Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 146
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་ཉོན་མོངས་མ་ཡིན་པ། །མ་ལུས་ཤེས་བྱའི་ཡུལ་ལ་སེམས་རྨོངས་ཤིང་། །རྒུད་པ་ཐམས་ཅད་ཀྱི་ནི་ གཞིར་གྱུར་པ། །ཤེས་རབ་འོད་ཟེར་རིང་པོས་མཐར་མཛད་ཅིང་། །ཐུགས་རྗེའི་ཐུགས་ལྡན་ཆོས་སྟོན་ཕྱག་བརྐྱང་བས། །འཁོར་བའི་འདམ་ལས་འགྲོ་བ་འདྲེན་མཛད་པ། །དེ་ལ་དང་པོ་ཉིད་དུ་ཕྱག་འཚལ་ ལོ། །རང་གཞན་གྲུབ་མཐའ་མ་ལུས་དག །རྣམ་བཤད་མཁས་པར་རབ་གྲགས་པ། །ཀུན་མཁྱེན་སྟོན་པའི་སློབ་དཔོན་ནི། །ཤཱཀྱས་བྱིན་གུས་ཕྱག་བྱས་ནས། །དེ་ཡི་ཞབས་ཀྱི་པད་རྡུལ་ལ། །གཏུགས་ པས་གསལ་བའི་བློ་ལྡན་པ། །དགེ་སློང་ཞི་གནས་ལྷ་ཡིས་ནི། །མཛོད་ལ་མཁོ་བ་འདིར་བསྡུ་བྱ། །གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་བྱ་བ་ལ། །སངས་ རྒྱས་ཀྱི་སྒྲ་ནི་བདེ་བར་གཤེགས་པ་ངེས་ཚིག་དང་བཅས་པ་ལ་བརྗོད་དེ། འདི་ལྟར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ ར་བ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་གཞན་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ཐབས་ཅིག་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བ་དང་། རབ་ཏུ་དགའ་བར་འགྱུར་ བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་སངས་རྒྱས་སངས་རྒྱས་ཞེས་བརྗོད་པ་ཅི་ཁྱོད་ཀྱི་མིང་ཕ་དང་མས་བྱས་ སམ། ངེས་ཚིག་གང་གིས་ན་སངས་རྒྱས་ཞེས་བརྗོད། །དེ་ནས་བྲམ་ཟེ་དེས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་རྣམ་པར་འདྲེན་པ་ལས། །མིང་མཆོག་སངས་རྒྱས་ཞེས་འབྱུང་བ། །ཕ་དང་མ་ཡིས་བྱས་སམ་ ཅི། །ངེས་ཚིག་གང་གིས་སངས་རྒྱས་བརྗོད། །བྲམ་ཟེ་ལ་ནི་རྗེས་བརྩེ་བས། །དེ་ལ་སྟོན་པས་ལུང་བསྟན་པ། །བྲམ་ཟེ་ཇི་ལྟར་སངས་རྒྱས་ཀྱི། །མཚན་ཉིད་བརྗོད་པ་རྙེད་པ་ནི། །སངས་རྒྱས་འདུ་བྱེད་འཇིག་པ་ཡི། །ཆོས་ཅན་འདས་པའི་ དུས་ལ་གཟིགས། །དེ་བཞིན་མ་འོངས་དུས་དང་ནི། །དེ་བཞིན་ད་ལྟར་བྱུང་བ་གཟིགས། །མངོན་པར་ཤེས་བྱ་མངོན་ཤེས་བྱེད། །དེ་བཞིན་བསྒོམ་བྱ་སྒོམ་བྱེད་དང་། །རབ་ཏུ་སྤང་བྱ་སྤོང་བྱེད་གཟིགས། །དེས་ན་བྲམ་ཟེ་སངས་རྒྱས་བརྗོད། །གང་ཞིག་ཅུང་ཟད་ཤེས་བྱ་བ། ། ཐམས་ཅད་ང་ཡིས་རབ་ཏུ་མཁྱེན། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །དེས་ན་བྲམ་ཟེ་སངས་རྒྱས་སོ། །འདུ་བྱེད་འཆི་འཕོ་སྡུག་བསྔལ་བ། །འབའ་ཞིག་བསྐལ་པར་བསམ་བྱས་ནས། །དྲི་མ་རྡུལ་བྲལ་ཟུག་རྔུ་མེད། །བྱང་ཆུབ་འདི་ཐོབ་ང་སངས་རྒྱས། །དེ་ནས་ བྲམ་ཟེ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱི་སྒྲ་ཡང་ཆོས་ཀྱི་ཕུང་པོ་ལས་དང་པོ་སྡུད་པར་བྱེད་པས་ངེས་ཚིག་ཇི་སྐད་དུ། བཅོམ་ལྡན་འདས་ཞེས་བྱ་བ་དགེ་བའི་ཆོས་རྣམས་ཀྱི་སྐལ་བ་དང་ལྡན་ པས་སམ། དགེ་བའི་ཆོས་བསྒོམ་པའི་སྐལ་བ་དང་ལྡན་པས་སམ། དགེ་བའི་ཆོས་རྣམས་བསྒོམ་པའི་སྐལ་བ་དང་ལྡན་པ་དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ལུས་བསྒོམས་པ། ཚུལ་ཁྲིམས་བསྒོམས་པ། སེམས་བསྒོམས་པ། ཤེས་རབ་བསྒོམས་པས་ཆེ་བའི་བདག་ཉིད་དཔག་ཏུ་མེད་ཅིང་ཚད་མེད་པའི་ཆོས་དང་ལྡན་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་དབང་དང་། ནུས་པ་དང་། འགྲོ་བ་དང་། མངའ་དབང་དང་། རབ་ཀྱི་སྟོབས་དང་། སྐལ་བ་དང་། དབང་ སྒྱུར་བ་མངའ་བས་དེ་ལ་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་འདོད་ཆགས་བཅོམ་པ་དང་། ཞེ་སྡང་བཅོམ་པ་དང་། གཏི་མུག་བཅོམ་པ་དང་། འདིའི་སྡིག་པ་མི་དགེ་བའི་ཆོས་ཉོན་མོངས་པ་དང་། ཡང་སྲིད་པར་ནད་དང་བཅས་པ་དང་། རྣམ་ པར་སྨིན་པ་སྡུག་བསྔལ་བ་ལ་འོངས་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བ་བཅོམ་པ་སྟེ། ཇི་སྐད་དུ། འདོད་ཆགས་བཅོམ་ཞིང་ཞེ་སྡང་བཅོམ། །གཏི་མུག་བཅོམ་ཞིང་ཉོན་མོངས་སྤངས། །འདི་ཡི་སྡིག་པ་མི་དགེའི་ཆོས། །བཅོམ་པས་བཅོམ་ལྡན་ཞེས་བརྗོད་དོ། ། ཞེས་བཤད་པས་བཅོམ་ལྡན་འདས་ཞེས་བྱ། ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཚངས་པར་སྤྱོད་པ་རབ་ཏུ་སྤྱད་ནས། སྔོན་རང་ཉིད་ཀྱིས་མ་ཐོས་ཤིང་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པའི་ཆོས་རྣམས་ཕྱིས་བྱང་ཆུབ་ཆེན་པོ་རྗེས་སུ་ཐོབ་ནས་ མཐོང་ཞིང་ཆོས་མངོན་པར་ཤེས་ཏེ། ཉན་ཐོས་རྣམས་ལ་ཆོས་རབ་ཏུ་འབྱེད་པ་དང་། ཡང་དག་པར་རབ་ཏུ་འབྱེད་པ་དང་། ལྷན་ཅིག་ཆོས་དང་ལྷན་ཅིག་བརྩོན་པ་སྟེན་པར་བྱེད་དེ། ཇི་སྐད་དུ། གང་ཆོས་བརྩོན་པ་བསྟེན་པའི་དེ་བཞིན་གཤེགས། །སེམས་ཅན་ཀུན་ལ་ཐོགས་ མེད་རྗེས་བརྩེ་བ། །དེ་འདྲ་ལྷ་དང་མི་ཡི་སྟོན་པ་ནི། །སྲིད་པའི་ཕ་རོལ་སོན་ལ་ལེགས་ཕྱག་འཚལ། །ཞེས་བཤད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་ཉན་ཐོས་གུས་པ་དང་བཅས་པའི་ཚིག་དང་། ཞེ་ས་དང་བཅས་པའི་ཚིག་བརྗོད་པས་རྗེས་སུ་མཐུན་ཅིང་རབ་ཏུ་ རིགས་པ་དེ་དག་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཞེས་ཡང་དག་པར་བརྗོད་དོ། །དེས་ན་བཅོམ་ལྡན་འདས་ཞེས་བྱའོ། །འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་ཞེས་བྱ་བ་ལ། བཅོམ་ལྡན་འདས་ན་ལེནྡྲའི་ཨ་མྲའི་ཚལ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་ པ་ཤཱ་རིའི་བུ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལ་བདག་མངོན་པར་རབ་ཏུ་དང་སྟེ། དགེ་སྦྱོང་ངམ། བྲམ་ཟེ་གཞན་གང་ཞིག་བཅོམ་ལྡན་འདས་ལས་མངོན་པར་ཤེས་པ་ཁྱད་པར་དུ་འཕགས་པ་གང་ཡང་མ་བྱུང་། འབྱུང་བར་མི་འགྱུར། ད་ལྟར་ཡང་མེད་དེ། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བཙུན་པ་བཅོམ་ལྡན་འདས་ལ་བདག་འདི་ལྟར་མངོན་པར་རབ་ཏུ་དང་སྟེ། དགེ་སྦྱོང་ངམ་བྲམ་ཟེ་གཞན་གང་ཞིག་བཅོམ་ལྡན་འདས་ལས་མངོན་པར་ཤེས་པ་ཁྱད་པར་དུ་འཕགས་ པ་གང་ཡང་མ་བྱུང་། འབྱུང་བར་མི་འགྱུར། ད་ལྟར་ཡང་མེད་ད། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་རྒྱ་ཆེ་བ་དང་། དྲང་སྲོང་གི་ངག་གི་བརྗོད་པ་མཐའ་གཅིག་ཏུ་ངེས་པར་འཛིན་པ། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ལེགས་སོ་ལེགས་སོ། །ཤཱ་རིའི་ བུ་ཅི་གང་བྱུང་བར་གྱུར་པ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སངས་རྒྱས་བཅོམ་ལྡན་འདས་འདི་ལྟ་བུའི་ཚུལ་ཁྲིམས་དང་ལྡན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ལྟ་བུ་བྱུང་། འདི་ལྟ་བུའི་ ཤེས་རབ་དང་། འདི་ལྟ་བུའི་མངོན་པར་ཤེས་པ་དང་། འདི་ལྟ་བུའི་རྣམ་པར་གྲོལ་བ་དང་། འདི་ལྟ་བུའི་མང་དུ་གནས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་ཞེས་ཁྱོད་ཀྱིས་སེམས་ཀྱིས་དམིགས་ཤིང་རིག་གམ། བཙུན་པ་མ་ལགས་སོ། ། གང་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སངས་རྒྱས་བཅོམ་ལྡན་འདས་འདི་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ། འདི་ལྟ་བུའི་ཆོས། འདི་ལྟ་བུའི་ཤེས་རབ། འདི་ལྟ་བུའི་མངོན་པར་ཤེས་པ། འདི་ ལྟ་བུའི་རྣམ་པར་གྲོལ་བ། འདི་ལྟ་བུའི་མང་དུ་གནས་པ་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་རོ་ཞེས་རིག་གམ། བཙུན་པ་མ་ལགས་སོ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ འདི་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ། འདི་ལྟ་བུའི་ཤེས་རབ། འདི་ལྟ་བུའི་མངོན་པར་ཤེས་པ། འདི་ལྟ་བུའི་རྣམ་པར་གྲོལ་བ། འདི་ལྟ་བུའི་མང་དུ་གནས་པ་དང་ལྡན་ཞེས་བྱ་བར་ཡང་རིག་གམ། བཙུན་པ་མ་ལགས་སོ། །ཤཱ་རིའི་བུ་ཁྱོད་ཀྱིས་འདས་པ་དང་མ་འོངས་ པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་ཀྱི་རྣམ་གྲངས་མི་ཤེས་ན་བསམ་པ་ཅིས། ཇི་སྟེ་བཙུན་པ་བཅོམ་ལྡན་འདས་ལ་བདག་མངོན་པར་རབ་ཏུ་དང་སྟེ། དགེ་སྦྱོང་ངམ་བྲམ་ཟེ་གཞན་གང་ཞིག་བཅོམ་ལྡན་འདས་ལས་ མངོན་པར་ཤེས་པ་ཁྱད་པར་དུ་འཕགས་པ་གང་ཡང་མ་བྱུང་འབྱུང་བར་མི་འགྱུར་བ་ད་ལྟར་མེད་དེ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པ་ཞེས་བྱའོ་ཞེས་ངག་གིས་བརྗེད་པ་དྲང་སྲོང་གི་ངག་གིས་བརྗོད་པ་རྒྱ་ཆེ་བ་མཐའ་གཅིག་ཏུ་ངེས་པར་འཛིན་པ་འཁོར་གྱི་ནང་དུ་སེང་ གེའི་སྒྲ་སྒྲོགས། བཙུན་པ་བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་དག་གི་ཐུགས་ཀྱི་རྣམ་གྲངས་མ་འཚལ་མོད་ཀྱི། འོན་ཀྱང་ཆོས་ཀྱི་རྣམ་གྲངས་འཚལ་ཏེ། འདིར་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་པ་ པ་གང་བླ་ན་མེད་པ། གོང་ན་མེད་པ། གྱ་ནོམ་པ། ཆེས་གྱ་ནོམ་པ། དམན་པ་དང་ཁྱད་པར་དུ་འཕགས་པ་དཀར་པོ་དང་ནག་པོ་མི་འདྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་གསལ་བར་མཛད་དེ། ཇི་ལྟ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་པ་བླ་ན་མེད་པ། གོང་ ན་མེད་པ། གྱ་ནོམ་པ། ཆེས་གྱ་ནོམ་པ། དམན་པ་དང་ཁྱད་པར་དུ་འཕགས་པའི་ཆོས་དཀར་པོ་དང་ནག་པོ་མི་འདྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱས་པར་གསལ་བར་མཛད་པ་དེ་ལྟ་དེ་ལྟར་བདག་ལ་ཆོས་གཅིག་མངོན་པར་ཡོངས་སུ་ཤེས་པ་དང་། ཆོས་གཅིག་སྤངས་པ་མངོན་པར་ ཤེས་པ་དང་། ཆོས་གཅིག་མངོན་སུམ་དུ་བྱ་བ་མངོན་པར་ཤེས་པ་དང་། ཆོས་གཅིག་བསྒོམ་པ་མངོན་པར་ཤེས་པ་དང་། ཆོས་རྣམས་ལ་རྟོགས་པ་ཉེ་བར་འགྲོ་བ་དང་། སྟོན་པ་ལ་རབ་ཏུ་དང་བར་གྱུར་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་རྟག་ཏུ་ ངོ་མཚར་བར་ཡང་ཤེས་སོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟ་བུའི་དྲི་བ་འབྱུང་སྟེ། འདས་པའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་ལས་ཁྱད་པར་དུ་འཕགས་པ་བྱུང་ངམ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པ་ལའོ་ཞེས་ཁྱོད་ལ་འདི་ལྟར་འདྲི་བ་ དེ་ལ་ཇི་ལྟར་ལན་གདབ་པར་བྱ། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་དེ་ལྟར་འདྲི་བ་དེ་ལ་བདག་གིས་མེད་དོ་ཞེས་ལན་གདབ་པར་བྱའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་སྐད་དུ་འདྲི་སྟེ། མ་འོངས་པའི་དུས་ན་གཞན་དགེ་སྦྱོང་ངམ་བྲམ་ཟེ་དགེ་ སྦྱོང་གཽ་ཏ་མ་ལས་ཆེས་ཁྱད་པར་དུ་འཕགས་པ་འབྱུང་བར་འགྱུར་རམ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པ་ལའོ་ཞེས་འདི་སྐད་དུ་འདྲི་ན། ཤཱ་རིའི་བུ་ཇི་ལྟར་ལན་འདེབས། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་འདྲི་བ་དེ་ལ་མེད་དོ་ཞེས་ལན་ གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་སྐད་དུ་འདྲི་སྟེ། ཤཱ་རིའི་བུ་ད་ལྟར་བྱུང་བའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་གཞན་ཁ་ཅིག་དགེ་སྦྱོང་གཽ་ཏ་མ་ལས་ཁྱད་པར་དུ་འཕགས་པ་ཡོད་དམ། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལའོ་ཟེར་ན། དེ་ལྟར་འདྲི་བ་དེ་ལ་ཤཱ་རིའི་བུ་ཇི་ལྟར་ལན་འདེབས། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་འདྲི་བ་དེ་ལ་མེད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ནས་འདི་ལྟར་འདྲི་སྟེ། ཤཱ་རིའི་བུ་འདས་པའི་དུས་ན་གཞན་དགེ་སྦྱོང་ངམ་ བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་དང་འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ་ཡོད་དམ་ཞེས་འདི་ལྟར་འདྲི་ན། ཤཱ་རིའི་བུ་ཇི་ལྟར་ལན་གདབ། བཙུན་པ་ཁ་ཅིག་བདག་གི་དྲུང་དུ་ཉེ་བར་འོངས་ཏེ་འདྲི་ན་འདྲི་བ་དེ་ལ་ཡོད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་ བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་སྟེ། ཤཱ་རིའི་བུ་མ་འོངས་པའི་དུས་ན་གཞན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ་འབྱུང་བར་འགྱུར་རམ་ཞེས་འདི་ལྟར་འདྲི་བ་དེ་ལ་ཤཱ་རིའི་བུ་ཇི་ལྟར་ལན་གདབ། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་འདྲི་བ་དེ་ལ་བདག་གིས་ཡོད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་སྟེ། ཤཱ་རིའི་བུ་ད་ལྟར་བྱུང་བའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་དང་ མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ་ཡོད་དམ་ཞེས་འདི་ལྟར་འདྲི་ན་ཤཱ་རིའི་བུ་ཇི་ལྟར་ལན་གདབ་པར་བྱ། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་འདྲི་བ་དེ་ལ་བདག་གིས་མེད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ ཉེ་བར་འོངས་ཤིང་འདི་སྐད་དུ་འདྲི་སྟེ་ཤཱ་རིའི་བུ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྗེས་སུ་ཡི་རང་ལ་ཁ་ཅིག་རྗེས་སུ་ཡི་རང་བ་མ་ཡིན་པ་ཅིའི་ཕྱིར་ཞེས་འདི་ལྟར་འདྲི་ན། ཤཱ་རིའི་བུ་ཇི་སྐད་དུ་ལན་གདབ་པར་བྱ། བཙུན་ པ་ཁ་ཅིག་བདག་གི་དྲུང་དུ་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་འདྲི་བ་དེ་ལ་བདག་གིས་འདི་ལྟར་ལན་གདབ་པར་བྱ་སྟེ། འདས་པའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་བཅོམ་ལྡན་འདས་དང་མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པར་བྱུང་བར་གྱུར་ཏོ། །མ་འོངས་པའི་དུས་ན་གཞན་དགེ་སྦྱོང་ དང་བྲམ་ཟེ་བཅོམ་ལྡན་འདས་དང་མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པར་འབྱུང་བར་འགྱུར་རོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། དེ་གང་སྔ་ཕྱི་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་འབྱུང་བ་ནི་གནས་མ་ཡིན་ཞིང་ གོ་སྐབས་མེད་ལ། གང་གཅིག་འབྱུང་བ་ནི་གོ་སྐབས་ཡོད་དོ་ཞེས་བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་འབྱུང་ངོ་། །བཙུན་པ་བཅོམ་ལྡན་འདས་བླ་ན་མེད་པ་འདི་ལྟ་སྟེ་མངོན་པར་བྱང་ཆུབ་པའོ། །དེ་བཅོམ་ལྡན་འདས་ཀྱིས་མ་ལུས་པ་མངོན་པར་ཤེས་ཤིང་ མ་ལུས་པ་མངོན་པར་རབ་ཏུ་མཁྱེན་ནས། དགེ་སྦྱོང་ངམ་བྲམ་ཟེ་བཅོམ་ལྡན་འདས་ལས་འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ཞེས་བྱ་བ་མངོན་པར་ཤེས་པ་ཁྱད་པར་དུ་འཕགས་པ་དུས་ཕྱིས་མངོན་པར་ཤེས་པར་བྱ་བ་མངོན་པར་ཤེས་པ་གཞན་མེད་དོ་ཞེས་མདོའི་དུམ་བུ་དེ་ལུང་རིང་པོའི་དང་ པོའི་སྡོམ་གྱི་ཚིགས་སུ་བཅད་པ་ཐ་མའི་མདོ་ལས་འབྱུང་ངོ་། །དེ་ཉིད་སློབ་དཔོན་སྣ་ཚོགས་བློ་གྲོས་ཀྱི་ཚིགས་བཅད་བཞི་བརྒྱ་པར་འགོད་དེ། ཉན་ཐོས་ཀུན་གྱིས་རྟོགས་གྱུར་པ། །ཁྱོད་ཀྱི་ཆོས་ཀྱི་དེད་དཔོན་པོ། །བླ་ན་མེད་པ་རྗེས་སྨྲ་བས། །ཁྱོད་ལ་དངོས་སུ་ཉེར་གནས་ཏེ། ། སངས་རྒྱས་ཆོས་ཟབ་བཤད་པ་ལ། །རྗེས་སུ་རིགས་པར་སངས་རྒྱས་ཀྱི། །ཆོས་ཤེས་པ་དེ་མིན་ཞེས་སྨྲས། །ཞེས་བཤད་དོ། །ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ། གནས་བརྟན་ཤཱ་རིའི་བུས་སྐྱེས་བུ་གཞན་འགའ་ཞིག་གི་སྔོན་དང་ཕྱིས་ཀྱི་ མཐའ་མ་ཤེས་པས་ས་ཕྱོགས་གཅིག་ན་བཅོམ་ལྡན་འདས་དང་ཤཱ་རིའི་བུ་བཞུགས་སོ། །ཇི་ཙམ་ན་སྐྱེས་བུ་གཞན་ཞིག་འཆི་བའི་དུས་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་གོང་དུ་སྐྱེ་བ་ལྟོས་ཤིག །དེས་བསམ་གཏན་བཞི་པའི་ས་ པའི་ལྷའི་མིག་མངོན་སུམ་དུ་བྱས་ཏེ་བལྟས་པ་ན་དེ་ཙམ་དུ་བསྐལ་པའི་སྐྱེ་བ་ཇི་ཙམ་པ་ཡུལ་དུ་མ་གྱུར་ཏོ། །ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་མ་འཚལ་ཏོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་ཇི་ཙམ་དུ་མཐོང་བ་དེ་ལས་ ལངས་ཏེ། འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བར་བུད་མེད་ཆེ་གེ་མོ་ཞེས་བྱ་བའི་མངལ་དུ་སྐྱེས་སོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་ས་ཕྱོགས་གཅིག་ཏུ་བཞུགས་སོ། །ཇི་ཙམ་ན་སྐྱེས་བུ་གཞན་ཞིག་མངོན་དུ་ཕྱོགས་ཏེ་འོངས་སོ། །དེ་ ལ་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བོས་ཏེ། ཤཱ་རིའི་བུ་སྐྱེས་བུ་འདི་ཁྱོད་ལ་ཡུན་རིང་པོར་བསྟེན་པ་ལ་ལྟོས། དེས་བསམ་གཏན་བཞི་པའི་ས་པའི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པའི་མངོན་པར་ཤེས་པ་མངོན་དུ་བྱས་ཏེ་བལྟས་པ་དེ་སྲིད་དུ་སྔོན་ཡུན་རིང་དུ་བསྟེན་པ་ཇི་ཙམ་ པ་ཡུལ་དུ་མ་གྱུར་ཏོ། །དེ་ཏིང་ངེ་འཛིན་ལས་ལངས་ནས་བཅོམ་ལྡན་འདས་ལ་འཚལ་ཏོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་ཁྱོད་ཀྱིས་མངོན་པ་དེ་ལས་འདས་ཏེ། ཆེ་གེ་མོ་ཞེས་བྱ་བའི་རིགས་དང་ཆེ་གེ་མོ་ཞེས་བྱ་བའི་གཉེན་འདུན་དུ་སྐྱེས་སོ་ཞེས་ བཀའ་སྩལ་ཏོ། །ཡང་མངོན་པར་འདུ་བྱ་བ་ཆེན་པོས་ཡུན་རིང་དུ་བལྟས་ཀྱང་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མ་མཐོང་བ་གནས་བརྟན་ཤཱ་རིའི་བུ་ལ་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་ལས་བཤད་པ། །ངས་ནི་འདི་ཡིས་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་དག །འབྱུང་ཁུང་ རྡོ་ཡི་གསེབ་ན་གསེར། །བག་ལ་ཞ་བ་ལྟ་བུར་གཟིགས། །བསམ་གཏན་ཤེས་རབ་བདག་ཉིད་དྲོས། །གཉིས་ཀྱིས་ཐར་པ་ཐོབ་ནས་ནི། །རང་གི་བྱ་བ་ཁྱོད་ཀྱིས་ནི། །མངོན་དུ་དེ་ཡིས་ཐོབ་པར་འགྱུར། །སྤྲོས་པ་ཐོབ་ཀྱང་ལས་འདི་ལ། །འབྲས་བུ་རྩོམ་པ་མེད་ པར་མིན། །རྡོ་ཡི་ནང་དུ་གནས་པའི་གསེར། །མ་བཞུས་འབྱུང་བར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་ནས་ཉིན་ཞག་དེ་ལ་དགྲ་བཅོམ་པ་ཐོབ་ཅེས་རྒྱས་པར་ཇི་ལྟར་བཙུན་པ་གཞོན་ནུ་ལེན་གྱིས་དཔེའི་ཕྲེང་བ་ལས་དྲུག་པ་དང་བཅུ་ པའི་དྲུག་པ་ལས་སྟག་གི་འཇིགས་པའི་དཔེ་ལས་བཤད་དོ། །གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ཡང་ཇི་ལྟར་ཡི་དྭགས་ལྔ་བརྒྱའི་དོན་དུ་གཉེར་བ་བསྒྲུབས་ནས་མ་གནས་པའི་ས་དྲིས་པ་ལས་དེ་དག་ལས་ཀྱི་རླུང་གི་ཤུགས་ཀྱིས་འཕངས་ཏེ་འབད་པ་ཆེན་པོས་གདུངས་ཀྱང་མ་ཤེས་ སོ། །བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོའི་རང་གི་ཤེས་པ་སྔོན་དུ་བཏང་ནས་ལྷར་སྐྱེས་ཤིང་གནས་སོ་ཞེས་གཏམ་རྒྱུད་བརྒྱ་པ་ལས་ལྔ་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་ལས་འབྱུང་ངོ་། །ལམ་མ་གཏོགས་པ་འདུས་བྱས་རྣམས། །ཟག་བཅས་ཞེས་བྱ་བ་ལ། གླེང་གཞི་ནི་ མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ནས་བཀའ་སྩལ་པ། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བཤད་པར་བྱའོ། །ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། གཟུགས་གང་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྐྱེ་བ་དང་། ཇི་སྲིད་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྐྱེ་བ་འདི་ནི་ཟག་ པ་དང་བཅས་པ་ཞེས་བྱའོ། །གཟུགས་གང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་སྐྱེ་བ་དང་། ཇི་སྲིད་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་རྗེས་སུ་ ཆགས་པ་དང་ཁོང་ཁྲོ་བ་མི་སྐྱེ་བ་འདི་ནི་ཟག་པ་མེད་པ་ཞེས་བྱའོ། །དགེ་སློང་དག་ངས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཇི་སྐད་བཤད་པ་འདིར་རབ་ཏུ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། ། འདིར་མདོ་ལས་གཟུགས་གང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་སྐྱེ་བ་ཞེས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་རང་གི་རིས་ཙམ་ལས་དམིགས་པས་རྒྱས་པ་སྐྱེ་བ་བཀག་ཅིང་ལོག་པར་ལྟ་བ་ལམ་གྱི་བདེན་པ་ལ་དམིགས་ཀྱང་དེའི་གཉེན་པོ་ ཡིན་པས་མི་རྒྱས་པས་ཟག་པ་མེད་པ་ཞེས་བཤད་པར་འགྱུར་རོ། །འོ་ན་གང་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་གང་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་དང་། ཆོས་སྦྱིན་གྱི་མདོ་ལས། དེ་ལ་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་འདོན་པ་དོན་ལ་ཁྱད་པར་མེད་དོ། །དེ་ཇི་ལྟར་ ཞེ་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་དེའི་དུས་ན་དགེ་སློང་མ་ཆོས་སྦྱིན་མཉན་ཡོད་ན་རྒྱལ་པོའི་ཀུན་དགའ་ར་བ་ན་དགེ་སློང་མའི་དབྱར་ཁང་ན་གནས་སོ། །དེ་ནས་ཚེ་དང་ལྡན་པ་ས་ག་དགེ་སློང་མ་ ཆོས་སྦྱིན་གང་ན་བ་དེར་ཉེ་བར་འོངས་ཏེ། དགེ་སློང་མ་ཆོས་སྦྱིན་གྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་བསྙེན་ས་གས་དགེ་སློང་མ་ཆོས་སྦྱིན་ལ་འདི་སྐད་ཅེས་གསོལ་ཏོ། །འཕགས་མ་འདྲི་བ་ལུང་སྟོན་པ་ལ་སྐབས་འབྱེད་ན་ཕྱོགས་ འགའ་ཞིག་ཡོངས་སུ་འདྲིའོ། །ཚེ་དང་ལྡན་པ་ས་ག་ཉོན་ཅིག་དང་འདྲི་བ་རིག་པར་བྱའོ། །འཕགས་མ་འཇིག་ཚོགས་ཞེས་བརྗོད་པ་དང་། འཇིག་ཚོགས་ཀུན་འབྱུང་བ་ཞེས་བརྗོད་པ་དང་། འཇིག་ཚོགས་འགོག་པ་ཞེས་བརྗོད་པ། འཕགས་མ་འཇིག་ཚོགས་ནི་ གང་། འཇིག་ཚོགས་ཀུན་འབྱུང་བ་དང་། འཇིག་ཚོགས་འགོག་པ་ནི་གང་། ཚེ་དང་ལྡན་པ་ས་ག་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འཕགས་པའི་ཆོས་ཀྱི་གསུང་རབ་ལས་འཇིག་ཚོགས་ཞེས་བྱའོ། །ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །འཇིག་ཚོགས་ལ་ལྟ་བ་ཀུན་འབྱུང་བ་ནི་ཡང་སྲིད་པར་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲིད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བའོ། །འཇིག་ཚོགས་འགོག་པ་ནི་ཡང་སྲིད་པར་དགའ་ བའི་འདོད་ཆགས་དང་ལྷན་ཅིག་པའི་སྲིད་པ་དེ་དང་དེ་ལ་མངོན་པར་དགའ་བ་མ་ལུས་པ་སྤངས་ཤིང་ངེས་པར་འབྱུང་བ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ཉེ་བར་ཞི་བ་གྲུབ་པའོ། །འཕགས་མ་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་འབྱུང་བར་འགྱུར་ཞེ་ན། ཚེ་དང་ལྡན་པ་ས་ག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །གཟུགས་བདག་དང་ལྡན། བདག་ལ་གཟུགས་ཡོད། གཟུགས་ལ་བདག་གནས་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་། དེ་བཞིན་དུ་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཡིན་རྣམ་པར་ཤེས་པ་བདག་དང་ལྡན། བདག་ལ་རྣམ་པར་ཤེས་པ་ཡོད། རྣམ་པར་ཤེས་པ་ལ་བདག་གནས་ཞེས་ཡང་དག་པར་རྗེས་སུ་མཐོང་སྟེ། འཇིག་ཚོགས་ལ་ལྟ་བ་ཀུན་འབྱུང་བར་འགྱུར་རོ། ། འཕགས་མ་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་འབྱུང་བར་མི་འགྱུར་ཞེ་ན། ཚེ་དང་ལྡན་པ་ས་ག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་གཟུགས་བདག་ཡིན། གཟུགས་བདག་དང་ལྡན། བདག་ལ་གཟུགས་ཡོད། གཟུགས་ལ་བདག་གནས་ཞེས་ཡང་དག་པར་རྗེས་ སུ་མི་མཐོང་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཡིན། རྣམ་པར་ཤེས་པ་བདག་དང་ལྡན། བདག་ལ་རྣམ་པར་ཤེས་པ་ཡོད། རྣམ་པར་ཤེས་པ་ལ་བདག་གནས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེས་ན་འཇིག་ ཚོགས་ལ་ལྟ་བ་ཀུན་འབྱུང་བར་མི་འགྱུར་རོ། །འཕགས་མ་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་ཞེས་བརྗོད་པ། འཕགས་མ་ཅི་ཕུང་པོ་གང་ཡིན་པ་དེ་ཉིད་ཉེ་བར་ལེན་པའི་ཕུང་པོ་ཡིན་ནམ། འོན་ཏེ་ཕུང་པོ་གཞན་ཉིད་ཡིན་ཅིང་ཉེ་བར་ལེན་པའི་ཕུང་པོ་ཡང་གཞན་ཉིད་ ཡིན་ནོ། །ཚེ་དང་ལྡན་པ་ས་ག་ཉེ་བར་ལེན་པའི་ཕུང་པོ་གང་ཡིན་པ་ནི་ཕུང་པོ་ཡིན་ནོ། །ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་ནོ། །ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ཡིན་པ་ནི་གང་། ཕུང་པོ་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་ནི་གང་ཞེ་ན། ཚེ་དང་ལྡན་པ་ས་ ག་གཟུགས་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་འདི་ཕུང་པོ་ཡང་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་ཡང་ཡིན་ནོ། །གཟུགས་གང་ ཟག་པ་མེད་ཅིང་ཉེ་བར་ལེན་པ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཟག་པ་མེད་ཅིང་ཉེ་བར་ལེན་པ་མེད་པ་འདི་ནི་ཕུང་པོ་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་ཞེས་བྱའོ། །འཕགས་མ་གང་འདི་ཕུང་པོ་གསུམ་པོ་ཚུལ་ཁྲིམས་ཀྱི་ཕུང་ པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། གང་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་འབྱུང་བ་ཅི་ཕུང་པོ་གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་སམ། འོན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཕུང་པོ་གསུམ་ བསྡུས། ཚེ་དང་ལྡན་པ་ས་ག་ཕུང་པོ་གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་ཀྱི། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ནི་ཕུང་པོ་གསུམ་བསྡུས་པ་མ་ཡིན་ནོ། །ཇི་ལྟར་ཕུང་པོ་གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་ཤིང་ འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཕུང་པོ་གསུམ་མ་བསྡུས་ཤེ་ན། ཚེ་དང་ལྡན་པ་ས་ག་དེ་ལ་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དག་ནི་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོར་བཤད་དོ། །གང་ཡང་ཡང་ དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོར་བཤད་དོ། །གང་ཡང་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕུང་པོར་བཤད་དོ། །ཚེ་ དང་ལྡན་པ་ས་ག་དེས་ན་ཕུང་པོ་གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ནི་ཕུང་པོ་གསུམ་མ་ལུས་པར་རིག་པར་བྱའོ། །འཕགས་མ་ལམ་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་པ། ཚེ་དང་ལྡན་པ་ས་ག་ འདུས་བྱས་སོ། །འཕགས་མ་འགོག་པ་འདྲ་བ་ཡིན་ནམ། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ། །འཕགས་མ་བསམ་གཏན་དང་པོ་ཡན་ལག་དུ་ཞིག་དང་ལྡན། ཚེ་དང་ལྡན་པ་ས་ག་ཡན་ལག་ལྔ་དང་ལྡན་ཏེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ། །འཕགས་མ་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་རྒྱུ་མཚན་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཏིང་ངེ་འཛིན་གྱི་སྒོམ་པ་ཞེས་འབྱུང་བ། འཕགས་མ་ཏིང་ངེ་འཛིན་ནི་གང་། ཏིང་ངེ་འཛིན་གྱི་རྒྱུ་མཚན་དང་། ཏིང་ངེ་འཛིན་ གྱི་སྟོབས་དང་། ཏིང་ངེ་འཛིན་སྒོམ་པ་ནི་གང་། ཚེ་དང་ལྡན་པ་ས་ག་དགེ་བའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ཏིང་ངེ་འཛིན་གྱི་རྒྱུ་མཚན་ནོ། །ཡང་དག་པར་སྤོང་བ་བཞི་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །ཆོས་འདི་རྣམས་ཉིད་ལ་བསྙེན་པར་བྱེད། ཉེ་བར་བསྙེན་པར་བྱེད། གནས་པར་བྱེད། བསྒོམ་ཞིང་སྦྱོར་བ་ནི་ཏིང་ངེ་འཛིན་གྱི་སྒོམ་པ་ཞེས་བྱའོ། །འཕགས་མ་འདུ་བྱེད་འདུ་བྱེད་ཅེས་འབྱུང་བ། འཕགས་མ་འདུ་བྱེད་རྣམས་གང་། ཚེ་དང་ལྡན་པ་ས་ག་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་ བྱེད་དང་གསུམ་མོ། །འཕགས་མ་ལུས་ཀྱི་འདུ་བྱེད་གང་། ངག་གི་འདུ་བྱེད་གང་། ཡིད་ཀྱི་འདུ་བྱེད་གང་། ཚེ་དང་ལྡན་པ་ས་ག་དབུགས་འབྱུང་བ་དང་རྔུབ་པ་ནི་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །རྟོག་པ་དང་དཔྱོད་པ་ནི་ངག་གི་འདུ་བྱེད་ཅེས་བྱའོ། །འདུ་ཤེས་དང་སེམས་ པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱའོ། །འཕགས་མ་དབུགས་འབྱུང་བ་དང་རྔུབ་པ་ཅིའི་ཕྱིར་ལུས་ཀྱི་འདུ་བྱེད་ཅེས་བྱ། འཕགས་མ་རྟོག་པ་དང་དཔྱོད་པ་ཅིའི་ཕྱིར་ངག་གི་འདུ་བྱེད་ཅེས་བྱ། འདུ་ཤེས་དང་སེམས་པ་ཅིའི་ཕྱིར་ཡིད་ཀྱི་འདུ་བྱེད་ཅེས་བྱ། ཚེ་དང་ལྡན་པ་ས་ག་དབུགས་འབྱུང་བ་ དང་རྔུབ་པ་ནི་ལུས་ཀྱི་ཆོས་ཏེ། ལུས་ལ་བརྟེན་པ་ལུས་དང་འབྲེལ་པ་ལུས་ལ་བརྟེན་ཏེ་རབ་ཏུ་འཇུག་པས་དེའི་ཕྱིར་དབུགས་འབྱུང་བ་དང་རྔུབ་པ་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །རྟོག་པ་དང་དཔྱོད་པས་ནི་བརྟགས་ཤིང་དཔྱད་ནས་སྨྲ་བ་དེའི་ཕྱིར་རྟོག་པ་དང་དཔྱོད་པ་ལ་ངག་གི་འདུ་བྱེད་ཅེས་ བྱའོ། །འདུ་ཤེས་དང་སེམས་པ་ནི་སེམས་ལས་བྱུང་བའི་ཆོས་ཏེ། སེམས་ཀྱི་རྗེས་སུ་འགྲོ་བ་སེམས་ལ་བརྟེན་པ་སེམས་དང་འབྲེལ་པ་སེམས་ལ་རབ་ཏུ་བརྟེན་ནས་འཇུག་པས་དེའི་ཕྱིར་འདུ་ཤེས་དང་སེམས་པ་ལ་ཡིད་ཀྱི་འདུ་བྱེད་ཅེས་བྱའོ། །འཕགས་མ་གང་གི་ཚེ་ཆོས་ དེས་ལུས་བོར་ནས་སེམས་མེད་པའི་ཤིང་བཞིན་དུ་གནས་པ་དེའི་ཚེ་ལུས་བཏང་ནས་གནས་པར་འགྱུར་བའི་ཆོས་དེ་གང་ཞེ་ན། ཚེ་དང་ལྡན་པ་ས་ག་ཚེ་དང་དྲོད་དང་རྣམ་པར་ཤེས་པ་གསུམ་གྱིས་ཏེ། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང་། །བོར་ ནས་དེ་ཚེ་གནས་པ་ནི། །སེམས་མེད་ཅི་ལྟར་ཤིང་བཞིན་ནོ། །འཕགས་མ་ཤི་ཞིང་དུས་ལས་འདས་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་བསམ་པའམ་རྒྱུ་ཐ་དད་པའམ། ཁྱད་པར་འགའ་ཞིག་ཡོད་དམ། ཚེ་དང་ལྡན་པ་ས་ག་ཤི་ཞིང་དུས་ལས་འདས་པ་དང་ འགོག་པ་ལ་སྙོམས་པར་ཞུགས་པ་བསམ་པའམ་རྒྱུ་ཐ་དད་པའམ། ཁྱད་པར་རྣམ་པ་མང་དུ་ཡོད་དེ། ཚེ་དང་ལྡན་པ་ས་ག་ཤི་ཞིང་དུས་ལས་འདས་པ་ནི་ལུས་ཀྱི་འདུ་བྱེད་འགགས་ཤིང་སེམས་ཀྱི་འདུ་བྱེད་དང་ངག་གི་འདུ་བྱེད་འགགས་པར་འགྱུར་ལ། ཚེ་དང་དྲོད་དང་བྲལ་ཞིང་དབང་པོ་ རྣམས་གཞན་དུ་གྱུར་ཅིང་རྣམ་པར་ཤེས་པ་ལུས་ལས་འདའ་བར་འགྱུར་རོ། །འགོག་པ་ལ་སྙོམས་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་འགག་པར་འགྱུར་ཞིང་ངག་གི་འདུ་བྱེད་དང་སེམས་ཀྱི་འདུ་བྱེད་འགག་པར་འགྱུར་ཡང་ཚེ་དང་དྲོད་འགག་པར་མི་འགྱུར་ཞིང་དབང་པོ་གཞན་དུ་འགྱུར་བ་ དང་། རྣམ་པར་ཤེས་པ་ལུས་ལས་འདའ་བར་མི་འགྱུར་རོ། །གང་ཚེ་དང་ལྡན་པ་ས་ག་ཤི་ཞིང་དུས་ལས་འདས་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་འདིའི་བསམ་པ་དང་རྒྱུ་དང་ཁྱད་པར་ཡིན་ནོ། །འཕགས་མ་ཇི་ལྟར་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར། ཚེ་དང་ ལྡན་པ་ས་ག་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ན་བདག་འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་པར་བྱའོ་སྙམ་དུ་མི་སེམས། འདིའི་སེམས་སྔོན་དེ་ལྟ་དེ་ལྟར་ཡོངས་སུ་སྦྱངས་ཞིང་ཡོངས་སུ་སྦྱང་བ་བྱས་པ་ཇི་ལྟ་ཇི་ལྟར་དེ་དང་དེ་ལ་ཉེ་བར་གནས་པར་ འགྱུར་རོ། །འཕགས་མ་ཇི་ལྟར་འགོག་པ་ལས་ལྡང་བར་འགྱུར། ཚེ་དང་ལྡན་པ་ས་ག་དགེ་སློང་འགོག་པ་ལ་གནས་པ་ལྡང་བ་ན་འདི་ལྟར་བདག་འགོག་པ་ལས་ལངས་ཤིང་ལྡང་བར་བྱའོ་སྙམ་དུ་མི་སེམས་ཀྱང་འདི་སེམས་སྔོན་ཉིད་དུ་དེ་ལྟ་དེ་ལྟར་ཡོངས་སུ་སྦྱངས་ ཤིང་ཡོངས་སུ་སྦྱང་བ་བྱས་པ་ཇི་ལྟ་ཇི་ལྟར་དེ་དང་དེ་ལ་ཉེ་བར་གནས་པར་འགྱུར་རོ། །འཕགས་མ་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། སེམས་ཀྱི་འདུ་བྱེད་ཀྱི་ཆོས་དུ་ཞིག་དང་པོ་ཉིད་དུ་འགག་པར་འགྱུར། ཚེ་དང་ལྡན་ པ་ས་ག་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་དང་པོ་ཉིད་དུ་ངག་གི་འདུ་བྱེད་འགག་པར་འགྱུར་རོ། །དེ་ནས་ནི་ལུས་དང་ཡིད་ཀྱི་འདུ་བྱེད་དོ། །འཕགས་མ་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལས་ལངས་པ་ན་དང་པོ་ཉིད་དུ་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་ དང་། ཡིད་ཀྱི་འདུ་བྱེད་ཀྱི་ཆོས་དུ་ཞིག་སྐྱེ་བར་འགྱུར། ཚེ་དང་ལྡན་པ་ས་ག་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལས་ལངས་པ་ན་དང་པོ་ཉིད་དུ་ཡིད་ཀྱི་འདུ་བྱེད་སྐྱེ་བར་འགྱུར་རོ། །དེ་ནས་ནི་ལུས་དང་ངག་གི་འདུ་བྱེད་དོ། །འཕགས་མ་དགེ་སློང་འགོག་པ་ལས་ ལངས་པ་སེམས་ཞིང་ལ་གཞོལ་ཞིང་ཞིང་ལ་འབབ་པ་དང་གང་ལ་བབ་པར་འགྱུར། ཚེ་དང་ལྡན་པ་ས་ག་དགེ་སློང་འགོག་པ་ལས་ལངས་པའི་སེམས་དབེན་པ་ལ་གཞོལ་བ་དང་། དབེན་པ་ལས་འབབ་པ་དང་། དབེན་པ་ལ་བབ་པར་འགྱུར་རོ། །ཐར་པ་ལ་གཞོལ་ཞིང་ཐར་ པ་ལ་འབབ་པ་དང་ཐར་པ་ལ་བབ་པར་འགྱུར་རོ། །མྱ་ངན་ལས་འདས་པ་ལ་གཞོལ་ཞིང་མྱ་ངན་ལས་འདས་པ་ལ་འབབ་པ་དང་། མྱ་ངན་ལས་འདས་པ་ལ་བབ་པར་འགྱུར་རོ། །འཕགས་མ་དགེ་སློང་འགོག་པ་ལས་ལངས་པ་རེག་པ་གང་ལ་རེག །ཚེ་དང་ལྡན་པ་ས་ག་མི་གཡོ་ བ་དང་། ཅུང་ཟད་མེད་པ་དང་། མཚན་མ་མེད་པ་གསུམ་ལའོ། འཕགས་མ་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ཆོས་མང་པོ་དུ་ཞིག་བྱེད་པར་འགྱུར། ཚེ་དང་ལྡན་པ་ས་ག་དྲི་བ་འདི་ནི་ཐོག་མ་ཉིད་དུ་དྲི་བར་བྱ་བ་དང་ད་ལྟར་བྱས་ཀྱང་ལུང་བསྟན་པར་བྱའོ། །དགེ་སློང་ འགོག་པ་ལ་སྙོམས་པར་ཞུགས་པ་ཆོས་གཉིས་ཀྱིས་མང་པོ་བྱེད་པར་འགྱུར་ཏེ། ཞི་གནས་དང་། ལྷག་མཐོང་ངོ་། །འཕགས་མ་ཚོར་བ་གང་། ཚེ་དང་ལྡན་པ་ས་ག་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། ། འཕགས་མ་བདེ་བའི་ཚོར་བ་ནི་གང་། སྡུག་བསྔལ་བའི་ཚོར་བ་ནི་གང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་གང་། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བའི་རེག་པ་ལས་སྐྱེས་པ་ལུས་དང་སེམས་ཀྱིས་བདེ་བ་དང་དགའ་བ་མྱོང་བ་ནི་བདེ་བའི་ཚོར་བ་ ཞེས་བྱའོ། །གང་སྡུག་བསྔལ་མྱོང་བའི་རེག་བྱ་རེག་པ་ལས་སྐྱེས་པ་ལུས་དང་སེམས་ཀྱིས་སྡུག་བསྔལ་བ་དང་མི་བདེ་བ་ཚོར་ཞིང་རིག་པ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱའོ། །གང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་རེག་བྱ་རེག་པ་ལས་སྐྱེས་པ་ལུས་དང་སེམས་ ཀྱིས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། དགའ་བ་ཡང་མ་ཡིན་པ་དང་མི་དགའ་བ་ཡང་མ་ཡིན་པ་མྱོང་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཞེས་བྱའོ། །འཕགས་མ་བདེ་བའི་ཚོར་བ་ལ་གང་ཞིག་རྒྱས་པར་འགྱུར། སྡུག་བསྔལ་གྱི་ཚོར་བ་ ལ་གང་ཞིག་རྒྱས་པར་འགྱུར། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གང་ཞིག་རྒྱས་པར་འགྱུར། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ། །བདེ་བ་ཡང་མ་ ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །འཕགས་མ་བདེ་བའི་ཚོར་བ་ཐམས་ཅད་ལ་འདོད་ཆགས་རྒྱས་པར་འགྱུར་རམ། སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ལ་ཞེ་སྡང་རྒྱས་པར་འགྱུར་རམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ བ་ཡང་མ་ཡིན་པའི་ཚོར་བ་ཐམས་ཅད་ལ་གཏི་མུག་རྒྱས་པར་འགྱུར་རམ། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བ་ཐམས་ཅད་ལ་འདོད་ཆགས་རྒྱས་པ་མ་ཡིན་ལ། སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ལ་ཞེ་སྡང་རྒྱས་པ་མ་ཡིན་ཞིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ པའི་ཚོར་བ་ཐམས་ཅད་ལ་གཏི་མུག་རྒྱས་པ་མ་ཡིན་མོད་ཀྱི། བདེ་བའི་ཚོར་བ་གང་ལ་འདོད་ཆགས་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཡོད་ལ། སྡུག་བསྔལ་གྱི་ཚོར་བ་གང་ལ་ཞེ་སྡང་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཡོད་ལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཡང་ཡོད་དོ། །འཕགས་མ་བདེ་བའི་ཚོར་བ་འདོད་ཆགས་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་གང་། ཚེ་དང་ལྡན་པ་ས་ག་འདི་ལ་འཕགས་པ་ཉན་ཐོས་འདོད་པ་ལས་ དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་བ་སེམས་ཀྱི་རྣམ་པ་གཅིག་ཏུ་ གྱུར་ནས་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་སུ་གནས་ཏེ་དྲན་པ་དང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་སོ་སོར་མྱོང་ ཞིང་གང་འཕགས་པ་རྣམས་ཀྱི་བཏང་སྙོམས་པའོ་ཞེས་བརྗོད་པ་དྲན་པ་དང་། བདེ་བར་གནས་པ་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཞེས་བྱའོ། །འཕགས་མ་སྡུག་ བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་གང་། ཚེ་དང་ལྡན་པ་ས་ག་འདི་ལ་འཕགས་པ་ཉན་ཐོས་ཐར་པ་བླ་མ་ལ་འདོད་པ་སྐྱེད་དེ་བདག་ནམ་དེའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར། གང་གི་ཚེ་འཕགས་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ ནས་གནས་ཞེས་ཐར་པ་བླ་མ་འདོད་པ་དང་། དོན་དུ་གཉེར་བ་དང་། ཡོངས་སུ་གདུང་བ་དང་། ཡིད་མི་བདེ་བ་འདི་ནི་སྡུག་བསྔལ་གྱི་ཚོར་བ་ཞེ་སྡང་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཞེས་བྱའོ། །འཕགས་མ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ ལ་གཏི་མུག་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་གང་ཞེ་ན། ཚེ་དང་ལྡན་པ་ས་ག་འདི་ལ་འཕགས་པ་ཉན་ཐོས་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་སྔ་མ་བཞིན་དུ་ཡིད་བདེ་བ་དང་མི་བདེ་བ་ནུབ་ཅིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་ དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཞེས་བྱའོ། །འཕགས་མ་བདེ་བའི་ཚོར་བ་ཅིས་བདེ་བ་ཡིན། ཅིས་ སྡུག་བསྔལ་བ་ཡིན། ཅིས་ཉེ་བར་འཚེ་བ་ཡིན། སྡུག་བསྔལ་གྱི་ཚོར་བ་ཅིས་བདེ་བ་ཡིན། ཅིས་སྡུག་བསྔལ་བ་ཡིན། ཅིས་ཉེ་བར་འཚོ་བ་ཡིན། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཅིས་བདེ་བ་ཡིན། ཅིས་སྡུག་བསྔལ་བ་ཡིན། ཅིས་ཉེ་ བར་འཚེ་བ་ཡིན། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བ་སྐྱེ་བ་ན་ཡང་བདེ། གནས་པ་ན་ཡང་བདེ། ཡོངས་སུ་འགྱུར་བ་ན་ཡང་སྡུག་བསྔལ་ཏེ། གང་མི་རྟག་པ་དེས་ཉེ་བར་འཚེ་བ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་སྐྱེ་བ་ན་ཡང་སྡུག་བསྔལ། གནས་པ་ན་ཡང་སྡུག་བསྔལ། ཡོངས་སུ་འགྱུར་བ་ན་བདེ་སྟེ། གང་གི་ཚེ་མི་རྟག་པ་དེའི་ཚེ་ཉེ་བར་འཚེ་བ་ཡིན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་མི་ཤེས་པ་སྡུག་བསྔལ། ཡེ་ཤེས་སྐྱེས་ན་བདེ་བ། གང་གི་ཚེ་མི་རྟག་པ་དེ་ཉེ་བར་འཚེ་བ་ཡིན་ནོ། །འཕགས་མ་བདེ་བའི་ ཚོར་བ་རབ་ཏུ་རྣམ་པར་འབྱེད་པ་གང་། སྡུག་བསྔལ་གྱི་ཚོར་བའོ། །སྡུག་བསྔལ་གྱི་ཚོར་བའི་རབ་ཏུ་རྣམ་པར་འབྱེད་པ་གང་། བདེ་བའི་ཚོར་བའོ། །བདེ་བ་དང་སྡུག་བསྔལ་གྱི་ཚོར་བའི་རབ་ཏུ་རྣམ་པར་འབྱེད་པ་གང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་ བའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་རབ་ཏུ་རྣམ་པར་འབྱེད་པ་གང་། མ་རིག་པའོ། །མ་རིག་པའི་རབ་ཏུ་རྣམ་པར་འབྱེད་པ་གང་། རིག་པའོ། །རིག་པའི་རབ་ཏུ་རྣམ་པར་འབྱེད་པ་གང་། ཚེ་དང་ལྡན་པ་ས་ག་མྱ་ངན་ལས་འདས་པའོ། །འཕགས་མ་ མྱ་ངན་ལས་འདས་པའི་རབ་ཏུ་རྣམ་པར་འབྱེད་པ་གང་། ཚེ་དང་ལྡན་པ་ས་ག་རིང་བ་བས་ཀྱང་ཤིང་ཏུ་རིང་བར་འདིའི་མཐའ་བསྡུ་བར་ནུས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་དྲུང་དུ་མྱ་ངན་ལས་འདས་པར་འགྲོ་བ་དང་། མྱ་ངན་ལས་འདས་པའི་མཐར་འགྱུར་ བ་སྡུག་བསྔལ་ཟད་པར་འགྱུར་བ་ཡང་དག་པའི་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །དེ་ནས་དགེ་བསྙེན་ས་ག་དགེ་སློང་མ་ཆོས་སྦྱིན་གྱིས་བཤད་པ་ལ་དགའ་ཞིང་ཡི་རང་ནས། དགེ་སློང་མ་ཆོས་སྦྱིན་གྱི་རྐང་པ་ལ་ཕྱག་བྱས་ནས་ལངས་ཏེ་སོང་ངོ་། །དགེ་བསྙེན་ས་ག་སོང་ནས་རིང་ པོ་མ་ལོན་པར་དགེ་སློང་མ་ཆོས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ཏེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་མ་ཆོས་སྦྱིན་གྱིས་དགེ་བསྙེན་ས་ག་དང་ལྷན་ཅིག་ཇི་སྲིད་དུ་ གཏམ་བརྗོད་པར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ལ་རྒྱས་པར་ཞུས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཆོས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་སྦྱིན་ལེགས་སོ་ལེགས་སོ། །ང་ལ་ཡང་དགེ་བསྙེན་ས་ག་དོན་འདི་ཉིད་དང་། ཚིག་འདི་ཉིད་དང་། ཡི་གེ་འདི་ཉིད་ཀྱི་དྲི་བ་ འདྲི་ན་ང་ཡང་དོན་འདི་ཉིད་དང་ཚིག་དང་ཡི་གེ་འདི་ཉིད་ཀྱིས་ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ལུང་བསྟན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་ཆོས་སྦྱིན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའོ། །འདིར་སྡོམ་ལ། འཇིག་ ཚོགས་ལྟ་བས་དྲི་བྱ་གསུམ། །ལྟ་བ་གཉིས་ཀྱི་བྱ་བ་དང་། །ཕུང་པོ་ལྔ་གསུམ་ལམ་དང་ནི། །འགོག་པའི་ཚིག་ནི་བཅུ་པ་ཡིན། །ཏིང་འཛིན་ཡན་ལག་དུ་ཡོད་དང་། །འདུ་བྱེད་ཕུང་པོ་དུ་ཞིག་དང་། །ཚོར་བས་དྲི་བ་དྲུག་དང་ནི། །རབ་ཏུ་རྣམ་དབྱེ་རྣམ་པ་དྲུག །དེ་ དག་ཉིད་དུས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དུས་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟར་བྱུང་བའི་དུས་སོ་ཞེས་བཀའ་སྩལ་ཏོ། །གཏམ་གཞི་དང་ཞེས་བྱ་བ་ལ། གླེང་ གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཏམ་གྱི་གཞི་ནི་གསུམ་ཏེ། བཞི་པ་མེད་ཅིང་ལྔ་པ་མེད་དེ། ངས་འདི་ལྟ་བུ་མཐོང་ཞེས་མཁས་པ་རྣམས་མཐོང་བའི་དོན་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་དང་། ངས་འདི་ལྟ་བུ་རྣམ་པར་ཤེས་སོ་ཞེས་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་སྟེ། གསུམ་གང་ཞེ་ན། འདས་པའི་གཏམ་གྱི་གཞི་དང་། །མ་འོངས་པ་དང་། ད་ལྟར་བྱུང་བའི་གཏམ་གྱི་གཞིའོ། །འདས་པའི་གཏམ་གྱི་གཞི་གང་ཞེ་ན། འདི་ལ་མཁས་པ་དག་ འདས་པའི་དུས་ན་འདི་ལྟ་བུ་བྱུང་ངོ་ཞེས་འདས་པའི་དུས་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་ནི་འདས་པའི་དུས་ཀྱི་གཏམ་གྱི་གཞི་ཞེས་བྱའོ། །མ་འོངས་པའི་གཏམ་གྱི་གཞི་གང་ཞེ་ན། འདི་ལ་མཁས་པ་དག་མ་འོངས་པའི་དུས་ན་འདི་ལྟ་བུ་འབྱུང་བར་འགྱུར་རོ། ། ཞེས་མ་འོངས་པའི་དུས་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་ནི་མ་འོངས་པའི་དུས་ཀྱི་གཏམ་གྱི་གཞི་ཞེས་བྱའོ། །ད་ལྟར་བྱུང་བའི་གཏམ་གྱི་གཞི་གང་ཞེ་ན། འདི་ལ་མཁས་པ་དག་ད་ལྟར་བྱུང་བའི་དུས་ན་ད་ལྟར་ནི་འདི་ལྟ་བུའོ་ཞེས་ད་ལྟར་བྱུང་བའི་དུས་ལས་ བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་འདི་ནི་ད་ལྟར་བྱུང་བའི་དུས་ཀྱི་གཏམ་གྱི་གཞི་ཞེས་བྱའོ། །གཏམ་གྱི་གཞི་ནི་རྣམ་པ་འདི་གསུམ་སྟེ། བཞི་པ་མེད་ཅིང་ལྔ་པ་མེད་དེ། གང་མཁས་པ་རྣམས་འདི་ལྟ་བུ་མཐོང་ཞེས་མཐོང་བའི་དོན་ལས་བརྩམས་ཏེ་གཏམ་བརྗོད་ ཅིང་སྨྲ་བ་དང་། འདི་ལྟ་བུ་ཤེས་སོ་ཞེས་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེས་པས་དེ་སྐད་གསུངས་ཏེ། དེ་ནས་སྟོན་པས་ གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བཤད་བྱའི་འདུ་ཤེས་སེམས་ཅན་ནི། །འཆད་པར་བྱེད་འདིར་རབ་ཏུ་གནས། །བཤད་བྱ་ཡོངས་སུ་མ་ཤེས་ན། །རྒ་དང་འཆི་བའི་སྤྱོད་ཡུལ་འགྱུར། །འཆད་བྱེད་ཡོངས་སུ་ཤེས་པ་ཡིན། །འཆད་པ་པོ་ལ་མི་ཉན་ཅིང་། །དེ་ལ་ ཕ་རོལ་སྨྲ་བ་མེད། །དེ་ཕྱིར་རྟག་ཏུ་བསམ་གཏན་མཉམ་གཞག་ཆགས། །གདུང་བ་མེད་ཅིང་སྐྱེ་རྒའི་མཐའ་མཐོང་ནས། །བདུད་ཀྱི་སྡེ་ཀུན་བཅོམ་པའི་དགེ་སློང་དག །སྲིད་པར་སྐྱེ་དང་འཆི་བའི་ཕ་རོལ་འགྲོ། །ཞེས་བཀའ་སྩལ་ཏོ། །ངེས་པར་ འབྱུང་བཅས་རྣམས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ངེས་པར་འབྱུང་བ་ནི་གསུམ་སྟེ། འདོད་པ་ལས་ངེས་པར་འབྱུང་བ་དང་། གཟུགས་ལས་ངེས་པར་འབྱུང་བ་དང་། གཟུགས་མེད་པ་ལས་ངེས་པར་འབྱུང་བ་དང་། གང་ཅུང་ཟད་མངོན་པར་ འདུས་བྱས་ཤིང་བསགས་པ་འགག་པ་ནི་ངེས་པར་འབྱུང་བ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོ་འང་དེ་དག་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་དག་བསྟན་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཕུང་པོ་གང་ཞེ་ན། གཟུགས་གང་ཅུང་ཟད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་གི་དང་། ཕྱིའི་དང་། རགས་ པ་དང་། ཕྲ་བ་དང་། དམན་པ་དང་། གྱ་ནོམ་པ་དང་། གང་ཐག་ཉེ་བ་དང་། ཐག་རིང་བ་དང་། ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཚོར་བ་གང་ཅུང་ཟད་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཅུང་ ཟད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་གི་དང་ཕྱི་དང་། རགས་པ་དང་། ཕྲ་བ་དང་། དམན་པ་དང་། གྱ་ནོམ་པ་དང་། ཐག་ཉེ་བ་དང་རིང་བ་དང་། ཐམས་ཅད་གཅིག་ཏུ་བསྡུས་ནས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་ སྟེ། འདི་ནི་ཕུང་པོ་ཞེས་བྱའོ། །ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་ལ་འདུན་པའམ། ཆགས་པའམ། ཞེན་པའམ། དགའ་བའམ། ཆགས་ཞེན་ནམ། མངོན་པར་ཞེན་པ་དང་། ཚོར་བ་གང་དང་། འདུ་ཤེས་གང་དང་། འདུ་བྱེད་གང་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་གང་ལ་འདུན་པའམ། ཆགས་པའམ། ཞེན་པའམ། དགའ་བའམ། ཆགས་ཞེན་ནམ། མངོན་པར་ཞེན་པ་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། ། དགེ་སློང་དག་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་ཇི་སྐད་བསྟན་པ་འདི་རབ་ཏུ་བསྟན་ཏོ་ཞེས་བཀའ་སྩལ་ཏོ། །དོན་འདི་ཉིད་དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས་ཡི་གེ་གཞན་དང་ངེས་པའི་ཚིག་གཞན་གྱིས་བཤད་དེ། འཕགས་མ་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་ཞེས་བཤད་ པ། འཕགས་མ་ཕུང་པོ་གང་ཡིན་པ་དེ་ཉིད་ཉེ་བར་ལེན་པའི་ཕུང་པོ་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པའོ། །འཇིག་པས་འཇིག་རྟེན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་དྲན་པ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ སྟེ་ཉེ་བར་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་དྲན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཇིག་རྟེན་འཇིག་རྟེན་ཞེས་བཤད་པ་ཅིའི་ཕྱིར་འཇིག་ རྟེན་ཞེས་བགྱི། དྲན་པ་འཇིག་ཅིང་རབ་ཏུ་འཇིག་པ་སྟེ། །རབ་ཏུ་འཇིག་ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ཞེས་བྱའོ། །ཅི་འཇིག་ཅིང་རབ་ཏུ་འཇིག །དྲན་པ་མིག་རབ་ཏུ་འཇིག་ཅིང་འཇིག་པ་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ ཏེ་རེག་པ་དང་། གང་གི་ཚེ་ཡང་མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེའི་ཚེ་ཡང་འཇིག་ཅིང་རབ་ཏུ་འཇིག་སྟེ། རྣ་བ་དང་། སྣ་དང་། ལྕེ་དང་ལུས་དང་། ཡིད་ འཇིག་ཅིང་རབ་ཏུ་འཇིག་པ་དང་། གང་གི་ཚེ་ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེའི་ཚེ་ཡང་ འཇིག་ཅིང་རབ་ཏུ་འཇིག་སྟེ། འཇིག་ཅིང་རབ་ཏུ་འཇིག་པ་དེའི་འཇིག་ཅིང་རབ་ཏུ་འཇིག་པས་དྲན་པ་དེའི་ཕྱིར་འཇིག་རྟེན་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་དྲན་པ་བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མིག་གི་ནང་གི་སྐྱེ་མཆེད་དེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མིག་ནི་ནང་གི་སྐྱེ་མཆེད་དེ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི་རྒྱས་པར་ནི་རྣམ་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་མིག་ནང་གི་ སྐྱེ་མཆེད་ལགས། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་གཟུགས་དང་བ་གཟུགས་ཅན་བསྟན་དུ་མེད་པ་ཐོགས་པ་དང་བཅས་པའོ། །མིག་ཇི་ལྟ་བ་དེ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་ལུས་ཀྱང་བརྗོད་པར་བྱའོ། ། བཙུན་པ་ཡིད་ནི་ནང་གི་སྐྱེ་མཆེད་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི་རྒྱས་པར་ནི་རྣམ་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ཡིད་ནང་གི་སྐྱེ་མཆེད་ལགས། དགེ་སློང་ཡིད་ནི་ནང་གི་སྐྱེ་མཆེད་དེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་ བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །བཙུན་པ་གཟུགས་ནི་ཕྱིའི་སྐྱེ་མཆེད་དེ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི། རྒྱས་པར་ནི་རྣམ་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ན་གཟུགས་ཕྱིའི་སྐྱེ་མཆེད་ལགས། དགེ་སློང་གཟུགས་ནི་ཕྱིའི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞིའི་ རྒྱུ་ལས་བྱུང་བ་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། བཙུན་པ་རེག་བྱ་ནི་ཕྱིའི་སྐྱེ་མཆེད་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི། རྒྱས་པར་ནི་རྣམ་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ན་རེག་བྱ་ཕྱིའི་སྐྱེ་མཆེད་ལགས། དགེ་ སློང་དག་རེག་བྱ་ནི་ཕྱིའི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ། །བཙུན་པ་ཆོས་ནི་ཕྱིའི་སྐྱེ་མཆེད་དེ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི། རྒྱས་པར་ནི་རྣམ་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ཆོས་ཕྱིའི་སྐྱེ་མཆེད་ལགས། དགེ་སློང་ཆོས་ནི་ཕྱིའི་སྐྱེ་མཆེད་དེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པའི་ཆོས་ཀྱི་སྐྱེ་མཆེད་དེ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །དེ་ནས་དགེ་སློང་དེ་སྟན་ལས་ལངས་ཏེ་སོང་ངོ་། །རབ་ཏུ་བྱེད་པ་དང་མདོ་སྡེ་ ལས་ཞེས་བྱ་བ་ལ། ལག་པ་བརྡབས་པའི་དཔེའི་མདོ་ལས་ཇི་ལྟར་འབྱུང་བ་བཞིན་ཏེ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་གཅིག་པུ་དབེན་པ་ན་ཏིང་ངེ་འཛིན་ན་གནས་པ་ན་བདག་གི་བདག་གང་ཡིན། ཅིས་བདག་གི་བདག་ཡིན། ཇི་ལྟར་བདག་གི་ བདག་ཡིན། གང་ལ་བདག་གི་བདག་ཡིན་ཞེས་འདི་ལྟ་བུ་སེམས་ལ་དཔྱོད་པ་སྐྱེས་ཏེ། དེ་ནས་དགེ་སློང་དེ་ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ་། །ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་འདི་ན་གཅིག་པུ་དབེན་པ་ན་ཏིང་ངེ་འཛིན་ལ་གནས་པ་ན་བདག་གི་བདག་གང་ཡིན། ཅིས་གདག་གི་བདག་ཡིན། ཇི་ལྟར་བདག་གི་བདག་ཡིན། གང་ལ་བདག་གི་བདག་ཡིན་ཞེས་འདི་ལྟ་བུ་སེམས་ལ་རྣམ་པར་དཔྱོད་པ་སྐྱེས་སོ། །དགེ་སློང་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་གཉིས་ཤིག་བསྟན་ཅིང་བཤད་པར་བྱའོ། །གཉིས་གང་ཞེ་ན། མིག་དང་གཟུགས་དང་། རྣ་བ་དང་སྒྲ་དང་། སྣ་དང་དྲི་དང་། ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་། ཆོས་ཏེ། འདི་ནི་གཉིས་ཞེས་བྱའོ། །དགེ་སློང་གང་ཞིག་དགེ་སྦྱོང་གཽ་ཏ་མས་གཉིས་བསྟན་པ་དེ་བདག་གིས་བསལ་ཏེ། གཞན་གཉིས་བསྟན་པར་བྱའོ་ཞེས་པ་ནི་ཚིག་ཙམ་དུ་ཟད་ཅིང་དྲི་བའི་ལན་ཡོངས་སུ་མི་ཤེས་པ་ཡིན་ཞིང་སླར་ལ་ཀུན་ ཏུ་རྨོངས་པ་སྐྱེས་པ་དང་ཡང་དག་པའི་ཡུལ་ཅན་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་མིག་གི་ཤའི་གོང་བུ་ལ་སྲ་བ་དང་མཁྲང་བར་གྱུར་པ་ཟིན་ པ་འདི་ནི་མིག་གི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱ་བའོ། །དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་མིག་གི་ཤའི་གོང་བུ་ལ་ཆུ་དང་ཆུར་གྱུར་པ་བརླན་པ་དང་མཉེན་པ་དང་མཉེན་པར་གྱུར་པ་དང་ཟིན་པ་འདི་ནི་མིག་གི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་ ཆུའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་རྐྱེན་གྱི་བདག་ཉིད་མིག་གི་ཤའི་གོང་བུ་ལ་མེ་དང་མེར་གྱུར་པ་དང་། དྲོ་བ་དང་དྲོ་བར་གྱུར་པ་ཟིན་པར་གྱུར་པ་འདི་ནི་མིག་གི་ཤའི་གོང་བུ་ནང་གི་བདག་ཉིད་ཀྱི་མེའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་མིག་ གི་ཤའི་གོང་བུ་ལ་རླུང་དང་རླུང་དུ་གྱུར་པ་ཡང་བ་དང་གཡོ་བར་གྱུར་པ་ཟིན་པ་འདི་ནི་མིག་གི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཞེས་བྱ་བའོ། །དགེ་སློང་འདི་ལྟ་སྟེ། ལག་པ་གཉིས་སྤྲད་ཅིང་བརྡབས་པ་ལས་སྒྲ་འབྱུང་བར་འགྱུར་བ་དེ་བཞིན་དུ་མིག་དང་གཟུགས་ལ་ བརྟེན་ནས་མིག་གི་རྣམ་པར་ཤེས་པ་དང་། གསུམ་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་བྱ་བ་སྟེ། འདི་ལྟ་བུའི་ཆོས་ཅན་གྱི་བདག་ཉིད་མི་རྟག་པ། མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡིད་བརྟན་དུ་མེད་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། འཆི་འཕོ་ཞིང་སྐྱེ་བ་དང་། དགེ་སློང་འདུ་བྱེད་སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ་རྣམ་པར་འཇིག་པའི་ཆོས་ཅན། དེ་ཙམ་གྱི་དུས་ཅན། རྐྱེན་གཞན་གྱིས་གནས་ པ། མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པ་སྟེ། དགེ་སློང་དེའི་ཕྱིར་འདུ་བྱེད་ནི་སྟོང་པ། འདུ་བྱེད་ནི་སྟོང་པ་ཞེས་སེམས་ཀྱིས་རྣམ་པར་ཤེས་ཤིང་འདུ་ཤེས་ནས་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་ནི་སྟོང་པ། རྟག་པ་དང་བརྟན་ པ་དང་གཡུང་དྲུང་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གི་བས་སྟོང་པའོ། །འདི་ལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་མར་མེ་ཐོགས་ཏེ་ཁང་པ་སྟོང་པའི་ནང་དུ་ཞུགས་ན་དེར་སྟོང་ཞིང་སྟོང་པར་མཐོང་བར་འགྱུར་བ་དེ་བཞིན་དུ་དགེ་སློང་འདུ་བྱེད་རྣམས་སྟོང་ངོ་། ། འདུ་བྱེད་རྣམས་སྟོང་ངོ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས་པ་ན་སེམས་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་སྟོང་པ་རྟག་པ་དང་བརྟན་པ་དང་གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་སྟེ། དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ལུས་ཤའི་གོང་བུ་ལ་སྲ་བ་དང་མཁྲང་བར་གྱུར་པ་ཟིན་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱའོ། །དགེ་ <དགེ་སློང་‚སློང་>དེ་ལ་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ལུས་ཀྱི་ཤའི་གོང་བུ་ལ་ཆུ་དང་ཆུར་གྱུར་པ་མཉེན་པ་དང་མཉེན་པར་འགྱུར་བ་འདི་དང་ཟིན་པར་གྱུར་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ ལུས་ཀྱི་ཤའི་གོང་བུ་ལ་མེ་དང་མེར་གྱུར་པ་དྲོ་བ་དང་དྲོ་བར་གྱུར་པ་ཟིན་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་མེའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ལུས་ཤའི་གོང་བུ་ལ་རླུང་དང་རླུང་དུ་གྱུར་པ་ཡང་བ་དང་གཡོ་བར་གྱུར་པ་ཟིན་པ་ འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཞེས་བྱའོ། །དགེ་སློང་འདི་ལྟ་སྟེ། ལག་པ་གཉིས་སྤྲད་ཅིང་བརྡབས་པ་ལས་སྒྲ་འབྱུང་བར་འགྱུར་བ་དེ་བཞིན་དུ་ལུས་དང་རེག་བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་དང་། གསུམ་འདུས་པའི་རེག་པ་དང་། ལྷན་ ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་བྱ་བ་སྟེ། འདི་ལྟ་བུའི་ཆོས་ཅན་གྱི་བདག་ཉིད་ནི་མི་རྟག་པ། མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡིད་བརྟན་དུ་མེད་པ། དགེ་སློང་ཡོངས་སུ་མ་གྱུར་པའི་ཆོས་ཅན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་ ལྟར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། འཆི་འཕོ་ཞིང་སྐྱེ་བ་དང་། སྒྱུ་མ་དང་། སྨིག་རྒྱུ་ལྟ་བུ་སྟེ། རྣམ་པར་འཇིག་པའི་ཆོས་ཅན་དེ་ཙམ་གྱི་དུས་ཅན། རྐྱེན་གཞན་གྱིས་གནས་པ། མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པ་སྟེ། དགེ་ སློང་དེའི་ཕྱིར་འདུ་བྱེད་རྣམས་ནི་སྟོང་པ་འདུ་བྱེད་རྣམས་ནི་སྟོང་པ་ཞེས་སེམས་ཀྱིས་རྣམ་པར་ཤེས་ཤིང་འདུ་ཤེས་པ་ན་སེམས་དགའ་བ་དང་ཡང་དག་པར་རབ་ཏུ་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་རྟག་པ་དང་། བརྟན་པ་དང་། གཡུང་དྲུང་མ་ཡིན་པ་ཡོངས་ སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པའོ། །འདི་ལྟ་སྟེ་སྐྱེས་བུ་མིག་དང་ལྡན་པ་མར་མེ་ཐོགས་ཏེ་ཁང་པ་སྟོང་པའི་ནང་དུ་ཞུགས་ན་དེར་སྟོང་ཞིང་སྟོང་པར་མཐོང་བར་འགྱུར་བ་དེ་བཞིན་དུ་དགེ་སློང་འདུ་བྱེད་རྣམས་སྟོང་ངོ་། །འདུ་བྱེད་རྣམས་སྟོང་ངོ་ཞེས་སེམས་ཀྱིས་ ཤེས་ཤིང་འདུ་ཤེས་པ་ནི་སེམས་དགའ་བ་དང་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་མི་རྟག་པ་མི་བརྟན་པ་གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པའོ། །འདི་ལྟ་སྟེ། ལག་པ་གཉིས་བརྡབས་ཤིང་ ཕྲད་པ་ལས་སྒྲར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་བྱ་བ་སྟེ། དགེ་སློང་འདི་ལྟ་བུའི་ཆོས་ཅན་གྱི་བདག་ནི་མི་རྟག་པ། མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡིད་བརྟན་དུ་མེད་པའོ། །དགེ་སློང་བདག་ནི་ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། བདག་དང་བདག་གི་བས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། འཆི་འཕོ་ཞིང་སྐྱེ་སྟེ། དགེ་སློང་འདུ་ བྱེད་རྣམས་ནི་སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ། འཇིག་པའི་ཆོས་ཅན་ཏེ། དེ་ཙམ་གྱི་དུས་ཅན། རྐྱེན་གཞན་གྱིས་གནས་པ། མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་འཇིག་པའི་ཕྱིར་རོ། །དེའི་ཕྱིར་དགེ་སློང་འདུ་བྱེད་རྣམས་སྟོང་པ་འདུ་བྱེད་རྣམས་སྟོང་པ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས་ པ་ན་དགའ་བ་དང་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་སྟོང་པ། རྟག་པ་དང་། བརྟན་པ་དང་། གཡུང་དྲུང་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པ་སྟེ། འདི་ལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་མར་མེ་ཐོགས་ ཏེ་ཁང་པ་སྟོང་པའི་ནང་དུ་ཞུགས་ནས་དེས་སྟོང་ཞིང་སྟོང་པར་མཐོང་བར་འགྱུར་བ་དེ་བཞིན་དུ་དགེ་སློང་འདུ་བྱེད་རྣམས་སྟོང་ཞིང་སྟོང་པ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས་ན་སེམས་དགའ་བ་དང་རབ་ཏུ་དགའ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་མི་རྟག་པ་མི་བརྟན་ པ་གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གི་བྲལ་བའོ། །དེ་ནས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་ སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་པ་བརྡབས་པའི་དཔེའི་གདམས་ངག་བྱིན་པ་དང་། གཅིག་ཏུ་དབེན་པ་ཚད་མེད་པ་གདུང་བ་མེད་པ་སྤངས་པ་ཞེས་བདག་ཉིད་ལུང་སྟོན་ཅིང་གཅིག་ཏུ་དབེན་པ་ཚད་མེད་པ་གདུང་བ་མེད་པ་ལ་བདག་ཉིད་གནས་པར་བྱ་བའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། འཕགས་པའི་ཆོས་གོས་བགོས་ཏེ་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ། བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱད་ནས་མཐོང་བའི་ཆོས་ཉིད་ལ་བདག་ཉིད་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་ སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་དགྲ་བཅོམ་པ་དང་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གཟུགས་སུ་རུང་བས་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་ གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཞིང་དྲན་པའམ། དྲན་པར་གྱུར་པའམ། དྲན་པར་འགྱུར་བ་ འདི་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཞིང་དྲན་པའམ། དྲན་པར་གྱུར་པའམ་ཡང་དག་པར་དྲན་པར་འགྱུར་རོ། །ལྔ་གང་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་བདག་འདས་པའི་དུས་ན་གཟུགས་དང་ལྡན་པར་གྱུར། འདི་ལྟ་བུའི་གཟུགས་དང་ལྡན་པར་གྱུར་ཞེས་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་ཞིང་ཡང་དག་པར་རྗེས་སུ་དྲན་པ་དང་། ཡང་དག་པར་རྗེས་སུ་དྲན་པར་གྱུར་པ་དང་། ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དང་། དགེ་སྦྱོང་ངམ་བྲམ་ཟེ་འདས་པའི་དུས་ན་རྣམ་ པར་ཤེས་པ་དང་ལྡན་པར་འགྱུར། འདི་ལྟ་བུའི་རྣམ་པར་ཤེས་པ་དང་ལྡན་པར་གྱུར་ཞེས་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་ཞིང་ཡང་དག་པར་རྗེས་སུ་དྲན་པ་དང་། ཡང་དག་པར་རྗེས་སུ་དྲན་པར་གྱུར་པ་དང་། ཡང་དག་པར་རྗེས་སུ་དྲན་པར་འགྱུར་ཏེ། དགེ་སློང་ དག་གཟུགས་ནི་གཟུགས་སུ་རུང་བས་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་རེག་པས་རེག་པར་བྱ་བས་གཟུགས་སུ་རུང་བ་དང་། བོང་བའི་འདུས་ཏེ་རེག་པ་དང་། དབྱུག་པའི་འདུས་ཏེ་རེག་པ་དང་། མཚོན་གྱི་འདུས་ཏེ་རེག་པ་ དང་། གྲང་བ་དང་། དྲོ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འདུས་ཏེ་རེག་པས་རེག་ན། རེག་ཏུ་ཡོད་ཅིང་གཟུགས་སུ་རུང་བས་གཟུགས་ཏེ། དེའི་ཕྱིར་གཟུགས་སུ་རུང་བས་གཟུགས་ཉེ་བར་ལེན་པའི་ ཕུང་པོ་ཞེས་བྱའོ། །གཟུགས་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་ཚོར་ཞིང་མྱོང་བས་ན་ཚོར་བ་ཞེས་བྱ་སྟེ། དེའི་ཕྱིར་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅི་ཚོར་ཞེ་ན། བདེ་བ་དང་། སྡུག་བསྔལ་ བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བས་དགེ་སློང་དག་དེའི་ཕྱིར་ཚོར་ཞིང་མྱོང་བས་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་ འདུས་ཏེ་ཤེས་པས་འདུ་ཤེས་ཏེ་དེའི་ཕྱིར་འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅི་འདུས་ཏེ་ཤེས་ཤེ་ན། ཆུང་དུ་འདུས་ཏེ་ཤེས་པ་དང་། རྒྱ་ཆེན་པོ་དང་ཚད་མེད་པ་དང་། ཅུང་ཟད་མེད་དོ་ཞེས་ཅུང་ཟད་མེད་པ་ཡང་རབ་ཏུ་ཤེས་ཏེ། དགེ་སློང་དག་འདུས་ཏེ་ཤེས་པས་དེའི་ ཕྱིར་འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་འདུ་བྱེད་མངོན་པར་འདུས་བྱས་ཤིང་འདུ་བྱེད་མངོན་པར་འདུ་བྱེད་པ་དེའི་ཕྱིར་འདུ་བྱེད་ཉེ་བར་ལེན་པའི་ཕུང་ པོ་ཞེས་བྱའོ། །ཅིས་འདུ་བྱེད་མངོན་པར་འདུ་བྱེད་ཅེ་ན། གཟུགས་འདུས་བྱས་མངོན་པར་འདུ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདུས་བྱས་མངོན་པར་འདུ་བྱེད་དེ། དགེ་སློང་དག་འདུས་བྱས་མངོན་པར་འདུ་བྱེད་ཅིང་འདུས་བྱས་མངོན་ པར་འདུ་བྱེད་པ་དེའི་ཕྱིར་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་རྣམ་པར་ཤེས་ཤིང་རབ་ཏུ་ཤེས་པ་དེའི་ཕྱིར་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་ཞེས་ བྱའོ། །ཅི་ཞིག་རྣམ་པར་ཤེས་ཤེ་ན། གཟུགས་རྣམ་པར་ཤེས་པ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམ་པར་ཤེས་ཏེ། དགེ་སློང་དག་རྣམ་པར་ཤེས་ཤིང་རབ་ཏུ་ཤེས་པ་དེའི་ཕྱིར་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དགེ་སློང་དག་རྣམ་པར་ ཤེས་པའི་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ལྟར་ཡང་དག་པར་རབ་ཏུ་སློབ་པར་བྱེད་དེ། བདག་ད་ལྟར་ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་སྟེ་འདི་ལྟ་སྟེ་ བདག་ད་ལྟར་ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་པ་དེ་བཞིན་དུ་འདས་པའི་དུས་ཀྱི་གཟུགས་ཀྱིས་བདག་བཅོམ་མོ། །བདག་ད་ལྟར་ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་པ་ན་ཡང་འདས་པའི་གཟུགས་ལ་མངོན་པར་དགའ་སྟེ། དེའི་ཚེ་ཡང་དེ་དང་འདྲ་བ་ཉིད་དུ་ཤེས་པར་ བྱས་ནས་འདས་པའི་གཟུགས་ལ་ལྟོས་པར་མི་འགྱུར། མ་འོངས་པའི་གཟུགས་ལ་མངོན་པར་དགའ་བར་མི་འགྱུར། ད་ལྟར་བྱུང་བའི་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་ཐོབ་པར་འགྱུར་རོ། །འཕགས་པ་ཉན་ཐོས་ཐོས་ པ་དང་ལྡན་པ་འདི་ལྟར་ཡང་དག་པར་རྗེས་སུ་སློབ་པར་བྱེད་དེ། བདག་ད་ལྟར་ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་བཅོམ་སྟེ། འདི་ལྟ་སྟེ། ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་པ་དེ་བཞིན་དུ་བདག་ འདས་པའི་དུས་ཀྱི་རྣམ་པར་ཤེས་པས་བཅོམ་མོ། །བདག་ད་ལྟར་བྱུང་བའི་རྣམ་པར་ཤེས་པས་བཅོམ་པ་ན་ཡང་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་དགའ་སྟེ། དེའི་ཚེ་ཡང་དེ་དང་འདྲ་བ་ཉིད་དུ་ཤེས་པར་བྱས་ནས་འདས་པའི་དུས་ཀྱི་རྣམ་པར་ཤེས་པ་ལ་ལྟོས་ པར་མི་འགྱུར། མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་དགའ་བར་མི་འགྱུར། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལ་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ཐོབ་པར་འགྱུར་ཏེ། དེ་ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད། འགྲིབ་པར་བྱེད་ཅིང་ འཕེལ་བར་མི་བྱེད། མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད། སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་དོ། །ཅི་ཞིག་ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་ཅེ་ན། གཟུགས་ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་དོ། །ཅི་ཞིག་འགྲིབ་པར་བྱེད་ཅིང་འཕེལ་བར་མི་བྱེད་ཅེ་ན། གཟུགས་འགྲིབ་པར་བྱེད་ཅིང་འཕེལ་བར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འགྲིབ་པར་བྱེད་ཅིང་འཕེལ་བར་ མི་བྱེད་དོ། །ཅི་ཞིག་མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་ཅེ་ན། གཟུགས་མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་དོ། །ཅི་ཞིག་སྤོང་བར་བྱེད་ཅིང་ལེན་ པར་མི་བྱེད་ཅེ་ན། གཟུགས་སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་དོ། །ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་པར་གནས་པར་འགྱུར་རོ། །འགྲིབ་པར་བྱེད་ཅིང་འཕེལ་བར་མི་བྱེད་པར་ གནས་པར་འགྱུར་རོ། །མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་པར་གནས་པར་འགྱུར་རོ། །སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པ་མ་ཡིན་པ་སོ་སོ་རང་གིས་རིག་ཅིང་ཤེས་ནས། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་ པ་བསྟེན་ནོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །འདི་ལྟར་དོན་གྱི་སྡེ་ཚན་ལས་ཞེས་བྱ་བ་ལ། ཕྲན་ཚེགས་ཀྱི་དོན་གྱི་སྡེ་ཚན་གྱི་མདོ་ལས། བསེ་རུ་ལྟ་བུའི་ཚིགས་བཅད་ཀྱི་དེ་མ་ཐག་ཏུ་བཤད་པ་ལྟ་བུ་སྟེ། དེ་ལ་དང་ པོར་མཉན་ཡོད་ན་བྲམ་ཟེ་གཞན་ཞིག་གི་འབྲས་ཀྱི་ཞིང་བརླག་པ་དང་། ཆུང་མ་ཤི་བའི་སྔོན་གྱི་སྐྱེ་བའི་གཏམ་རྒྱལ་པོ་རྣམ་པར་རྒྱལ་བའི་སྡེ་ལ་ཚིགས་སུ་བཅད་པའི་དོན་ལས་བརྩམས་ཏེ་བཤད་པ། དེ་ནས་བཅོམ་ལྡན་འདས་གླེང་གཞི་འདི་དང་། རྒྱུ་འདི་དང་དོན་འདི་ལྟ་བུ་བྱུང་བར་ གྱུར་ཏེ། དོན་ཤེས་པའི་ངའི་དགེ་སློང་འདི་ལྟ་བུ་འབྱུང་བར་འགྱུར་རོ། །མདོའི་ཚིག་དར་ཞིང་རྒྱས་པར་འགྱུར། ངའི་ཚངས་པར་སྤྱོད་པ་དར་ཞིང་རྒྱས་པར་འགྱུར། སྐྱེ་བོ་གཞན་མང་པོ་ལ་ཡང་དར་བ་དང་། ལྷ་དང་མི་རྣམས་ལ་ཡང་ཡང་དག་པར་གསལ་བར་འགྱུར་ ཞེས་དགོངས་ནས་དེའི་ཚེ་དོན་གྱི་སྡེའི་མདོ་འདི་བཤད་དོ། །གལ་ཏེ་འདོད་པ་འདོད་བྱེད་ན། །དེ་ཡི་ཡིད་ལ་འདོད་འཕེལ་ཏེ། །ཡིད་དུ་འོང་བ་ཐོབ་པའི་མི། །ཤིན་ཏུ་དགའ་བ་འཕེལ་བར་འགྱུར། །གལ་ཏེ་འདོད་པ་ཚོལ་བྱེད་ཅིང་། །འདུན་པ་སྐྱེས་པའི་ལུས་ཅན་ཏེ། །འདོད་ པ་དེ་དག་མ་འབྱོར་ན། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །གང་ཞིག་སྦྲུལ་མགོའི་རྐང་པ་ལྟར། །འདོད་པ་ཐམས་ཅད་རང་སྤངས་ན། །དེ་ནི་འཇིག་རྟེན་སྲིད་ཅན་ལ། །དྲན་པས་ཤིན་ཏུ་ཡང་དག་འདའ། །ཞིང་དངོས་ནོར་བུ་བ་ལང་དང་། །རྟ་དང་འབངས་དང་བུད་མེད་ དང་། །གཉེན་དང་སོ་སོའི་འདོད་པ་ལ། །སྐྱེས་བུ་གང་ཞིག་འདོད་བྱེད་པ། །སྟོབས་ལྡན་ཉེ་བར་འཚེ་བ་ཡིས། །སྟོབས་ཆེ་དེ་དག་བཅོམ་པར་འགྱུར། །གྲུ་ཞིག་པ་ལ་ཆུ་བཞིན་ནོ། །དེ་ནས་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སྐྱེ་བོ་དྲན་ལྡན་པས། ། རྟག་ཏུ་འདོད་པ་ཡོངས་སྤངས་ཤིང་། །དེ་སྤངས་ཆུ་བོ་བརྒལ་བའི་གྲུ། །ཐོབ་ནས་སྲིད་པའི་ཕ་རོལ་འགྲོ། །ཞེས་བཀའ་སྩལ་ཏོ། །མདོ་ལས་ནི་བཅོམ་ལྡན་འདས་ཀྱིས་སེམས་པའི་ཚོགས་དྲུག་གོ་ཞེས་བཤད་དོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་ དག་ཉེ་བར་ལེན་པའི་ཕུང་པོ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད