྨོས་སོ། །དེ་ལ་རྒྱུ་དེ་དག་ནི་གང་། རྐྱེན་རྣམས་

ནི་གང་ཞེ་ན། དེ་དག་བརྗོད་པ་རྒྱུ་ནི་དྲུག་སྟེ་ཞེས་བྱ་བའོ། །མདོ་ལས། རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ཏེ། རྐྱེན་བཞི་ནི་གསུངས་ཀྱི། རྒྱུ་རྣམས་ནི་མ་གསུངས་པ་མ་ཡིན་ནམ། འདི་ནི་ཉེས་པ་མ་ཡིན་ཏེ། དྲུག་པའི་སྐབས་སུ་
རྒྱུའི་མདོ་གསུངས་པ་ལས་དེ་ནི་ནུབ་པར་གྱུར་ཏེ་ལྷ་རྣམས་ཀྱིས་བསྙད་དོ། །ཡང་ན་མདོ་གཞན་དག་ལས་རྒྱུ་རྣམས་གསུངས་ཏེ། མཚུངས་པར་ལྡན་པའི་རྒྱུ་གསུངས་པ་ནི་མཐོང་བའི་རྩ་བ་ལས་བྱུང་བའི་དད་པ་ནི་རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་ནོ་ཞེས་འབྱུང་བའོ། །དེ་བཞིན་དུ་ལྷན་ཅིག་འབྱུང་
བའི་རྒྱུ་བསྟན་ཏེ། གཟུགས་གང་ཅི་ཡང་རུང་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་ཅེས་འབྱུང་བའོ། །སྐལ་བ་མཉམ་པའི་རྒྱུ་ཡང་གསུངས་ཏེ། དེ་དགེ་བའི་རྩ་བ་ཆུང་རབ་ཙམ་དང་ལྡན་པ་ཡོད་དེ། དེའི་དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་གཞན་འབྱུང་ཞེས་བྱ་བའོ། །ཀུན་དུ་འགྲོ་བའི་རྒྱུ་ཡང་
གསུངས་ཏེ། ལོག་པར་ལྟ་བ་ལ་སོགས་པ་ལོག་པར་རྟོག་པ་འབྱུང་ངོ་ཞེས་བྱ་བའོ། །རྣམ་པར་སྨིན་པའི་རྒྱུ་ཡང་གསུངས་ཏེ། དགེ་སློང་དག་ཁྱེད་ཀྱིས་སྲོག་གཅོད་པའི་སེམས་ཅན་མཐོང་ན་དེ་ལ་ཁྱེད་ཀྱིས་ཀྱེ་མའོ། །སེམས་ཅན་དམྱལ་བའམ་སེམས་ཅན་དམྱལ་བ་གང་ཡང་རུང་བ་ཞིག་མཐོང་ངོ་
སྙམ་དུ་ངེས་པར་ཤེས་པར་བྱའོ། །དགེ་སློང་དག་ཁྱེད་ཀྱིས་སྲོག་གཅོད་པ་སྤངས་པའི་སེམས་ཅན་མཐོང་ན། དེ་ལ་ཁྱེད་ཀྱིས་ལྷའམ་ལྷ་གང་ཡང་རུང་བ་ཞིག་མཐོང་ངོ་སྙམ་དུ་སེམས་པར་ཤེས་པར་བྱའོ་ཞེས་འབྱུང་བའོ། །བྱེད་པའི་རྒྱུ་ཡང་གསུངས་ཏེ། མིག་དང་གཟུགས་ལ་བརྟེན་ནས་མིག་
གི་རྣམ་པར་ཤེས་པ་འབྱུང་སྟེ། དགེ་སློང་དག་དེ་ལྟར་ན་མིག་ནི་བདག་པོའོ། །གཟུགས་རྣམས་ནི་དམིགས་པའོ་ཞེས་འབྱུང་བའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་པས་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །ཕན་
ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ། །མཚུངས་པར་ལྡན་པའི་ཡུལ་འཛིན་པའི་ཕྱིར་མཉམ་དུ་འཇུག་པས་དེའི་ཕྱིར་མཚུངས་པ་དང་ལྡན་པ་དག་གོ། །མཚུངས་པར་ལྡན་པ་ཉིད་མཚུངས་པར་ལྡན་པ་སྟེ། དེ་ནི་མཚུངས་པར་ལྡན་པ་ཡང་ཡིན་ལ། རྒྱུ་ཡང་ཡིན་པས་མཚུངས་པར་ལྡན་པའི་

རྒྱུའོ། །དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ་སེམས་ནི་ཚོར་བ་ནས་ཤེས་རབ་ཀྱི་བར་དག་གིའོ་ཞེས་བྱ་བ་སྨོས་ཏེ་མཚུངས་པར་ལྡན་པའི་རྒྱུའོ། །བར་དག་གི་ཞེས་བྱ་བའི་སྒྲས་ནི་སེམས་ལ་སོགས་པ་ཡོངས་སུ་སྡུད་དོ། །ཆར་བ་ལ་སོགས་པ་དེ་དག་ཀྱང་སེམས་ཀྱི་མཚུངས་
པར་ལྡན་པའི་རྒྱུའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་ནི་འོད་ཟེར་དང་བྲལ་བར་མི་འབྱུང་ངོ་། །དེ་བཞིན་དུ་སེམས་ཀྱང་ཚོར་བ་ལ་སོགས་པ་དང་བྲལ་བར་མི་འབྱུང་ངོ་། །ཕན་ཚུན་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཕན་ཚུན་དུ་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་འབྲས་བུ་སྟེ། གཅིག་
གི་འབྲས་བུ་གཅིག་གོ་ཞེས་བསྟན་པར་འགྱུར་རོ། །ལྷན་ཅིག་འབྱུང་བས་ལྷན་ཅིག་འབྱུང་བ་སྟེ། ལྷན་ཅིག་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །ལྷན་ཅིག་འབྱུང་བ་ཉིད་རྒྱུ་ཡིན་པས་ལྷན་ཅིག་འབྱུང་བའི་རྒྱུའོ། །འདིར་དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ་འབྱུང་བ་རྣམས་གཅིག་གི་རྒྱུ་གཅིག་ཡིན་པ་
ཞེས་བྱ་བ་སྨོས་ཏེ། དེ་ལ་སའི་ཁམས་ནི་ཆུ་ལ་སོགས་པ་གསུམ་ལ་ལྟོས་ཏེ་འབྱུང་ངོ་། །ཆུ་ལ་སོགས་པ་ཡང་ས་ལ་ལྟོས་ནས་འབྱུང་སྟེ། དེ་དག་གི་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོའོ། །མཚན་གྱི་གཞི་ནི་གཟུགས་ལ་སོགས་པའོ། །མཚན་ཉིད་རྣམས་ནི་སྐྱེ་བ་ལ་སོགས་པའོ། །སེམས་
ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིའོ་ཞེས་བྱ་བ་ལ་སེམས་ཀྱི་རྗེས་སུ་འབྲང་བའི་ངང་ཚུལ་ཅན་དེ་དག་ནི་སེམས་ཀྱི་རྗེས་སུ་འབྲང་བའོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་འདྲ་མོད་ཀྱི་འོན་ཀྱང་ཁྱད་པར་བསྟན་པའི་ཕྱིར་ཕན་ཚུན་གྱི་སྟོབས་ཀྱིས་ཞེས་བྱ་བ་སྨོས་ཏེ། གཅིག་གི་
སྟོབས་ཀྱིས་གཅིག་གོ། །དཔེར་ན་འགྲོན་པོ་མང་པོ་དག་གཅིག་ལ་གཅིག་མི་ལྟོས་པར་ལམ་གྱི་དགོན་པ་ལས་འདའ་བར་མི་ནུས་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་སྐད་ཅིག་པའི་ཕྱིར་གཅིག་ལ་གཅིག་མ་ལྟོས་པར་སྐྱེ་མི་ནུས་ཏེ། དེ་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །འགྲོན་པོ་མང་པོ་ནི་ལམ་གྱི་དགོན་
པ་ལས་འབྱུང་བར་ཞུགས་པ་དེ་དག་ཉིད་གཅིག་ལ་གཅིག་ལམ་བརྒྱགས་ཀྱིས་མཐུད་པའི་ཚུལ་དུའོ་ཞེས་བྱ་བ་ནི་གཅིག་ལ་གཅིག་ལམ་བརྒྱགས་ཀྱིས་མཐུད་པ་དང་། གཞན་དང་གཞན་ལའོ། །དེ་ལྟར་གཅིག་ལ་གཅིག་ཉེ་བར་སྒྲུབ་པར་བྱེད་པ་ལྟ་བུས་འབྱུང་བ་སྟེ། དེ་ལྟར་ན་དེ་དག་ནི་ལམ་བརྒྱགས་

ཀྱིས་མཐུད་པའི་ཆོས་དང་མཐུན་པའོ། །དེ་ནི་འདི་སྐད་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཕན་ཚུན་ཉེ་བར་གནས་པའི་ཕྱིར་ཡིད་གཅུགས་པས་ལུས་གཅིག་པ་ལྟ་བུར་གྱུར་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཁོང་དུ་ཆུད་དོ་ཞེས་སྟོན་པར་འགྱུར་རོ། །དེ་བས་ན་དེ་དག་ནི་མཚུངས་པར་ལྡན་
པའི་ཞེས་བརྗོད་ཀྱི་སྐྱེ་བ་ལ་སོགས་པ་ནི་མ་ཡིན་ནོ། །དེ་དག་ནི་མི་ལྡན་པའི་ཕྱིར་ཡིད་གཅུགས་པ་མ་ཡིན་པ་ལྟར་གཅིག་ལ་གཅིག་ཉེ་བར་སྒྲུབ་ཅིང་ཕན་འདོགས་པ་ལ་མི་ལྟོས་པའོ། །འདིར་ནི་ལྷན་ཅིག་འབྱུང་བ་ཙམ་འབའ་ཞིག་གིས་རྒྱུར་ཁོང་དུ་ཆུད་དོ། །སེམས་ཀྱི་རྗེས་སུ་འབྲང་བ་རྣམས་
ཞེས་སྨོས་པ་དེ་དག་གང་ཞེ་ན། དེའི་ཕྱིར་སེམས་ལས་བྱུང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚོར་བ་ལ་སོགས་པའོ། །འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ། །འདུས་བྱས་ཀྱི་མཚན་ཉིད་སེམས་ཀྱི་རྗེས་སུ་འབྲང་བ་གང་དག་ཡིན་སྙམ་པ་ལ། དེའི་ཕྱིར་གང་
དག་སེམས་དེའི་ཡིན་པ་དག་གོ་ཞེས་བྱ་བ་སྨོས་ཏེ། གོང་དུ་བརྗོད་མ་ཐག་པའི་སེམས་ལས་བྱུང་བ་རྣམས་དང་། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་རྣམས་དང་། སེམས་དེའི་སྐྱེ་བ་ལ་སོགས་པའོ། །གང་གི་ཕྱིར་དེ་དག་སེམས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྙམ་པ་ལ། དེ་
དག་གི་སེམས་དང་ལྷན་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཅིག་པ་དང་། སྐྱེ་བ་གཅིག་པ་དང་། གནས་པ་གཅིག་པ་དང་། འགག་པ་གཅིག་པའོ། །དེ་ལ་དུས་གཅིག་ཅེས་བྱ་བ་ལ་སོགས་པ་ལ། འདས་པའི་སེམས་ནི་འདས་པ་རྣམས་དང་ངོ་། །ད་ལྟར་བྱུང་བ་རྣམས་
ནི་ད་ལྟར་བྱུང་བ་རྣམས་དང་ངོ་། །མ་འོངས་པ་རྣམས་ནི་མ་འོངས་པ་རྣམས་དང་སྟེ། དེ་དག་ནི་དུས་གཞན་ན་འཇུག་པ་མ་ཡིན་ནོ། །དུས་གཅིག་ཏུ་སྐྱེ་བས་སྐྱེ་བ་གཅིག་པ་དང་། དུས་གཅིག་ཏུ་གནས་པ་དང་། དུས་གཅིག་ཏུ་འགག་པར་དུས་དང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་སྟེ།
དེ་དག་གང་དག་ལ་ཡོད་པ་དེ་དག་དུས་དང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པའོ། །འབྲས་བུ་གཅིག་པ་རྣམས་དང་། རྒྱུ་མཐུན་པ་གཅིག་པ་རྣམས་དང་། རྣམ་པར་སྨིན་པ་གཅིག་པ་རྣམས་ཏེ། དེ་ལ་འབྲས་བུ་གཅིག་པ་ནི་སེམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཉིད་དེ་དག་གིའོ། །དེ་དག་

གི་གང་ཡིན་པ་དེ་ཉིད་སེམས་ཀྱིའོ། །འདི་ལྟ་སྟེ་སེམས་ཀྱི་འབྲས་བུ་ཚོར་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ། །རྒྱུ་མཐུན་པ་གཅིག་པ་གང་དག་ཡིན་པ་དེ་དག་རྒྱུ་མཐུན་པ་གཅིག་པ་སྟེ། འབྲས་བུ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་
འདི་སྐད་དུ་སེམས་ཀྱི་རྒྱུ་མཐུན་པ་དགེ་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ་ཞེས་བསྟན་པར་འགྱུར་རོ། །རྣམ་པར་སྨིན་པ་གཅིག་པ་གང་དག་ཡིན་པ་དེ་དག་རྣམ་པར་སྨིན་པ་གཅིག་པ་དག་སྟེ། རྣམ་པར་སྨིན་པ་ནི་མི་ཉིད་ལ་སོགས་པའོ། །སེམས་ཀྱི་རྣམ་པར་
སྨིན་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ། །སྐལ་བ་མཉམ་པ་གང་ཞེ་ན། རང་གི་ས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ས་པ་རྣམས་ནི་རང་གི་ས་པ་རྣམས་ཉིད་ཀྱིའོ། །དེ་ལ་གང་དག་འདོད་པར་གཏོགས་པའི་ཆོས་དེ་དག་ནི་འདོད་པར་གཏོགས་པ་རྣམས་ཀྱི་རྒྱུའོ། །
དེ་བཞིན་དུ་གཟུགས་དང་གཟུགས་མེད་པར་གཏོགས་པའི་ཆོས་རྣམས་ནི་གཟུགས་དང་གཟུགས་མེད་པར་གཏོགས་པ་རྣམས་ཉིད་ཀྱིའོ། །རིས་སྨོས་པས་ནི་རིས་ལྔ་ཡོངས་སུ་སྡུད་དེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུའོ། །དེ་ལ་སྡུག་
བསྔལ་མཐོང་བས་སྤང་བར་བྱ་བ་ནི། སྡུག་བསྔལ་མཐོང་བས་སླང་བར་བྱ་བའི་ཆོས་རྣམས་ཀྱི་སྟེ། དེ་དག་ཀྱང་སྔར་སྐྱེས་པ་རྣམས་ཀྱི་སྟེ་སྐྱེ་བ་རྣམས་ཀྱི་འོ། །ཆོས་འདྲ་བ་ནི་དགེ་བ་ཡང་དགེ་བ་རྣམས་ཀྱི་ཡིན་པ་ལ་སོགས་པའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཞེས་བྱ་བ་ནི་དཔེར་ན་འབྲས་སཱ་ལུའི་ས་
བོན་ལས་སཱ་ལུའི་མྱུ་གུ་ཉིད་འབྱུང་བ་ལྟ་བུ་སྟེ། ས་བོན་གྱི་ཆོས་ཀྱི་ཚུལ་འདིས་འདྲ་བར་ཁོང་དུ་ཆུད་པར་བྱའོ། །སྐལ་བ་མཉམ་པ་ནི་སྐལ་བ་མཚུངས་པ་སྟེ་འདྲ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྐལ་བ་མཉམ་པ་ཡང་ཡིན་ལ་རྒྱུ་ཡང་ཡིན་པས་སྐལ་བ་མཉམ་པའི་རྒྱུའོ། །རང་གི་ས་པ་ཞེས་བྱ་བ་ལ།
ས་ནི་དགུ་སྟེ། འདོད་པའི་ཁམས་དང་། བསམ་གཏན་དང་། གཟུགས་མེད་པ་རྣམས་སོ། །ཀུན་དུ་འགྲོ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བས་ཀུན་དུ་འགྲོ་བའོ། །དེ་དག་ཀྱང་སྔར་བཤད་པ་ཡིན་ཏེ། ཐམས་ཅད་ལ་དམིགས་པའི་དངོས་པོར་འགྲོ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་

འདོད་ཆགས་ལ་སོགས་པ་རྣམས་ཉིད་ཀྱིའོ། །ཀུན་དུ་འགྲོ་བ་རྣམས་ཉིད་རྒྱུ་ཡིན་པས་ཀུན་དུ་འགྲོ་བའི་རྒྱུའོ། །སྐལ་བ་མཉམ་པའི་རྒྱུ་ནི་རང་གི་རིས་པ་རྣམས་ཉིད་ཀྱིའོ། །འདི་ནི་རིས་ཐ་དད་པ་རྣམས་ཀྱི་ཡང་ཡིན་ཏེ། འདི་ནི་དེ་གཉིས་ཀྱི་བྱེ་བྲག་གོ། །མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པ་སྟེ་མི་
ཉིད་ལ་སོགས་པའོ། །དེའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུའོ། །དེ་ཡང་མི་དགེ་བ་རྣམས་ནི་འདོད་ཆགས་ལ་སོགས་པའོ། །དགེ་བ་ནི་དད་པ་ལ་སོགས་པའོ། །དེ་དག་ནི་དགེ་བ་ཡང་ཡིན་ལ་ཟག་པ་དང་བཅས་པ་ཡང་ཡིན་པས་དགེ་བ་ཟག་པ་དང་བཅས་པ་རྣམས་ཏེ། འདོད་ཆགས་ལ་སོགས་པ་རྒྱས་
པར་འགྱུར་བས་ཟག་པ་དང་བཅས་པ་རྣམས་སོ། །ཅིའི་ཕྱིར་ལུང་དུ་མི་སྟོན་པ་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ཞེ་ན། མཐུ་ཆུང་བའི་ཕྱིར་ཏེ་ས་བོན་རུལ་བ་བཞིན་ནོ། །ཟག་པ་མེད་པ་ཅིའི་ཕྱིར་མ་ཡིན་ཞེ་ན། སྲེད་པས་མ་བརླན་པའི་ཕྱིར་ཏེ། ས་བོན་དྲུང་པོ་བཞིན་ནོ། །དེ་དག་ཅེས་བྱ་བ་མི་དགེ་བ་ལ་
སོགས་པའོ། །རྣམ་པར་སྨིན་པར་འགྱུར་བའི་ཆོས་དེ་དག་གི་རྣམ་པར་སྨིན་པར་འགྱུར་བའི་ཆོས་ལ་རྣམ་པར་སྨིན་པ་ཞེས་བརྗོད་པས་རྣམ་པར་སྨིན་པར་འགྱུར་བའི་ཆོས་ཅན་ནོ། །ཆོས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྟེ། དེ་དག་སྐྱེ་བ་ནའོ། །རང་བཞིན་མ་གཏོགས་པ་ཞེས་བྱ་བ་ནི་བདག་
ལ་བདག་ཉིད་བྱེད་པ་འགལ་བའི་ཕྱིར་ངོ་བོ་ཉིད་མ་གཏོགས་ཏེ། དེ་ཉིད་དེའི་སྐྱེད་པ་པོར་མ་མཐོང་ངོ་། །ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །ཅིའི་ཕྱིར་རྒྱུ་ཞེས་བྱ་སྙམ་པ་ལ། དེའི་ཕྱིར་སྐྱེ་བ་ལ་བགེགས་མི་བྱེད་ཅིང་མི་སྒྲིབ་པའི་དངོས་པོས་ཞེས་
བྱ་བ་སྨོས་ཏེ། བགེགས་ནི་བར་དུ་གཅོད་པའོ། །བགེགས་བྱེད་པ་མ་ཡིན་པ་ནི་བགེགས་མི་བྱེད་པའོ། །སྒྲིབ་པ་ནི་ཆོད་པ་སྟེ་འགག་པའོ། །སྒྲིབ་པར་མི་བྱེད་པ་ནི་མི་སྒྲིབ་པའོ། །སྐྱེ་བ་ལ་སྒྲིབ་པར་མི་བྱེད་པས་སྐྱེ་བ་ལ་མི་སྒྲིབ་པའོ། །བགེགས་མེད་པར་སྐྱེ་ཞིང་སྒྲིབ་པ་མེད་པ་ནི་སྐྱེ་བ་ལ་བགེགས་
མེད་ཅིང་མི་སྒྲིབ་པ་སྟེ། སྐྱེ་བ་ལ་བགེགས་མེད་ཅིང་མི་སྒྲིབ་པའི་གནས་སྐབས་དེས་སོ། །དེ་ནི་འདི་སྐད་དུ་ཇི་སྙེད་ཆོས་སྐྱེ་བའི་བགེགས་མི་བྱེད་པ་དེ་དག་ཐམས་ཅད་བྱེད་པའི་རྒྱུ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཚེ་བྱེད་པ་ཉིད་རྒྱུ་ཡིན་པའི་ཕྱིར་རྒྱུ་ཐམས་ཅད་ཀྱང་བྱེད་པའི་རྒྱུའི་སྒྲར་

བརྗོད་པར་འགྱུར་ན་ཅིའི་ཕྱིར་འདི་ཁོ་ན་ལ་བྱེད་པའི་རྒྱུ་ཞེས་བྱ། སྨྲས་པ། དེ་དག་ནི་མིང་གཞན་གྱིས་བརྗོད་དོ། །གང་ལ་མིང་གཞན་མེད་པ་དེ་ནི་སྒྲ་དེ་ཉིད་ཀྱིས་བརྗོད་དེ། གཟུགས་ཀྱི་སྐྱེ་མཆེད་བཞིན་ནོ། །རྒྱུ་རྣམས་ནི་བཤད་ཟིན་ཏོ། །འབྲས་བུ་དེ་དག་
བཤད་པར་བྱའོ། །གང་གི་ཡིན་གང་ཡིན་སྙམ་པ་ལ། དེའི་ཕྱིར། དེ་ལ་ལྷན་ཅིག་འབྱུང་བ་དང་མཉམ་དུ་ལྡན་པའི་རྒྱུའི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ་རྣམ་པར་གཞག་པའོ། །ཇི་ལྟར་ཞེ་ན། ན་ཞེས་བྱ་བ་སྨྲས་ཏེ། ནའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་
ཕྱིར་གང་གི་སྟོབས་ཀྱི་ནུས་པས་གང་སྐྱེ་བ་དེ་དེའི་སྟེ། འཇིག་རྟེན་ན་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་སྟོན་ཏོ། །དཔེར་ན་འབྲས་བུ་ལ་སོགས་པ་ནི་ཞིང་པ་རྣམས་ཀྱི་སྐྱེས་བུའི་བྱེད་པའི་འབྲས་བུ་ཡིན་པ་དེ་བཞིན་དུ་སེམས་ལ་སོགས་པའི་སྟོབས་ཀྱིས་བྱུང་བ་རྣམས་སྐྱེས་བུ་བྱེད་པའི་འབྲས་བུར་
རྣམ་པར་གཞག་གོ། །མི་འདྲ་བ་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། མི་འདྲ་བ་ཇི་ལྟ་བུ་ཞེ་ན། དགེ་བ་དང་། མི་དགེ་བའི་རྒྱུ་ལས་ལུང་དུ་མ་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ནི་མི་ལ་སོགས་པ་སྟེ། གང་ལ་སེམས་ཅན་ཞེས་བརྗོད་པ་དེ་སེམས་ཅན་ཞེས་བྱའོ། །མ་བསྒྲིབས་ལ་
ལུང་དུ་སྟོན་ཏོ་ཞེས་བྱ་བ་ནི་ཉོན་མོངས་པས་མ་ནོན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ངོ་བོ་ཉིད་དོ། །སྐྱེས་བུའི་བྱེད་པ་དང་། བདག་པོའི་འབྲས་བུ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སྐྱེས་བུའི་བྱེད་པའི་འབྲས་བུ་ནི་བྱེད་པའི་འོ། །བདག་པོའི་འབྲས་བུ་ནི་བྱེད་པ་མ་ཡིན་པའི་ཡང་ཡིན་ནོ། །
དཔེར་ན་བཟོ་བོ་རྣམས་ཀྱི་བཟོ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་ཡང་ཡིན་པ་དང་། དེ་མ་ཡིན་པ་གཞན་ནི་བདག་པོའི་འབྲས་བུ་ཉིད་ཡིན་པ་ལྟ་བུའོ། །དེ་ལྟར་བསྐྱེད་པར་བྱ་བ་དང་། སྐྱེད་པའི་དངོས་པོས་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་བཤད་ཟིན་ཏོ། །ད་ནི་ཐོབ་
པར་བྱ་བ་དང་། ཐོབ་པར་བྱེད་པའི་རྒྱུ་དང་འབྲས་བུའི་དངོས་པོས་འབྲས་བུ་གཞན་བརྗོད་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་པ་ནི་བྲལ་བའི་འབྲས་བུ་ཞེས་བྱ་སྟེ་ཞེས་བྱ་བ་སྨོས་སོ། །འབྲལ་བས་ན་བྲལ་བ་སྟེ། ཉོན་མོངས་པ་གཏན་དུ་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །བྲལ་བའི་འབྲས་བུ་

ཉིད་བྲལ་བའི་འབྲས་བུའོ། །དེ་ནི་ཐོབ་པར་བྱ་བ་ཡིན་གྱི་ཞེས་བྱ་བ་ནི་ལམ་གྱིས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །བསྐྱེད་པར་བྱ་བ་མ་ཡིན་པ་ནི་རྟག་པའི་ཕྱིར་རོ། །རྐྱེན་བརྗོད་པར་བྱ་སྟེ། དེའི་ཕྱིར་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་
པོའི་རྐྱེན་ཏོ་ཞེས་བྱ་བ་སྨོས་སོ། །རྟོགས་པར་བྱེད་པས་རྐྱེན་ཏེ། རང་གི་དགོས་པའི་སྐྱེ་བ་གསལ་བར་བྱེད་པའི་ཕྱིར་རོ། །འདས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བའི་རྣམས་སོ། །མ་འོངས་པ་རྣམས་ནི་མ་ཡིན་ཏེ། མ་འོངས་པ་ནི་འཁྲུགས་པའི་ཕྱིར་སྔ་ཕྱི་མེད་དོ། །དེ་མ་
ཐག་པའི་རྐྱེན་ཞེས་བྱ་བ་ལ། དེ་ནི་དེ་མ་ཐག་པ་ཡིན་པས་དེ་མ་ཐག་པ་སྟེ། དེ་ནི་འདི་སྐད་དུ། སེམས་ལ་སོགས་པའི་རྫས་གཅིག་ལས་སེམས་ལ་སོགས་པའི་རྫས་གཅིག་འབྱུང་གི་དུ་མ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་མ་ཐག་པ་ཞེས་བྱ་བ་ནི་རིགས་གཅིག་པའི་རྫས་ཀྱིས་བར་
དུ་གཅོད་ཅེས་བྱ་བའི་ཐ་ཚིག་གོ། །དམིགས་པའི་རྐྱེན་ཞེས་བྱ་བ་ནི་དེ་དམིགས་པར་བྱ་བ་ཡིན་པས་དམིགས་པའོ། །དམིགས་པ་ཉིད་རྐྱེན་ཡིན་པས་དམིགས་པའི་རྐྱེན་ཏེ། དེ་ལ་དམིགས་ནས་སེམས་དང་སེམས་ལས་བྱུང་བ་དག་བྱུང་བའི་ཕྱིར་རོ། །ཆོས་ཐམས་ཅད་དོ་ཞེས་བྱ་བ་ནི་འདུས་
བྱས་དང་འདུས་མ་བྱས་རྣམས་སོ། །བྱེད་པའི་རྒྱུ་རང་བཞིན་ནོ་ཞེས་བྱ་བ་དེ་ནི་འདི་སྐད་དུ་རྒྱུའི་རྐྱེན་གང་ཡིན་པ་དེ་ཉིད་བདག་པོའི་རྐྱེན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །ནམ་མཁའ་ནི་བསགས་པའི་རྫས་ཀྱི་གོ་འབྱེད་པའི་མཚན་ཉིད་དེ། ཞེས་བྱ་བ་ལ། བསགས་པ་ནི་རྡུལ་
ཕྲ་མོ་འདུས་པའི་བདག་ཉིད་དོ། །དེ་ནི་བསགས་པ་ཡང་ཡིན་ལ་རྫས་ཀྱང་ཡིན་པས་བསགས་པའི་རྫས་སོ། །བསགས་པའི་རྫས་ཀྱི་གོ་འབྱེད་པས་བསགས་པའི་རྫས་ཀྱི་གོ་འབྱེད་པའོ། །དེ་ཉིད་དེའི་མཚན་ཉིད་དེ། དེ་ནི་ནམ་མཁའ་ཞེས་བྱའོ། །དེའི་ནང་ན་དངོས་པོ་ཤིན་ཏུ་གསལ་བས་
ནམ་མཁའོ། །གསལ་བ་ནི་སལ་སལ་པོ་སྟེ། མངོན་ནོ་རབ་ཏུ་གསལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་དབང་གིས་ཞེས་བྱ་བ་ནི་གང་གི་མཐུས་དངོས་པོ་ཐམས་ཅད་ནམ་མཁའ་ལ་གནས་པའོ། །ཐོགས་པ་དང་བཅས་པ་རྣམས་ནི་ཡུལ་གནོན་པས་གནས་སོ། །ཐོགས་པ་མེད་པ་

རྣམས་ནི་ཉེ་བར་གནས་པའི་དངོས་པོའི་གནས་སོ། །གལ་ཏེ་ནམ་མཁའ་སྒྲིབ་པའི་བདག་ཉིད་དུ་གྱུར་ན་ནི་དེ་ལ་ཐོགས་པ་དང་བཅས་པ་རྣམས་དང་ཐོགས་པ་མེད་པ་རྣམས་འབྱུང་བ་དང་གནས་པ་མེད་པར་འགྱུར་རོ། །འདིར་བདེ་བར་གཤེགས་པས་ཀྱང་གསུངས་ཞེས་
བྱ་བ་ལ་སོགས་པས་ནི་ལུང་ལས་འབྱུང་བས་སྟོན་ཏོ། །བྲམ་ཟེ་རླུང་ནི་ནམ་མཁའ་ལ་བརྟེན་ཏོ་ཞེས་བྱ་བས་ནི་ནམ་མཁའ་ཡོད་པར་བརྗོད་དེ། འདི་ལྟར་དངོས་པོ་མེད་པ་ནི་དངོས་པོ་མེད་པའི་རྟེན་དུ་མི་རུང་ངོ་། །སྣང་བའི་རྟགས་ཀྱིས་ཀྱང་ཡིན་ཏེ། སྣང་བ་ཡོད་པས་ན་ནམ་མཁའ་ཤེས་སོ་
ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ནི་འདི་ལྟ་སྟེ། རླུང་ནི་ནམ་མཁའ་ལ་བརྟེན་པར་གསུངས་སོ། །ནམ་མཁའ་ནི་གནས་མེད་པར་གསུངས་སོ། །དེའི་ཕྱིར་བྲམ་ཟེ་གང་རླུང་བརྟེན་པར་བརྟགས་པའི་ནམ་མཁའ་དེ་ཡོད་པར་ཅི་མངོན་སྙམ་དུ་འགྱུར་དུ་འོང་ཞེས་བྱ་བ་དེའི་ཕྱིར་བཅོམ་
ལྡན་འདས་ཀྱིས་སྣང་བ་ཡོད་པས་ན་ནམ་མཁའ་ཤེས་སོ་ཞེས་གསུངས་ཏེ་དེ་ནི་ཡོད་དོ། །སྣང་བ་ནི་གཟུགས་ཅན་ཏེ་བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པའོ། །གལ་ཏེ་ནམ་མཁའ་དེ་མེད་དུ་ཟིན་ན་དེ་གོ་སྐབས་འབྱེད་པ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ནི་དེ་ཡོད་པའི་རྟགས་ཡིན་
ནོ། །སོ་སོར་བརྟགས་པས་འགོག་པ་ནི་སྡུག་བསྔལ་སྤོང་བའོ་ཞེས་བྱ་བ་ནི་ཇི་ལྟར་བསྟན་པ་དེ་བཞིན་བཤད་པས་དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་རིམ་པ་ལ་བབ་པ་ལས་གོ་བསྣོར་ཏེ། སོ་སོར་བརྟགས་པས་འགོག་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པའི་འོག་ཏུ་དེ་དགག་པ་
རྣམ་པར་སྤྲོ་བ་སླ་བར་འགྱུར་བས་དེའི་ཕྱིར་སོ་སོར་བརྟགས་པས་འགོག་པ་སྔར་བཤད་དོ། །སྡུག་བསྔལ་འདོར་བ་ནི་སྡུག་བསྔལ་སྤོང་པའོ། །མདོར་བསྡུ་ན་ཞེས་བྱ་བ་ནི་ན་བ་ལ་སོགས་པ་སྡུག་བསྔལ་རྣམ་པ་མང་དུ་ཡོད་མོད་ཀྱི་ཐམས་ཅད་ཀྱང་སྐྱེ་བ་ལས་བྱུང་བའི་ཕྱིར་མདོར་ན་སྐྱེ་བ་ཉིད་སྡུག་བསྔལ་ལོ་
ཞེས་སྨོས་སོ། །སྲིད་པ་མངོན་པར་འགྲུབ་བོ་ཞེས་བྱ་བ་དང་། འཇུག་པ་ཞེས་བྱ་བ་ལ། སྲིད་པ་ནི་སྐྱེ་བའོ། །དེ་མངོན་པར་འགྲུབ་པ་ནི་མངོན་པར་འགྲུབ་པ་སྟེ། སྲིད་པ་འབྱུང་བའོ། །དེའི་འཇུག་པ་ནི་འཇུག་པ་སྟེ་ཡང་དང་ཡང་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འཇུག་པ་མེད་པ་ནི་སྐྱེ་

བ་དང་བྲལ་བའོ། །སྤོང་བ་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི་སྤོང་བ་ཞེས་མིང་དུ་གདགས་པའོ། །ཆུ་འབབ་པ་བཅད་པ་ལྟ་བུ་ནི་འདྲ་བའོ། །རླུང་རྒྱུ་བ་ལ་ཐོགས་པར་བྱེད་པ་ནི་རླུང་རྒྱུ་བ་ཐོགས་པར་བྱེད་པ་སྟེ། །འདིས་ཐོགས་པར་བྱེད་པས་ཐོགས་པར་བྱེད་པའོ། །དེ་ནི་རླུང་རྒྱུ་
བ་ཐོགས་པར་བྱེད་པ་ཡང་ཡིན་ལ་བྲག་ཀྱང་ཡིན་པས་རླུང་རྒྱུ་བ་ཐོགས་པར་བྱེད་པའི་བྲག་གོ །དཔེར་ན་བྲག་ནི་རླུང་རྒྱུ་བ་ཐོགས་པར་བྱེད་པའོ། །དེ་བཞིན་དུ་སྐྱེ་བའི་རྒྱུད་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །འདིས་ནི་རྫས་སུ་
ཡོད་པ་ཉིད་རབ་ཏུ་སྟོན་ཏོ། །བརྟགས་པས་འགོག་པ་ནི་ཤེས་རབ་སྟེ་འདིས་རྟོགས་པས་བརྟགས་པའོ། །ཐ་དད་དུ་ཡོངས་སུ་བགྲང་པས་བརྟགས་པའོ། །དཔེར་ན་གཅིག་ལ་སོགས་པའི་གྲངས་ཀྱིས་དངོས་པོ་ཡོངས་སུ་གཅོད་པར་འགྱུར་བ་དེ་བཞིན་དུ་ཤེས་
རབ་འདིས་ཀྱང་དངོས་པོ་ཡོངས་སུ་གཅོད་དོ། །ཇི་ལྟར་དངོས་པོ་ཡོངས་སུ་གཅོད་ཅེ་ན། སོ་སོར་ཞེས་བྱ་བའི་སྒྲར་ཁྱབ་པར་འདོད་པའི་ཚིག་གི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་དམིགས་པ་སྟེ། དེའི་ཕྱིར་སོ་སོར་བརྟགས་པའོ། །བློའི་
བྱེ་བྲག་དགེ་བའོ་ཞེས་བྱ་བ་ནི་འདིས་ནི་ལམ་རྗོད་པར་བྱེད་དེ། ལམ་གྱིས་འདི་འཐོབ་བོ། །དེས་ཞེས་བྱ་བ་ནི་བློས་སོ། །འཐོབ་པ་ཞེས་བྱ་བ་ནི་རྙེད་པའོ། །དེ་གང་ཡིན་སྙམ་པ་ལ། འགོག་པ་ཞེས་བྱ་བ་སྨོས་ཏེ། ཞོའི་བུམ་པ་བཞིན་དུ་ཚིག་བར་
མ་མི་མངོན་པར་བྱས་པའོ། །རྟག་པའི་ཕྱིར་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ། །སྤང་བར་བྱ་བ་མཐའ་ཡས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འདོད་ཆགས་ལ་སོགས་པ་སྤང་བར་བྱ་བ་དག་མཐའ་ཡས་པ་དེ་བཞིན་དུ་སྤོང་བའི་རྫས་དེ་ཡང་མཐའ་ཡས་པར་བལྟ་
བར་བྱའོ། །གལ་ཏེ་གཅིག་པ་ཞིག་ཡིན་ན། སྤང་བར་བྱ་བ་བཞིན་དུ་མཐའ་ཡས་པར་མ་གྱུར་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། འཕགས་པའི་ལམ་གྱི་སྐད་ཅིག་སྔ་མ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཉིད་ཀྱིས་

སོ། །དེ་ཞེས་བྱ་བ་ནི་འགོག་པའོ། །མངོན་སུམ་དུ་བྱས་ཞེས་བྱ་བ་ནི་དེའི་ཐོབ་པ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །ཕྱི་མ་ཞེས་བྱ་བ་འདིས་ནི་ཀུན་འབྱུང་བ་ལ་སོགས་པ་སྡུད་དོ། །འགོག་པ་གཅིག་པུ་ཞིག་ཡོད་ན་ནི། །སྔ་མ་ཉིད་ཀྱིས་
མངོན་སུམ་དུ་བྱས་པས་ན་དེ་སྤང་བར་བྱ་བའི་ཕྱིར་ལམ་བསྒོམས་པ་དོན་མེད་པར་འགྱུར་ཏེ། དེ་བས་ན་དུ་མ་ཉིད་དུ་གྲུབ་བོ། །ཅུང་ཟད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། རྫས་གཅིག་པུ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་འཕགས་པའི་ལམ་གྱི་སྐད་ཅིག་སྔ་མས་མ་
ལུས་པར་མངོན་སུམ་དུ་བྱེད་པ་མ་ཡིན་གྱི་ལམ་བསྒོམ་པ་ཕྱི་མ་དག་གིས་མ་ལུས་པར་མངོན་སུམ་དུ་བྱེད་པར་འདོད་ན་དེ་ལྟ་ན་ནི་ཅུང་ཟད་མངོན་སུམ་དུ་བྱེད་པས་མྱ་ངན་ལས་འདས་པ་ཡན་ལག་དང་བཅས་པར་འགྱུར་ཏེ། །རྟག་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་པས་
ཡན་ལག་མེད་པར་འདོད་དོ། །འབྲས་བུའི་བྱེ་བྲག་ཞེས་བྱ་བ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུའི་བྱེ་བྲག་གིས་སོ། །སྤོང་བའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །
དེ་ལ་འདོད་ཆགས་མ་གཏོགས་པའི་ཉོན་མོངས་པ་རྣམས་སྤོང་བ་ནི་སྤོང་བའི་ཁམས་སོ། །འདོད་ཆགས་སྤོང་བ་ནི་འདོད་ཆགས་དང་བྲལ་བའི་ཁམས་སོ། །སྔར་བཤད་པ་མ་གཏོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྤོང་བ་ནི་འགོག་པའི་ཁམས་སོ། །བདེན་
པ་གཉིས་པོ་སྤོང་བའི་བྱེ་བྲག་ཅེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་སྤོང་བའི་བྱེ་བྲག་གིས་སོ། །ཕུང་པོ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའི་དབྱིངས་ཀྱི་བྱེ་བྲག་གིས་ཡང་རྣམ་པ་གཉིས་སོ་ཞེས་བྱ་བ་དེ་ལ། ཕུང་པོ་ཞེས་བྱ་བ་ནི་ཕུང་པོ་རྣམས་སོ། །ཕུང་
པོ་རྣམས་དང་ལྡན་ཏེ་ལྷག་མ་ལུས་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའོ། །དེ་ནི་འདི་སྐད་དུ། ཉོན་མོངས་པ་ཐམས་ཅད་སྤངས་པས་ཕུང་པོ་ཙམ་ཞིག་ལུས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །གང་དང་ཕུང་པོ་རྣམས་བྲལ་བ་དེ་ནི་ཕུང་པོའི་ལྷག་

མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །དེ་ནི་ཕུང་པོ་མེད་པ་ཡང་ཡིན་ལ་ལྷག་མ་ཡང་ཡིན་པས་ཕུང་པོ་མེད་པའི་ལྷག་མ་སྟེ། ཕུང་པོ་དང་ནི་བྲལ་ལ། དེ་ཙམ་ཞིག་ལུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་སྦྱོར་བ་མེད་པ་ཞེས་བྱ་བ་ལ། སོ་
སོར་མཚམས་སྦྱོར་བ་ནི་མཚམས་སྦྱོར་བ་སྟེ། སྐྱེ་བ་ཡོངས་སུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ནི་མཚམས་སྦྱོར་བ་མེད་པས་མཚམས་མི་སྦྱོར་བ་སྟེ། །མཚམས་མི་སྦྱོར་བ་ཉིད་མཚམས་སྦྱོར་བ་མེད་པའོ། །སྐྱེ་བ་འགག་པ་ནི་སྐྱེ་བ་འགོག་པའོ། །དེ་ནི་
མཚམས་སྦྱོར་བ་མེད་པ་ཡང་ཡིན་ལ། སྐྱེ་བ་འགོག་པ་ཡང་ཡིན་པས་མཚམས་སྦྱོར་བ་མེད་པ་སྟེ་སྐྱེ་བ་འགོག་པའོ། །དེ་རྣམ་པར་གཞག་པས་ན་གཅིག་གོ་ཞེས་བྱ་བ་ནི་རྣམ་པ་གཅིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདི་སྐད་དུ། དུ་མ་ཡིན་ཡང་སྤྱིར་ན་མཚམས་
སྦྱོར་བ་མེད་པ་སྐྱེ་བ་འགོག་པ་ཡིན་པས་གཅིག་ཁོ་ན་ཞེས་བྱའོ། །དེ་ལ་ཟད་པ་ནི་སྐྱེ་བ་མི་འབྱུང་བའོ། །འདོད་ཆགས་དང་བྲལ་བ་ནི་རྒ་བ་མི་འབྱུང་བའོ། །འགོག་པ་ནི་ནད་རྣམས་བཅོམ་པའོ། །རྣམ་པར་ཞི་བ་ནི་འཆི་བ་མེད་པའོ། །ནུབ་པ་ནི་སྡུག་བསྔལ་དང་
བྲལ་བ་ལ་སོགས་པ་མེད་པའོ། །ཡང་ན་འདུལ་བའི་བྱེ་བྲག་གིས་ཚིག་ཕྱི་མ་ནི་སྔ་མའི་བཤད་པའོ། །དེའི་རྣམ་གྲངས་ཀྱི་སྒྲ་ནི་ཟད་པ་དང་། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་འདི་དག་ཉི་ཚེ་རྣམ་གྲངས་སུ་གཏོགས་པ་ཡིན་གྱི། མདོ་
གཞན་ལས་ཇི་སྙེད་བསྟན་པའོ། །དེ་བསྟན་པའི་ཕྱིར། །དེ་སྐད་དུ་ཞེས་བྱ་བ་སྨྲས་སོ། །ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་ནི་ཚོར་བ་ལ་སོགས་པའོ། །མིག་གི་དབང་པོ་གཟུགས་ཅན་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་འདི་
ནི་དམ་བཅའ་བའོ་ཞེས་བྱ་བ་ནི། ཕུང་པོ་ལྔ་པོ་དེ་དག་ལ་བདག་གིས་མཐོང་ངོ་ཞེས་བརྗོད་པའོ། །ཚེ་དང་ལྡན་པ་དེའི་ཞེས་བྱ་བ་ནི། ཕུང་པོ་ལྔ་ཡོངས་སུ་འཛིན་ཏོ། །དགེ་སློང་དག་དེ་ལྟར་ན་འདི་ནི་མིང་ཙམ་མོ། །ཞེས་བྱ་བ་ལ་སོགས་པས་

ནི་བདག་བསལ་བ་སྟོན་ཏོ། །དགེ་སློང་དག་ཆོས་འདི་ཐམས་ཅད་ནི་མི་རྟག་པ་ཞེས་བྱ་བ་ནི། སྐྱེ་བ་དང་ལྡན་པའི་ཕྱིར་རོ། །སེམས་པས་འཕངས་པ་ནི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །འདུས་བྱས་ནི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་
འབྱུང་བ་ནི་རྒྱུ་དང་། རྐྱེན་ལས་བྱུང་བའི་ཕྱིར་རོ། །མི་རྟག་པ་ནས་ཞེས་བྱ་བ་དང་། སྡུག་བསྔལ་སྐྱེ་བ་ཡང་སྡུག་བསྔལ་ལོ་ཞེས་བྱ་བ་ནི་སྔོན་གྱི་དུས་ན་རྒྱུ་ལས་བྱུང་བའི་ཕྱིར་རོ། །གནས་པ་ནི་སྐྱེ་བ་ལ་སོགས་པ་ལ་གནས་པའི་ཕྱིར་རོ། །མངོན་པར་གྲུབ་པ་ནི་མཚམས་སྦྱོར་བའི་སྐད་ཅིག་
གི་རྒྱུ་ལས་བྱུང་བའི་ཕྱིར་རོ། །འབྱུང་བ་ཡང་སྡུག་བསྔལ་ཞེས་བྱ་བ་ནི་རྒྱུན་དུ་གནས་པའི་ཕྱིར་རོ། །འདི་ཡོད་ན་ཕུང་པོ་ཐམས་ཅད་སོ་སོར་འདོར་ཏེ་གཏོང་ཞེས་བྱ་བའི་ཐ་ཚིག་གོ། །མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་ན། ཅིའི་ཕྱིར་རྟག་པ་ཞེས་བསྟན་ལ། དངོས་པོ་མེད་པ་གཞན་ནི་
མ་ཡིན། ཚིགས་སུ་བཅད་པ་ལས། རྟག་པ་གང་ཡིན་མྱ་ངན་འདས་པའོ། །མི་རྟག་གང་ཡིན་འདུས་བྱས་ཆོས་ཀུན་ནོ། །དྲང་པོ་གང་ཡིན་འཕགས་པའི་ལམ་ཡིན་ནོ། །གྱ་གྱུ་གང་ཡིན་སྡིག་ཅན་ལྟ་བའོ། །ཞེས་གསུངས་ཏེ། དེ་བས་ན་མྱ་ངན་ལས་འདས་པ་རྟག་པར་གྲུབ་བོ། །སོ་སོར་
བརྟགས་པས་འགོག་པ་བཤད་ཟིན་ཏོ། །ད་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་བརྗོད་པར་བྱའོ། །དེ་ལས་གཞན་པ་ཞེས་བྱ་བ་གང་ལས་ཤེ་ན། སོ་སོར་བརྟགས་པས་འགོག་པ་ལས་སོ། །གཞན་པ་ཞེས་བྱ་བ་ནི་འགོག་པའོ། །མ་འོངས་པའི་ཆོས་ནི་གཟུགས་ལ་སོགས་
པའོ། །སྐྱེ་བ་ལ་ཤིན་ཏུ་བགེགས་སུ་གྱུར་པ་ནི་གཅོད་པར་གྱུར་པའོ། །མ་འོངས་པ་སྨོས་པ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་བསལ་བ་སྟོན་ཏོ། །གཏན་དུ་ཞེས་བྱ་བ་སྨོས་པས་ནི་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། སྐྱེ་བའི་འགོག་པ་བསལ་བ་སྟོན་ཏོ། །
དེ་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་ངེས་པ་རྣམས་ལ་འཐོབ་བོ། །སོ་སོར་བརྟགས་པས་འགོག་པ་ནི་དུས་གསུམ་ཆར་ལས་འཐོབ་བོ། །སོ་སོར་བརྟགས་པས་འགོག་པ་མེད་པ་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་བ་མེད་ཅེས་བྱ་བའི་ཐ་ཚིག་གོ། །རྐྱེན་མ་ཚང་བས་ཞེས་བྱ་བ་ནི། དེ་མ་ཐག་པའི་རྐྱེན་

མེད་པའོ། །དེ་ནི་དཔེར་བྱས་ཏེ་བསྟན་པ་སྟེ། དཔེར་ན་མིག་དང་ཡིད་ཀྱི་གཟུགས་ཞིག་ལ་ཡེངས་ན་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་ཡིད་ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་མ་ཡིན་པ་ཞེས་བྱ་བ་ལ། གཟུགས་དེ་ལས་གཞན་དུ་གྱུར་པ་ནི་དེ་མ་ཐག་པ་ནི་དེ་མ་
ཡིན་པ་གཞན་ནོ། །ཆོས་རྣམས་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ། །གཟུགས་ལ་སོགས་པ་དེ་དག་ལ་དམིགས་པ་གང་ཡིན་པ་དེ་དག་ནི་དེ་ལ་དམིགས་པའོ། །དམིགས་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་བསྐྱེད་པར་བྱ་བ་ཞེས་བྱ་བ་ནི་ཡུལ་ངེས་པར་གཟུང་བར་བྱའོ། །དེ་དག་
གིས་དེ་ཐོབ་ན་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་ནའོ། །མི་སྐྱེ་བ་སྟེ་དེས་དེ་དག་འགག་པར་འགྱུར་བའོ་ཞེས་བྱ་བ་ནི་བགེགས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཚོར་བ་གཉི་ག་འགག་གོ་ཞེས་བྱ་བ་ནི། འདི་ལ་བདེ་བ་ལ་སོགས་པ་ཚོར་བ་གསུམ་པོ་དེ་དག་མི་མཐུན་
པས་ཅིག་ཅར་མངོན་དུ་གྱུར་པར་མི་འབྱུང་བའོ། །དེ་ལ་གང་གི་ཚེ་བདེ་བའི་ཚོར་བ་ད་ལྟར་བྱུང་བར་གྱུར་པ་དེའི་ཚེ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པས་ཚོར་བ་གཉིས་འགག་པར་འགྱུར་རོ། །ཅི་མངོན་ཞེ་ན། དགོངས་པ་ནི་འདི་ཡིན་ནོ། །འགོག་པ་ནི་གསུམ་སྟེ། མི་རྟག་པ་
ཉིད་ཀྱི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། སོ་སོར་བརྟགས་པས་འགོག་པའོ། །དེ་ལ་མི་རྟག་པ་ཉིད་ཀྱིས་འགོག་པ་ནི་བྱུང་བའི་ཆོས་རྣམས་ཀྱི་སྟེ། བྱུང་ནས་མི་རྟག་པས་རྣམ་པར་འཇིག་གི །མ་བྱུང་བ་རྣམས་ཀྱི་མ་ཡིན་ནོ། །སོ་སོར་བརྟགས་པས་
འགོག་པ་ནི་དུས་གསུམ་ཆར་གྱི་ཟག་པ་དང་བཅས་པ་རྣམས་ཀྱིས་འགོག་པའོ། །དེ་བས་ན་དེ་ལྟ་བུ་གཉིས་མེད་པའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཉིད་འདིར་གཟུང་བར་རིགས་སོ། །རྣམ་པར་ཤེས་པའི་ཚོགས་ལྔ་ཉི་ཚེ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་ཡིན་གྱི། ཕུང་
པོ་ལྔ་པོ་དེ་དག་ཀྱང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་བོ། །ཇི་སྐད་དུ། དགེ་སློང་འདིའི་སེམས་ཅན་དམྱལ་བ་རྣམས་ཟད་དོ། །དུད་འགྲོ་རྣམས་ཟད་དོ། །ཡི་དགས་རྣམས་ཟད་དོ་ཞེས་གསུངས་པ་སྟེ། བཟོད་པ་ཐོབ་པས་རྒྱུན་དུ་ཞུགས་པར་གྱུར་པའི་དབང་དུ་བྱས་ཏེ་

གསུངས་ཀྱི། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དེ་སེམས་ཅན་དམྱལ་བ་ལ་སོགས་པ་མ་སྤངས་པ་ནི་མ་ཡིན་ཏེ། དེའི་འདོད་ཆགས་དང་བྲལ་ནས་ངན་སོང་རྣམས་སྤོང་ངོ་། །དེ་ལ་མ་སྐྱེས་པའི་ཕྱིར་ཡིན་གྱི་མི་རྟག་པ་ཉིད་ཀྱི་འགོག་པས་ཟད་པ་ནི་མ་
ཡིན་ནོ། །དེ་བས་ན་ཆོས་གང་ལ་ལ་ཐོབ་པས་ངན་སོང་རྣམས་སྤོང་ངོ་། །དེ་ལ་མ་སྐྱེས་པའི་ཕྱིར་མི་རྟག་པ་ཉིད་ཀྱི་འགོག་པས་ཟད་པ་ནི་མ་ཡིན་ནོ། །དེ་བས་ན་ཆོས་གང་ལ་ལ་ཐོབ་པས་ངན་སོང་རྣམས་མི་སྐྱེ་བའི་ཆོས་ཉིད་དུ་ཆོས་དེ་ཡོད་དེ། དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །
ཅིའི་ཕྱིར་དེར་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ཟློས་བུར་བསྟན་ཞེ་ན། ངན་སོང་ཞེས་བྱ་བའི་སྒྲས་ནི་མཚམས་མེད་པ་ལྔ་མི་བྱེད་པའོ། །ངན་འགྲོ་ཞེས་བྱ་བའི་སྒྲས་ནི་ལྟ་བ་ལྔ་ཀུན་དུ་མི་འབྱུང་བའོ། །ལོག་པར་ལྟུང་བའི་སྒྲས་ནི་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་
དང་། བུད་མེད་དང་། སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་ཡོངས་སུ་སྤངས་པ་ཡིན་ནོ། །འདིར་མཐའ་བཞི་པར་འགྱུར་ཏེ། ཆོས་གང་དག་སོ་སོར་བརྟགས་པས་འགོག་པ་ཉིད་ཐོབ་པ་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདས་པ་དང་། ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཟག་
པ་དང་བཅས་པ་རྣམས་སོ། །གང་དག་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཉིད་ཡང་ཡོད་དེ། འདི་ལྟ་སྟེ། མི་འབྱུང་བའི་ཆོས་ཟག་པ་མེད་པའི་འདུས་མ་བྱས་རྣམས་སོ། །གང་དག་གཉི་གར་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། ཟག་པ་དང་བཅས་པ་ལ་སྐྱེ་བའི་ཆོས་རྣམས་སོ། །
གང་དག་གཉི་ག་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། འདས་པ་དང་། ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཟག་པ་མེད་པ་རྣམས་སོ། །ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ། སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་
དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། པྲ་ཀ་ར་ཎ་ཨ་བྷི་དྷརྨྨ་ཨ་བ་ཏཱ་ར་ནཱ་མ། བོད་སྐད་དུ། རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ། འཇམ་དཔལ་

གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལྷ་མིའི་སྙིང་གི་མུན་པ་ངན་སོང་རྩ། །གསུང་གི་འོད་ཟེར་དག་གིས་གང་གིས་བཅོམ། །ཐམས་ཅད་མཁྱེན་ཉིད་དཀྱིལ་འཁོར་དྲི་མེད་པ། །སངས་རྒྱས་ཉི་མ་དེ་ལ་ཕྱག་འཚལ་ལོ། །གང་དག་ཆོས་མངོན་ཚུལ་གྱིས་ཆོས་རྣམས་ཀྱི། །མཚན་ཉིད་
རྣམས་ལ་རྨོངས་པ་དྲུངས་ཕྱུང་ཞིང་། །ཐམས་ཅད་མཁྱེན་པའི་བཀའ་ཡི་གནས་གྱུར་པ། །དེ་དག་ལ་ནི་མགོ་བོས་བདག་ཕྱག་འཚལ། །བློ་ཞན་རྣམས་ཀྱིས་མ་ལེགས་བཤད་པ་ཡི། །མུན་པས་ཐུབ་པའི་གསུང་ནི་ཁེབས་པ་ལ། །གང་གི་སྒྲོན་མས་གསལ་བར་མཛད་པ་ཡི། །སྒྲོན་མ་མཛད་
པ་དེ་ལ་ཕྱག་འཚལ་ལོ། །ལ་ལ་དག་ནི་ཐུབ་པའི་དབང་པོའི་གསུང་རབ་མཐའ་དག་གི་དོན་དང་། ཚིག་གཟུང་བའི་སྐལ་བ་ཡོད་པའི་ངང་ཚུལ་ཅན་དགེ་བ་དག་ཡིན་དུ་ཟིན་ཀྱང་། འཕྲལ་གྱི་བྱ་བ་ལ་ཐོགས་པས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་དང་། ཤེས་རབ་ཞན་པ་
ལ་ལ་དག་ཆོས་མངོན་པ་ཀླགས་པའི་ཐོས་པ་ཙམ་གྱིས་སྐྲག་པར་འགྱུར་ལ། དེ་དག་རྟག་ཏུ་ཁོང་དུ་ཆུད་པར་འདོད་པ་ཡང་ཡོད་དེ། དེ་བས་ན་དེ་དག་དགའ་བར་བྱ་བའི་ཕྱིར། བདག་གིས་ཆོས་མངོན་པའི་མཚན་ཉིད་ཀྱི་རྒྱ་མཚོ་ལ་འཇུག་པ་འདི་བརྩམ་མོ། །འདི་ལྟར་བདེ་བར་གཤེགས་པ་རྣམས་
ཀྱི་དངོས་པོ་བརྒྱད་དེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། སོ་སོར་བརྟགས་པས་འགོག་པའོ། །དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་འབྱུང་བ་དང་འབྱུང་བ་ལས་
གྱུར་པའི་གཟུགས་སོ། །འབྱུང་བ་དག་ནི་བཞི་སྟེ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །ཁམས་དག་ནི་རང་དང་སྤྱིའི་མཚན་འཛིན་པ་དང་། རྒྱུར་བྱས་པའི་གཟུགས་ཐམས་ཅད་འཛིན་པའི་ཕྱིར་རོ། །དེ་དག་གི་རང་བཞིན་ནི་སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ཉིད་དག་གོ། །
ལས་ནི་རྟེན་པ་དང་སྦྱོར་བ་དང་སྨིན་པར་བྱེད་པ་དང་བསྐྱོད་པ་དག་སྟེ། གྲངས་ཇི་ལྟ་བ་བཞིན་ནོ། །དེ་དག་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བར་འགྱུར་བས་ན་འབྱུང་བ་ཆེན་པོ་དག་སྟེ། ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེ་དག་ནི་རྒྱུར་བྱས་པའི་གཟུགས་ལ་ཁྱབ་པའི་ཕྱིར་རོ། །མི་དགོས་པ་དང་མི་

ནུས་པའི་ཕྱིར་བཞི་ཁོ་ན་སྟེ་ཁྲིའི་རྐང་པ་བཞིན་ནོ། །འབྱུང་བ་ལས་གྱུར་པ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །འབྱུང་བ་དག་ལས་འབྱུང་བས་ན་འབྱུང་བ་ལས་
གྱུར་པ་སྟེ་འབྱུང་བ་ལ་བརྟེན་པའི་དོན་གང་ཡིན་པའོ། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་པའོ། །འདིས་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཀྱང་སོ་སོར་བསྟན་ཏོ། །གཟུགས་ནི་རྣམ་པ་གཉིས་ཏེ་ཁ་དོག་གི་བདག་ཉིད་དང་།
དབྱིབས་ཀྱི་བདག་ཉིད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཁ་དོག་ངན་པ་དང་དབྱིབས་ངན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཁ་དོག་གི་གཟུགས་ནི་རྣམ་པ་བཅུ་གཉིས་ཏེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྤྲིན་དང་དུ་བ་དང་། རྡུལ་དང་། ཁུག་
རྣ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་མུན་པའོ། །དབྱིབས་ནི་རྣམ་པ་བརྒྱད་དེ་རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། དཀྱིལ་འཁོར་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། སྒང་དང་གཤོང་ངོ་། །དེ་ལ་ཁུག་རྣ་ནི་ལྷོ་བུར་རོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་
སྨན་དང་ནོར་བུ་རྣམས་ཀྱི་འོད་དོ། །གྲིབ་མ་ནི་གང་ན་གཟུགས་དག་སྣང་བའོ། །དེ་ལས་བཟློག་པ་ནི་མུན་པའོ། །ལྷམ་པ་ནི་གྲུ་བཞིའོ། །དཀྱིལ་འཁོར་ནི་ཟླུམ་པོའོ། །ཕྱ་ལེ་བ་ནི་དབྱིབས་མཉམ་པའོ། །ཕྱ་ལེ་བ་མ་ཡིན་པ་ནི་དབྱིབས་མི་མཉམ་པའོ། །ལྷག་མ་ནི་བརྡ་ཕྲད་པར་བླ་བསམ་
བཤད་དོ། །རྣམ་པ་ཉི་ཤུ་པོ་འདི་དག་མིག་གི་རྣམ་པར་ཤེས་པ་དང་། དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། །སྒྲ་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ལུས་སུ་གཏོགས་པ་རྣམས་ནི་ཟིན་པ་དག་སྟེ་སེམས་པ་དང་བཅས་པའི་
དོན་གང་ཡིན་པའོ། །བཟློག་པ་ནི་མ་ཟིན་པ་དག་གོ། །གང་སྔ་མས་བསྐྱེད་པ་དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ། ལག་པ་དང་སྨྲ་བའི་སྒྲའོ། །གང་ཕྱི་མས་བསྐྱེད་པ་དེ་ནི་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་རླུང་དང་ནགས་ཚལ་དང་འབབ་ཆུའི་

སྒྲ་སྟེ། སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམ་པ་བཞིའོ། །འདི་ལྟ་སྟེ་སྨྲ་བའི་སྒྲ་ནི་སེམས་ཅན་དུ་སྟོན་པའོ། །ལྷག་མ་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །གཞན་ཡང་སྤྲུལ་པའི་སྨྲ་བའི་སྒྲ་ནི་སེམས་ཅན་དུ་སྟོན་པའོ། །ལྷག་མ་ནི་སེམས་ཅན་དུ་སྟོན་པ་མ་
ཡིན་པའོ། །དེ་ཡང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་འགྱུར་རོ། །རྣམ་པ་བརྒྱད་པོ་དེ་ཡང་རྣ་བའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། །དྲི་ནི་རྣམ་པ་གསུམ་སྟེ་དྲི་ཞིམ་པ་དང་དྲི་ང་བ་དང་དྲི་མཉམ་པའོ། །དྲི་ཞིམ་
པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའོ། །དེ་ལས་བཟློག་པ་ནི་དྲི་ང་བའོ། །གཉི་ག་ལས་བཟློག་པ་ནི་དྲི་མཉམ་པ་སྟེ་རྣམ་པ་གསུམ་པོ་འདི་ཡང་སྣའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། །རོ་ནི་མངར་བ་དང་སྐྱུར་བ་དང་། ལན་ཚ་དང་ཁ་
བ་དང་ཚ་བ་དང་བསྐ་བའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ། དྲུག་པོ་དེ་དག་ཀྱང་ལྕེའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། །རེག་བྱའི་ཕྱོགས་གཅིག་ནི་རྣམ་པ་བདུན་ཏེ། འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་ལྕི་བ་ཉིད་དང་ཡང་བ་ཉིད་དང་།
གྲང་བ་དང་བཀྲེས་པ་དང་སྐོམ་པའོ། །དེ་ལ་འཇམ་པ་ནི་མཉེན་པ་སྟེ་རེག་ཏུ་མི་བཟོད་པའི་དོན་གང་ཡིན་པའོ། །རྩུབ་པ་ནི་རུད་རུད་པོའོ། །ལྕི་བ་ནི་གང་གིས་སྲང་གི་མགོ་དམའ་བར་འགྱུར་བའོ། །ཡང་བ་ནི་དེ་ལས་བཟློག་པའོ། །གྲང་བ་ནི་གང་གིས་ཉན་པས་ཚ་བ་འདོད་པའོ། །བཀྲེས་
པ་ནི་ཟས་འདོད་པའི་རྒྱུའོ། །སྐོམ་པ་ནི་འཐུང་འདོད་པའི་རྒྱུའོ། །རྒྱུ་ལ་འབྲས་བུ་གདགས་པར་བྱ་སྟེ། ཇི་སྐད་དུ་སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འབྱུང་བ་ཆེན་པོ་འདུས་པ་མེ་དང་ཆུའི་ཤས་ཆེ་ན་འཇམ་པའོ། །ས་དང་རླུང་གི་ཤས་ཆེ་ན་རྩུབ་པའོ། །ས་
དང་ཆུའི་ཤས་ཆེ་ན་ལྕི་བའོ། །མེ་དང་རླུང་གི་ཤས་ཆེ་ན་ཡང་བའོ། །ཆུ་དང་རླུང་གི་ཤས་ཆེ་ན་གྲང་བའོ། །རླུང་གི་ཤས་ཆེ་ན་བཀྲེས་པའོ། །མེའི་ཁམས་ཀྱི་ཤས་ཆེ་ན་སྐོམ་པའོ། །བདུན་པོ་དེ་དག་དང་འབྱུང་བ་ཆེན་པོ་བཞི་རྣམས་ནི་ལུས་ཀྱི་རྣམ་པར་ཤེས་པ་དང་། དེས་དྲངས་པའི་ཡིད་

ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་གོ། །སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རྣམ་པ་ཐ་དད་པ་དག་གིས་གཞན་ལ་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་དོ། །དེ་བཞིན་དུ་གཞན་ལ་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པ་སྟེ་བྲམ་ཟེ་མ་ཡིན་ནོ་
ཞེས་བྱ་བ་བཞིན་དུ་དེ་དང་འདྲ་བ་ལ་མ་ཡིན་པར་བརྗོད་དོ། །དེའི་མཚན་ཉིད་ནི་རྣམ་པར་རིག་བྱེད་དང་སེམས་དང་འབྱུང་བ་ཆེན་པོའི་བྱེ་བྲག་གིས་འཕངས་པ་རྣམ་པར་མ་གཡེངས་པ་དང་། དེ་མ་ཡིན་པའི་སེམས་དང་སེམས་མེད་པ་ཡང་རུང་སྟེ། གང་དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་
དགེ་སློང་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་བསྩགས་པ་མ་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་མེད་དུ་ཟིན་ན་དགེ་སློང་ལ་སོགས་པར་གཞག་པ་མེད་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་ལས་བསོད་ནམས་རྟག་པར་རྒྱུན་
དུ་མངོན་པར་འཕེལ་ལོ་ཞེས་གསུངས་སོ། །དེ་ཡང་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་། གཉི་ག་ལས་བཟློག་པས་བསྡུས་པའི་ཕྱིར་རྣམ་པ་གསུམ་མོ། །སྡོམ་པ་ཡང་སོ་སོར་ཐར་པ་དང་བསམ་གཏན་དང་། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །སོ་སོར་ཐར་པའི་སྡོམ་པ་ནི། དགེ་སློང་དང་དགེ་
སློང་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དང་། དུས་ཁྲིམས་པའི་སྡོམ་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དེ། དེ་ནི་འདོད་པར་གཏོགས་པ་ཁོ་ནའོ། །བསམ་གཏན་གྱི་སྡོམ་པ་ནི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བའི་གཟུགས་ཏེ་གཟུགས་སུ་གཏོགས་པ་
ཁོ་ནའོ། །ཟག་པ་མེད་པའི་སྡོམ་པ་ཡང་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བའི་གཟུགས་ཏེ་མི་ལྡན་པ་ཉིད་དོ། །སྡོམ་པ་མ་ཡིན་པ་ནི་རི་དགས་ཀྱི་རྔོན་པ་དང་བྱ་བ་དང་ཉ་བ་དང་བཙོན་སྲུང་དང་། བ་གླང་འཛིན་པ་དང་གསོད་པའི་གཤེད་མ་ལ་སོགས་པའི་རྒྱུད་ལ་གང་མི་དགེ་བའི་
གཟུགས་ཀྱི་རྒྱུན་ཡོད་པའོ། །སྡོམ་པ་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་ནི་གཙུག་ལག་ཁང་དང་མཆོད་རྟེན་དང་དགེ་འདུན་གྱི་ཀུན་དགའ་ར་བ་བྱེད་པ་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་བདུག་པ་གསོལ་བ་ལ་སོགས་པ་ཡི་དམ་དུ་འཛིན་པ་དང་། ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་ལས་

བྱུང་བ། དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་གང་ཡིན་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་པ་ཡིན་ཡང་རིགས་སྨོས་པས་ན་དེ་སྐད་དུ་བརྗོད་དོ། །སོ་སོར་ཐར་པའི་སྡོམ་པ་འཐོབ་པ་ནི་ཡང་དག་པར་བླངས་པས་སོ། །བདུན་པོ་ནི་ཇི་སྲིད་འཚོའི་བར་དུའོ། །བརྒྱད་པ་ནི་ཞག་གཅིག་
པའོ། །བདུན་པོའི་བཏང་བ་ནི་བསླབ་པ་ཕུལ་བ་དང་། ཤི་འཕོས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། མཚན་གཉིས་སྐྱེས་པས་སོ། །བརྒྱད་པའི་ནི་དེ་རྣམས་ཉིད་དང་། མཚན་མོ་འདས་པས་སོ། །གཟུགས་ན་སྤྱོད་པའི་སེམས་ཐོབ་པས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ་སེམས་
དང་འབྲེལ་པས་ན་དེ་ཉིད་བཏང་བས་དེ་གཏོང་ངོ་། །ཟག་པ་མེད་པའི་སྡོམ་པ་ཡང་དེ་བཞིན་ནོ། །བྱེད་པ་དང་ཁས་བླངས་པས་རྔོན་པ་ཡིན་པ་འཐོབ་པོ། །རྒྱུན་ཆད་པ་ནི་སྡོམ་པ་ཡང་དག་པར་གཟུང་བ་དང་། མཚན་གཉིས་སྐྱེས་པ་དང་ཤི་བ་དང་། ཆོས་ཉིད་འཐོབ་པ་གཟུགས་ན་སྤྱོད་པའི་
དགེ་བའི་སེམས་འཐོབ་པས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་སར་མ་འཐོབ་པ་ནི། ཉོན་མོངས་པ་དང་དད་པ་དྲག་པོའི་ཤུགས་ཀྱིས་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པའི་བྱ་བ་བྱེད་པ་དང་། གང་ཡང་བཅོམ་ལྡན་འདས་ལ་དཀྱིལ་འཁོར་མ་བྱས་པར་ཟན་མི་བཟའོ་ཞེས་བྱ་བ་ལ་སོགས་པའི་ཡི་
དམ་འཛིན་པ་དང་། གཙུག་ལག་ཁང་ལ་སོགས་པ་ཕུལ་བས་སོ། །རྒྱུན་ཆད་པ་ནི་སློང་བར་བྱད་པ་དེ་དག་ཉིད་བཏང་བས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་དུ་མ་པ་འདི་དང་། མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཉིད་དེ་གཟུགས་ཀྱི་དངོས་པོ་འདི་
སྙེད་དོ། །འདིའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། རང་གི་སྤྱི་དང་ཕྱོགས་ཀྱི་སྤྱི་དང་ཟད་པར་གྱི་སྤྱིའོ། །དེ་ལ་རང་གི་སྤྱི་ནི་གཟུགས་པའོ། །དེ་ལ་གཟུགས་སུ་རུང་བས་ན་གཟུགས་ཞེས་བྱ་སྟེ་གཞིག་པར་འགྱུར་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཇི་སྐད་དུ་ཆོས་ཀྱི་རྗེས་ཀྱང་དགེ་སློང་དག་
གཟུགས་པ་གཟུགས་སུ་རུང་བས། དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་གསུངས་པ་ལྟ་བུའོ། །ཅིས་གཟུགས་པར་འགྱུར་ཞེ་ན། ལག་པ་དང་བོང་བ་དང་དབྱིག་པས་རེག་པ་དག་གིས་སོ། །དཔེར་ན་མགྱོགས་པར་འགྲོ་བས་རྟའོ། །འགྲོ་བས་ན་བ་ལང་ངོ་ཞེས་བྱ་བ་ལྟ་བུ་ལ་སོགས་

པའོ། །ཕྱོགས་ཀྱི་སྤྱི་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དོ། །ཟད་པར་གྱི་སྤྱི་ནི་སྟོང་པ་དང་བདག་མེད་པ་ཉིད་དེ། ཕྱོགས་འདིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གསུམ་ཅི་རིགས་སུ་མངོན་པར་བརྟག་གོ། །གཟུགས་ཀྱི་དངོས་པོའོ། །ཚོར་བ་ནི་མྱོང་བ་རྣམ་པ་གསུམ་
སྟེ་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྟེ། གསུམ་ཚོར་བར་གྱུར་པའི་དོན་གང་ཡིན་པའོ། །འདོད་པ་དང་མི་འདོད་པ་དང་གཉི་ག་ལས་བཟློག་པ་སྟེ་རེག་པའི་སྐྱེ་གནས་ཅན་ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་སིམ་པ་དང་གདུང་བ་དང་གཉི་ག་
ལས་བཟློག་པ་སྟེ། སྲིད་པའི་རྒྱུ་ནི་ཚོར་བ་ཞེས་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་དང་། རྣ་བ་དང་
སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ་ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་ནི་ལུས་ཀྱིའོ། །ཅིག་ཤོས་ནི་སེམས་ཀྱིའོ། །དབང་པོའི་བྱེ་བྲག་གིས་རྣམ་པ་ལྔ་སྟེ། བདེ་བའི་དབང་པོ་དང་སྡུག་བསྔལ་
གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོའོ། །དེ་ལ་ལུས་ཀྱི་སིམ་པ་གང་ཡིན་པ་དང་། བསམ་གཏན་གསུམ་པ་ལས་སྐྱེས་པའི་ཡིད་ཀྱི་སིམ་པ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་སྟེ་ཕམ་པར་བྱེད་པའི་དོན་གང་ཡིན་པའོ། །གང་
ལུས་ཀྱི་སིམ་པ་མ་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོ་སྟེ་གནོད་པར་བྱེད་པའི་དོན་གང་ཡིན་པའོ། །བསམ་གཏན་གསུམ་པ་མ་གཏོགས་པ་འོག་མའི་ཡིད་ཀྱི་སིམ་པ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོའོ། །དེ་ལས་བཟློག་པ་ནི་ཡིད་མི་བདེ་བའི་དབང་པོའོ། །གང་ལུས་དང་སེམས་ཀྱི་སིམ་པ་ཡང་
མ་ཡིན་མི་སིམ་པ་ཡང་མ་ཡིན་པ་དེ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཚོར་བའི་དབང་པོའོ། །མཚན་མ་དང་མིང་དང་དོན་དང་བརྡ་ཞེས་པའི་འདུ་ཤེས་ཏེ། སྔོན་པོ་དང་། སེར་པོ་དང་། རིང་པོ་དང་། ཐུང་ངུ་དང་། དུང་དང་། རྔ་དང་། པདྨ་དང་། སྣ་མའི་མེ་ཏོག་དང་། ཨུཏྤ་ལའི་དྲི་དང་།

ཁ་བ་དང་ལན་ཚྭ་དང་། འཇམ་པ་དང་རྩུབ་པ་དང་། བུད་མེད་དང་སྐྱེས་པ་ལ་སོགས་པའི་མཚན་མ་དང་། མིང་དང་དོན་གཅིག་ཏུ་ཤེས་པའི་ཆོས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་རྒྱུ་སྟེ། འདུ་ཤེས་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས་ཚོར་བ་བཞིན་དུ་རྣམ་པ་དྲུག་གོ། །ཡང་ཆུང་ངུ་
དང་ཆེན་པོར་གྱུར་པ་དང་ཚད་མེད་པ་དང་རྣམ་པ་གསུམ་སྟེ། དེ་ལ་ཡུལ་ཆུང་ངུ་ལ་དམིགས་པ་ནི་ཆུང་ངུའོ། །རི་རབ་ལ་སོགས་པ་ལ་དམིགས་པ་ནི་ཆེན་པོར་གྱུར་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ལ་ནི་ཚད་མེད་པའོ། །འདུ་ཤེས་ཀྱི་དངོས་པོའོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྣམ་པ་
གཉིས་ཏེ་མཚུངས་པར་ལྡན་པ་ཡིན་པའོ། །དེ་ལ་མཚུངས་པར་ལྡན་པ་ནི་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་དང་། འདུན་པ་དང་མོས་པ་དང་དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་རྟོག་པ་དང་དཔྱོད་པ་དང་བག་ཡོད་པ་དང་བག་མེད་པ་དང་སྐྱོ་བ་དང་རབ་ཏུ་དགའ་བ་
དང་། ཤིན་ཏུ་སྦྱངས་པ་དང་རྣམ་པར་མི་འཚེ་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་བཏང་སྙོམས་དང་དགེ་བའི་རྩ་བ་རྣམས་དང་། མི་དགེ་བའི་རྩ་བ་རྣམས་དང་། ཀུན་དུ་སྦྱོར་བ་རྣམས་དང་། འཆིང་བ་རྣམས་དང་། ཕྲ་རྒྱས་རྣམས་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་། ཀུན་ནས་དཀྲིས་
ཏེ་འདུག་པ་རྣམས་དང་། ཟག་པ་རྣམས་དང་། ཆུ་བོ་རྣམས་དང་། སྦྱོར་བ་རྣམས་དང་། ལེན་པ་རྣམས་དང་། སྡུད་པ་རྣམས་དང་། སྒྲིབ་པ་རྣམས་དང་། ཤེས་པ་རྣམས་དང་བཟོད་པ་རྣམས་སོ། །དེ་ལ་གནས་དང་། དམིགས་པ་དང་། རྣམ་པ་དང་དུས་དང་རྫས་མཚུངས་པ་ཉིད་དེ། མཚུངས་
པ་ལྔ་དག་གིས་སེམས་དང་མཚུངས་པར་ལྡན་པས་དེ་བས་ན་མཚུངས་པར་ལྡན་པ་དག་ཅེས་བྱའོ། །བཟློག་པ་ནི་ལྡན་པ་མ་ཡིན་པ་དག་སྟེ། འདི་ལྟ་སྟེ། འཐོབ་པ་དང་འཐོབ་པ་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་
པ་དང་། སྲོག་གི་དབང་པོ་དང་། སྐལ་བ་འདྲ་བ་དང་། སྐྱེ་བ་དང་རྒ་བ་དང་། གནས་པ་དང་མི་རྟག་པ་ཉིད་དང་། མིང་གི་ཚོགས་རྣམས་དང་། ཚིག་གི་ཚོགས་རྣམས་དང་། ཡི་གེའི་ཚོགས་རྣམས་ཏེ། དེ་གཉིས་བསྡུས་ནས་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །དེ་བས་ན་དྲང་སྲོང་ཆེན་པོས་ཀྱང་

འདུ་བྱེད་ཀྱི་ཕུང་པོ་ནི་ཆུ་ཤིང་གི་ཕུང་པོ་ལྟ་བུའོ་ཞེས་གསུངས་སོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ་སེམས་ཀུན་དུ་གཡོའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །རེག་པ་
ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བའི་སེམས་ཡུལ་ལ་རེག་པར་བྱེད་པ་སྟེ་སེམས་ལས་བྱུང་བའི་ཆོས་འཚོ་བར་བྱེད་པའི་མཚན་ཉིད་དོ། །དེ་ཡང་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་གང་སེམས་ཡུལ་རྣམས་
ལ་གཏོད་པ་སྟེ། སྔོན་མྱོང་བ་ལ་སོགས་པ་སེམས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། སློབ་པའི་དང་མི་སློབ་པའི་དང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །དེ་ལ་འཕགས་པའི་གང་ཟག་བདུན་གྱི་རྒྱུད་ལས་བྱུང་བ་དྲི་མ་མེད་པ་ནི་སློབ་པའོ། །དགྲ་བཅོམ་
པའི་རྒྱུད་ལས་བྱུང་བ་ནི་མི་སློབ་པའོ། །ཟག་པ་དང་བཅས་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །འདུན་པ་ནི་བྱེད་འདོད་པའི་བརྩོན་འགྲུས་ཀྱི་ཡན་ལག་ཏུ་གྱུར་པ་སྟེ། འདི་ཞེས་བྱ་བ་བྱའོ་སྙམ་པ་གང་ལས་བྱུང་བའོ། །མོས་པ་ནི་སེམས་ཡུལ་རྣམས་ལ་མོས་པ་སྟེ་ཡུལ་ལམ་
ཞུམ་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །དད་པ་ནི་སེམས་དང་བ་སྟེ་དཀོན་མཆོག་གསུམ་དང་རྒྱུ་དང་འབྲས་བུར་འབྲེལ་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་སེམས་ཀྱི་རྙོག་པ་སེལ་བར་བྱེད་པའི་ཆོས་སྟོན་ཏེ། དཔེར་ན་ཆུ་དང་བར་བྱེད་པའི་ནོར་བུ་མཚོའི་ནང་དུ་བཅུག་ན། རྫབ་ཀྱི་རྙོག་པ་
ཐམས་ཅད་བསྩལ་ནས་ཆུ་གསལ་བར་བྱེད་པ་དེ་བཞིན་དུ། དད་པའི་ནོར་བུ་སེམས་ཀྱི་མཚོ་ལས་བྱུང་བས་ཀྱང་སེམས་ཀྱི་རྙོག་པ་ཐམས་ཅད་བསལ་ནས་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། ཆོས་ཀྱི་ལེགས་པར་གསུངས་པ་ཉིད་དང་། དགེ་འདུན་གྱི་ལེགས་པར་སྒྲུབ་པ་ཉིད་དང་། འདི་ལས་
ཕྱི་རོལ་ཏུ་གྱུར་པ་ཐམས་ཅད་འཁྲུལ་པར་བྱེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་མངོན་པར་དད་པའོ། །བརྩོན་འགྲུས་ནི་དགེ་བ་དང་མི་དགེ་བའི་ཆོས་སྐྱེད་པ་དང་འགོག་པ་སྤྲོ་བ་སྟེ། འཁོར་བའི་འདམ་དུ་བྱིང་བའི་སེམས་མངོན་པར་འབྱུང་བའི་དོན་གང་ཡིན་པའོ། །དྲན་པ་ནི་སེམས་ཀྱི་

མངོན་པར་བརྗོད་པ་ཉིད་དེ། བྱས་པ་དང་། བྱ་བ་དང་། བྱེད་པའི་ལས་མ་བརྗེད་ཅེས་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། སེམས་སྤྲེའུ་ལྟ་བུ་དམིགས་པ་གཅིག་ལ་འཇུག་ཅེས་བྱ་བའི་དོན་གང་ཡིན་པ་སྟེ། དཔེར་ན་སྦྲུལ་འོད་མའི་སྦུབས་སུ་བཅུག་ན་གྱ་གྱུར་མི་འགྱུར་བ་དེ་
བཞིན་དུ། སེམས་ཏིང་ངེ་འཛིན་གྱི་སྦུབས་སུ་བཅུག་ནས་དྲང་སྲོང་འགྲོའོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཆོས་རྣམ་པ་བརྒྱད་པོ་དེ་དག་གི་སྡུད་པ་དང་མཚུངས་པར་ལྡན་པ་དང་། རྒྱུ་དང་རྐྱེན་དང་འབྲས་བུ་དང་རང་དང་སྤྱིའི་མཚན་ཉིད་ལ་ཇི་ལྟར་མཐུན་
མཐུན་དུ་རྟོག་པའི་དོན་གང་ཡིན་པའོ། །རྟོག་པ་ནི་སེམས་རྩིང་བའི་མཚན་ཉིད་དོ། །གཉིས་སུ་ན་རྟོག་པ་ཞེས་ཀྱང་བྱ་སྟེ། འདུ་ཤེས་ཀྱི་རླུང་གིས་བསྐྱེད་ན། འཇུག་པ་རྣམ་པར་ཤེས་པ་རྩིང་བའི་ཚོགས་ལྔ་འཇུག་པའི་རྒྱུའི་ཆོས་སོ། །དཔྱོད་པ་ནི་སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་དེ། ཡིད་ཀྱི་
རྣམ་པར་ཤེས་པའི་འཇུག་པ་དང་མཐུན་པའི་ཆོས་སོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ། མི་འཇུག་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ། བག་མེད་པ་ལས་ཕྱིར་འཇིལ་བའི་ཆོས་སོ། །སྐྱོ་བ་ནི་འཁོར་བའི་ཉེས་པ་ལ་
རྟོག་པས་འདོད་ཆགས་དང་བྲལ་བ་དང་། མཐུན་པའི་ཆོས་ཡིད་འབྱུང་བའི་མཚན་ཉིད་དེ། སེམས་ལས་བྱུང་བའི་ཆོས་གང་བྱུང་ན་འཁོར་བ་ལ་སེམས་སྐྱོ་བར་འགྱུར་བ་དང་། གང་དང་ལྡན་པས་ཡིད་འབྱུང་བས་ཡིད་ལ་བྱེད་པ་ཞེས་བྱའོ། །མཆོག་ཏུ་དགའ་བ་ནི་མགུ་བ་དང་། རབ་ཏུ་དགའ་བ་སྟེ།
དགེ་བའི་སེམས་ལ་གནོད་པ་ལས་འབྱུང་བར་གཉེན་པོ་ཚོལ་བ་ཅན་ནོ། །དེ་རྙེད་ནས་དེ་ལ་ཡིད་ཚིམ་པ་དེ་གང་ཡིན་པ་དེ་ནི་མཆོག་ཏུ་དགའ་བའོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །རྣམ་པར་མི་འཚེ་བ་ནི། གཞན་ལ་གནོད་པ་བྱེད་པ་ལ་མངོན་པར་དགའ་བ་དང་མི་མཐུན་པའི་
སེམས་བཟང་པོ་ཉིད་དེ། གང་གི་དབང་གིས་གཞན་ལ་རྣམ་པར་ཐོ་མི་འཚམས་པའོ། །ངོ་ཚ་ཤེས་པ་ནི་རིགས་པ་ལ་གཞོལ་བ། བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བ། སྲེད་པའི་རྒྱུ་མཐུན་པ་དང་མི་མཐུན་པའི་སེམས་ཀྱི་དབང་སྟེ། གང་གི་དབང་གིས་ཡོན་ཏན་རྣམས་དང་། ཡོན་

ཏན་ཅན་རྣམས་ལ་གུས་པ་དང་བཅས་པར་གནས་པའོ། །ཁྲེལ་ཡོད་པ་ནི་ཡོན་ཏན་ལ་གོམས་པར་བྱེད་པ་སྔོན་དུ་གཏོང་བ་གཏི་མུག་གི་རྒྱུ་མཐུན་པའི་དགྲར་གྱུར་པས་ཆོས་ངན་པ་ལ་སྨོད་པ་སྟེ། གང་ཡོད་ན་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་ཡིན་ནོ། །བཏང་སྙོམས་ནི་མི་
རིགས་པ་སེལ་བ་དང་། རིགས་པ་ལ་འཇུག་པར་བྱེད་པ་ལ་བཏང་སྙོམས་སུ་བྱེད་པ་སྟེ། དེ་ཡོད་པས་སེམས་དེ་མི་རིགས་པ་ཡང་མི་སེལ། རིགས་པ་ལ་ཡང་མི་འཇུག་པར་སྲང་འཛིན་པའི་རིགས་པས་མཉམ་པ་ཉིད་དུ་གནས་པའོ། །དགེ་བའི་རྩ་བ་ནི་གསུམ་སྟེ། མ་ཆགས་པ་དང་ཞེ་སྡང་
མེད་པ་དང་གཏི་མུག་མེད་པའོ། །དེ་ལ་མ་ཆགས་པ་ནི་ཆགས་པར་གྱུར་པའི་གཉེན་པོའི་ཆོས་སོ། །ཞེ་སྡང་མེད་པ་ནི་ཁོང་ཁྲོ་བ་དང་མི་མཐུན་པའི་ཆོས་སོ། །གཏི་མུག་མེད་པ་ནི་ཤེས་རབ་ཀྱི་རང་བཞིན་ཏེ་མི་ཤེས་པ་དང་མི་མཐུན་པའི་ཆོས་སོ། །དེ་དག་ནི་བདག་ཉིད་ཀྱིས་ཀྱང་དགེ་ལ།
དགེ་བ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ན། དེའི་ཕྱིར་དགེ་བའི་རྩ་བ་རྣམས་ཏེ། སྲིད་པ་ཡིད་དུ་འོང་བ་དང་ཐར་པའི་མྱུ་གུ་མངོན་པར་སྒྲུབ་པར་བྱེད་པས། བདེ་བའི་དོན་ནི་དགེ་བའི་དོན་ཏོ། །ཡང་ན་གཟུགས་བཟང་པོ་མངོན་པར་གྲུབ་པར་བྱེད་པས་ལེགས་པར་ལོབས་པའི་དོན་ཏེ། རི་མོ་མཁན་
ལེགས་པར་ལོབས་པ་བཞིན་ནོ། །མི་དགེ་བའི་རྩ་བ་ནི་གསུམ་སྟེ། དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ། ཆགས་པ་དང་ཞེ་སྡང་དང་གཏི་མུག་གོ། །དེ་ལ་འདོད་པར་གཏོགས་པའི་སྲིད་པ་རྣམ་པ་ལྔ་ནི་ཆགས་པའོ། །ཁོང་ཁྲོ་བ་ལྔ་ནི་ཞེ་སྡང་ངོ་། །འཇིག་ཚོགས་དང་མཐར་འཛིན་
པ་དང་ལྡན་པའི་གཏི་མུག་མ་གཏོགས་པ་གཞན་འདོད་པར་གཏོགས་པའི་མ་རིག་པ་རྣམ་པ་སུམ་ཅུ་རྩ་བཞི་པོ་གང་ཡིན་པ་དེ་ནི་གཏི་མུག་གོ། །དེ་དག་ནི་བདག་ཉིད་ཀྱིས་ཀྱང་མི་དགེ་ལ། མི་དགེ་བ་གཞན་རྣམས་ཀྱི་རྩ་བར་ཡང་གྱུར་པས་ན་དེའི་ཕྱིར་མི་དགེ་བའི་རྩ་བ་རྣམས་ཏེ། སྲིད་པ་ཡིད་དུ་མི་འོང་བའི་མྱུ་
གུ་མངོན་པར་འགྲུབ་པར་བྱེད་པས་མི་བདེ་བའི་དོན་ནི་མི་དགེ་བའི་དོན་ཏོ། །ཡང་ན་གཟུགས་བཟང་པོ་མ་ཡིན་པ་མངོན་པར་འགྲུབ་པར་བྱེད་པས། མ་ལོབས་པའི་དོན་དེ་སྔ་མ་ལས་བཟློག་པའོ། །ལུང་དུ་མི་སྟོན་པའི་རྩ་བ་ནི་བཞི་སྟེ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་ཞེས་བྱ་བ་རྣམས་སོ། །

དེ་ལ་དང་པོ་ནི་གཟུགས་དང་། གཟུགས་མེད་པར་གཏོགས་པའི་སྲེད་པ་རྣམ་པ་བཅུའོ། །གཉིས་པ་ནི་དེ་ན་ཡོད་པ་ཉིད་ཀྱི་ལྟ་བ་ཉི་ཤུ་རྩ་བཞི་དང་འདོད་པར་གཏོགས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་གཉིས་སོ། །གསུམ་པ་ནི་དེར་གཏོགས་པ་ཉིད་ཀྱི་ང་རྒྱལ་རྣམ་པ་བཅུའོ། །
བཞི་པ་ནི་དེ་ན་ཡོད་པའི་མ་རིག་པ་ཉིད་དང་། འདི་ན་ཡོད་པའི་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དང་ལྡན་པའི་མ་རིག་པ་གཉིས་སོ། །བཞི་པོ་དེ་དག་ནི་ལུང་དུ་མི་སྟོན་པའི་རྩ་བ་རྣམས་སུ་འདོད་དོ། །བསམ་གཏན་གསུམ་གྱི་ཕྱིར་ཏེ། འདི་ལྟར་བསམ་གཏན་པ་གསུམ་ནི། སྲེད་པ་དང་
ལྟ་བ་དང་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་སྟེ། དེ་དག་ནི་མ་རིག་པའི་དབང་གིས་འབྱུང་ངོ་། །དགེ་བ་དང་མི་དགེ་བའི་དོན་དུ་ལུང་བསྟན་དུ་མེད་པ་དང་། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་མངོན་པར་འགྲུབ་པར་མི་བྱེད་པ་སྟེ། དེ་དག་ནི་རྩ་བ་ཡང་ཡིན་ལ་ལུང་དུ་མི་སྟོན་པ་གཞན་
རྣམས་ཀྱི་རྩ་བར་ཡང་གྱུར་པས་ལུང་དུ་མི་སྟོན་པ་རྣམས་སོ། །ཀུན་དུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང་། ལྟ་བ་དང་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་ཕྲག་དོག་དང་། སེར་སྣ་ཞེས་བྱ་བ་རྣམས་སོ། །དེ་ལ་ཁམས་གསུམ་པའི་
འདོད་ཆགས། ཆགས་པའི་མཚན་ཉིད་རྒྱ་སྐྱེགས་ཞུ་བ་འབྱར་བ་ལྟ་བུའི་ཆོས་ཀྱི་རྗེས་སུ་མ་ཆགས་པ་སྟེ། རྗེས་སུ་ཆགས་པ་ཉིད་ཀུན་དུ་སྦྱོར་བས་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བའོ། །སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས། གནོད་སེམས་ཀྱི་མཚན་ཉིད་རྩ་བའི་ས་བོན་ལྟ་བུའི་ཆོས་ནི་ཁོང་
ཁྲོ་བ་སྟེ། ཁྲོ་བ་ཉིད་ཀུན་དུ་སྦྱོར་བས་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བའོ། །བདག་དང་གཞན་ལ་དམིགས་ནས་སེམས་ཁེངས་པའི་མཚན་ཉིད་སྐྱེས་བུ་རེངས་པ་ལྟ་བུའི་ཆོས་ནི་ང་རྒྱལ་ལོ། །དེ་ཡང་རྣམ་པ་བདུན་ཏེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་
རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །དེ་ལ་ང་རྒྱལ་ནི་ཆུང་ངུ་བས་བདག་རུས་དང་རིགས་དང་གཟུགས་དང་། ནོར་དང་ཐོས་པ་དང་། ཚུལ་ཁྲིམས་དང་། བཟོ་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པའམ། རུས་ལ་

སོགས་པ་འདྲ་བ་དང་མཚུངས་སོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་དེ་ནི་ང་རྒྱལ་ཞེས་བྱའོ། །ཆེ་བའི་ང་རྒྱལ་ནི་མཚུངས་པ་བས་བདག་རུས་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པའམ། ཆེ་བ་དང་མཚུངས་སོ་སྙམ་པ་དེས་དྲངས་པའི་སེམས་ཁེངས་པ་ནི་ཆེ་
བའི་ང་རྒྱལ་ལོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་ཆེ་བ་བས་ཀྱང་བདག་ཆེས་ཆེ་ལོ་སྙམ་པ་དེས་དྲངས་པའི་སེམས་ཁེངས་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་བདག་ཏུ་ལྟ་བའི་རྗེས་ལས་བྱུང་བའི་སེམས་ཁེངས་པའོ། །མངོན་པའི་ང་རྒྱལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་གོང་མའི་ཁྱད་
པར་ཐོབ་པར་བྱ་བ་མ་ཐོབ་པ་བདག་གིས་ཐོབ་པོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་ཀྱི་རློམ་སེམས་སོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་ལ་སོགས་པ་ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་བར་ལྟ་ཞིང་དེས་རློམ་སེམས་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་
དང་ལྡན་ཡང་བདག་ཡོན་ཏན་དང་ལྡན་པར་ལྟ་ཞིང་དེས་རློམ་སེམས་པའོ། །ང་རྒྱལ་བདུན་པོ་འདི་དག་ནི་ང་རྒྱལ་གྱི་ཀུན་དུ་སྦྱོར་བ་ཞེས་བྱའོ། །མ་རིག་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་མི་ཤེས་པ་མི་རྟོགས་པའི་མཚན་ཉིད་ལོང་བ་ལྟ་བུ་སྟེ། རིག་པའི་གཉེན་པོ་ནི་མ་རིག་པ་ཞེས་བྱའོ། །དགག་པ་ནི་གཉེན་པོ་
ལ་གཞག་པའི་ཕྱིར། །མི་མཛའ་བ་དང་མི་བདེན་པ་ལ་སོགས་པ་བཞིན་ནོ། །མ་རིག་པ་ཉིད་ཀུན་དུ་སྦྱོར་བས་ན་མ་རིག་པའི་ཀུན་དུ་སྦྱོར་བའོ། །འཇིག་ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་གསུམ་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་མེད་
པ་བདག་གི་མེད་པ་རྣམས་ལ། བདག་དང་བདག་གི་ཚུལ་གྱིས་ཞུགས་པ། ཉོན་མོངས་པ་ཅན་གྱི་བློ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་སོ། །དེ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་མ་ཡིན་རྟག་པ་མ་ཡིན་པ་དེ་དག་
ཉིད་ལ། ཆད་པ་དང་རྟག་པའི་ཚུལ་གྱིས་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་ནི་མཐར་འཛིན་པར་ལྟ་སྟེ། མཐའ་གཉིས་སུ་ཞུགས་པའི་ཕྱིར་རོ། །ལས་མེད་དོ་ལས་ཀྱི་འབྲས་བུ་མེད་དོ། །ཐར་པ་མེད་དོ། །དེ་ཐོབ་པར་བྱེད་པའི་ལམ་ཡང་མེད་དོ་སྙམ་དུ་དེ་ལྟར་དངོས་པོ་ཡང་ཡང་དག་པར་

འཇིག་པར་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་གང་ཡིན་པ་དེ་ནི་ལོག་པར་ལྟ་བའོ། །ལྟ་བ་གསུམ་པོ་དེ་དག་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །མཆོག་ཏུ་འཛིན་པ་གཉིས་སོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ། །
དེ་ལ་ལྟ་བ་མཆོག་མ་ཡིན་པ་དེ་དག་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མཆོག་མ་ཡིན་པ་རྣམས་ལ། མཆོག་སྙམ་དུ་མཆོག་འཛིན་པའི་བློའི་བྱེ་བྲག་གང་ཡིན་པ་དེ་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། རྟོགས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས་སྤངས་
པའོ། །བརྟུལ་ཞུགས་ནི་ཁྱི་དང་རི་དགས་དང་། བ་ལང་གི་བརྟུལ་ཞུགས་དང་། གཅེར་བུ་དང་ཐལ་བའི་ནང་ན་ཉལ་བ་དང་། སྐྲ་འབལ་བ་དང་འབབ་སྟེགས་སུ་འཁྲུ་བ་དང་། འབྲས་བུ་དང་རྩ་བ་ཟ་བ་དང་རལ་བ་ཐོགས་པ་ལ་སོགས་པ་སྟེ། དག་པའི་བདག་ཉིད་མ་ཡིན་པ། དེ་གཉི་
ག་ལ་དག་པར་ཡིད་ཆེས་པའི་བློའི་བྱེ་བྲག །བྲམ་ཟེ་ཆོ་ག་ཅན་གཙང་སྦྲ་འདོད་པ་ལྟ་བུའི་ཆོས་གང་ཡིན་པ་དེ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཆོག་ཏུ་འཛིན་པ་གཉིས་པོ་དེ་དག་ནི་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ། །ཐེ་ཚོམ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་
དང་། འགོག་པ་དང་ལམ་ཞེས་བྱ་བ་བདེན་པ་རྣམས་ལ་ཡིད་གཉིས་ཟ་བ། ལམ་ཁ་བྲག་དང་རྩ་མི་འདྲ་བའི་ཆོས་ཡིན་ཏེ། འདི་སྡུག་བསྔལ་ཡིན་ནམ་འདི་སྡུག་བསྔལ་མ་ཡིན་སྙམ་པ་ལ་སོགས་པའོ། །ཐེ་ཚོམ་ཉིད་ཀུན་དུ་སྦྱོར་བས། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བའོ། །ཕྲག་དོག་ནི་ཕ་རོལ་དུ་
འབྱོར་བ་ལ་མི་བཟོད་པ་སྟེ། ཕ་རོལ་པོ་ནོར་དང་ལྡན་ནམ་མཁའ་ནས་བཀུར་བ་རྣམས་ལ། སེམས་ཁོང་ནས་འཁྲུག་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕྲག་དོག་ཉིད་ཀུན་དུ་སྦྱོར་བས་ཕྲག་དོག་གི་ཀུན་དུ་སྦྱོར་བའོ། །དངོས་པོ་འདི་བདག་ལས་གཞན་ལ་མི་གཏོང་ངོ་སྙམ་པའི་སེམས་ཀྱིས་ཀུན་
དུ་འཛིན་པ་གང་ཡིན་པ་དེ་ན་སེར་སྣ་སྟེ། དེ་ཉིད་ཀུན་དུ་སྦྱོར་བས་སེར་སྣའི་ཀུན་དུ་སྦྱོར་བའོ། །ཀུན་དུ་སྦྱོར་བའི་དོན་ནི་འཆིང་བའི་དོན་ཏེ། ཇི་སྐད་དུ་འཇིག་རྟེན་མགོན་པོས་ཀྱང་། མིག་གཟུགས་རྣམས་ལ་ཀུན་དུ་མི་སྦྱོར་ལ། གཟུགས་རྣམས་ཀྱང་མིག་ལ་མ་ཡིན་མོད་ཀྱི། དེ་ལ་འདོད་པ་ལ་

འདོད་ཆགས་གང་ཡིན་པ་དེ་ནི་འདིར་ཀུན་དུ་སྦྱོར་བ་སྟེ། དཔེར་ན་བ་ལང་ནག་པོ་ཡང་བ་ལང་དཀར་པོ་ལ་ཀུན་དུ་མི་སྦྱོར་ལ། བ་ལང་དཀར་པོ་ཡང་བ་ལང་ནག་པོ་ལ་མ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཀུན་དུ་སྦྱོར་བ་རྣམས་ནི་འཆིང་བའི་དོན་ཡིན་ལ། ཀུན་དུ་
སྦྱོར་བ་གང་དག་ཡིན་པ་དེ་དག་འཆིང་བ་ལ་ཡང་ཡིན་མོད་ཀྱི་འོན་ཀྱང་གཙོ་བོར་གྱུར་པའི་ཕྱིར། དེ་བཞིན་གཤེགས་པས་མདོ་ལས། འདོད་ཆགས་ནི་འཆིང་བ། ཞེ་སྡང་ནི་འཆིང་བ། གཏི་མུག་ནི་འཆིང་བ་ཞེས་འཆིང་བ་གསུམ་གསུངས་ཏེ། དེ་དག་གི་མཚན་ཉིད་ནི་བཤད་ཟིན་ཏོ། །ཕྲ་
རྒྱས་ནི་བདུན་ཏེ། འདོད་པ་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། སྲེད་པའི་འདོད་ཆགས་དང་། ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་གྱི་ཕྲ་རྒྱས་སོ། །དེ་རྣམས་ཀྱི་མཚན་ཉིད་ནི་ཀུན་དུ་སྦྱོར་བ་བསམ་པའི་སྐབས་སུ་བཤད་ཟིན་ཏོ། །ཁམས་དང་ཚུལ་དང་རྣམ་པའི་བྱེ་བྲག་
དེ་དབྱེ་བར་བྱའོ། །དེ་ལ་འདོད་པ་རྣམས་ལ་འདོད་ཆགས་ནི་འདོད་པའི་འདོད་ཆགས་སོ། །དེ་ཉིད་ཕྲ་རྒྱས་ཡིན་པས་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མཐོང་བ་དང་།
བསྒོམ་པས་སྤང་བར་བྱ་བ་ནི་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །སྡུག་བསྔལ་ལ་སོགས་པ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་ལྔ་ནི་ཁོང་ཁྲོ་བའི་ཕྲ་རྒྱས་སོ། །གཟུགས་དང་གཟུགས་མེད་པའི་འདོད་ཆགས་བཅུ་པོ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་། བསྒོམ་
པས་སྤང་བར་བྱ་བ་ནི་སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །ནང་དུ་བལྟས་པར་གྱུར་པ་དང་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་ཁམས་གཉིས་ནས་སྐྱེད་པའི་འདོད་ཆགས་སོ་ཞེས་བདེ་བར་གཤེགས་པས་གསུངས་སོ། །དེ་བཞིན་དུ་ཁམས་གསུམ་
པའི་ང་རྒྱལ་བཅོ་ལྔ། སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་ཕྲ་རྒྱས་སོ། །མ་རིག་པའི་ཕྲ་རྒྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ཁམས་གསུམ་པའི་ལྟ་བ་སུམ་ཅུ་རྩ་དྲུག་པོ་དག་ནི་ལྟ་བའི་ཕྲ་རྒྱས་ཏེ། དེ་ལས་འདོད་པར་གཏོགས་པའི་འཇིག་ཚོགས་

ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། རྒྱུ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ