Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 146

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་མཐོང་བ་དེ་ཐམས་ཅད་ནི་ཉེ་

བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་སྟེ། ལྔ་གང་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གཟུགས་བདག་ཡིན་ནོ། །གཟུགས་བདག་དང་ལྡན་ནོ། །བདག་ལ་གཟུགས་ཡོད་དོ། །གཟུགས་ལ་བདག་ཡོད་དོ་ཞེས་
ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟའོ། །དགེ་སྦྱོང་ངམ། བྲམ་ཟེ་དེ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཡིན་ནོ། །རྣམ་པར་ཤེས་པ་བདག་དང་ལྡན་ནོ། །བདག་ལ་རྣམ་པར་ཤེས་པ་ཡོད་དོ། །རྣམ་པར་ཤེས་པ་
ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟའོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་སྟེ། བདག་གམ། བདག་གོ་ཞེས་བྱ་བ་ནི་མི་མཁས་པ་རྣམས་ཡིན་ནོ། །ངའི་ཞེས་བྱ་བ་
དང་། ངའི་མ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་དང་མ་བྲལ་ན་བདག་ཅེས་མཐོང་བ་དང་མ་བྲལ་བས་དབང་པོ་རྣམས་འཕོ་ཞིང་རེག་སྟེ། དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་གང་ཡང་རུང་བ་ཞིག་གི་རེག་པས་རེག་པའི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་
པ་དག་བདེ་བ་དང་། སྡུག་བསྔལ་མྱོང་ཞིང་ཉེ་བར་ལེན་ཏེ། དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་དེ། དགེ་སློང་དག་ཡིད་ཀྱི་ཁམས་དང་། ཆོས་དང་མ་རིག་པའི་ཁམས་
ཡོད་དེ། དགེ་སློང་དག་མ་རིག་པའི་འདུས་ཏེ་རེག་པས་རེག་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ལ་ངའི་ཞེས་བྱ་བ་དང་། ངའི་མ་ཡིན་ཞེས་བྱ་བ་དང་། བདག་འདི་ན་ཞེས་བྱ་བ་དང་། བདག་བཟང་ངོ་ཞེས་བྱ་བ་དང་། བདག་ངན་ནོ་ཞེས་བྱ་བ་དང་། བདག་དང་
འདྲའོ་ཞེས་བྱ་བ་ཚོར་བར་འགྱུར་རོ། །མ་མཐོང་ངོ་ཞེས་བྱ་བ་དང་། མ་ཤེས་ཞེས་བྱ་བ་མྱོང་བར་འགྱུར་ཞིང་དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་ལ་གནས་པར་འགྱུར་རོ། །གཞན་ཡང་འཕགས་པ་ཉན་ཐོས་ཐོས་པ་དང་མི་ལྡན་ཞིང་མ་རིག་པ་དང་བྲལ་ཞིང་རིག་པ་སྐྱེས་པ་དག་མ་རིག་

པ་དང་བྲལ་ཞིང་རིག་པ་སྐྱེས་པས་ངའོ་ཞེས་བྱ་བ་དང་། ངའི་མ་ཡིན་ནོ་ཞེས་བྱ་བ་དང་། བདག་འདི་ན་ཞེས་བྱ་བ་དང་། བདག་བཟང་ངོ་ཞེས་བྱ་བ་དང་། བདག་ངན་ནོ་ཞེས་བྱ་བ་དང་། བདག་དང་འདྲའོ་ཞེས་བྱ་བར་ཚོར་བར་མི་འགྱུར་ཞིང་མ་མཐོང་ངོ་ཞེས་བྱ་བ་དང་། མ་ཤེས་སོ་
ཞེས་བྱ་བར་ཚོར་བར་མི་འགྱུར་ཞིང་གནས་སོ། །དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་སྔོན་གྱི་མ་རིག་པའི་འདུས་ཏེ་རེག་པའི་ཚོར་བ་དག་འགགས་པ་དང་ནུབ་པར་གྱུར་ཅིང་རིག་པའི་རེག་པས། ཚོར་བ་ཕྱི་མ་དག་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །ཕྱིན་ཅི་ལོག་
ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་བཞི་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་བྱེད་པ་སྟེ། སེམས་ཅན་རྣམས་ཀྱི་སེམས་ཕྱིན་
ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་བྱེད་པ་དྲུ་བུ་འཛིངས་པ་ལྟ་བུ་ཐགས་འཛིངས་པ་ལྟ་བུ་སྐྱེ་ཞིང་འཇིག་པ་རྩྭ་མུཉྫ་དང་བལ་བ་ཛ་ལྟ་བུ་སྐྱེ་ཞིང་འཇིག་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཉིང་མཚམས་སྦྱོར་བར་བྱེད་པ། ཕ་རོལ་ནས་འདིར་ཉིང་
མཚམས་སྦྱོར་ཞིང་འཁོར་ལ་འཁོར་བར་འཇུག་པར་བྱེད་པ་དག་གོ །བཞི་གང་ཞེ་ན། མི་རྟག་པ་ལ་རྟག་གོ་ཞེས་སེམས་ཅན་རྣམས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་འདིས་སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་ཏུ་བྱེད་
པ་དྲུ་བུ་འཛིངས་པ་ལྟ་བུ། ཐགས་འཛིངས་པ་ལྟ་བུ། རྩྭ་མུཉྫ་དང་བལ་བ་ཛ་ལྟ་བུ་སྐྱེ་ཞིང་འཇིག་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཉིང་མཚམས་སྦྱོར་བ་ཕ་རོལ་ནས་འདིར་ཉིང་མཚམས་སྦྱོར་ཞིང་འཁོར་ལ་འཁོར་བར་འཇུག་པར་བྱེད་པ་དག་གོ། །སྡུག་བསྔལ་བ་ལ་བདེ་བའོ་ཞེས་
བྱ་བ་དང་མི་གཙང་བ་ལ་གཙང་ངོ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་གོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་དག་གིས་ཕྱིན་ཅི་ལོག་ཏུ་བྱེད་པ་སྟེ། སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་དང་ལྟ་བ་ཕྱིན་ཅི་ལོག་ཏུ་བྱེད་པ་དྲུ་བུ་འཛིངས་པ་ལྟ་བུ་རྩྭ་མུཉྫ་དང་བལ་བ་ཛ་ལྟ་བུ་

སྐྱེ་ཞིང་འཇིག་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཉིང་མཚམས་སྦྱོར་བར་བྱེད་པ་ཕ་རོལ་ནས་འདིར་ཉིང་མཚམས་སྦྱོར་ཞིང་འཁོར་ལ་འཁོར་བར་འཇུག་པར་བྱེད་པ་དག་གོ། །གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་ཆོས་སྟོན་པར་འགྱུར་ཞིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ། །འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཆོས་སྟོན་པར་འགྱུར་ཏེ། དགེ་སློང་དག་
གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཆོས་སྟོན་པ་ཐོས་ཤིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ། །འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
མོ་ཞེས་ཆོས་སྟོན་པ་མཐོང་བ་དེ་དག་མི་རྟག་པ་ལ་རྟག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་སྤོང་བར་འགྱུར་ཞིང་། སྡུག་བསྔལ་བ་ལ་བདེ་བའོ་ཞེས་བྱ་བ་དང་། མི་གཙང་བ་ལ་གཙང་ངོ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་གོ་ཞེས་
བྱ་བ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དག་སྤོང་བར་འགྱུར་རོ། །སེམས་ཅན་མི་རྟག་རྟག་འདུ་ཤེས། །སྡུག་བསྔལ་བ་ལ་བདེར་འདུ་ཤེས། །བདག་མེད་པ་ལ་བདག་དང་ནི། །མི་གཙང་གཙང་བའི་འདུ་ཤེས་ཅན། །ཕྱིན་ཅི་ལོག་གྱུར་སེམས་
ཅན་རྣམས། །སེམས་གཡེངས་འདུ་ཤེས་བྲལ་བར་གྱུར། །དེ་དང་ལྡན་པའི་སྐྱེ་བོ་རྣམས། །ཡིད་མི་བདེ་བ་ཉིད་མི་འགྱུར། །བེའུ་དག་མ་ཡི་ཕྱིར་འབྲང་བ། །སྐྱེ་དང་རྒ་བའི་རྗེས་སུ་འཇུག །གང་ཚེ་འཇིག་རྟེན་རྫོགས་སངས་རྒྱས། །ལྷ་མི་ཕན་པར་བཞེད་པ་པོ། །སྤྱན་ལྡན་ཉོན་
མོངས་ལས་རྒལ་བ། །དེ་བཞིན་གཤེགས་རྣམས་བྱུང་བ་ན། །སྡུག་བསྔལ་སྡུག་བསྔལ་འགོག་པ་དང་། །སྡུག་བསྔལ་ཀུན་དུ་འབྱུང་བ་དང་། །སྡུག་བསྔལ་ཡང་དག་འདའ་བ་ཡི། །ཞི་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་དག། སྡུག་བསྔལ་ཐམས་

ཅད་འགོག་པའི་ཆོས། །ཉེ་བར་སྟོན་བྱེད་དེ་ཡི་ཚེ། །མི་རྟག་མི་རྟག་ཉིད་དུ་མཐོང་། །སྡུག་བསྔལ་སྡུག་བསྔལ་ཉིད་མཐོང་སྟེ། །བདག་མེད་པ་ལ་བདག་མེད་དང་། །མི་གཙང་མི་གཙང་ཉིད་དུ་རྟོགས། །དེ་ནི་འགྲུབ་བདེ་ཐོབ་འགྱུར་ཞིང་། །མཐོང་བའི་ཆོས་ལ་མྱ་ངན་འདས། །
འཇིགས་པ་ཐམས་ཅད་ལས་རྒལ་ཞིང་། །སྲེད་པ་ཀུན་དང་བྲལ་བར་འགྱུར། །ཞེས་གསུངས་སོ། །མདོ་ལས་ཀྱང་ཇི་སྐད་དུ་ཞེས་བྱ་བ་ལ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་རྣམས་ཏེ། བཞི་གང་ཞེ་ན། སྡུག་བསྔལ་
འཕགས་པའི་བདེན་པ་དང་། །སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །གང་ཡང་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་
ལྟ་བ་བཞིན་རབ་ཏུ་ཤེས་ཤིང་འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དེས་དེའི་ཚེ་མི་རྟག་པ་ལ་རྟག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་
ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དེ་དག་སྤོང་བར་བྱེད་དོ། །སྡུག་བསྔལ་བ་ལ་བདེ་བའོ་ཞེས་བྱ་བ་དང་། མི་གཙང་བ་ལ་གཙང་བའོ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་སྤོང་
བར་བྱེད་དོ་ཞེས་གསུངས་སོ། །གང་ཡང་མདོ་ལས་གནས་བརྟན་ཀུན་དགའ་བོས་འཕགས་པ་ངག་གི་དབང་ཕྱུག་གི་དབང་དུ་མཛད་ནས་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་ཕྱི་བཞིན་
འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ངག་གི་དབང་ཕྱུག་དང་ལྷན་ཅིག་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ངག་གི་དབང་ཕྱུག་གིས་བུད་མེད་ཀྱི་ཚོགས་གཞོན་ནུ་མ་ཁ་དོག་དང་ལྡན་པ་དགའ་དགའ་ལྟ་བུ་གཞན་དང་གཞན་དག་མཐོང་ནས་འདོད་ཆགས་ཀྱི་

སེམས་སྐྱེས་ཏེ། དེ་ནས་ཚེ་དང་ལྡན་པ་ངག་གི་དབང་ཕྱུག་འདི་སྙམ་དུ་བདག་གིས་བུད་མེད་ཀྱི་ཚོགས་གཞོན་ནུ་མ་ཁ་དོག་དང་ལྡན་པ་དགའ་དགའ་ལྟ་བུ་གཞན་དང་གཞན་དག་མཐོང་ནས་ཆགས་པའི་སེམས་སྐྱེས་པ་ནི་བདག་གིས་མ་རྙེད་ཅིང་རྙེད་པ་མ་ཡིན་ལ་
ངན་པ་རྙེད་ཀྱིས་བཟང་པོ་མ་རྙེད་དོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འདོད་པའི་འདོད་ཆགས་ཟིལ་ནོན་པས། །སེམས་ནི་ཡོངས་སུ་གདུངས་པར་གྱུར། །གཽ་ཏམ་བདག་ལ་ཐུགས་བརྩེ་བས། །ཉེ་བར་ཞི་བའི་ཐབས་གསུངས་ཤིག །འདུ་
ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུངས། །སྡུག་པའི་མཚན་མར་འཛིན་སྤངས་ནས། །འདོད་ཆགས་ཉེ་བར་སྤོང་བར་འགྱུར། །མི་སྡུག་བསྒོམ་ལ་རྟག་ཏུ་ཁྱོད། །རྩེ་གཅིག་ལེགས་པར་འཇོག་པར་གྱིས། །མི་སྡུག་མེ་ཡིས་སྐམས་ནས་ནི། །ཡང་
དང་ཡང་དུ་སྲེག་མི་འགྱུར། །འདུ་བྱེད་དམན་པ་ཉིད་དང་ནི། །དེ་བཞིན་སྡུག་བསྔལ་བདག་མེད་མཐོང་། །ལུས་སུ་གཏོགས་པ་དྲན་བྱས་ནས། །ཤིན་ཏུ་སྐྱོ་བ་མང་བར་འགྱུར། །མཚན་མ་མེད་པ་བསྒོམ་བྱས་ནས། །ང་རྒྱལ་ཕྲ་རྒྱས་ཞི་བར་འགྱུར། །དེ་ནས་ང་རྒྱལ་མངོན་
རྟོགས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་སོ། །ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་འདི་ཉིད་མཆོག་ཡིན་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ངས་མཆོག་ཏུ་གདགས་པ་བཅུ་བཤད་པར་བྱ་སྟེ། དེ་ལེགས་
པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །མཆོག་ཏུ་གདགས་པ་བཅུ་གང་ཞེ་ན། ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཇི་སྲིད་དུ་རང་གི་ས་ལས་རྣམ་པར་རྒྱལ་ཏེ། ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཅེས་གང་དུ་བཏགས་ནས་གྲགས་པ་འཇུག་པ་སྟེ། སེམས་ཅན་དེ་
དག་རྣམས་ལས་ཀོ་ས་ལའི་རྒྱལ་པོ་མཆོག་ཅེས་བྱ་སྟེ། ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་གཞན་དུ་སྲིད་པ་སྟེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདི་ལྟར་རིག་ནས་དེའི་ཕྱིར་སྐྱོ་བར་འགྱུར་ཞིང་དེ་ལ་འདོད་ཆགས་དང་བྲལ་བ་

དང་། འདོད་ཆགས་དང་བྲལ་བ་དེ་ལས་གྲོལ་བ་དང་རྣམ་པར་གྲོལ་བར་འགྱུར་ཏེ། མཆོག་ལ་ཡང་སྐྱོ་བར་འགྱུར་ན་དམན་པ་ལ་ལྟ་སྨོས་ཀྱང་ཅི་ཞིག་དགོས་ཏེ། འདི་ནི་མཆོག་ཏུ་གདགས་པ་དང་པོའོ། །ཇི་སྲིད་དུ་ཉི་མས་མུན་པ་འཕྲོག་ཅིང་ཕྱོགས་སྣང་བར་བྱེད་པ་དེ་སྲིད་དུ་
སྟོང་གི་འཇིག་རྟེན་ཞེས་བྱ་སྟེ་ཉི་མ་སྟོང་དང་ཟླ་བ་སྟོང་དང་རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ལྷོའི་འཛམ་བུ་གླིང་སྟོང་དང་། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་དང་
འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་སྟོང་རྣམས་དང་། ཚངས་པའི་འཇིག་རྟེན་སྟོང་རྣམས་ཏེ། འདི་ནི་སྟོང་གི་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དེ་དག་ལས་ཚངས་པ་སྟོང་གི་
བདག་པོ་ནི་མཆོག་ཅེས་བརྗོད་པར་བྱའོ། །ཚངས་པ་སྟོང་གི་བདག་པོ་དེ་ཡང་མི་རྟག་པ། ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་མཆོག་ཏུ་གདགས་པ་གཉིས་པའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འཇིག་
རྟེན་འདི་འཇིག་པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེ་ན་གཟུགས་ཅན་ཡིད་ལས་བྱུང་བ་དབང་པོ་མ་ཉམས་ཤིང་ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་
དོག་དང་དབྱིབས་ལེགས་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། །དགའ་བ་ཟ་ཞིང་དགའ་བའི་ཟས་ཅན། ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། འོད་གསལ་གྱི་ལྷའི་རིས་སུ་སྐྱེས་ནས་རིང་དུ་མ་ལོན་པའི་ལྷ་དེ་དག་ལས་འོད་གསལ་གྱི་ལྷའི་རིས་སུ་སྐྱེས་པ་དེ་དག་མཆོག་ཅེས་
བརྗོད་པར་བྱའོ། །འོད་གསལ་གྱི་ལྷའི་རིས་སུ་སྔར་སྐྱེས་པ་དེ་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འདི་ནི་མཆོག་ཏུ་གདགས་པ་གསུམ་པའོ། །ལམ་ནི་རྣམ་པ་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་

ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་ཡོད་དེ། དེ་དག་ལས་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་འདི་ནི་མཆོག་ཅེས་བརྗོད་
པར་བྱ་སྟེ། དེ་བཞིན་དུ་སྒྲུབ་པའི་སེམས་ཅན་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་མཆོག་ཏུ་གདགས་པ་བཞི་པའོ། །འདུ་ཤེས་ནི་རྣམ་པ་བཞི་སྟེ། ཆུང་ངུ་དང་ལྷན་ཅིག་སྐྱེ་བ་དང་། རྒྱ་ཆེན་
པོ་དང་། ཚད་མེད་པ་དང་། ཅུང་ཟད་མེད་དོ་ཞེས་ཅུང་ཟད་མེད་པ་དང་ལྷན་ཅིག་སྐྱེས་པའི་འདུ་ཤེས་སོ། །དེ་དག་ལས་གང་འདུ་ཤེས་ནི་ཅུང་ཟད་ཀྱང་མེད་དོ་ཞེས་ཅུང་ཟད་མེད་པ་དང་ལྷན་ཅིག་སྐྱེས་པའི་འདུ་ཤེས་ནི་འདུ་ཤེས་འདི་དག་ལས་མཆོག་ཅེས་བརྗོད་པར་བྱ་ཞིང་། དེ་བཞིན་
དུ་འདུ་ཤེས་མེད་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་དང་། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་ལྔ་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན།
ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཅུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་དན་པ་རྣམས་ལ་ལྟ་བ་ན་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་འདི་ལྟ་བུའི་འདུ་ཤེས་ཅན་དུ་གྱུར་པ་སྟེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ་ཞེས་
སྔར་མཛོད་ཀྱི་གནས་དང་པོར་བཤད་པ་བཞིན་ནོ། །དེ་དག་ལས་གང་གཟུགས་མེད་པར་འདུ་ཤེས་པར་ཕྱི་རོལ་གྱི་གཟུགས་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་འདི་ལྟ་སྟེ། སྐར་མ་པ་བ་སངས་ལྟ་བུ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་དག་ལས་ཟིལ་གྱིས་གནོན་པའི་
སྐྱེ་མཆེད་འདི་ནི་མཆོག་ཅེས་བརྗོད་དོ། །དེ་བཞིན་དུ་ཟིལ་གྱིས་གནོན་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་དྲུག་པའོ། །ཟད་པར་གྱི་སྐྱེ་མཆེད་ནི་

རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། ཟད་པར་ས་དང་ལྷན་ཅིག་སྐྱེས་པ་སྟེང་དང་འོག་དང་ལོགས་སུ་གཉིས་མེད་ཅིང་ཚད་མེད་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཟད་པར་རྣམ་པར་ཤེས་པའི་བར་དུ་སྟེ། ཟད་པར་གྱི་སྐྱེ་མཆེད་དེ་དག་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཟད་པར་
གྱི་སྟེང་དང་འོག་དང་ལོགས་སུ་གཉིས་མེད་ཅིང་ཚད་མེད་པ་ཞེས་བྱ་བའི་བར་གྱི་སྐྱེ་མཆེད་འདི་ནི་མཆོག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་ཟད་པར་གྱི་སྐྱེ་མཆེད་དེ་ལ་སྙོམས་པར་ཞུགས་པའི་སེམས་ཅན་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་
དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་བདུན་པའོ། །ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་མཆོག་ནི་བདག་འབྱུང་བར་མ་གྱུར་ཅིག །བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བ་འདི་ཉིད་མཆོག་ཡིན་ཏེ། དེ་བཞིན་དུ་ལྟ་
བར་གྱུར་པའི་སེམས་ཅན་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་བརྒྱད་པའོ། །ཕྱི་རོལ་པའི་གཙང་ཞིང་དག་པར་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ།
འདི་ལྟ་སྟེ། མཆོག་ཏུ་དག་པར་སྨྲ་བར་བཏགས་པ་སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མའོ། །དེ་བཞིན་དུ་ཡོངས་སུ་དག་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་
ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་དགུ་པའོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་བཏགས་པ་རེག་པའི་སྐྱེ་མཆེད་དྲུག་མ་ལུས་པར་སྤངས་པ། ངེས་པར་སྤངས་
པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ་འགོག་པ། ཉེ་བར་ཞི་བ། ནུས་པ་སྟེ། དེ་བཞིན་དུ་མྱ་ངན་ལས་འདས་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་

ཏུ་གདགས་པ་བཅུ་པའོ་ཞེས་གསུངས་སོ། །བར་སྡོམ་ལ། སྡེ་རབ་ཕམ་བྱེད་ཚངས་པ་དང་། །འོད་གསལ་ལམ་དུ་འདུ་ཤེས་དང་། །ཟིལ་གནོན་ཟད་པར་སྐྱེ་མཆེད་དང་། །ལྟ་བ་རྣམ་དག་མྱ་ངན་འདས། །གང་ཡང་མདོ་ལས་ལུང་དུ་མ་བསྟན་པའི་
དངོས་པོ་བཅུ་བཞི་འབྱུང་ཞེས་བྱ་བ་ལ། ལུང་རིང་པོའི་མདོ་དགུ་པ་ལས་དགེ་སློང་དག་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་འདི་སྐད་དུ་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་རྟག་གོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བ་དང་། མི་རྟག་གོ་ཞེས་བྱ་བ་དང་། རྟག་
ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་བྱ་བ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་ཡིན་ལ་མཐའ་མེད་པ་ཡང་ཡིན་ཞེས་བྱ་བ་དང་། མཐའ་དང་བཅས་པ་ཡང་མ་ཡིན་
མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་དང་། ལུས་དེ་ཉིད་སྲོག་ཅེས་བྱ་བ་དང་། ལུས་ལས་སྲོག་དེ་གཞན་ནོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་
ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ཇི་ལྟར་ལུང་སྟོན་པར་བྱེད་ཅེས་འདྲི་བར་འགྱུར་བའི་གནས་ཡོད་དོ། །དེ་ལ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གང་གི་ཚེ་གཞན་མུ་
སྟེགས་ཅན་ཀུན་དུ་རྒྱུ་དག་འདི་སྐད་དུ་ཅིའི་ཕྱིར། ཁྱེད་ཅག་དགེ་སྦྱོང་གཽ་ཏ་མས་ཆོས་འདི་དག་ཕྱོགས་གཅིག་ཏུ་ལུང་མ་བསྟན་ཅེས་འདྲི་ན་འདི་སྐད་དུ་བརྗོད་པར་བྱ་སྟེ། འདི་དག་ནི་དོན་ལ་ཉེ་བར་མི་མཁོ་བ། ཆོས་ལ་ཉེ་བར་མི་མཁོ་བ། ཚངས་པར་སྤྱོད་པ་ལ་ཉེ་བར་མི་མཁོ་བ། མངོན་
པར་ཤེས་པ་དང་། མངོན་པར་རྟོགས་པ་དང་། མྱ་ངན་ལས་འདས་པ་མི་སྒྲུབ་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆ་གཅིག་ཙམ་ཡང་ལུང་མ་བསྟན་ཏོ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དག་འདི་སྐད་དུ་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མས་གཞན་

ཆ་ཤས་ཅི་ཞིག་ལུང་བསྟན་ཅེས་འདྲི་ན་འདི་སྐད་དུ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཕྱོགས་གཅིག་ཏུ་ལུང་བསྟན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་
འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཏུ་ལུང་བསྟན་ཏོ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གཞན་མུ་སྟེགས་ཀུན་དུ་རྒྱུ་དག་འདི་སྐད་དུ་ཅིའི་ཕྱིར་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མས་ཆོས་འདི་དག་ཕྱོགས་གཅིག་ཏུ་ལུང་བསྟན་ཅེས་འདྲི་བའི་
གནས་ཡོད་ལ། དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཆོས་འདི་དག་ནི་དོན་ལ་ཉེ་བར་མཁོ་བ། ཆོས་ལ་ཉེ་བར་མཁོ་བ། ཚངས་པར་སྤྱོད་པ་ལ་ཉེ་བར་མཁོ་བ། མངོན་པར་ཤེས་པ་དང་། མངོན་པར་རྟོགས་པ་དང་། མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དེའི་ཕྱིར་ཆོས་འདི་དག་
བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །མགོ་གཅིག་ཏུ་ལུང་བསྟན་པ་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དྲིས་པ་ལུང་བསྟན་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། མགོ་གཅིག་ཏུ་དྲིས་པ་ལུང་བསྟན་པ་དང་། རྣམ་པར་
ཕྱེ་སྟེ་དྲིས་པ་ལུང་བསྟན་པ་དང་། དྲི་བ་དྲིས་ཏེ་ལུང་བསྟན་པ་དང་། རྣམ་པར་གཞག་པ་ལུང་བསྟན་པའོ། །མགོ་གཅིག་ལུང་བསྟན་ཉིད་དང་ནི། །རྣམ་པར་ཕྱེ་བ་དེ་བཞིན་གཞན། །དྲིས་པ་ལུང་བསྟན་གསུམ་པ་སྟེ། །རྣམ་པར་གཞག་པ་བཞི་པའོ། །དྲིས་པ་ལུང་བསྟན་བཞི་པོ་དག །
དེ་དང་དེ་ལ་གོ་རིམས་བཞིན། །འདི་ལྟར་ཤེས་ཤིང་སྨྲ་བ་དག །དགེ་སློང་དེ་ཉིད་རིག་པ་ཡིན། །རྟོགས་པར་དཀའ་ཞིང་བཟོད་པར་དཀའ། །ཟབ་ཅིང་བལྟ་དཀའི་ཆོས་ཅན་ཡིན། །མཁས་པ་དོན་དང་དོན་མིན་དང་། །གཉི་ཀ་ཡང་དག་རིག་པས་ན། །དོན་མིན་ཡོངས་སུ་སྤོང་བྱེད་ཅིང་། །
དོན་དུ་གྱུར་པ་ཡོངས་སུ་འཛིན། །དོན་མངོན་རྟོགས་པའི་བསྟན་པ་དེ། །མཁས་པ་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་སོ། །དགེ་སློང་དག་གཟུགས་འདས་པ་ཞིག་ཡོད་པར་མ་གྱུར་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཟུགས་འདས་པ་དང་མ་འོངས་

པ་ཡང་མི་རྟག་ན། ད་ལྟར་བྱུང་བ་ལྟ་སྨོས་ཀྱང་ཅི་ཞིག་དགོས་ཏེ། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ལྟར་མཐོང་བ་དག་འདས་པའི་གཟུགས་ལ་བཏང་སྙོམས་སུ་བྱ་བ་ཐོབ་ཅིང་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་ཞིང་ད་ལྟར་
བྱུང་བའི་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་། འགོག་པ་ཐོབ་པར་འགྱུར་རོ། །དགེ་སློང་དག་གཟུགས་འདས་པ་ཞིག་མེད་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་བཏང་སྙོམས་སུ་བྱ་བ་ཡང་ཐོབ་པར་མི་འགྱུར་ན། གཟུགས་འདས་
པ་དག་ཡོད་དེ། དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་བཏང་སྙོམས་སུ་བྱ་བ་ཐོབ་པར་འགྱུར་རོ། །དགེ་སློང་དག་གལ་ཏེ་གཟུགས་མ་འོངས་པ་ཞིག་མེད་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་མ་འོངས་པའི་གཟུགས་ལ་མངོན་པར་མི་
དགའ་བ་ཡང་མི་འགྱུར་བ་ཞིག་ན། གཟུགས་མ་འོངས་པ་དག་ཡོད་དེ། དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་འགྱུར་རོ། །དགེ་སློང་དག་གལ་ཏེ་གཟུགས་ད་ལྟར་བྱུང་བ་ཞིག་མེད་ན་འཕགས་པ་ཉན་ཐོས་ཐོས་པ་
དང་ལྡན་པ་དག་ད་ལྟར་བྱུང་བའི་གཟུགས་ལ་སྐྱེ་བ་དང་འདོད་ཆགས་དང་བྲལ་བ་དང་འགག་པ་ཐོབ་པར་ཡང་མི་འགྱུར་བ་ཞིག་ན། གཟུགས་ད་ལྟར་བྱུང་བ་དག་ཡོད་དེ། དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་ད་ལྟར་བྱུང་བའི་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་
བྲལ་བ་དང་འགོག་པ་ཐོབ་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་འདས་པ་ཞིག་མེད་ན་ཞེས་བྱ་བ་སྔ་མ་བཞིན་ཏེ། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདས་པའི་རྣམ་པར་ཤེས་པ་ལ་བཏང་སྙོམས་སུ་བྱ་
བ་ཐོབ་པར་ཡང་མི་འགྱུར་ན་ཞེས་བྱ་བ་སྔ་མ་བཞིན་དུའོ་ཞེས་གསུངས་སོ། །གཉིས་པ་བརྟེན་ཏེ་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་སྐྱེ་མཆེད་དྲུག་གི་དབང་པོའི་སྡོམ་གྱི་ཚིགས་སུ་བཅད་པ། རེག་དང་མིང་དང་འདོད་པ་དང་། །བག་མེད་པ་ནི་གཉིས་དག་དང་། ཞེས་བྱ་བའི་མདོ་གཉིས་

པར་བསྟན་པ་དག་མཛོད་ཀྱི་གནས་གསུམ་པར། རེག་དྲུག་འདུས་ཏེ་འབྱུང་བ་ཡིན། །ཞེས་བྱ་བ་དང་། ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་ལ་ཚོགས་པའོ་ཞེས་བྱ་བ་དེར་བྲིས་པ་བལྟ་བར་བྱའོ། །གང་ཡང་ཀུན་དུ་རྒྱུ་ཐོར་ཚུགས་ཅན་རྣམས་ཀྱི་དབང་དུ་མཛད་ནས་ཞེས་
བྱ་བ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་སྨྱུག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བརྟེན་ཅིང་གནས་སོ། །དེ་ནས་བྲམ་ཟེ་ཀུན་དུ་རྒྱུ་ཐོར་ཚུགས་ཅན་མང་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་
ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དེ་ནས་ཀུན་དུ་རྒྱུ་ཐོར་ཚུགས་ཅན་
མང་པོ་དེ་དག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་ཁྱོད་ཅག་གི་སྟོན་པ་ཅི་ཞིག་སྨྲ་ཞིང་ཅི་ཞིག་འཆད་པར་བྱེད། ངའི་སྟོན་པ་འདི་སྐད་དུ་སྨྲ་ཞིང་འདི་སྐད་དུ་འཆད་དེ། ཁ་ཅིག་གིས་བྱས་ཤིང་ཉེ་བར་བསགས་ན་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་
ཞིག་སྟེ་ཤི་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བའི་མཚམས་མེད་པའི་ལས་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། ཕ་གསོད་པ་དང་། མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་
འབྱིན་པ་རྣམས་སོ། །ཤཱ་རིའི་བུ་ཅི་ལས་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དག་མེད་ན་བསམས་བཞིན་དུ་ཕ་དང་མ་དང་དགྲ་བཅོམ་པ་སྲོག་དང་བྲལ་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་
དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བའི་གནས་མེད་དོ། །དེ་ནས་བྲམ་ཟེ་ཀུན་དུ་རྒྱུ་ཐོར་ཚུགས་ཅན་དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུས་བཤད་པ་ལ་མངོན་པར་དགའ་བར་ཡང་མི་བྱེད། ཁྲོ་བར་མི་བྱེད་པར་སྟན་ལས་ལངས་ཏེ་སོང་ངོ་། །

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཀུན་དུ་རྒྱུ་ཐོར་ཚུགས་ཅན་དེ་དག་སོང་ནས་རིང་པོ་མ་ལོན་པར་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཕྱོགས་གཅིག་ཏུ་འདུག་པའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་ཀུན་དུ་རྒྱུ་
ཐོར་ཚུགས་ཅན་རྣམས་དང་ལྷན་ཅིག་གཏམ་གཞན་བརྗོད་པ་ཅི་ལྟར་གྱུར་པ་དེ་ཐམས་ཅད་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏེ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྲམ་ཟེ་ཀུན་དུ་རྒྱུ་
ཐོར་ཚུགས་ཅན་དེ་དག་གིས་མ་བསམས་ཤིང་རྗེས་སུ་མི་མཐུན་པ་སོ་སོར་བརྟགས་པའི་ཚིག་སྨྲས་ཏེ། བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པར་འདི་སྐད་དུ་ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དེ་དག་ནི་མེད་དོ། །འདི་ན་ཁ་ཅིག་གིས་ཕ་དང་མ་དང་
དགྲ་བཅོམ་པ་བསམས་བཞིན་དུ་སྲོག་དང་བྲལ་བ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་མ་ཐག་ཁོ་ནར་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་
ཞིང་གོ་སྐབས་མེད་དོ་ཞེས་ང་མི་སྨྲའོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན། ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་དེ་དག་ནི་ཡོད་དེ། མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་གིས་ཕ་དང་མ་དང་དགྲ་བཅོམ་པ་བསམས་བཞིན་དུ་སྲོག་དང་ཕྲལ་བ་དང་། དགེ་འདུན་
གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་མ་ཐག་ཁོ་ནར་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་གང་གི་ཕྱིར་ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དེ་
དག་ནི་ཡོད་ཅིང་མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་གིས་ཕ་དང་མ་དང་དགྲ་བཅོམ་པ་བསམས་བཞིན་དུ་སྲོག་དང་ཕྲལ་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་ལུས་ཞིག་མ་ཐག་ཁོ་ནར་སེམས་ཅན་དམྱལ་བར་

སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དེ་དག་ནི་ཡོད་ལ་མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་གིས་ལུས་ཀྱི་ལོག་པའི་ལམ་དང་ངག་དང་ཡིད་ཀྱི་ལོག་པའི་ལམ་དག་ཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་ལས་གང་འདས་པ་ཟད་
པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་དེ་དག་ནི་ཡོད་དེ། དེའི་ཕྱིར་འདི་ན་ཁ་ཅིག་ལུས་ཀྱི་ལོག་པའི་ལམ་དང་ངག་དང་ཡིད་ཀྱི་ལོག་པའི་ལམ་དག་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ་ལས་གང་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་དེ་དག་ནི་ཡོད་ལ་མེད་པ་མ་ཡིན་ཏེ།
འདི་ན་ཁ་ཅིག་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ལས་འདས་པ་ཟད་པ་འགགས་པ་བྲལ་བར་གྱུར་པ་དེ་དག་ཡོད་དོ། །
ཤཱ་རིའི་བུ་ལས་འདས་པ་ཟད་པ་འགགས་པ་བྲལ་བ་འགགས་པ་ཡོངས་སུ་གྱུར་པ་དེ་དག་ནི་ཡོད་ལ་མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་
རྟེན་དུ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ལས་འདས་པ་ཟད་པ་འགགས་པ་བྲལ་བར་གྱུར་པ་དེ་དག་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་གི་མདོ་ལས། བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་
པ་བདུན་པ་ལས་ཏེ། འདི་ཉིད་ཀྱི་མཛོད་ཀྱི་གནས་གསུམ་པར། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་བྱ་བའི་འགྲེལ་པར་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལས་ནི་ཡོད། རྣམ་པར་སྨིན་པ་ཡོད་དེ་ཞེས་བྱ་བ་བྲིས་པར་བལྟ་བར་བྱའོ། །གང་ཡང་བྱང་ཆུབ་སེམས་
དཔའ་ཇི་སྐད་དུ་ཞེས་བྱ་བ་ལ། ལུང་རིང་པོ་ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པའི་མདོ་དང་པོ་ལས་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་ཀྱི་བར་དུ་ཚེ་དང་ལྡན་པ་མ་འགགས་པ་ལ་བོས་ཏེ། མ་འགགས་པ་ཁྱེད་ཅག་ལྷན་ཅིག་འདུས་ཏེ་ཚོགས་ནས་

གནས་པ་རྣམས་མིའི་ཆོས་བླ་མ་ཅུང་ཟད་ཅིག་ཤེས་པ་ཡོད་ཅིང་། འཕགས་པའི་ཁྱད་པར་རྟོགས་ལ། ཤེས་པ་དང་མཐོང་བ་ལ་རིག་ནས་གནས་སམ། བཙུན་པ་དེ་བཞིན་ཏེ་བདག་ཅག་འདུས་ཏེ་ཚོགས་ཤིང་འདུག་པ་རྣམས་མིའི་
ཆོས་བླ་མ་ཅུང་ཟད་ཤེས་པ་ཡོད་ཅིང་འཕགས་པའི་ཁྱད་པར་རྟོགས་ལ་ཤེས་པ་དང་མཐོང་བ་ལ་རེག་ནས་གནས་པ་ན་གཟུགས་མཐོང་བའི་སྣང་བ་གཅིག་ཡང་དག་པར་ཤེས་ལ། དེ་ལ་གཟུགས་མཐོང་བའི་སྣང་བ་དེ་མྱུར་དུ་ནུབ་པར་གྱུར་ཏེ། བཙུན་པ་བདག་གིས་
གཟུགས་མཐོང་ཞིང་ཤེས་པ་དེའི་རྒྱུ་མཚན་ལེགས་པར་ཡིད་ལ་བྱས་ཏེ་རྟོགས་པར་ནུས་པ་མ་ཡིན་ལ། དེའི་རྒྱུ་མཚན་ཡང་ལེགས་པར་ཡིད་ལ་བྱས་ཏེ་གཟུང་བར་མི་ནུས་ལ། གང་ལས་གཟུགས་མཐོང་བའི་སྣང་བ་དེ་ནུབ་པའི་རྒྱུ་མཚན་ཡང་མི་ཤེས་སོ། །མ་
འགགས་པ་དེའི་ཕྱིར་གཟུགས་མཐོང་བའི་སྣང་བ་དེ་རྟོགས་པར་འགྱུར་བའི་རྒྱུ་མཚན་ལེགས་པར་ཡིད་ལ་གྱིས་ཤིག །དེའི་རྒྱུ་མཚན་ཡང་ལེགས་པར་ཡིད་ལ་གྱིས་ཤིག །རྒྱུ་མཚན་གང་གིས་གཟུགས་མཐོང་བའི་སྣང་བ་དེ་ནུབ་པར་གྱུར་པ་ཡང་ལེགས་པར་ཡིད་
ལ་གྱིས་ཤིག །མ་འགགས་པ་ང་ཡང་སྔོན་རྫོགས་པའི་བྱང་ཆུབ་མངོན་པར་མ་རྟོགས་པ་ན་གཟུགས་ཀྱི་སྣང་བ་གཅིག་ཡང་དག་པར་ཤེས་ཤིང་མཐོང་སྟེ། གཟུགས་མཐོང་བའི་སྣང་བ་དེ་མྱུར་དུ་ནུབ་པར་གྱུར་ཏོ། །མ་འགགས་པ་དེ་ལ་ང་འདི་སྙམ་དུ་གྱུར་ཏེ་ཅི་
བདག་གིས་གཟུགས་ཀྱི་སྣང་བ་ཡང་དག་པར་ཤེས་ཤིང་མཐོང་བ་དེ་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག །བདག་གིས་གཟུགས་མཐོང་བ་དེ་ཡང་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག །དེ་ལ་བདག་འདི་སྙམ་དུ་གྱུར་ཏེ། གང་ཡང་འཇིག་རྟེན་ན་མེད་པ་གང་
ཡིན་པ་དེ་ནི་བདག་གིས་ཤེས་པ་འམ་མཐོང་བའི་གནས་མེད་དོ། །ཡོད་པ་གང་ཡིན་པ་དེ་བདག་ལ་སྣང་ཞིང་ཡང་དག་པར་ཤེས་ཀྱི། མེད་པ་ནི་མ་ཡིན་ནོ། །གཟུགས་ཡོད་པ་གང་ཡིན་པ་དེ་མཐོང་གི །མེད་པ་ནི་མ་ཡིན་ནོ། །མ་འགགས་པ་དེ་ལ་ང་འདི་སྙམ་དུ་གྱུར་

ཏེ། ཅི་བདག་གི་སེམས་ལ་ཉེ་བའི་ཉོན་མོངས་བྱུང་བས་གཟུགས་མཐོང་བའི་སྣང་བ་དེ་ནུབ་པར་གྱུར་ཏོ། །དེ་ནས་ཡང་ང་འདི་སྙམ་དུ་བདག་གི་སེམས་ལ་ཐེ་ཚོམ་གྱི་ཉེ་བའི་ཉོན་མོངས་པ་སྐྱེས་ཏེ། ཐེ་ཚོམ་གྱི་ཉེ་བའི་ཉོན་མོངས་པ་དེ་སྒྲིབ་པའི་རྒྱུ་ཡིན་ཞིང་ཏིང་ངེ་
འཛིན་འཕོ་བར་བྱེད་པ་མིག་ཉམས་པར་བྱེད་པ་གཟུགས་མཐོང་བའི་སྣང་བ་ནུབ་པར་བྱེད་པའོ་ཞེས་གསུངས་སོ། །དགེ་སློང་དག་ཚུར་ཤོག་ངས་ནང་གདམས་ན་ནུབ་ཁྱད་པར་དུ་འགྲོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཆོས་གང་
དག་ལྷག་པར་མོས་པའི་གནས་མངོན་སུམ་དུ་བྱས་པ་དེ་དང་དེ་དག་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པ་ནི་མི་འཇིགས་པ་དང་ལྡན་པའི་དེ་བཞིན་གཤེགས་པས་མཁྱེན་ཏོ། །ངའི་ཉན་ཐོས་སྒྱུ་དང་གཡོ་མེད་ཅིང་དྲང་ལ་དྲང་པོའི་རང་བཞིན་ཅན་དག་ཚུར་ཤོག །ངས་
གདམས་པ་དང་། ངས་རྗེས་སུ་བསྟན་པ་དང་། ངས་ཆོས་དག་བསྟན་པར་བྱ་སྟེ། ནང་པར་གདམས་ན་དགོངས་ཀ་ཁྱད་པར་དུ་འགྲོ་ཞིང་དགོངས་ཀ་གདམས་ན་ནང་པར་ཁྱད་པར་དུ་འགྲོ་སྟེ། དེ་ཇི་ལྟར་ཁྱད་པར་ཅན་གྱི་ཆོས་ཡང་དག་པར་རྟོགས་པ་ན་ཡོད་པ་ཡང་ཡོད་
པར་ཤེས། མེད་པ་ཡང་མེད་པར་ཤེས། བླ་མ་དང་བཅས་པ་ལ་བླ་མ་དང་བཅས་པར་ཤེས། བླ་ན་མེད་པ་ལ་བླ་ན་མེད་པར་ཤེས། གང་ཡང་ཤེས་པར་བྱ་བ་དང་། མཐོང་བར་བྱ་བ་དང་། མངོན་པར་རྟོགས་པར་བྱ་བ་དང་། ཐོབ་པར་བྱ་བ་དེ་ཐམས་ཅད་ཤེས་པ་
དང་མཐོང་བར་འགྱུར་བའི་གནས་ཡོད་དོ། །དགེ་སློང་དག་སློབ་པའི་སྟོབས་རྣམ་པ་ལྔ་དང་། དེ་བཞིན་གཤེགས་པའི་སྟོབས་ནི་རྣམ་པ་བཅུ་སྟེ། སློབ་པའི་རྣམ་པ་ལྔ་གང་ཞེ་ན། དད་པ་སློབ་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ངོ་ཚ་ཤེས་པའི་སྟོབས་དང་།
ཁྲེལ་ཡོད་པའི་སྟོབས་དང་། ཤེས་རབ་སློབ་པའི་སྟོབས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། དགེ་སློང་དག་འདི་ལ་དེ་བཞིན་གཤེགས་པས་གནས་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་

རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་གནས་ཡིན་པ་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ཡང་དག་པར་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་ཚངས་པའི་འཁོར་ལོ་བསྐོར་བ་ལ་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་དེ་བཞིན་གཤེགས་པའི་སྟོབས་དང་པོའོ། །གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་མ་
འོངས་པ་དང་། ད་ལྟར་བྱུང་བ་ཆོས་སྒྲུབ་པ་དང་གནས་པ་དང་། རྒྱུ་དང་དངོས་པོ་དང་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་སྒྲུབ་པ་དང་གནས་པ་དང་རྒྱུ་དང་དངོས་
པོ་དང་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་འདི་ནི་གང་དང་ཡང་དག་པར་ལྡན་པས་ཞེས་བྱ་བ་ནས། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་གཉིས་པའོ། །གཞན་ཡང་དེ་བཞིན་གཤེགས་
པས་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་ཡོངས་སུ་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་བསམ་
གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམ་པར་གཞག་པ་ཡོངས་སུ་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ལྡན་པས་ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། འདི་ནི་དེ་བཞིན་
གཤེགས་པའི་སྟོབས་གསུམ་པའོ། །གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ་གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་

དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ལྡན་པས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཞི་པའོ། །གཞན་ཡང་དེ་བཞིན་གཤེགས་
པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་
ཏེ། གང་དང་ལྡན་པས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་ལྔ་པའོ། །གཞན་ཡང་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་དང་། འཇིག་རྟེན་དུ་མ་དང་འཇིག་རྟེན་སྣ་ཚོགས་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་
པས་ཁམས་སྣ་ཚོགས་དང་། འཇིག་རྟེན་དུ་མ་དང་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ལྡན་པས་ཞེས་བྱ་བ་ནས། སྔ་མ་བཞིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་དྲུག་པའོ། །གཞན་ཡང་དེ་
བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་ཞེས་བྱ་བ་ནས། གང་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་
བར་དུ་སྔ་མ་བཞིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བདུན་པའོ། །གཞན་ཡང་དེ་བཞིན་གཤེགས་པས་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་།
ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་། དགུ་བཅུ་དང་། བརྒྱ་དང་། སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་སྟོང་

ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། ཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། ཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་ཆགས་པའི་བསྐལ་པ་དུ་མ་ཡང་དག་པར་
རྗེས་སུ་དགོངས་ཏེ། སེམས་ཅན་འདི་དག་མིང་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ། རིགས་ནི་འདི་ལྟ་བུ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། དུས་ནི་རིང་པོ་འམ་ཐུང་ངུ་འདི་ལྟ་བུར་གནས། དེའི་ཚེ་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར། དེ་གནས་དེ་
ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་འཆི་འཕོས་ཏེ་ཡང་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་འཆི་འཕོས་ནས་འདིར་སྐྱེས་སོ་ཞེས་བྱ་བར་རྣམ་པ་དང་བཅས། དན་རྟགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཏེ། གང་ཡང་དེ་བཞིན་
གཤེགས་པས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཞེས་བྱ་བ་ནས། གང་དང་ལྡན་པས་ཞེས་བྱ་བ་སྔ་མ་བཞིན་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བརྒྱད་པའོ། །གཞན་ཡང་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་
དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། འཕགས་པ་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་ཅན་ཏེ། ལུས་ཞིག་སྟེ་ཤི་བའི་འོག་ཏུ་དེའི་
རྒྱུ་དང་དེའི་རྐྱེན་གྱིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན། ངག་གིས་ལེགས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་འཕགས་པ་ལ་སྐུར་
པ་མི་འདེབས་པ་ཡང་དག་པའི་ལྟ་བ་ཅན་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་

ཏེ། གང་དང་ལྡན་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དགུ་པའོ། །གཞན་ཡང་དེ་བཞིན་གཤེགས་པས་ཟག་པ་ཟད་ཅིང་ཟག་པ་དག་ལས་སེམས་རྣམ་པར་གྲོལ་ཞིང་ཤེས་རབ་རྣམ་པར་གྲོལ་ཏེ། མཐོང་བའི་ཆོས་ཉིད་ལ་རང་
ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་ཟག་པ་ཟད་ཅིང་ཟག་པ་དག་ལས་
སེམས་རྣམ་པར་གྲོལ་ཞིང་ཤེས་རབ་རྣམ་པར་གྲོལ་ཏེ། མཐོང་བའི་ཆོས་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་རབ་ཏུ་
མཁྱེན་པ་འདི་ནི་གང་དང་ཡང་དག་པར་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་། ཚངས་པའི་འཁོར་ལོ་བསྐོར་ཏེ་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་དེ་བཞིན་གཤེགས་པའི་
སྟོབས་བཅུ་པའོ། །དགེ་སློང་དག་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་འདི་ལ་དྲི་བ་དྲིས་པ་ན། ཇི་ལྟར་ཡང་དེ་བཞིན་གཤེགས་པས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མཁྱེན་ཅིང་གཟིགས་ཏེ་རྣམ་པར་མཁྱེན་ཅིང་ཡང་
དག་པ་ཉིད་དུ་མངོན་པར་བྱང་ཆུབ་ནས་དྲིས་པ་ལུང་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པའི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་བསམ་གཏན་དང་རྣམ་པར་ཐར་པ་མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་
དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་ཐམས་ཅད་དུ་འགྲོ་བའི་ལམ་

མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། དེ་བཞིན་གཤེགས་པའི་ཟག་པ་ཟད་པ་
མཁྱེན་པའི་སྟོབས་ཞེས་བྱ་བ་ནས། དྲིས་པ་ལུང་སྟོན་པར་མཛད་དོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་མཉམ་པར་གཞག་པ་ཡིན་གྱི། མཉམ་པར་མ་བཞག་པ་མ་ཡིན་ནོ་ཞེས་ང་སྨྲའོ་ཞེས་བྱ་བ་ནས།
རྒྱས་པར་དགེ་སློང་དག་ཟག་པ་ཟད་པའི་སྟོབས་ནི་མཉམ་པར་གཞག་པ་ཡིན་གྱི་མཉམ་པར་མ་བཞག་པ་ནི་མ་ཡིན་ནོ་ཞེས་ང་སྨྲའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཏིང་ངེ་འཛིན་ནི་ལམ་སྟེ་ཏིང་ངེ་འཛིན་མ་ཡིན་པ་ནི་ལམ་ངན་པའོ་ཞེས་གསུངས་སོ། །བྲམ་ཟེ་
ཐམས་ཅད་ཡོད་ཅེས་བྱ་བ་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་
པར་བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་རང་བཞིན་ཉན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་དྲིས་པ་ལུང་བསྟན་པའི་ཕྱིར་སྐབས་འབྱེད་ན་བདག་
ཕྱོགས་ཅུང་ཟད་ཅིག་འདྲིའོ། །བྲམ་ཟེ་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག་དང་ལུང་བསྟན་པར་བྱའོ། །གཽ་ཏ་མ་ཐམས་ཅད་ཡོད་ཅེས་བྱ་བ་ན་གཽ་ཏ་མ་ཐམས་ཅད་ཡོད་ཅེས་བྱ་བ་གང་ཡིན། བྲམ་ཟེ་དེའི་ཕྱིར་ཁྱོད་ཉིད་ལ་དྲི་བར་བྱ་སྟེ་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག །
བྲམ་ཟེ་འདི་ཅི་སྙམ་དུ་སེམས། མིག་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །གཟུགས་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །མིག་གི་རྣམ་པར་ཤེས་པ་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །མིག་གི་འདུས་ཏེ་རེག་པ་ཡོད་དམ། གཽ་ཏ་མ་མཆིས་ལགས་

སོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །བྲམ་ཟེ་འདི་ཅི་སྙམ་དུ་སེམས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་།
ཡིད་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །ཆོས་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་
རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡོད་དམ། གཽ་ཏ་མ་མཆིས་ལགས་སོ། །བྲམ་ཟེ་འདི་དག་ནི་ཐམས་ཅད་ཡོད་ཅེས་བྱ་བ་སྟེ། བྲམ་ཟེ་གང་ཁ་ཅིག་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མས་ཐམས་
ཅད་ཡོད་དོ་ཞེས་བསྟན་པ་དེ་སྤངས་ཏེ་ངས་རྣམ་པ་གཞན་དུ་ཐམས་ཅད་ཡོད་པའོ་ཞེས་བསྟན་པར་བྱའོ་ཞེས་སྨྲ་བའི་ཚིག་ཙམ་དང་དྲིས་པའི་ལན་མི་ཤེས་ཤིང་དྲིས་པའི་ལན་ལ་མགོ་རྨོངས་པ་སྐྱེད་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཡང་དེའི་ཡུལ་མ་ཡིན་པའི་
ཕྱིར་རོ། །དེ་ནས་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་སོང་ངོ་ཞེས་གསུངས་སོ། །འདོད་པའི་སྦྱོར་བ་གང་ཞེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་བཞི་པོ་འདི་དག་ནི་སྦྱོར་བ་སྟེ། འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ། །འདོད་པའི་སྦྱོར་བ་གང་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་
མི་ལྡན་པ་དག་འདོད་པ་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེ་འདོད་པ་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་རོ་མྱང་བ་དང་། ཉེས་དམིགས་དང་ངེས་

པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པ་འདོད་པ་རྣམས་ལ་འདོད་པའི་འདུན་པ་དང་། ཆགས་པ་དང་འདོད་པ་ལ་དགའ་བ་དང་། འདོད་པ་ལ་ངེས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པས་བརྒྱལ་བ་དང་། འདོད་
པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་འཆུམས་པ་དང་། འདོད་པར་བྱིང་བ་དང་། འདོད་པ་ལ་ལྷག་པར་ཞེན་པ་སྟེ། དེའི་སེམས་ཡོངས་སུ་གཏུགས་ནས་གནས་ཏེ་འདི་ནི་འདོད་པའི་སྦྱོར་བ་ཞེས་བྱའོ། །དེ་བཞིན་དུ་སྲིད་པའི་སྦྱོར་བ་དང་ལྟ་བའི་སྦྱོར་
བ་ལ་ཡང་བརྗོད་པར་བྱའོ། །མ་རིག་པའི་སྦྱོར་བ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་རེག་པའི་སྐྱེ་མཆེད་དྲུག་པོ་འདི་རྣམས་ཀྱི་ཀུན་འབྱུང་བ་དང་མི་སྣང་བ་དང་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་
བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེ་རིག་པའི་སྐྱེ་མཆེད་དྲུག་པོ་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས་དེ་རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་ལ་མི་
ཤེས་ཤིང་མ་རིག་པ་རྒྱས་པར་འགྱུར་ཏེ། འདི་ནི་མ་རིག་པའི་སྦྱོར་བ་ཞེས་བྱའོ། །སྦྱོར་བ་མ་ཡིན་པ་ཡང་བཞི་སྟེ། བཞི་གང་ཞེ་ན། འདོད་པར་མི་སྦྱོར་བ་དང་། སྲིད་པར་མི་སྦྱོར་བ་དང་། ལྟ་བར་མི་སྦྱོར་བ་དང་། མ་རིག་པར་མི་སྦྱོར་བའོ། །འདོད་
པར་མི་སྦྱོར་བ་གང་ཞེ་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདོད་པ་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདོད་པ་རྣམས་ཀྱི་ཀུན་འབྱུང་བ་
དང་མི་སྣང་བ་དང་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་འདོད་པ་རྣམས་ལ་འདོད་པའི་འདུན་པ་དང་། ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ངེས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པས་

བརྒྱལ་བ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་འཆུམས་པ་དང་། འདོད་པར་བྱིང་བ་དང་། འདོད་པ་ལ་ལྷག་པར་ཞེན་པར་མི་འགྱུར་བ་སྟེ། དེའི་སེམས་དེ་ལ་ཡོངས་སུ་གཏུགས་ཏེ་མི་གནས་པ་འདི་ནི་འདོད་པར་མི་སྦྱོར་བ་ཞེས་བྱའོ། །སྲིད་པར་
མི་སྦྱོར་བ་དང་། ལྟ་བར་མི་སྦྱོར་བ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །མ་རིག་པའི་མི་སྦྱོར་བ་གང་ཞེ་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་
འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་དེ་རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་ལ་
མི་ཤེས་ཤིང་མ་རིག་པས་རྒྱས་པར་མི་འགྱུར་ཏེ། འདི་ནི་མ་རིག་པའི་སྦྱོར་བ་མེད་པ་ཞེས་བྱའོ། །གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདོད་པས་སྦྱོར་བས་ཡང་དག་ལྡན། །གཉིས་པ་སྲིད་པས་སྦྱོར་བ་སྟེ། །ལྟ་བའི་སྦྱོར་བས་ཡང་དག་པར། །མ་རིག་
སྦྱོར་བ་སྔོན་འགྲོ་བས། །བྲལ་ཞིང་འདའ་བར་དཀའ་བ་ཡིན། །སེམས་ཅན་འཁོར་བར་སྐྱེ་བར་འགྱུར། །འདོད་པའི་སྦྱོར་བ་རབ་སྤངས་ཤིང་། །དེ་བཞིན་སྲིད་པའི་སྦྱོར་བ་དང་། །ལྟ་བའི་སྦྱོར་བ་རབ་སྤངས་ཤིང་། །མ་རིག་སྦྱོར་ལ་ཆགས་བྲལ་ཞིང་། །ཀུན་སྦྱོར་ཐམས་ཅད་
མི་ལྡན་ན། །ཡང་སྲིད་དག་ཏུ་འགྲོ་མི་འགྱུར། །ཞེས་གསུངས་སོ། །འདུན་པའི་འདོད་ཆགས་ནི་ཉེ་བར་ལེན་པ་ཞེས་གསུངས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཉེ་བར་བླངས་པ་དང་ཉེ་བར་ལེན་པའི་ཆོས་དག་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་
ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཉེ་བར་བླང་བའི་ཆོས་རྣམས་གང་ཞེ་ན། མིག་དང་གཟུགས་དང་། རྣ་བ་དང་སྒྲ་དང་། སྣ་དང་དྲི་དང་། ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་ཆོས་ཏེ། འདི་ནི་ཉེ་བར་བླང་བའི་ཆོས་རྣམས་ཞེས་བྱའོ། །ཉེ་བར་ལེན་པའི་ཆོས་

རྣམས་གང་ཞེ་ན། གང་ལས་འདུན་པའི་འདོད་ཆགས་ཏེ། འདི་ནི་ཉེ་བར་ལེན་པའི་ཆོས་རྣམས་ཞེས་བྱའོ། །དགེ་སློང་དག་ཉེ་བར་བླང་བ་དང་། ཉེ་བར་ལེན་པའི་ཆོས་རྣམས་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་
གསུངས་ཏེ། དེ་བཞིན་དུ་མདོ་གཞན་མང་པོ་ལས་བསྟན་ཏོ། །འདི་ལྟ་སྟེ། གྲུ་རྒྱུན་ལས་བཟློག་ཕྱོགས་སུ་མངོན་པར་འདུ་བྱ་བ་ཆེན་པོས་བཀྲི་བར་བྱ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་སྨྱུག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་
ལྡན་པ་ཤཱ་རིའི་བུ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་དགོན་པའམ་ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ནས་འདི་ལྟར་སོ་སོ་ཡང་དག་པར་བསླབ་སྟེ། ཅི་
ནང་གི་བདག་ཉིད་ཀྱི་འདོད་པ་རྣམས་ལ་འདུན་པའི་འདོད་ཆགས་ཡོད་པ་ཞིག་སོ་སོར་མྱོང་ངམ། འོན་ཏེ་མེད་པ་ཞིག་ཅེས་དགེ་སློང་དེས་མཛེས་ཤིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱེད་དེ། དགེ་སློང་དེས་མཛེས་ཤིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱས་པ་
ན་སེམས་བསྟེན་པ་ལ་གཞོལ་བར་འགྱུར་ཞིང་། བསྟེན་པ་ལ་འབབ་པ་དང་། བསྟེན་པ་ལ་བབ་པ་དང་། རྗེས་སུ་མཐུན་པར་འགྱུར་ཏེ། འདི་ལྟ་སྟེ། གྲུ་མངོན་པར་འདུ་བྱ་བ་ཆེན་པོས་རྒྱུན་ལས་བཟློག་ཕྱོགས་སུ་བཀྲི་བར་བྱ་བ་དེ་ཉིད་མངོན་པར་འདུ་བྱ་བ་མེད་ཅིང་འབད་རྩོལ་
ཆུང་ངུས་རྒྱུན་ཕྱོགས་སུ་འཁྱེར་བ་དེ་བཞིན་དུ་དགེ་སློང་དེས་བཟང་ཞིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱེད་དེ་དགེ་སློང་དེས་བཟང་ཞིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱས་པ་ན། སེམས་བསྟེན་པ་ལ་གཞོལ་བར་འགྱུར་ཞིང་། བསྟེན་པ་ལ་འབབ་པ་དང་། བསྟེན་པ་
ལ་བབ་པ་དང་། རྗེས་སུ་མཐུན་པར་གྱུར་ན། ཚེ་དང་ལྡན་པ་དག་དགེ་སློང་དེས་འདི་ལྟར་ངའི་སེམས་རང་གི་འདུ་བྱེད་ཀྱིས་ཉེ་བར་བཅོམ་ཞིང་ཆུ་བཞིན་དུ་བསྟེན་པ་དང་། ཆོས་རྣམས་ཀྱིས་ཉེ་བར་བཅོམ་ལ། མ་ཞི་ཞིང་མ་དུལ་བ་ཉེ་བར་ཞི་བའི་ལམ་མ་རྙེད་ལ་རྩེ་གཅིག་ཏུ་མ་གྱུར་པའོ། །འདི་ལྟར་ངས་མཛེས་

ཤིང་སྡུག་པའི་མཚན་མ་ཅུང་ཟད་ཡིད་ལ་བྱས་པ་ན་སེམས་བསྟེན་པ་ལ་གཞོལ་བར་གྱུར་ཅིང་། བསྟེན་པ་ལ་འབབ་པ་དང་། བསྟེན་པ་ལ་བབ་པ་དང་། རྗེས་སུ་མཐུན་པར་གྱུར་ཏོ་ཞེས་རིག་པར་བྱའོ། །ཚེ་དང་ལྡན་པ་དག་དགེ་སློང་དེས་འདི་ལྟར་འདོད་པའི་ཡོན་ཏན་ལྔ་རྣམས་ལ་བདག་གི་
སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་ལོ་ཞེས་ལུང་བསྟན་པར་མི་བྱའོ། །ཚེ་དང་ལྡན་པ་དག་འདི་ན་དགེ་སློང་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་སོང་ན་འདི་ལྟར་སོ་སོར་ཡང་དག་པར་རྗེས་སུ་སློབ་སྟེ། ཅི་བདག་ནང་གི་བདག་ཉིད་ཀྱི་འདོད་པ་རྣམས་ལ་འདུན་པའི་འདོད་
ཆགས་ཡོད་པ་ཞིག་སོ་སོར་མྱོང་བའམ། འོན་ཏེ་མེད་པ་ཞིག་ཅེས་དགེ་སློང་དེས་མཛེས་ཤིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱེད་དེ། དགེ་སློང་དེས་མཛེས་ཤིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱས་ནས་སེམས་དབེན་པ་ལ་གཞོལ་བར་འགྱུར། དབེན་པ་ལ་འབབ་
པ་དང་། དབེན་པ་ལ་བབ་པ་དང་། བསྟེན་པའི་རྗེས་སུ་མི་མཐུན་པར་གྱུར་ཏེ། འདི་ལྟ་སྟེ་ཁྱིམ་བྱའམ། རྩ་རྒྱུས་དག་མེའི་ནང་དུ་བཅུག་ན་ཚིག་ཅིང་འཁུམས་ཏེ་ཞུ་བར་འགྱུར་བ་དེ་བཞིན་དུ་དགེ་སློང་དེས་མཛེས་ཤིང་སྡུག་པའི་མཚན་མ་ཅུང་ཟད་ཅིག་ཡིད་ལ་བྱས་པ་ན་སེམས་དབེན་པ་ལ་
གཞོལ་བར་གྱུར། དབེན་པ་ལ་འབབ་པ་དང་། དབེན་པ་ལ་བབ་པ་དང་། བསྟེན་པའི་རྗེས་སུ་མི་མཐུན་པར་གྱུར་ན། ཚེ་དང་ལྡན་པ་དག་དགེ་སློང་དེས་འདི་ལྟར་ངའི་སེམས་རང་གི་འདུ་བྱེད་ཀྱིས་ཉེ་བར་མ་བཅོམ་ཞིང་། ཆུ་བཞིན་དུ་བསྟན་པ་མ་ཡིན་ཞིང་། །ཆོས་ཀྱིས་ཉེ་བར་མ་
བཅོམ་ལ། །ཞི་ཞིང་དུལ་ཏེ་ཉེ་བར་ཞི་བའི་ལམ་རྙེད་ཅིང་རྩེ་གཅིག་ཏུ་གྱུར་པ་སྟེ། འདི་ལྟར་ངས་མཛེས་ཤིང་སྡུག་པའི་མཚན་མ་ཅུང་ཟད་ཡིད་ལ་བྱས་པ་ན་སེམས་དབེན་པ་ལ་གཞོལ་བར་གྱུར། དབེན་པ་ལ་འབབ་པ་དང་། དབེན་པ་ལ་བབ་པ་དང་། བསྟེན་པའི་རྗེས་སུ་མི་མཐུན་པར་
གྱུར་ཏོ་ཞེས་རིག་པར་བྱ་ཞིང་། དགེ་སློང་དེས་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ངའི་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་ལོ་ཞེས་ལུང་བསྟན་པར་བྱའོ་ཞེས་གསུངས་སོ། །ཅིའི་ཕྱིར་ལྟ་བ་གསུམ་པོར་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་འདི་ཉིད་དུ་གནས་མང་པོ་བཤད་དེ། ཇི་ལྟར་

རེ་ཞིག་ཕུང་པོའི་སྡོམ་གྱི་ཚིགས་སུ་བཅད་པ། སྐྱེ་ལ་མངོན་དགའ་མི་བྱ་དང་། །རྣམ་པར་འཇིག་པ་གསུམ་དག་དང་། །ཡོངས་སུ་འདོད་དང་ཡང་དག་མཐོང་། །སྡོམ་དུ་གྱུར་པ་ཕྱི་མ་ཡིན། །ཞེས་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མདོ་ལས་བསྟན་པ་མཛོད་ཀྱི་
གནས་དང་པོར་བཅོམ་ལྡན་འདས་ཀྱིས་མདོ་ལས་སེམས་པའི་ཚོགས་དྲུག་ཅེས་གསུངས་པ་ནི། གཙོ་བོ་བསྟན་པ་ཡིན་ཞེས་བྱ་བར་བྲིས་ཟིན་ཏོ། །ལམ་གྱི་ཚོགས་དང་མདོ་མང་པོ་དག་ལས་ཏེ། དེ་ལ་རེ་ཞིག་དབང་པོའི་སྒོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་བཞི་པ་ལས་
བསྟན་པ། མཛོད་ཀྱི་གནས་དྲུག་པར་གང་ཡང་བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དག་ནི་བདེ་བའི་ཚོར་བའོ་ཞེས་བྱ་བར་འཆད་པར་འགྱུར་བར་བལྟ་བར་བྱའོ། །དེ་དག་ཀྱང་གཞི་ཕྲན་ཚེགས་ལས་འབྱུང་བ་གང་ཡིན་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །
དགེ་སློང་དག་ཆོས་གཅིག་དང་ཡང་དག་པར་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་བསྟེན་པའི་སྐལ་བ་མེད་དེ། འདི་ལྟ་སྟེ་འདོད་ཆགས་སོ། །འདོད་ཆགས་དང་ཡང་དག་པར་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་བསྟེན་པའི་སྐལ་བ་མེད་དོ། །ཆོས་གཅིག་དང་ཡང་དག་པར་ལྡན་ན་དྲན་པ་ཉེ་བར་
གཞག་པ་བཞི་བསྟེན་པའི་སྐལ་བ་དང་ལྡན་ཏེ། འདི་ལྟ་སྟེ་འདོད་ཆགས་མེད་པ་སྟེ། འདོད་ཆགས་མེད་པ་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་བསྟེན་པའི་སྐལ་བ་ཡོད་དོ། །ཇི་ལྟར་བསྟེན་པ་བཞིན་དུ་བསྒོམ་པ་ཡང་། ལན་མང་དུ་བྱེད་པ་དང་། རྗེས་སུ་བསྲུང་བ་དང་། རེག་པ་དང་།
མངོན་སུམ་དུ་བྱ་བ་ཡང་དེ་བཞིན་ནོ། །ཡང་དག་པར་ལྡན་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། མི་ཤེས་པ་དང་། མཐོང་བ་དང་མ་མཐོང་བ་དང་། མངོན་པར་ཤེས་པ་དང་མངོན་པར་མ་ཤེས་པ་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་མ་ཤེས་པ་དང་། སྤངས་པ་དང་། མ་སྤངས་པ་དང་།
བསྒྲིབས་པ་དང་། མ་བསྒྲིབས་པ་དང་། བཏང་བ་དང་། མ་བཏང་བ་དང་། ཡོངས་སུ་བཏང་བ་དང་ཡོངས་སུ་མ་བཏང་བ་དང་། གཡོགས་པ་དང་མ་གཡོགས་པ་དང་། ནུབ་པ་དང་མ་ནུབ་པ་དང་། ཡོངས་སུ་གཏུགས་པ་དང་ཡོངས་སུ་མ་གཏུགས་པ་ཡང་དེ་བཞིན་ནོ། །འདོད་ཆགས་ཇི་ལྟ་བ་བཞིན་དུ་

ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་གཡོ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་།
ངའོ་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། བག་མེད་པ་དང་། ངེས་པ་དང་། ཡང་དག་པར་རྩོམ་པ་དང་། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། རྙེད་པ་འདོད་པ་དང་། རྙེད་པ་རྙེད་པས་སྒྲུབ་པ་དང་། སྡིག་པ་འདོད་
པ་དང་། ཆེན་པོ་འདོད་པ་དང་། འདོད་པས་གཅེས་སྤྲས་བྱེད་པ་དང་། ཚིག་ངན་དང་། སྡིག་པའི་གྲོགས་པོ་དང་། མི་བཟོད་པ་དང་། འདོད་པ་དང་། ཡོངས་སུ་འདོད་པ་དང་། འདོད་ཆགས་དང་། ཆོས་མ་ཡིན་པ་ལ་ཆགས་པ་དང་། མི་འཕྲོད་པའི་སེར་སྣ་དང་། འཇིག་ཚོགས་ལ་
ལྟ་བ་དང་། དངོས་པོར་ལྟ་བ་དང་། དངོས་པོ་མེད་པར་ལྟ་བ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་། རྨྱ་བ་དང་། མི་དགའ་བ་དང་། གླལ་བྱེད་པ་དང་། ཟས་ཀྱི་ཚོད་མི་འཛིན་པ་དང་། སེམས་ཞུམ་པ་དང་།
འདུ་ཤེས་སྣ་ཚོགས་ཡིད་ལ་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། ཡང་ཡང་འདོད་པ་དང་། མང་དུ་སྨྲ་བ་དང་། མི་དྲང་བ་དང་། ཁྲོ་བ་དང་། རང་བཞིན་མ་ཡིན་པའི་རྗེས་སུ་འཇུག་པ་དང་། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་
བའི་རྣམ་པར་རྟོག་པ་དང་། གཉེན་འདུན་གྱི་རྣམ་པར་རྟོག་པ་དང་། ལྗོངས་ཀྱི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། ངན་སེམས་ཀྱི་རྣམ་པར་རྟོག་པ་དང་། རིགས་སྙེམས་པ་དང་ཡང་དག་པར་ལྡན་པའི་རྣམ་པར་རྟོག་པ་དང་། མྱ་ངན་དང་སྨྲེ་སྔགས་འདོན་
པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའོ་ཞེས་གསུངས་སོ། །མདོའི་ཚིག་ཇི་སྐད་དུ་ཞེས་བྱ་བ་ལ། ལུང་བར་མའི་འདུན་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མཐའི་མདོ་ལས་ཚིག་འདི་སྐད་དུ་རྒྱུ་དང་རྐྱེན་ལྔ་པོ་འདི་དག་ནི་ཐེ་ཚོམ་གྱི་སྒྲིབ་པ་དང་། དེ་ལས་སྐྱེས་པ་

སྡུག་བསྔལ་དང་། ཡིད་མི་བདེ་བའི་སེམས་ལས་བྱུང་བའི་ཆོས་སྐྱེད་པར་བྱེད་པ་སྟེ། ལྔ་གང་ཞེ་ན། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དེ་ལས་བྱུང་བ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་སོ་སོར་
ཡང་དག་པར་མྱོང་བར་བྱེད་དོ། །གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པས་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་དང་། དེའི་རྐྱེན་གྱིས་སྐྱེས་པ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དག་སོ་སོར་ཡང་དག་པར་མྱོང་བར་བྱེད་
དོ། རྒྱུ་ལྔ་དང་རྐྱེན་ལྔ་པོ་འདི་དག་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་སེམས་ལས་བྱུང་བ་སྐྱེད་པར་བྱེད་པའོ་ཞེས་གསུངས་སོ། །གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ། །ཞེས་བྱ་བ་ལ། དགེ་སློང་གཞན་ཞིག་དགེ་བ་ཅན་གྱི་ལྗོངས་ནས་འོངས་ཏེ། ནགས་ཀྱི་མཐའ་གཞན་ཞིག་ལ་བརྟེན་
ཅིང་ཉེ་བར་གནས་སོ། །དེ་ནས་དགེ་ཚུལ་མ་ཞིག་གིས་དགེ་སློང་དང་དེའི་ལྡེ་མིག་མཐོང་ནས་ཚིགས་སུ་བཅད་པ་སྨྲས་པ། རྟག་པ་ཅི་ཞིག་སློང་མོའི་ཟས། །མི་རྟག་ཅི་ཞིག་དགེ་འདུན་ཟས། །དྲང་པོ་ཅི་ཞིག་དབང་པོའི་གཟུགས། །གྱ་གྱུ་ཅི་ཞིག་ལྡེ་མིག་གོ། །དེ་ནས་དགེ་སློང་
དེ་འདི་སྙམ་དུ་འདི་དགེ་ཚུལ་མ་ཡིན་བཞིན་དུ་ཚིགས་སུ་བཅད་པ་བརྗོད་པར་སྤོབས་ན། བདག་ཅིའི་ཕྱིར་སྤོབས་པར་མི་བྱ་སྙམ་དུ་བསམས་ནས། ཚིགས་སུ་བཅད་པ་སྨྲས་པ། རྟག་པ་ཅི་ཞིག་མྱ་ངན་འདས། །མི་རྟག་ཅི་ཞིག་འདུ་བྱེད་ཆོས། །དྲང་པོ་ཅི་ཞིག་འཕགས་པའི་
ལམ། །གྱ་གྱུ་ཅི་ཞིག་སྡིག་ཅན་ལྟ། །ཞེས་གསུངས་སོ། །སྒྲིབ་པ་ལྔ་པོ་འདི་དག་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མི་དགེ་བའི་ཕུང་པོ་ཞེས་བྱ་བ་ནི་སྒྲིབ་པ་རྣམ་པ་ལྔའོ་ཞེས་སྨྲ་བ་ནི་དེའི་
ཡང་དག་པར་སྨྲ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྒྲིབ་པ་ལྔ་པོ་འདི་དག་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་སྟེ། ལྔ་གང་ཞེ་ན། འདོད་པ་ལ་འདུན་པའི་སྒྲིབ་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་

སྒྲིབ་པའོ། །དགེ་སློང་དག་དགེ་བའི་ཕུང་པོ་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞིའོ་ཞེས་སྨྲ་བ་ནི། དེའི་ཡང་དག་པར་སྨྲ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་ནི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་
སུ་རྫོགས་པ་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་རྣམས་སོ་ཞེས་གསུངས་སོ། །རྨུགས་པ་དང་གཉིད་དག་ནི་ཟས་གཅིག་ཏུ་གསུངས་ཏེ་ཞེས་བྱ་བ་ལ།
གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྒྲིབ་པ་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཟས་དང་ཟས་མ་ཡིན་པ་དག་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་སྒྲིབ་
པ་རྣམ་པ་ལྔའི་ཟས་གང་ཞེ་ན། དགེ་སློང་དག་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་ཆོས་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན། འདོད་པ་ལ་འདུན་པའི་སྒྲིབ་པ་མ་སྐྱེས་པ་སྐྱེ་བར་འགྱུར་
ཞིང་། སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་ཡངས་པར་འགྱུར་རོ། །གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། དགེ་སློང་དག་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པའི་ཆོས་རྣམས་ལ། ཚུལ་
བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན། ཐེ་ཚོམ་གྱི་སྒྲིབ་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་། སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་ཡངས་པར་འགྱུར་ཏེ། འདི་ལྟ་སྟེ། ཟས་ཀྱིས་ལུས་གནས་པ་དང་། ཟས་ལ་ལུས་བརྟེན་གྱི་
ཟས་མེད་པར་མ་ཡིན་པ་དེ་བཞིན་དུ། སྒྲིབ་པ་ལྔ་པོ་དག་ཀྱང་ཟས་ཀྱིས་གནས་ལ་ཟས་ལ་བརྟེན་ནས་གནས་ཀྱི། ཟས་མེད་པར་ནི་མ་ཡིན་ནོ། །དགེ་སློང་དག་འདོད་པ་ལ་འདུན་པའི་ཟས་གང་ཞེ་ན། སྡུག་པའི་མཚན་མར་འཛིན་པ་སྟེ།

དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན། འདོད་པ་ལ་འདུན་པའི་སྒྲིབ་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་། སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་ཡངས་པར་འགྱུར་རོ། །དགེ་སློང་དག་འདི་ནི་འདོད་པ་ལ་
འདུན་པའི་ཟས་སོ། །དགེ་སློང་དག་གནོད་སེམས་ཀྱི་སྒྲིབ་པའི་ཟས་གང་ཞེ་ན། ཀུན་ནས་མནར་སེམས་དང་། ཀུན་ནས་མནར་སེམས་ཀྱི་རྒྱུ་མཚན་ཏེ། དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་གནོད་སེམས་ཀྱི་སྒྲིབ་པ་མ་སྐྱེས་
པ་སྐྱེ་བར་འགྱུར་ཞིང་། སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་རྒྱས་པར་འགྱུར་རོ། །འདི་ནི་གནོད་སེམས་ཀྱི་སྒྲིབ་པའི་ཟས་སོ། །དགེ་སློང་དག་རྨུགས་པ་དང་གཉིད་ཀྱི་ཟས་གང་ཞེ་ན། ཆོས་ལྔ་པོ་མི་དགའ་བ་དང་། རྨྱ་བ་དང་། གླལ་བྱེད་
པ་དང་། ཟས་ཀྱི་ཚོད་མི་ཟིན་པ་དང་། སེམས་ཞུམ་པ་སྟེ། དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན། རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་། སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་ཡངས་པར་
འགྱུར་རོ། །འདི་དག་ནི་རྨུགས་པ་དང་གཉིད་ཀྱི་ཟས་སོ། །དགེ་སློང་དག་རྒོད་པ་དང་འགྱོད་པའི་སྒྲིབ་པའི་ཟས་གང་ཞེ་ན། ཆོས་བཞི་པོ་གཉེན་འདུན་གྱི་རྣམ་པར་རྟོག་པ་དང་། ལྗོངས་ཀྱི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། སྔོན་
དགོད་པ་དང་དགའ་བ་དང་རྩེ་བ་དང་ཡོངས་སུ་སྤྱད་པ་རྗེས་སུ་དྲན་པ་སྟེ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་རྒོད་པ་དང་འགྱོད་པའི་སྒྲིབ་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་། སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་ཡངས་པར་འགྱུར་
ཏེ། འདི་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པའི་ཟས་སོ། །དགེ་སློང་དག་ཐེ་ཚོམ་གྱི་སྒྲིབ་པའི་ཟས་གང་ཞེ་ན། རྒྱུད་ནི་རྣམ་པ་གསུམ་ཡོད་དེ། འདས་པའི་དུས་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་སོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་

ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་ཐེ་ཚོམ་གྱི་སྒྲིབ་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་སྐྱེས་པ་ཕྱིར་ཞིང་འཕེལ་བ་དང་ཡངས་པར་འགྱུར་ཏེ། དགེ་སློང་དག་འདི་ནི་ཐེ་ཚོམ་གྱི་སྒྲིབ་པའི་ཟས་སོ། །འདི་ལྟ་སྟེ། ཟས་ཀྱིས་ལུས་གནས་ཤིང་ཟས་ལ་ལུས་བརྟེན་ཏེ།
ལུས་གནས་པ་ཟས་མེད་པར་མ་ཡིན་པ་དེ་བཞིན་དུ་སྒྲིབ་པ་ལྔ་པོ་དག་ཀྱང་ཟས་ཀྱིས་གནས་ཤིང་ཟས་ལ་བརྟེན་ཏེ་གནས་ཀྱི་ཟས་མེད་པར་ནི་མ་ཡིན་ནོ། །དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཟས་མ་ཡིན་པ་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་གི་གནས་ཀྱི་ཆོས་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་པ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་འགྱུར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་།
ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་གནས་ཀྱི་ཆོས་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་
འགྱུར་ཏེ། འདི་ལྟ་སྟེ། ཟས་ཀྱིས་ལུས་གནས་ཤིང་ཟས་ལ་བརྟེན་ཏེ་ལུས་གནས་ཀྱི། ཟས་མེད་པར་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་ཀྱང་ཟས་ལ་བརྟེན་ཏེ་གནས་ཀྱི་ཟས་མེད་པར་ནི་མ་ཡིན་ནོ། །དགེ་སློང་དག་དྲན་པ་ཡང་དག་བྱང་
ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཏེ། དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་དག་ཉམས་པར་འགྱུར་ཏེ། དགེ་སློང་
དག་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པའོ། །དགེ་སློང་དག་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་གང་ཞེ་ན། དགེ་བའི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་དང་། མི་དགེ་བའི་ཆོས་རྣམས་རང་

ཏུ་རྣམ་པར་འབྱེད་པ་སྟེ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་འགྱུར་ཏེ། དགེ་སློང་དག་འདི་ནི་ཆོས་རབ་ཏུ་རྣམ་པར་
འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པའོ། །དགེ་སློང་དག་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་གང་ཞེ་ན། ཡང་དག་པར་སྤོང་བ་བཞི་པོ་རྣམས་ཏོ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་བརྩོན་འགྲུས་
ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་འགྱུར་ཏེ། འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་ཞེས་བྱའོ། །དགེ་སློང་དག་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་གང་ཞེ་ན། དགའ་བ་དང་
དགའ་བའི་གནས་ལྟ་བུའི་ཆོས་རྣམས་ཏེ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་
ཟས་མ་ཡིན་པ་ཞེས་བྱའོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་གང་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་སྟེ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་ཤིན་ཏུ་སྦྱངས་པ་ཡང་དག་
བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་འགྱུར་རོ། །དགེ་སློང་དག་འདི་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་ཞེས་བྱའོ། །དགེ་སློང་དག་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཟས་མ་ཡིན་པ་གང་ཞེ་ན། ཏིང་ངེ་འཛིན་
དང་། ཏིང་ངེ་འཛིན་གྱི་རྒྱུ་མཚན་ཏེ། དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལན་མང་དུ་བྱེད་ན་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་ཉམས་པར་འགྱུར་ཏེ