Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 142
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
ིར་རམ་ངེས་པར་བཟུང་བའི་དོན་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ལ་སོགས་པ་སྤྱོད་པ་ཐ་དད་པས་ ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་བསྡུས་ཏེ། སེམས་ཅན་ཁ་ཅིག་ནི་འདོད་ཆགས་སྤྱོད་པ་ཡིན་ལ་ཁ་ཅིག་ནི་ཞེ་སྡང་སྤྱོད་པ་ཡིན། ཁ་ཅིག་ནི་གཏི་མུག་སྤྱོད་པ་ཡིན་ཁ་ཅིག་ནི་ང་རྒྱལ་སྤྱོད་པ་ཡིན་ཁ་ཅིག་ལ་ནི་ལྟ་བ་སྤྱོད་པ་ཡིན་ཁ་ཅིག་ནི་ཐེ་ ཚོམ་སྤྱོད་པ་ཡིན། ཁ་ཅིག་ནི་འདོད་ཆགས་དང་ཞེ་སྡང་སྤྱོད་པ་ཡིན་ཁ་ཅིག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤྱོད་པ་ཡིན། ཁ་ཅིག་ནི་འདོད་ཆགས་ཀྱི་བསམ་པ་ཅན་ཡིན་ལ་ཞེ་སྡང་སྦྱོར་བ་ཡིན། ཁ་ཅིག་ནི་ཞེ་སྡང་གི་བསམ་པ་ཅན་ཡིན་ལ་འདོད་ཆགས་སྦྱོར་བ་ཡིན། ཁ་ཅིག་ནི་ཞེ་སྡང་སྤངས་ལ་འདོད་ཆགས་པ་ལྟར་འཆོས་པ་ཡིན། ཁ་ཅིག་ནི་འདོད་ཆགས་སྤངས་ལ་ཞེ་སྡང་བ་ལྟར་འཆོས་པ་ཡིན་ཏེ། དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་དེ་དག་གསུངས་པ་ཡིན་ནོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་གཞན་གང་དག་ཅེས་བྱ་བ་རྒྱས་ པར་འབྱུང་བ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་གང་དག་ཡིན་པ་དེ་དག་ཀྱང་བསྟན་བཅོས་འདི་ལས་ཇི་སྐད་དུ་རྣམ་པར་གཞག་པ་བཞིན་དེ་དག་རང་རང་གི་ངོ་བོ་ཉིད་དཔྱད་ནས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་དག་ཉིད་དུ་བསྡུ་བར་བྱ་ཞིང་ནང་དུ་ཆུད་པར་བྱ་སྟེ་ཕུང་པོ་དག་ནི་ ཕུང་པོ་རྣམས་ཀྱི་ནང་དུ་བསྡུ་བར་བྱ་བ་ལ་སྐྱེ་མཆེད་དག་ཀྱང་སྐྱེ་མཆེད་རྣམས་ཀྱི་ནང་དུ་བསྡུའོ། །ཁམས་དག་ཀྱང་ཁམས་རྣམས་ཀྱི་ནང་དུ་བསྡུའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ལུས་དང་ངག་གིས་སྤོང་བའི་ གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སོགས་པ་ནི་སེམས་ལས་བྱུང་བ་ཡིན་པའི་ཕྱིར་རོ། །འདིར་རྣམ་པར་གྲོལ་བ་ནི་མོས་པ་ཡིན་པར་བསམས་པ་ཡིན་ནོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཤེས་ རབ་ཀྱི་བྱེ་བྲག་ཁོ་ན་ཡིན་ནོ། །བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ་ཞེས་བྱ་བ་བརྒྱད་གང་ཞེ་ན། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་སྐྱེ་མཆེད་དག་ཡིན་ནོ། །དེ་དག་ ཡིན་ནོ་བརྒྱད་མ་ཆགས། །ཞེས་སྟོན་པར་འགྱུར་བས་མ་ཆགས་པའི་རང་བཞིན་ཡིན་ལ་མ་ཆགས་པ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པས་དེ་ནི་དེས་བསྡུས་པ་ཡིན་ནོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་ བསྡུས་ཏེ་ཚོགས་པ་འདི་ལ་མ་ཆགས་པ་དེའི་འཁོར་རྗེས་སུ་འབྲང་བའི་གཟུགས་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །ཚོར་བ་དང་འདུ་ཤེས་ནི་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ། །སེམས་པ་ལ་སོགས་པ་མཚུངས་པར་ལྡན་པ་དག་དང་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པ་ རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ཏེ། །དེ་ལྟར་ན་དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །དགུ་པ་དང་བཅུ་པ་ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་ནི་འོག་ནས་འཆད་པར་ འགྱུར་རོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་དེ་དག་ཀྱང་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ་ཞེས་སྔ་མ་བཞིན་དུ་རྣམ་པར་བཤད་པར་བྱའོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་པོ་སྟེ། ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་དག་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་ཏེ། དེ་ན་གཟུགས་ཀྱི་ཕུང་པོ་དག་ནི་མེད་དོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པོ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་ལས་ལྔ་པོ་འདི་དག་ནི་རྣམ་པར་ གྲོལ་བའི་སྐྱེ་མཆེད་ཡིན་ཏེ། ལྔ་གང་ཞེ་ན། འདི་ལས་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་བྱེད་ན་ནི་དེ་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག །ཇི་ལྟ་ ཇི་ལྟར་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཆོས་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་ཅིང་ཆོས་སོ་སོ་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བ་ལ་དགའ་ བ་སྐྱེའོ། །ཡིད་དགའ་བར་གྱུར་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །བདེ་བར་གྱུར་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཡང་དག་ པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་འབྱུང་བར་གྱུར་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། ། འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོ་ཡིན་ནོ། །གང་ལ་གནས་ན་དགེ་སློང་ངམ་དགེ་སློང་མ་དྲན་པ་ཉེ་བར་མི་གནས་པ་ཡང་། ཉེ་བར་གནས་པར་འགྱུར་སེམས་མཉམ་པར་མ་བཞག་པ་ཡང་མཉམ་པར་འཇོག་པར་འགྱུར་ཟག་པ་ཡོངས་སུ་མ་ཟད་པ་དག་ཀྱང་ཡོངས་སུ་ཟད་པར་ འགྱུར། མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་མ་ཐོབ་པ་ཡང་ཐོབ་པར་འགྱུར་བ་ཡིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་ཡང་མི་བྱེད་མོད་ཀྱི་འོན་ཀྱང་ཇི་ལྟ་ཇི་ལྟར། ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་དབྱངས་ཀྱིས་རྒྱས་པར་ཁ་ཏོན་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གཉིས་པ་ཡིན་ཏེ་ གང་ལ་གནས་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་མི་བྱེད་ལ་ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆེས་རྣམས་དབྱངས་ ཀྱིས་རྒྱས་པར་ཁ་ཏོན་ཡང་མི་བྱེད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་བྱེད་དེ། ཇི་ལྟ་ཇི་ལྟར། ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་ རྣམས་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གསུམ་པ་ཡིན་ཏེ། གང་ལ་གནས་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་འདི་ ལ་དགེ་སློང་ལ་སྟོན་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཁ་ཏོན་ཡང་མི་བྱེད་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་ཡང་མི་བྱེད་སེམས་པར་ཡང་བྱེད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐོས་པ་ནས་ཇི་ལྟར་ཀུན་ཆུབ་པར་བྱས་པའི་བར་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོགས་ པར་བྱེད་དེ། ཇི་ལྟ་ཇི་ལྟར། ཇི་ལྟར་ཐོས་པ་ནས་ཇི་ལྟར་ཀུན་ཆུབ་པར་བྱས་པའི་བར་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོགས་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པ་ཡིན་ཏེ། གང་ལ་གནས་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཁ་དོན་ཡང་མི་བྱེད་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་ཡང་མི་བྱེད་སེམས་པར་ཡང་མི་བྱེད་མོད་ཀྱི་འོན་ ཀྱང་འདིས་ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གང་ཡང་རུང་བ། འདི་ལྟ་སྟེ། རྣམ་པར་བསྔོས་པ་འམ་རྣམ་པར་རྣགས་པ་འམ་རྣམ་པར་བམས་པ་འམ་རྣམ་པར་འབུས་གཞིག་པ་འམ་རྣམ་པར་དམར་བ་འམ་རྣམ་པར་ཟོས་པ་འམ་རྣམ་པར་འཐོར་བ་འམ་རུས་གོང་ངམ་ཀེང་རུས་ཤིག་ ཤིན་ཏུ་རབ་ཏུ་ལེགས་པར་བཟུང་བ་ཡིན་ལེགས་པར་ཡིད་ལ་བྱས་པ་ཡིན་ལེགས་པར་བསྒོམས་པ་ཡིན་ལེགས་པར་བསྟེན་པ་ཡིན་ལེགས་པར་ཁོང་དུ་ཆུད་པར་བྱས་པ་ཡིན་ཏེ། འདིར་ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གང་ཡང་རུང་བ་ཞེས་བྱ་བ་ནས་ལེགས་པར་ཁོང་ དུ་ཆུད་པར་བྱས་པ་ཡིན་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པ་ཡིན་ཏེ། གང་ལ་གནས་ན་ཞེས་གསུངས་ཏེ་སྔ་མ་བཞིན་ནོ། །རྣམ་ པར་གྲོལ་བ་སྐྱེ་བའི་སྒོ་ནི་ཤེས་རབ་ཀྱི་བྱེ་བྲག་ཡིན་ལ། ཤེས་རབ་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ནོ། །འཁོར་རྣམས་དང་བཅས་ན་ནི་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་བསྡུས་པ་ནི་སྟོན་པ་དང་ཁ་ཏོན་བྱེད་པ་དང་གཞན་ལ་ཡང་དག་པར་རབ་ཏུ་སྟོན་པ་ དག་ལ་སྒྲ་ཐོས་པའི་ཕྱིར་སྒྲའི་སྐྱེ་མཆེད་ཡོད་ལ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ནི་ཤེས་རབ་ཀྱི་འཁོར་དུ་གྱུར་པ་ཡིན་ཏེ། ཐམས་ཅད་ན་ཡོད་པས་དེ་གསུམ་གྱིས་བསྡུས་པ་ཡིན་ནོ། །སྐྱེ་མཆེད་གཉིས་ལས་ཞེས་བྱ་བ་ནི་མདོ་ལས་སེམས་ཅན་གཟུགས་ཅན་ལ་འདུ་ཤེས་མེད་ཅིང་ སོ་སོར་འདུ་ཤེས་མེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་དང་པོ་ཡིན་ནོ། །སེམས་ཅན་གཟུགས་མེད་པ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ རྫོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་གཉིས་པའོ་ཞེས་གསུངས་པ་ཡིན་ཏེ་སྐྱེ་མཆེད་འདི་གཉིས་ལས་འདུ་ཤེས་མེད་པའི་སེམས་ཅན་ནི་སྐྱེ་མཆེད་བཅུས་བསྡུས་ཏེ། དེ་ན་དྲི་དང་རོའི་སྐྱེ་མཆེད་དག་ཁོ་ན་མེད་པའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་ནི་དེ་དག་ལ་འཆི་འཕོ་དང་སྐྱེ་བའི་དུས་དག་ན་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་ཏེ་བསྡུས་སོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ དག་ལ་གཟུགས་མེད་པའི་ཕྱིར་རོ། །ཁམས་མང་པོ་པ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་ཞེས་བྱ་བ་ནི་མདོ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཇི་ཙམ་གྱི་མཁས་པ་ཁམས་ལ་མཁས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ནས་དེ་བཞིན་དུ་ ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་བར་ཁམས་བཅོ་བརྒྱད་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་ན་ཞེས་བྱ་བ་དང་ཁམས་དྲུག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། སའི་ཁམས་ དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་དྲུག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་ཡིན་ཏེ། འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་ དང་། རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་མི་འཚེ་བའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་དྲུག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། བདེ་ བའི་ཁམས་དང་། སྡུག་བསྔལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི་ཁམས་ཞེས་བྱ་བ་དང་། ཁམས་བཞི་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཚོར་བའི་ ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དང་། ཁམས་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་ མེད་པའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་གསུམ་ཡང་ཡང་ དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ངན་པའི་ཁམས་དང་། བར་མའི་ ཁམས་དང་། གྱ་ནོམ་པའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་གསུམ་ཡང་ཡང་ དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་ཞེས་བྱ་བ་དང་། ཁམས་གཉིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཟག་པ་དང་ བཅས་པའི་ཁམས་དང་། ཟག་པ་མེད་པའི་ཁམས་ཞེས་བྱ་བ་དང་། ཁམས་གཞན་གཉིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བའི་ཁམས་འདི་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ མཐོང་ན་ཀུན་དགའ་བོ་འདི་ཙམ་གྱིས་ན་མཁས་པ་ཁམས་ལ་མཁམ་པ་ཞེས་གསུངས་པ་ཡིན་ནོ། །སྦྱར་བའི་ཚིག་འདི་དག་ནི་རེ་རེ་ལ་བར་དུ་བརྗོད་པར་བྱ་སྟེ། བདག་གིས་ནི་མངས་སུ་དོགས་པས་མ་བྲིས་སོ་ཞེས་བྱ་བར་རྟོགས་པར་བྱའོ། །ཅི་རིགས་པར་བསྡུ་བར་རིག་ པར་བྱའོ་ཞེས་བྱ་བ་ནི་རེ་ཞིག་ཁམས་བཅོ་བརྒྱད་ནི་དེ་དག་ཉིད་ཡིན་པས་དེ་དག་ནི་འདི་དག་གིས་བསྡུས་པ་ཡིན་ནོ། །དེ་བཞིན་དུ་གང་ལ་སའི་ཁམས་ལ་སོགས་པ་དྲུག་འབྱུང་བ་དེ་དག་ལས་ཀྱང་དང་པོའི་གཞི་ནི་རེག་བྱའི་ཁམས་ཀྱིས་བསྡུས་སོ། །ནམ་མཁའི་ཁམས་ནི་ སྣང་བ་དང་མུན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་སུ་འདུས་སོ། །རྣམ་པར་ཤེས་པའི་ཁམས་ནི་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །འདོད་པའི་ཁམས་ལ་སོགས་པ་དྲུག་ལས་འདོད་པའི་ཁམས་ནི་འདིར་འདོད་པའི་འདོད་ཆགས་ཡིན་པར་བཞེད་དེ། དེ་ཡང་ སེམས་ལས་བྱུང་བ་ཡིན་ལ་གནོད་སེམས་ཀྱི་ཁམས་ལ་སོགས་པ་ཡང་སེམས་ལས་བྱུང་བ་ཁོ་ན་ཡིན་པས་དེ་དག་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །བདེ་བའི་ཁམས་ལ་སོགས་པ་དྲུག་ཀྱང་དེ་ཉིད་དུ་འདུས་སོ། །ཚོར་བའི་ཁམས་ལ་སོགས་པ་བཞི་ལས་གསུམ་ནི་ཆོས་ཀྱི་ ཁམས་སུ་འདུས་སོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་བདུན་དུ་འདུས་སོ། །འདོད་པའི་ཁམས་ལ་སོགས་པ་གསུམ་ལས་འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཟུགས་ཀྱི་ཁམས་ནི་དྲི་དང་རོ་དང་སྣ་དང་ལྕེའི་རྣམ་པར་ཤེས་པ་ དག་མ་གཏོགས་པ་ཁམས་བཅུ་བཞིར་འདུས་སོ། །གཟུགས་མེད་པའི་ཁམས་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །གཟུགས་ཀྱི་ཁམས་ལ་སོགས་པ་གསུམ་ལས་གཉིས་ཀྱི་བསྡུ་བ་ནི་བཤད་ཟིན་ཏོ། །འགོག་པའི་ཁམས་ནི་ཆོས་ཀྱི་ ཁམས་སུ་འདུས་སོ། །འདས་པའི་ཁམས་ལ་སོགས་པ་གསུམ་ནི་སོ་སོར་ཁམས་བཅོ་བརྒྱད་དུ་འདུས་སོ། །ངན་པ་ལ་སོགས་པའི་ཁམས་གསུམ་ནི་འདོད་པའི་ཁམས་ལ་སོགས་པ་ཁོ་ན་ཡིན་པས་འདི་དག་གི་བསྡུ་བ་ནི་བཤད་ཟིན་ཏོ། །དགེ་བའི་ཁམས་ ལ་སོགས་པ་གསུམ་ལས་དགེ་བ་དང་མི་དགེ་བའི་ཁམས་དག་ནི་གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་དག་དང་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །ལུང་དུ་མ་བསྟན་པའི་ཁམས་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །སློབ་པ་དང་མི་སློབ་པའི་ཁམས་ལ་སོགས་པ་གསུམ་ལས་དང་ པོ་གཉིས་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །གསུམ་པ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །ཟག་པ་དང་བཅས་པ་ཟག་པ་མེད་པའི་ཁམས་ལས་དང་པོ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཉིས་པ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ལས་དང་པོ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཉིས་པ་ནི་ཆོས་ཀྱི་ཁམས་སུ་འདུས་ཏེ་དེ་དག་ནི་ཁམས་དྲུག་ཅུ་རྩ་གཉིས་ཡིན་ནོ། །དེར་གང་དག་ཅེས་བྱ་བ་ནི་ཁམས་མང་པོའི་བར་རོ། ། དེ་དག་ལས་གཉིས་ཀྱི་མཚན་ཉིད་མ་བཤད་ན་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པ་དང་། འདི་དག་གི་ནི་མཚན་ཉིད་ནི། །འཛིན་པ་ལ་སོགས་ལས་སུ་གྲུབ། །སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་བྱ་བ་བཤད་ཟིན་ཏོ། །ནམ་མཁའི་ཁམས་ཀྱི་མཚན་ཉིད་ཀྱང་། །དེ་ལ་ ནམ་མཁའ་མི་སྒྲིབ་པ། །ཞེས་བཤད་ཟིན་ལ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང་། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་སྨོས་པའི་ཕྱིར་བཤད་ཟིན་མ་ཡིན་ནམ་ཞེ་ན། རྣམ་པར་ཤེས་པ་ཐམས་ཅད་ཀྱི་མཚན་ཉིད་ནི་བཤད་པ་བདེན་ན། རྣམ་པར་ཤེས་པའི་ ཁམས་གོ་ཅི་འདིར་རྣམ་པར་ཤེས་པ་ཅུང་ཟད་ཅིག་ཁོ་ན་ཡིན་ནོ་ཞེས་བྱ་བར་བསམ་པ་ཡིན་ནམ་འོན་ཏེ་ཐམས་ཅད་ཡིན་ཞེས་བྱ་བར་རྣམ་པར་མ་ཕྱེ་ལ། ནམ་མཁའ་ལ་ཡང་འདུས་མ་བྱས་ཀྱི་མཚན་ཉིད་ཅན་བཤད་ཀྱི་ནམ་མཁའི་ཁམས་ནི་མ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་ནམ་ མཁའ་ལས་གཞན་ཡིན་ཏེ། མདོ་ལས་དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་སྙམ་པའི་བློ་འདིས། གཉིས་ཀྱི་མཚན་ཉིད་མ་བཤད་ན་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཅི་ནམ་མཁའ་ཉིད་ནམ་མཁའི་ཁམས་ཡིན་ལ་རྣམ་པར་ཤེས་པ་ཐམས་ ཅད་ཀྱང་རྣམ་པར་ཤེས་པའི་ཁམས་ཡིན་པར་རིག་པར་བྱའམ་ཞེས་བྱ་བ་སྨོས་སོ། །ཁ་དང་སྣ་ལ་སོགས་པ་ཞེས་བྱ་བའི་སོགས་པ་ཞེས་བྱ་བའི་སྒྲས་ནི་རྣ་བ་ལ་སོགས་པ་བསྡུའོ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་བྱ་བ་ལ་ལོ་ཞེས་བྱ་བའི་སྒྲས་ནི་ཕ་རོལ་པའི་གཞུང་ལུགས་ རྗོད་པར་བྱེད་པ་ཡིན་ཏེ་རང་གི་གཞུང་ལུགས་ནི་ནམ་མཁའ་ཐོགས་པ་དང་བཅས་པའི་རྫས་མེད་པ་ཙམ་ཡིན་ནོ་ཞེས་བྱ་བར་བསམ་པ་ཡིན་པར་མངོན་ནོ། །མཚན་མོ་དང་ཉིན་མོའི་རང་བཞིན་ཞེས་བྱ་བ་ནི་མཚན་མོ་ཡོད་པའི་མུན་པ་དང་ཉིན་མོའི་འོད་ཀྱི་མཚན་ཉིད་ཀྱི་སྣང་བ་ཡིན་པར་ འདོད་པའི་ཕྱིར་ཏེ། བསྟན་པ་འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་ནོ། །ཐོགས་པ་ཞེས་བྱ་བ་ནི་ཤིན་ཏུ་གནོད་པར་བྱར་རུང་བའི་ཕྱིར་བརྩེགས་པར་གནས་པའི་གཟུགས་ཏེ། དེ་ནི་དེའི་ཉེ་འཁོར་རོ། །ལོ་ཞེས་བྱ་བ་ནི་བརྩེགས་པ་ལ་གནས་པ་ནི་བརྩེགས་པར་གནས་པ་ སྟེ་ཤིན་ཏུ་གནོད་པར་བྱེད་པའམ་གནོད་པར་བྱ་བ་ཡིན་པས་ན་བརྩེགས་པ་ཡིན་ནོ། །དེ་ནི་དེའི་ཉེ་འཁོར་རོ། །ཞེས་བྱ་བ་ནི་བརྩེགས་པ་རྩིག་པ་ལ་སོགས་པ་དེའི་ཉེ་འཁོར་ཡིན་ཞིང་ཉེ་བར་གནས་པ་ཡིན་ཏེ། དེ་ལ་ལྟོས་ནས་རྣམ་པར་གཞག་ཅེས་བྱ་བའི་ཐ་ཚིག་གོ། །རྣམ་ པར་བཤད་པ་འདི་ལ་ཡང་ལོ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་སྨྲ་བའི་རྣམ་པར་བཤད་པ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་རོ། །རང་གི་གཞུང་ལུགས་ནི་གང་འོག་ནས་འབྱུང་བ་ཡིན་ཏེ། དེས་སྨྲས་པ། འདི་ལ་གཟུགས་གཞན་ཐོགས་པ་མེད་པས་དེ་ལ་གཟུགས་གཞན་མི་ཐོགས་པའི་ ཕྱིར་དེ་ནི་ཐོགས་མེད་ཀྱང་ཡིན་ལ། བརྩེགས་པར་གནས་པའི་གཟུགས་གཞན་གྱི་ཉེ་འཁོར་ཡང་ཡིན་ཏེ། ཕྱོགས་འདི་ལ་ནི་དེ་ནི་ཐོགས་མེད་ཀྱང་ཡིན་ལ་དེ་ནི་ཉེ་འཁོར་ཡང་ཡིན་པས་ཐོགས་མེད་ཉེ་འཁོར་ཡིན་ནོ་ཞེས་བྱ་བར་ཚིག་བསྡུའོ། །ཟག་དང་བཅས་པའི་རྣམ་ཤེས་ནི། ། ཞེས་བྱ་བ་ནི་སྐྱེ་བའི་རྒྱུའི་རྣམ་པར་ཤེས་པ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་ཅིའི་ཕྱིར་སྙམ་ན། དེའི་ཕྱིར་སྨྲས་པ། འདི་ལྟར་ཁམས་དྲུག་པོ་འདི་དག་ནི། སྐྱེ་བའི་རྟེན་ཡིན་པར་འདོད་དེ། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་ བ་དང་། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་བུ་འཇུག་གོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་ནི་ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་བའི་སེམས་ཀྱི་བར་དུ་སྐྱེ་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་དག་ནི་སྐྱེ་བ་སྐྱེད་པར་བྱེད་པ་དང་། གསོ་བར་བྱེད་པ་དང་། འཕེལ་ བར་བྱེད་པ་ཡིན་པའི་ཕྱིར་གཞིར་གྱུར་པ་སྟེ། འདི་ལ་སྐྱེད་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། ཉིང་མཚམས་སྦྱོར་བའི་ས་བོན་ཡིན་ནོ། །གསོ་བར་བྱེད་པ་ནི་འབྱུང་བ་དག་ཡིན་ཏེ། དེའི་རྟེན་དུ་གྱུར་པའི་ཕྱིར་རོ། །འཕེལ་བར་བྱེད་པ་ནི་ནམ་མཁའི་ཁམས་ ཡིན་ཏེ། གོ་འབྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དག་ལ་ཁམས་ཉིད་ཡིན་པར་བརྗོད་དེ། ཉིང་མཚམས་སྦྱོར་བ་འཛིན་པས་ན་ཁམས་དག་ཡིན་ནོ། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་དང་འགལ་བའི་ཕྱིར་སྐྱེ་བའི་རྟེན་མ་ཡིན་ནོ། ། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། ཁྱད་པར་གང་ཞིག་དང་ལྡན་ན་དངོས་པོ་དེ་དེ་ལྟར་བསྟན་པར་ནུས་པའི་ཁྱད་པར་དེ་ནི་བསྟན་པ་ཞེས་བྱའོ། །ཡང་ན་ཚིག་གིས་གཞན་གྱི་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ནི་བསྟན་པ་ཡིན་ལ། དེ་དང་ལྷན་ཅིག་འཇུག་པ་ནི་བསྟན་ཡོད་དེ་གཟུགས་ཀྱི་ཁམས་གཅིག་པུ་ཡིན་ནོ། །འདིར་ཁམས་བཅོ་བརྒྱད་དག་ལས་གཟུགས་ཀྱི་ཁམས་གཅིག་ཁོ་ནས་བསྟན་དུ་ཡོད་པའོ་ཞེས་དམིགས་ཀྱིས་བསྩལ་བའི་ཕྱིར་རོ། །ལྷག་མ་རྣམས་ནི་བསྟན་དུ་མེད་པའོ་ཞེས་བཤད་ པར་འགྱུར་རོ། །བསྟན་དུ་ཡོད་པ་ཉིད་འདིས་ཀྱང་གཙོ་བོ་ཡིན་པར་བཤད་པ་ཡིན་པར་ཟློས་པའི་ཉེས་པར་ཐལ་བ་མ་ཡིན་ཏེ། དེ་ནི་གྲུབ་པའི་ཕྱིར་རོ། །བསྟན་དུ་ཡོད་པ་ཉིད་ལ་སོགས་པའི་བྱེ་བྲག་འདི་དག་ཀྱང་ཕལ་ཆེར་མདོ་ལས་གསུངས་པ་ཁོ་ན་ཡིན་པས་རབ་ཏུ་བསྟན་ཏེ། འདི་ལྟར་མདོ་ལས། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བ། གཟུགས་ཅན་བསྟན་དུ་མེད་པ་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནས། དགེ་སློང་ལུས་ནི་ནང་གི་སྐྱེ་མཆེད་ཡིན་ཏེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་ སློང་ཡིད་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ། །དགེ་སློང་གཟུགས་དག་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པའོ། །དགེ་སློང་སྒྲ་དག་ནི་ ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་འདི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནས། དགེ་སློང་རེག་བྱ་དག་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ ཅན་བསྟན་དུ་མེད་པ་ཐོགས་པ་མེད་པ་དང་བཅས་པའོ། །དགེ་སློང་སྐྱེ་མཆེད་རྣམས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་དག་ཀྱང་མཛོད་ཀྱི་གནས་དང་པོ་ཡོངས་སུ་ རྫོགས་ཀྱི་བར་དུ་ཁམས་རྣམས་ཀྱི་རབ་ཏུ་དབྱེ་བ་ཁོ་ནར་སྟོན་ཏེ། གཟུགས་དང་རྣམ་པར་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་ལ་གཟུགས་ཅན་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་བསལ་བའི་ཕྱིར་རོ། །གཟུགས་ ནི་གཟུགས་སུ་རུང་བ་སྟེ་དེ་འདི་དག་ལ་ཡོད་པས་གཟུགས་ཅན་རྣམས་སོ། །བཅུ་ཞེས་བྱ་བ་ནི་མིག་གི་ཁམས་ལ་སོགས་པ་ལྔ་དང་། དེ་དག་གི་ཡུལ་གྱི་ཁམས་ལྔ་ཁོ་ན་ཡིན་ནོ། །ཆོས་ཀྱི་ཁམས་ཇི་ལྟར་བརྩལ་བར་བྱས་པ་ཡིན། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པའི་ གཟུགས་ཡོད་པའི་ཕྱིར་དེ་ཡང་གཟུགས་ཅན་ནོ་ཞེས་བརྗོད་པར་ནུས་སོ་ཞེ་ན། གཟུགས་ཅན་ཞེས་ངེས་པར་གཟུང་བའི་ཕྱིར་དེ་བརྩལ་བ་བྱས་པ་ཡིན་ཏེ། ཁམས་གང་དག་གཟུགས་ཅན་གྱི་ངོ་བོ་ཉིད་ཡིན་པ་དེ་དག་ཁོ་ན་གཟུང་བར་བྱ་བ་ཡིན་ན། ཆོས་ཀྱི་ཁམས་ནི་གཟུགས་ ཅན་དང་གཟུགས་ཅན་མ་ཡིན་པའི་ངོ་བོ་ཉིད་ཀྱང་ཡིན་ནོ། །རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ན་ཐོགས་པ་དང་བཅས་པའི་དངོས་པོ་གཅིག་ཡོད་པ་དེར་གཟུགས་ཅན་གཉིས་པ་སྐྱེ་བར་མི་འགྱུར་ཏེ། དཔེར་ན་ལག་པའམ་རྡོ་བ་ལ་ལག་པ་རྡུགས་ཤིང་ཐོགས་པ་སྟེ། ལག་པའི་གནས་སམ་རྡོ་བའི་གནས་སུ་ལག་པ་མི་འབྱུང་བའམ་རྡོ་བ་ཡང་དེ་གཉིས་ལ་སྟེ་རྡོ་བ་ལག་པ་དང་རྡོ་བ་དག་གི་གནས་སུ་མི་འབྱུང་བ་ལྟ་བུ་ཡིན་ནོ། །ཆུ་ལ་ཐོགས་ལ་ཞེས་བྱ་བ་ནི་རང་གི་ཡུལ་ཆུ་ལ་འཇུག་ པ་ཞེས་བྱ་བའི་ཐ་ཚིག་གོ། །མི་ཕལ་ཆེའི་ལྟ་བུའོ་ཞེས་བྱ་བ་ཕལ་ཆེ་བ་སྨོས་པ་ནི་ཉ་བ་ལ་སོགས་པ་བསལ་བའི་ཕྱིར་རོ། །གཉི་གར་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནི་ངེས་པར་མངལ་དུ་འཆི་བ་རྣམས་ཀྱི་ལྟ་བུའོ། །རྣམ་པ་དེ་དག་ཅེས་བྱ་བ་ནི་རྣམ་པ་དེ་རྣམས་ཞེས་བྱ་བའི་ཐ་ཚིག་ གོ། །ཕ་བང་ནི་ཁ་རྐུབ་དག་ཡིན་ནོ། །བྱི་ལ་ལ་སོགས་པ་ཞེས་བྱ་བའི་སོགས་པ་སྨོས་པས་ནི་ཆོམ་རྐུན་པའི་མི་ལ་སོགས་པ་དང་། སྟག་ལ་སོགས་པ་བསྡུའོ། །གང་ཞིག་གང་ལ་བྱེད་པ་དེ་ནི་དེའི་ཡུལ་ཡིན་ལ་ཞེས་བྱ་བ་ནི་བྱེད་པ་ནི་རྩལ་ཡིན་ཏེ་མིག་དང་རྣ་བ་ལ་སོགས་པ་ གཟུགས་དང་སྒྲ་ལ་སོགས་པ་ལ་ལྟ་བ་དང་ཉན་པ་ལ་སོགས་པ་ནི་བྱེད་པ་ཡིན་ནོ། །དེ་ཡང་རང་གི་སེམས་དང་སེམས་ལས་བྱུང་བ་དག་ལ་རྟེན་གྱི་ངོ་བོའི་ནུས་པའི་ཁྱད་པར་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ། །གཟུགས་ལ་སོགས་པ་གང་ཞིག་སེམས་དང་སེམས་ལས་བྱུང་ བ་རྣམས་ཀྱིས་ཁར་བ་ལ་བརྟེན་པའི་ཚུལ་དུ་འཛིན་པ་དེ་ནི་དམིགས་པ་ཡིན་ནོ། །དེ་ལྟར་ན་དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཁོ་ནའི་ཡིན་ལ་ཡུལ་ནི་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་གིས་མ་ཡིན་གྱི་མིག་ལ་སོགས་པ་ཡང་ཡིན་ནོ། །དེ་ལས་གཞན་དུ་ མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་རྟེན་ན་གང་ཞིག་ཤིང་ངམ་རྩིག་པ་གང་ལས་གཞན་དུ་མི་འཇུག་པ་དེ་ནི་དེ་ལ་ཐོགས་པ་ཡིན་ནོ། །དེ་བཞིན་མིག་ལ་སོགས་པ་ཡང་ཡུལ་གཞན་དུ་བྱེད་པ་མི་བྱེད་ཀྱི་རང་གི་ཡུལ་ཁོ་ན་ལ་བྱེད་དེ། །དེ་ལྟ་བས་ན་དེ་ལ་ཐོགས་པ་ཡིན་ནོ་ཞེས་ བྱའོ། །ཡང་ན་འདི་ལ་གཏོད་པ་ནི་ཐོགས་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡུལ་འདི་ལ་གཏོད་པར་བྱེད་པ་ནི་གཏོད་པའོ། །རང་གི་ཡུལ་ལ་འཇུག་པ་གང་ཡིན་པའོ་ཞེས་བྱ་བ་ནི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་བཅུ་པོ་དག་ནི་སྒྲིབ་པ་ལ་ཐོགས་པས་ཞེས་ བྱ་བ་རྒྱས་པར་འབྱུང་བ་ནི། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་འདིར་ཁམས་བཅུ་པོ་དག་ནི་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པར་འདོད་པ་ཡིན་ནོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་དག་ཀྱང་ཡུལ་དང་དམིགས་པ་ལ་ཐོགས་པ་དག་གི་ ཐོགས་པ་དང་བཅས་པ་ཉིད་ཡིན་པས་དྲི་མ་མུ་བཞི་སྟེ་མུ་བཞི་ནི་རྣམ་པ་བཞི་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་ཕྱི་མ་དང་སྦྱོར་བ་སྟེ་ཞེས་བྱ་བ་ནི་གལ་ཏེ་དྲི་བའི་ཆ་ཕྱི་མ་བཟུང་ནས་ལན་འདེབས་པར་བྱེད་ན་དེ་ནི་ཚིག་ཕྱི་མ་དང་སྦྱོར་བ་ཡིན་ནོ། །གལ་ཏེ་ཆ་སྔ་མ་བཟུང་ན་ལན་འདེབས་ པར་བྱེད་ན་དེ་ནི་ཚིག་སྔ་མ་དང་སྦྱོར་བ་ཡིན་ནོ། །དེ་དག་ནི་ཡུལ་ལ་ཐོགས་པས་ཀྱང་ཡིན་ནོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་དག་ནི་ཡུལ་ལ་ཐོགས་པ་དང་དམིགས་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་ཡིན་ནོ། །དབང་པོ་ལྔ་ནི་དམིགས་པ་ལ་ ཐོགས་པས་ཐོགས་པ་དང་བཅས་པ་མ་ཡིན་ཏེ། དམིགས་པ་མེད་པའི་ཕྱིར་རོ། །གང་ལ་ཡིད་སྐྱེ་བར་འདོད་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྟེན་ཏམ་དམིགས་པ་གང་ལ་ཡིད་སྐྱེ་བར་འདོད་པ་ལ་བར་ཆད་ཀྱི་སྒྲིབ་པ་གཞན་དག་གིས་ཐོགས་ཤིང་མི་སྐྱེ་བར་བྱེད་ནུས་པ་དེ་ཁོ་ ན་ཐོགས་པ་དང་བཅས་པ་ཡིན་ཏེ། བར་ཆད་ཀྱི་སྒྲིབ་པའི་མཚན་ཉིད་ཀྱི་ཐོགས་པས་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཐོགས་པས་ཐོགས་པ་དང་བཅས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་ ཀྱང་གང་ཞེ་ན། དབང་པོ་ལྔ་དང་ཡུལ་ལྔའི་ཁམས་ཀྱི་ངོ་བོ་ཉིད་ཡིན་ནོ། །བཟློག་པ་ནི་ཐོགས་པ་མེད་པར་འདོད་དོ་ཞེས་བྱ་བ་ནི་གང་ཡིད་སྐྱེ་བར་འདོད་པ་ལ་གཞན་དག་གིས་ཐོགས་པར་བྱ་མི་ནུས་པ་སྟེ། དཔེར་ན་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་ལ་ཡིད་ཀྱི་རྣམ་པར་ ཤེས་པ་སྐྱེ་བ་ལ་གཞན་དག་གིས་བར་ཆད་ཀྱི་སྒྲིབ་པ་བྱ་བར་མི་ནུས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ལུང་མ་བསྟན་བརྒྱད་ཅེས་བྱ་བ་ནི་བརྒྱད་ཀྱི་ ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཡིན་ཏེ། དགེ་བ་དང་མི་དགེ་བའི་ངོ་བོར་ལུང་དུ་མ་བསྟན་པའི་ཕྱིར་ན་ལུང་དུ་མ་བསྟན་པ་དག་ཡིན་ནོ། །གང་དག་དགེ་བ་དང་མི་དགེ་བ་མ་གཏོགས་པ་དེ་དག་ཁོ་ན་ལ་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བར་འདོད་ཀྱི། དགེ་བ་ དང་མི་དགེ་བ་རྣམས་ནི་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་དུ་བསྟན་པའི་ཕྱིར་དགེ་བ་ཡང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་ལུང་དུ་མ་བསྟན་པ་མ་ཡིན་ལ་མི་དགེ་བ་ཡང་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་ལུང་དུ་མ་བསྟན་པའི་ཕྱིར་མ་ཡིན་ཏེ། སྒྲ་འཇུག་པ་ནི་བརྡར་ བཏགས་པ་ལ་འཇུག་པ་ཡིན་ནོ། །གཞན་རྣམ་གསུམ་ཞེས་བྱ་བ་ནི་ཁམས་ཞེས་བྱ་བར་སྐབས་དང་སྦྱར་ཏེ། གཞན་དག་ནི་རྣམ་པ་གསུམ་ཁོ་ན་ཡིན་གྱི་རྣམ་པ་གཅིག་ཀྱང་མ་ཡིན་ལ། རྣམ་པ་གཉིས་ཀྱང་མ་ཡིན་ནོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །མ་ཆགས་པ་ལ་ སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཀྱི་ཁམས་བདུན་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མཚུངས་པར་ལྡན་པ་དག་མི་དགེ་བ་ཡིན་ནོ། །སྨད་པ་ལས་འདས་ཤིང་ངན་སོང་ལས་རྒལ་བས་ན་དགེ་བའོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ནི་རྩྭ་ཀུ་ཤ་དང་འདྲ་བར་རྣོ་བས་ ཀུ་ཤ་ཞེས་བྱ་སྟེ། དེ་ལེན་ཅིང་ཀུན་ཏུ་ལེན་པས་ན་དགེ་བའོ། །གཞན་མ་ཆགས་པ་ལ་སོགས་པ་དང་ཆགས་པ་ལ་སོགས་པ་དང་མཚུངས་པར་མི་ལྡན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་ཆགས་པ་ལ་སོགས་ པའི་ངོ་བོ་ཉིད་ནི་གང་འདི་བཤད་ཟིན་པ་ཡིན་ནོ། །མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་ཚོར་བ་ལ་སོགས་པ་ཡིན་ནོ། །མ་ཆགས་པ་ལ་སོགས་པ་ཀུན་ནས་བསླང་བ་ནི་ཐོབ་པ་དང་། སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་ ཡིན་ནོ། །གཞན་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཏེ་ཆོས་ཀྱི་ཁམས་རྣམ་པ་བཞི་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་མ་ ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་བསླང་བ་ཡང་མ་ཡིན་པ་དང་། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ཅི་རིགས་པར་དེ་དག་གིས་ཐོབ་པ་དང་། སྐྱེ་བ་ལ་སོགས་པ་ཡིན་ཏེ་ཆོས་ཀྱི་ཁམས་འདི་ནི་ལུང་དུ་མ་ བསྟན་པ་ཡིན་ནོ། །དེ་ལས་གཞན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་གཟུགས་དང་སྒྲའི་ཁམས་དེ་དག་ལས་གཞན་པ་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བའི་གཟུགས་དང་སྒྲའི་ཁམས་ལུས་དང་ ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་གང་ཡིན་པ་དག་དང་རྣམ་པར་རིག་བྱེད་ཀྱིས་མ་བསྡུས་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །འདོད་ཁམས་གཏོགས་པ་ཐམས་ཅད་དོ། །ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཙམ་གྱིས་བསྡུས་པ་ཡིན་པའི་ཕྱིར་ཐམས་ཅད་འདོད་པའི་ཁམས་སུ་ གཏོགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་གི་རེ་རེས་ཐམས་ཅད་བསྡུས་པ་ནི་མ་ཡིན་ནོ། །དེའི་ཕྱིར། གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །ཞེས་བྱ་བ་སྨོས་སོ། །དེ་གཉིས་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར་ལ་ཞེས་བྱ་བ་ནི་དྲི་དང་རོ་དེ་གཉིས་ཏེ་དྲི་ཡང་ཁམ་གྱི་ཟས་ཕྲ་མོ་ ཡིན་ནོ། །དེ་ལྟ་ན་ནི་འོ་ན་རེག་བྱའི་ཁམས་ཀྱང་མེད་པར་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་འདི་ན་རེག་བྱའི་ཁམས་མེད་པར་ཐལ་བར་འགྱུར་ཏེ། གྲུབ་པའི་མཐའ་ལས། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ ཉིད་དོ། །ཞེས་འབྱུང་བའི་ཕྱིར་རོ། །དྲི་དང་རོ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་གང་དག་ཟས་ཀྱི་རང་བཞིན་མ་ཡིན་པ་དེ་དག་དེ་ན་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རེག་བྱ་ཡོད་དུ་བཅུག་ཀྱང་ཞེས་བྱ་བ་ཅི་ཞེ་ན། ལོངས་སྤྱོད་པ་སྟེ། དབང་པོའི་རྟེན་གྱི་དངོས་པོ་དང་གཞིའི་དངོས་པོ་དང་བགོ་བའི་དངོས་པོར་རོ། །གཞན་དག་ན་རེ་ནི་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏོ། །ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་སྐྱེས་ཏེ། ལུས་ལས་སུ་ རུང་བ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སློབ་དཔོན་གྱི་བཙུན་པ་དཔལ་ལན་གྱི་གཞུང་ལུགས་ཁྱད་དུ་བསད་དེ། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་གླགས་དང་བཅས་པར་མཐོང་ནས་རྣམ་པར་གཏན་ལ་དབབ་པ་བརྩམ་པའི་ཕྱིར། དེ་ལྟར་ན་ནི་འོ་ན་ཞེས་བྱ་བ་ རྒྱས་པར་སྨོས་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནི་ཤུགས་ཀྱིས་ནི་འདི་སྐད་དུ་གཟུགས་ཀྱི་ཁམས་ན་དྲི་དང་རོ་དག་མེད་དེ། དགོས་པ་མེད་པའི་ཕྱིར་ཕོའི་དབང་པོ་བཞིན་ནོ་ཞེས་བྱ་བར་དམ་བཅས་པར་འགྱུར་རོ། །ཕྱོགས་དེར་སློབ་དཔོན་སུན་འབྱིན་པར་བྱེད་དེ། ཕྱོགས་འདི་ནི་ ཆོས་ཅན་གྱི་ཁྱད་པར་ལས་བཟློགས་པས་སྐྱོན་ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་སྐྱོན་ཅན་ཡིན་ནོ། །གཟུགས་ཀྱི་ཁམས་ཀྱི་དྲི་དང་རོ། །ཞེས་བྱ་བ་རང་འཛིན་པར་བྱེད་པ་ཡོད་པ་ཅན་ནི་ཆོས་ཅན་ཡིན་པར་འདོད་པ་ཡིན་ན། དེ་རང་འཛིན་པར་བྱེད་པ་མེད་པ་ཅན་ཉིད་ དུ་འགྱུར་ཏེ། དཔེར་ན་ཕོ་དང་མོའི་དབང་པོ་དགོས་པ་མེད་པ་ཉིད་ཀྱིས་རང་འཛིན་པར་བྱེད་པ་མེད་པ་ཅན་དག་ཡིན་པ་ལྟར་དྲི་དང་རོ་ཞེས་བྱ་བའི་ཡུལ་ཅན་ཡང་དེ་དང་འདྲ་བར་འགྱུར་རོ། །གང་གིས་ན་ཆོས་ཅན་ལས་བཟློག་པ་འདི་གསལ་བར་འགྱུར་བའི་རྗེས་སུ་དཔག་པ་ཡང་ གསལ་བར་ཡོད་དེ། གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། དགོས་པ་མེད་པའི་ཕྱིར་ཕོ་དང་མོའི་དབང་པོ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་པ་འགའ་ཞིག་གིས་ལན་གདབ་པའི་ཕྱིར་དགོས་པ་ཡོད་དེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྣ་དང་ལྕེའི་དབང་པོ་ དེ་དག་མེད་པར་ནི་རྟེན་མཛེས་པ་ཉིད་དང་། ངག་གི་རྣམ་པར་རིག་བྱེད་དུ་ཡང་མི་འགྱུར་ཏེ་མཐོང་བས་གནོད་པ་འདིས་ནི་ཐལ་བར་འགྱུར་བ་ཟློག་པར་བྱེད་དེ། འདིར་རྗེས་སུ་དཔག་པ་ལ་མཐོང་བས་གནོད་པར་འགྱུར་རོ། །དེ་ཡང་གང་ཡིན་ཞེ་ན། གཟུགས་ཀྱི་ཁམས་ན་ སྣ་དང་ལྕེའི་དབང་པོ་དག་ཡོད་དེ། དགོས་པ་དང་བཅས་པའི་ཕྱིར་མིག་གི་དབང་པོ་བཞིན་ནོ། །སློབ་དཔོན་གྱིས། གལ་ཏེ་དགོས་པ་དེར་ཟད་ན། །ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྟེན་ཁོ་ནས་ལུས་མཛེས་པ་དང་ཚིག་སྨྲ་བར་འགྱུར་གྱི་དབང་པོས་ནི་མ་ཡིན་པས་དགོས་ པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྟོན་པར་བྱེད་དོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་པ་ཞིག་གིས་དབང་པོ་མེད་པའི་རྟེན་མི་སྲིད་དེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ཀྱི་ཁམས་ན་དབང་པོ་མེད་པའི་སྣ་དང་ལྕེའི་དབང་པོའི་རྟེན་མི་སྲིད་དེ། རྟེན་ཡིན་པའི་ ཕྱིར་ཕོའི་དབང་པོའི་རྟེན་བཞིན་ནོ། །འདིས་ནི་དགོས་པ་དང་བཅས་པ་ཉིད་དུ་གྲུབ་པ་ཉིད་དུ་འཇོག་པར་བྱེད་དོ། །སློབ་དཔོན་གྱིས་དེ་ནི་དགོས་པ་མེད་པའི་ཕྱིར་མི་སྲིད་པར་རིགས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕོའི་དབང་པོའི་རྟེན་དེ་ནི་དགོས་པ་མེད་པའི་ཕྱིར་མི་སྲིད་པར་རིགས་ ཀྱི་སྣ་དང་ལྕེའི་དབང་པོའི་རྟེན་ནི་ལུས་མཛེས་པར་བྱ་བ་དང་མངོན་པར་བརྗོད་པར་དགོས་པའི་ཕྱིར་དགོས་པ་དང་བཅས་པ་ཡིན་ཏེ། དེའི་ཕྱིར་འདི་དག་ནི་དབང་པོ་མེད་པར་ཡང་སྲིད་པར་རིགས་སོ། །འདིར་སྒྲུབ་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཀྱི་ཁམས་ན་དབང་པོ་མེད་པའི་ སྣ་དང་ལྕེའི་དབང་པོའི་རྟེན་སྲིད་དེ། དགོས་པ་དང་བཅས་པའི་ཕྱིར་མིག་གི་དབང་པོའི་རྟེན་བཞིན་ནོ། །འདིས་ནི་དགོས་པ་དང་བཅས་པ་ཉིད་མ་གྲུབ་པ་དེ་ཉིད་རྣམ་པར་འཇོག་པར་བྱེད་དོ། །དེ་ལྟར་འདིར་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་པ་དགོས་པ་དང་བཅས་པ་ཉིད་དུ་སྨྲ་བ་འགའ་ཞིག་ བཀག་པ་དང་། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དེ་ལྟ་ན་ནི་འོ་ན་སྣ་དང་ལྕེའི་དབང་པོ་དག་ཀྱང་མེད་པར་ཐལ་བར་འགྱུར་ཏེ། དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སུན་འབྱིན་པ་ལྟར་སྣང་བ་ཉིད་དུ་བསྟན་པའི་ཕྱིར་དགོས་པ་མེད་པར་ཡང་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། དཔེར་ན་མངལ་ དུ་ངེས་པར་འཆི་བ་རྣམས་ཀྱི་དབང་པོ་དགོས་པ་མེད་པར་མངོན་པར་འགྲུབ་པ་ལྟ་བུ་སྟེ། དེ་དག་གིས་ནི་གཟུགས་མཐོང་བ་ལ་སོགས་པར་མི་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ན་དགོས་པ་མེད་ཀྱང་སྣ་དང་ལྕེའི་དབང་པོ་མངོན་པར་འགྲུབ་ པར་འགྱུར་རོ། །འདིས་ནི་གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། དགོས་པ་མེད་པའི་ཕྱིར་ཕོའི་དབང་པོ་བཞིན་ནོ་ཞེས་བྱ་བའི་དགོས་པ་མེད་པ་ཉིད་མ་ངེས་པ་ཡིན་པར་རབ་ཏུ་སྟོན་ཏོ། །སློབ་དཔོན་གྱི་དགོས་པ་མེད་པ་ནི་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་ ཏེ། དགོས་པ་མེད་པར་དབང་པོ་གྲུབ་པ་ནི་ཡིན་མོད་ཀྱི་འདུས་བྱས་རྣམས་ནི་རྒྱུ་དང་བཅས་པ་ཡིན་པའི་ཕྱིར་རྒྱུ་མེད་པ་ཅན་ནི་མ་ཡིན་ནོ། །གང་ཡང་ཡུལ་ལས་སྲེད་པ་དང་བྲལ་བ་དེ་ནི་གདོན་མི་ཟ་བར་དབང་པོ་ལས་ཀྱང་སྲེད་པ་དང་བྲལ་བ་ཡིན་ཏེ་ཞེས་བྱ་བ་འདིས་ནི་རྒྱུ་མེད་པར་རབ་ ཏུ་སྟོན་པར་བྱེད་དོ། །དེའི་ཕྱིར་སྒྲུབ་པ་ནི་འདི་སྐད་དུ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། རྒྱུ་མེད་པའི་ཕྱིར་རྒྱུ་མེད་པའི་མྱུ་གུ་བཞིན་ནམ་ཕོའི་དབང་པོ་ལྟ་བུའོ། །ཡང་ན་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི་སློབ་ དཔོན་ཉིད་རྣམ་པར་རྟོག་པ་སློང་བར་བྱེད་པ་ཡིན་ནོ། །བསམ་པ་གང་ཡིན་ཞེ་ན། གལ་ཏེ་དགོས་པ་མེད་པ་དང་རྒྱུ་མེད་པར་ཡང་སྣ་དང་ལྕེའི་དབང་པོ་དག་འབྱུང་ན་ནི་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར་སྙམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཕྱོགས་ནི་གཟུགས་ ཀྱི་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ནི་སྣ་དང་ལྕེའི་དབང་པོ་དང་བཅས་པ་ཡིན་ཏེ། གཟུགས་ཅན་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་རྒྱུད་བཞིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སློབ་དཔོན་ནི་ཕོའི་དབང་པོ་ཡང་ཅི་སྟེ་གྲུབ་པར་མི་འགྱུར་ཞེས་ཟེར་ཏེ་འདིས་ནི་ཕྱོགས་ཏེ་ ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་ཡིན་པར་སྟོན་པར་བྱེད་དེ། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ཕོའི་དབང་པོ་མེད་པ་ཅན་ནི་ཆོས་ཅན་ཡིན་ལ། དེ་ལས་བཟློག་པ་ནི་ཕོའི་དབང་པོ་ཡོད་པ་ཅན་ཉིད་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ལན་གདབ་པའི་ཕྱིར་ མི་མཛེས་པ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཞེ་ན། གཟུགས་ཀྱི་ཁམས་ན་ནི་ཕོའི་དབང་པོ་མེད་དེ། མི་མཛེས་པར་བྱེད་པའི་ཕྱིར་ཞར་བ་དང་ཞ་བོ་བཞིན་ནོ། །རྗེས་སུ་དཔག་པ་དེ་ལ་གནོད་དང་། ཁོ་བོ་ཅག་གི་དམ་བཅས་པ་འདི་བཟློག་པ་མ་ཡིན་ ཏེ། རིགས་པ་ཅན་གྱི་གྲུབ་པའི་མཐའ་ལས་ཀྱང་། གལ་ཏེ་མཐོང་བས་མི་གནོད་ན། །ཞེས་བྱ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སློབ་དཔོན་གྱིས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱི་ཅིའི་ཕྱིར་མི་མཛེས་པར་འགྱུར་ཞེས་བྱ་བ་སྨོས་ཏེ། མདོམས་སུ་སྦ་བ་ནི་ མདོམས་ཀྱི་སྦ་བའོ། །མདོམས་ནི་གང་གིས་ནི་ཕོའི་དབང་པོ་དཀྲིས་པ་ཡིན་ནོ། །སྦ་བ་ནི་ཕོའི་དབང་པོའོ། །སྦུབས་ནི་གང་དུ་མདོམས་ཀྱི་སྦ་བ་དེ་གནས་པའོ། །གང་དག་ལ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དེ་ཡོད་པ་དེ་དག་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ ཏེ་དེ་དག་གི་ཅི་སྟེ་མི་མཛེས་པར་འགྱུར་མཛེས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་མི་མཛེས་པར་བྱེད་པ་ཉིད་མ་གྲུབ་པར་སྟོན་པར་བྱེད་དོ། །དགོས་པའི་དབང་གིས་འབྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། །བྱེ་བྲག་ཏུ་སྨྲ་བ་མི་མཛེས་པར་བྱེད་ པའི་ཕྱིར་རོ་ཞེས་སྨྲ་བ་རྣམས་ཀྱིས་ནི་དོན་གྱི་ཤུགས་ཀྱིས་ན་འདི་སྐད་དུ་ཕོའི་དབང་པོ་ནི་དགོས་པའི་དབང་གིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་དམ་བཅས་པ་ཡིན་ནོ། །དེ་ཡང་རྗེས་སུ་དཔགས་པས་ཕྱོགས་སུ་མི་རུང་བར་འགྱུར་ཏེ། ཆོས་ཅན་གྱི་ངོ་བོ་ཉིད་ལས་བཟློག་པས་སྐྱོན་ དང་བཅས་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། སྨྲས་པ། ཕོའི་དབང་པོ་ནི་དགོས་པའི་དབང་གིས་བསྐྱེད་པར་བྱ་བ་ཡིན་ལ། རང་གི་རྒྱུས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ཞར་བ་དང་ཞ་བོ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་འོ་ན་ནི་མདོ་ལས་དབང་པོ་མ་ཚང་བ་མ་ཡིན་ ཞིང་མེད་པ་མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་ལོ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ནི་སྣ་དང་ལྕེའི་དབང་པོ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཕྱོགས་ཡིན་ནོ། །ཕྱོགས་དེ་ནི་ཕྱོགས་སྔ་མ་དང་འགལ་བའི་ཕྱིར་སྐྱོན་ དང་བཅས་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི་གཟུགས་ན་སྤྱོད་པའི་སེམས་ཅན་རྣམས་དབང་པོ་མ་ཚང་བ་མེད་ཅིང་མེད་པ་མ་ཡིན་ནོ་ཞེས་གསུངས་སོ། །དབང་པོ་མ་ཚང་བ་མེད་པ་ནི་ཞར་བ་དང་ཞ་བོ་ལ་སོགས་པ་ཉིད་མེད་པའི་ཕྱིར་ རོ། །མེད་པ་མ་ཡིན་པ་ནི་མིག་ལ་སོགས་པ་མེད་པ་མ་ཡིན་ནོ། །སློབ་དཔོན་གྱིས་དེ་ནི་དབང་པོ་གང་དག་སྲིད་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མདོའི་དོན་གཟུགས་ཀྱི་ཁམས་དེ་ན་སྣ་དང་ལྕེའི་དབང་པོ་མ་གཏོགས་པའི་མིག་ལ་སོགས་པ་གང་དག་སྲིད་པ་དེ་དག་ གིས་དབང་པོ་མེད་པ་མ་ཡིན་ནོ། །ཞེས་བྱ་བར་བཟུང་བའི་ཕྱིར་འགལ་བ་མེད་དོ། །འདི་སྐད་དུ་བརྗོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨ་བ་རྣམས་སོ། །ཡོད་པ་ཉིད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ཀྱི་ཁམས་དེ་ན་སྣ་དང་ལྕེའི་དབང་པོ་དག་ནི་ཡོད་པ་ཉིད་ཀྱི་དྲི་དང་རོ་དག་ནི་ མ་ཡིན་ནོ། །སེམས་ཅན་རྣམས་ནི་ལུས་ཀྱི་སྒོ་སྟེ་རང་གི་རྒྱུད་ཀྱི་སྒོ་ནས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་སྲེད་པ་ཀུན་ཏུ་སྦྱོར་ཅིང་འབྱུང་ལ། ལས་ཀྱང་དེས་མངོན་པར་བརླན་པ་ཡིན་པས་གཟུགས་ཀྱི་ཁམས་ཀྱི་སྣ་དང་ལྕེའི་དབང་པོ་དག་ནི་རྒྱུ་དང་བཅས་པ་ཡིན་ནོ། །དེ་བས་ན་ རྒྱུ་དང་བཅས་པའི་ཕྱིར་གཟུགས་ཀྱི་ཁམས་ན་འདི་དག་ཡོད་པ་ཁོ་ན་སྟེ་རྒྱུ་དང་བཅས་པའི་མྱུ་གུ་ལ་སོགས་པ་བཞིན་ནོ། །འདིས་ནི་གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། རྒྱུ་མེད་པའི་ཕྱིར་རོ་ཞེས་སྒྲུབ་པ་སྨྲས་པ་གང་ཡིན་པ་དེ་མ་གྲུབ་པོ་ཞེས་བྱ་བར་སྟོན་པར་ བྱེད་དོ། །ཕོའི་དབང་པོ་ནི་འཁྲིག་པའི་སྒོ་ནས་ཏེ། ཅི་ཞེ་ན་སྲེད་པ་ཀུན་ཏུ་སྤྱོད་ཅེས་བྱ་བར་སྐབས་དང་སྦྱར་རོ། །གཟུགས་ན་སྤྱོད་པའི་སེམས་ཅན་རྣམས་ནི་འཁྲིག་པའི་འདོད་ཆགས་དང་བྲལ་བ་ཡིན་ཏེ། དེ་ལྟ་བས་ན་དེ་ལ་སྲིད་པ་སྔོན་དུ་འགྲོ་བའི་ལས་མེད་དོ། །དེ་ལྟ་བས་ ན་རྒྱུ་མེད་པའི་ཕྱིར་དེ་ན་ཕོའི་དབང་པོ་མེད་དེ། རྒྱུ་མེད་པའི་མྱུ་གུ་ལ་སོགས་པ་ལྟ་བུ་ཡིན་པས་གཟུགས་ཀྱི་ཁམས་ན་ཁམས་བཅུ་བཞིའོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །གཟུགས་མེད་གཏོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡིད་དང་ནི། ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། ། དག་ཁོ་ན་གཟུགས་མེད་པའི་ཁམས་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བའི་ཕྱིར་ཁམས་གཞན་དག་ནི་མེད་དོ་ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བ་དེའི་ཕྱིར་དེ་ན་གཟུགས་ཅན་གྱི་རང་བཞིན་གྱི་ཁམས་བཅུ་པོ་ མིག་ལ་སོགས་པ་ལྔ་དང་གཟུགས་ལ་སོགས་པ་ལྔ་ཡང་མེད་དོ། །དེ་དག་ལ་བརྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་དོ་ཞེས་བྱ་བ་ནི་གང་དག་ལ་གོ་རིམས་བཞིན་དུ་རྟེན་དང་དམིགས་པ་མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་དེ་དག་ཡོད་པ་དེ་ དག་ནི་དེ་དག་ལ་བརྟེན་པ་དང་དམིགས་པ་ཡིན་ནོ། །དེ་ན་དམིགས་པ་ལ་སོགས་པ་རྟེན་རྣམས་དང་གཟུགས་ལ་སོགས་པ་དམིགས་པ་རྣམས་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་དེ་དག་ཀྱང་མེད་དོ། །དེ་གསུམ་ཟག་བཅས་ཟག་པ་མེད། །ཅེས་བྱ་བ་ ནི་འདི་གསུམ་ཁོ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་བྱ་བ་འདི་ཅིའི་ཕྱིར་བརྗོད། འདི་གསུམ་ཁོ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ་ཞེས་ངེས་པར་བཟུང་བས་ ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་མ་ཡིན་ནམ་ཞེ་ན་མ་གྲུབ་བོ། །ཇི་ལྟ་ཞེ་ན་ལྷག་མ་རྣམས་ཟག་པ་དང་བཅས་པ་ཁོ་ན་ཞིག་ཡིན་ནམ་ཟག་པ་མེད་པ་ཁོ་ན་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་དག་བཟློག་པའི་ཕྱིར། ལྷག་མ་རྣམས་ ནི་ཟག་བཅས་སོ། །ཞེས་བྱ་བ་འདི་བརྗོད་དོ། །རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་ བྱ་བ་ནི་ཐ་མ་དག་ཁོ་ན་རྣམ་པ་གསུམ་མོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དག་ལས་གཞན་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་ནི་ཆོས་ཀྱི་ཁམས་མཚུངས་པ་དང་ལྡན་པའི་ངོ་བོ་ཡིན་ཏེ། དེ་གཉིས་འདིར་བསྡུས་པར་ཐལ་བར་འགྱུར་བས་ཡོངས་སུ་སྤང་ བར་བྱའོ། །རྟོག་པ་ནི་རྣམ་པ་གཞན་གཉིས་པའི་ནང་དུ་འདུ་བར་འགྱུར་རོ། །དཔྱོད་པ་ཡང་བསམ་གཏན་ཁྱད་པར་ཅན་ལས་སྐྱེས་པ་ནི་རྣམ་པ་གསུམ་པའི་ནང་དུ་འདུའོ། །དེ་ལས་གཞན་པ་ནི་རྣམ་པ་གསུམ་ཆར་གྱི་ནང་དུ་ཡང་མི་འདུའོ་ཞེས་ འཆད་པར་འགྱུར་རོ། །ཡིད་ཀྱི་ཁམས་ལ་སོགས་པ་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་ལ་ཐུག་པའི་བར་འདི་དག་འདོད་པའི་ཁམས་དང་བསམ་གཏན་དང་པོའི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ན་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དག་ཡིན་ཏེ་རྟོག་པ་ དང་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་ཁྱད་པར་ཅན་ན་ནི་རྟོག་པ་མེད་པའི་ཕྱིར་རྟོག་པ་མེད་པ་ཡིན་ལ་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་དཔྱོད་པ་ཙམ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཉིས་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་གྱི་ནི་ རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ཡིན་ནོ། །ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང་ཞེས་བྱ་བ་ནི་ཅི་རིགས་པར་ཁམས་གསུམ་པའི་གཟུགས་དང་སེམས་དང་ལྡན་པ་མ་ཡིན་པ་དང་འདུས་མ་བྱས་རྣམས་སོ། །བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་ པ་ནི། རྟོག་པ་མེད་པའི་ཕྱིར་རྟོག་པ་ཡང་མེད་ལ། དཔྱོད་པ་གཉིས་པ་མེད་པའི་ཕྱིར་དཔྱོད་པ་ཡང་མེད་པ་ཡིན་ནོ། །དཔྱོད་པ་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མི་འདུ་ན་ཞེས་བྱ་བ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པའི་དཔྱོད་པ་ནི་རེ་ཞིག་རྣམ་པ་ དང་པོ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཞེས་བྱ་བའི་ནང་དུ་ནི་མི་འདུ་སྟེ། དེ་ནི་རྟོག་པ་དང་བཅས་པ་ཡིན་མོད་ཀྱི་དཔྱོད་པ་དང་བཅས་པ་ནི་མ་ཡིན་ཏེ། དཔྱོད་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །གཉིས་པ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཞེས་བྱ་བའི་ནང་དུ་ ཡང་མི་འདུ་སྟེ་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་དཔྱོད་པ་གཉིས་པ་མེད་པའི་ཕྱིར་རོ། །གསུམ་པ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་ཅེས་བྱ་བའི་ནང་དུ་ཡང་མི་འདུ་སྟེ། དེ་ནི་དཔྱོད་པ་གཉིས་པ་མེད་པའི་ཕྱིར། དཔྱོད་པ་མེད་པ་ཡིན་མོད་ཀྱི་རྟོག་པ་མེད་པ་ནི་མ་ཡིན་ ཏེ། རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཅི་སྐད་དུ་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དཔྱོད་པ་གཉིས་པ་མེད་པའི་ཕྱིར་དཔྱོད་པ་མེད་པའོ། །རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་པ་ཙམ་མོ། །དེ་ཉིད་ ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྟོག་པ་དང་དཔྱོད་པ་དང་བཅས་པའི་ས་ན་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཞེས་བྱ་བ་དཔྱོད་པ་དེ་ལྟ་བུ་ནི་རྣམ་པ་བཞི་པ་ཡིན་ནོ། །ལྷག་མ་རྣམས་ནི་གཉི་ག་སྤངས་ཞེས་བྱ་བ་ནི་ལྷག་མ་ནི་མ་བཤད་པ་གཟུགས་ཅན་གྱི་ཁམས་བཅུ་ཡིན་ནོ། །དེ་དག་ རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཞིག་གམ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་བས་ལྷག་མ་རྣམས་ནི་གཉི་ག་སྤངས་པ་ཁོ་ནའོ་ཞེས་ངེས་པར་འཛིན་པར་བྱེད་པ་ཡིན་ཏེ། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་ རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་ཞེ་ན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་རྣམ་པ་གསུམ་མོ་ཞེས་གྲག་གོ་ཞེས་བྱ་བ་ལ། གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ ལུགས་རྗོད་པར་བྱེད་པ་ཡིན་ནོ། །རང་གི་བསམས་པ་ནི་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་ཡིན་པས་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཆོས་གཞན་ནི་མེད་དོ་སྙམ་པ་ཡིན་ཏེ། འདི་ལྟར་འདིས་ཕུང་པོ་ལྔ་པ་ལས་རྟོག་པ་གང་ཞེ་ན། ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་དེ་སེམས་པ་ དང་ཤེས་རབ་ཀྱི་ཁྱད་པར་གང་སེམས་རྩིང་བའོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པ་ཡིད་ཀྱི་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་དེ་བཞིན་དུ་གང་སེམས་ཞིབ་པའོ་ཞེས་བཤད་དེ། གཏན་ལ་མི་འབེབས་པའི་གནས་སྐབས་ན་ནི་སེམས་པའོ། །གཏན་ལ་ འབེབས་པའི་གནས་སྐབས་ན་ནི་ཤེས་རབ་བོ་ཞེས་རྣམ་པར་གཞག་གོ།། །།བམ་པོ་དྲུག་པ། དེ་བས་ན་དེ་དག་ལ་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་ཀྱི་ཞེས་བྱ་བ་ལ་དེ་བས་ན་ཞེས་བྱ་བ་ནི་ཚིག་གི་ཕྲད་དམ་དེ་ལྟ་བས་ན་ཞེས་བྱ་བའི་དོན་ཡིན་ནོ། །ངོ་བོ་ཉིད་ཁོ་ ནས་རྣམ་པར་རྟོག་པ་རྩིང་བའི་མཚན་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི་རྟོག་པ་ཡིན་ནོ། །དེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་རྣམས་ལ་མཚུངས་པར་ལྡན་པའི་སྒོ་ནས་ཡོད་དེ་དེ་ལྟ་བས་ན་རྣམ་པར་རྟོག་པ་དང་བཅས་པ་དག་ཅེས་ བྱ་བའོ། །གཞན་དག་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་དག་ལ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དག་མེད་དེ། དེ་ལྟ་བས་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱའོ། །དཔེར་ན་རྟ་རྐང་གཅིག་པ་ལ་རྐང་མེད་ཅེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། རྐང་པ་ གསུམ་བཅད་ནས་རྐང་པ་གཅིག་ཡོད་ཀྱང་རྐང་མེད་ཅེས་བྱ་བ་དེ་བཞིན་དུ་རྣམ་པར་རྟོག་པ་གཅིག་ཡོད་པ་ལ་ཡང་རྣམ་པར་རྟོག་པ་མེད་པ་ཞེས་བྱའོ། །དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ་ཞེས་བྱ་བ་ནི་ཡིད་ཀྱི་ཤེས་རབ་མཉམ་པར་གཞག་པ་མ་ཡིན་པ་ཐོས་པ་དང་ བསམས་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །དེ་ནི་ཡིད་ལ་ཡོད་པས་ན་ཡིད་ཀྱིའོ། །གཡེང་ཞེས་བྱ་བ་ནི་སྣ་ཚོགས་པ་སྟེ་དམིགས་པ་སྣ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཟབ་པ་དང་བྲལ་བ་སྟེ་ཡང་དང་ཡང་དུ་དམིགས་པ་ལ་བརྟེན་པའི་ཕྱིར་གཡེང་བའོ། །ཅིའི་ ཕྱིར་ངེས་པར་རྟོག་པའི་རྣམ་པར་རྟོག་པ་ཞེས་བྱ་ཞེ་ན། དམིགས་པ་དེ་དང་དེ་ལ་མིང་དུ་ལྟོས་ནས་འཇུག་པའི་ཕྱིར་དང་གཟུགས་དང་ཚོར་བ་དང་མི་རྟག་པ་དང་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པར་ངེས་པར་རྟོག་པའི་ཕྱིར་རོ། །མཉམ་པར་གཞག་པ་ནི་བསྒོམས་པ་ལས་བྱུང་བ་ སྟེ་མིང་ལ་མི་ལྟོས་པར་དམིགས་པ་ལ་འཇུག་པས་འདི་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པ་ཞེས་མི་བྱའོ། །ཡིད་ཀྱི་དྲན་པ་ཉིད་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པ་ཐམས་ཅད་ཅེས་བྱ་བ་ནི་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་ པའོ། །དེ་ནི་མཚན་ཉིད་དྲན་པ་གང་ཞེ་ན། སེམས་ཀྱིས་མངོན་པར་བརྗོད་པའོ་ཞེས་འབྱུང་བའི་ཕྱིར་མིང་ལ་མི་ལྟོས་པར་དམིགས་པའི་དོན་ཉམས་སུ་མྱོང་བ་ཙམ་ལ་འཇུག་པ་ཡིན་ནོ་ཞེས་གྲག་གོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་ནི་ཉམས་སུ་མྱོང་བ་ དོན་མངོན་པར་བརྗོད་པ་ལ་འཇུག་པ་མ་ཡིན་པའི་ཕྱིར་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཡིན་པར་མི་འདོད་དོ། །དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཞེས་བྱ་བ་ནི་བདུན་ཁོ་ན་དམིགས་པ་དང་བཅས་པ་ཡིན་ལ་དམིགས་པ་དང་བཅས་པ་ཁོ་ན་བདུན་ཡིན་ནོ་ཞེས་གཉི་ གར་ངེས་པར་བཟུང་བ་ཡིན་ནོ། །ཆོས་ཀྱི་ཕྱེད་ཀྱང་དམིགས་པ་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་འདི་ནི་བཤད་ཟིན་པ་ལས་མ་གཏོགས་པར་བརྗོད་པ་ཡིན་ཏེ། འདིར་ཡང་ཆོས་ཀྱི་ཕྱེད་ཁོ་ན་དམིགས་པ་དང་བཅས་པ་ཡིན་ལ་དམིགས་པ་དང་བཅས་པ་ཁོ་ན་ཡང་ཆོས་ཀྱི་ཕྱེད་ ཡིན་ནོ་ཞེས་གཉི་གར་ངེས་པར་གཟུང་བ་ཡིན་ནོ། །གང་གི་ཕྱིར་བདུན་ཁོ་ན་དམིགས་པ་དང་བཅས་པ་དང་ཆོས་ཀྱི་ཕྱེད་ཁོ་ན་དམིགས་པ་དང་བཅས་པའོ་ཞེས་བྱ་བར་ངེས་པར་བཟུང་བ་ཡོད་པ་དེའི་ཕྱིར། ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་པོ་དག་དང་ཆོས་ཀྱི་ཁམས་ཀྱི་ ཕྱོགས་ལྡན་པ་མ་ཡིན་པ་ནི་དམིགས་པ་མེད་པ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བར་བཤད་པ་ཡིན་ནོ། །འདི་ལྟར་ངེས་པར་མ་བཟུང་ན་ནི་དོན་འདི་གྲུབ་པར་མི་འགྱུར་རོ། །མ་ཟིན་དགུ་ཞེས་བྱ་བ་ནི་དགུ་ནི་མ་ཟིན་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །བརྒྱད་པའི་ཕྱེད་དང་ བཅས་ཏེ་ཞེས་བྱ་བ་ནི་ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བརྒྱད་པོ་དེ་དག་རྣམས་ཞེས་བྱ་བ་ནི་སེམས་ཀྱི་ཁམས་བདུན་པོ་དེ་དག་དང་གང་གི་ཕྱེད་དམིགས་པ་དང་བཅས་པར་བཤད་པའི་ཆོས་ཀྱི་ཁམས་སོ། །བརྒྱད་སྨོས་པ་ནི་ཆོས་ཀྱི་ཁམས་ཀྱི་ཕྱེད་བསྡུས་པར་ཤེས་པར་ འགྱུར་ན་མི་རུང་བས་ཆོས་ཀྱི་ཁམས་མཐའ་དག་བསྡུ་བའི་དོན་ཡིན་ཏེ། བརྒྱད་པོ་དེ་དག་དང་གཞན་སྒྲ་དང་དགུ་ནི་མ་ཟིན་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དགུ་པོ་གཞན་ནི་རྣམ་པ་གཉིས་ཞེས་བྱ་བ་ལ་དགུ་ནི་མིག་ལ་སོགས་པ་ལྔ་དང་སྒྲ་མ་གཏོགས་པ་གཟུགས་ལ་སོགས་ པ་བཞིའོ། །དེ་དག་ནི་རྣམ་པ་གཉིས་ཁོ་ན་སྟེ། ཟིན་པ་དང་མ་ཟིན་པ་ཁོ་ན་ཡིན་ཞེས་བྱ་བའི་ཐ་ཚིག་གིས་ཟིན་པ་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བ་འདིའི་དོན་དུ། དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་ཀྱང་མདོར་བྱས་སོ། །ཕན་པ་དང་གནོད་པ་དག་གིས་ཕན་ཚུན་མཐུན་པར་ བྱེད་པའི་ཕྱིར་ཞེས་བྱ་བ་ནི་མིག་གི་ཁམས་ལ་སོགས་པ་ལ་ཕན་པ་དང་གནོད་པ་མིག་སྨན་དང་ལག་པས་བསྣུན་པ་ལ་སོགས་པའི་མཚན་ཉིད་དག་གིས་ཀྱང་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་པ་དང་གནོད་པ་དག་ཏུ་འགྱུར་ལ་སེམས་ དང་སེམས་ལས་བྱུང་བ་རྣམས་ལ་ཕན་པ་དང་གནོད་པ་ཡིད་བདེ་བ་དང་ཡིད་མི་བདེ་བའི་མཚན་ཉིད་དག་གིས་ཀྱང་མིག་གི་ཁམས་ལ་སོགས་པ་ལ་ཕན་པ་དང་གནོད་པ་དག་ཏུ་འགྱུར་རོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རྟེན་གྱི་དངོས་པོས་ཉེ་བར་ བཟུང་བ་ཞེས་བྱ་བ་སྟེ། བདག་གིར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ན་སེམས་པ་དང་བཅས་པ་ཞེས་བརྗོད་པ་གང་ཡིན་པའོ་ཞེས་བྱ་བ་ནི་སྲོག་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ཞེས་བྱ་བ་ནི་རེག་བྱ་ཁོ་ན་རྣམ་པ་གཉིས་ ཡིན་ལ་རྣམ་པ་གཉིས་ཁོ་ན་རེག་བྱ་ཡིན་ནོ་ཞེས་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །ལྷག་མ་གཟུགས་ཅན་དགུ་པོ་ནི། །འབྱུང་གྱུར་ཅེས་བྱ་བ་འདིར་ཡང་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །ཆོས་ཁམས་ཕྱོགས་གཅིག་ཀྱང་། འབྱུང་བ་ལས་གྱུར་པ་ཡིན་ཞེས་བྱ་བ་ འདིར་ཡང་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །གང་གི་ཕྱིར་འདི་དག་གཉི་གར་ངེས་པར་བཟུང་བ་དེའི་ཕྱིར། ལྷག་མ་སེམས་ཀྱི་ཁམས་བདུན་དང་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་ཆོས་ཀྱི་ཁམས་ནི་གཉི་ག་མ་ཡིན་པའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། ། འབྱུང་བ་རྣམ་པ་བཞི་ཉིད་དང་སྲ་བ་ལ་སོགས་པའི་མཚན་ཉིད་དུ་ངེས་པར་བཟུང་བའི་ཕྱིར་ཞེས་བྱ་བ་ནི་བཞི་ཉིད་དུ་ངེས་པར་བཟུང་བའི་ཕྱིར་རེག་བྱའི་ཁམས་ལ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་དང་འབྱུང་བ་བཞི་ཡོད་པ་ཡིན་ནོ། །དེ་ལ་འཇམ་པ་ཉིད་ལ་སོགས་པ་དང་ མིག་ལ་སོགས་པ་ནི་འབྱུང་བ་དག་མ་ཡིན་ནོ། །སྲ་བ་ལ་སོགས་པའི་མཚན་ཉིད་དུ་ངེས་པར་བཟུང་བའི་ཕྱིར་ས་དང་ཆུ་དང་མེ་དང་རླུང་གི་ཁམས་དག་གི་ནང་དུ་མིག་ལ་སོགས་པ་ཆོས་གཞན་འདུ་བར་མི་འགྱུར་རོ། །ཇི་ལྟ་ཞེ་ན། འབྱུང་བ་ཆེན་པོ་བཞི་ནི་སའི་ཁམས་ དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེ་དག་ཀྱང་རེག་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྲ་བ་ལ་སོགས་པ་དེ་དག་རེག་བྱ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་དག་ནི་རེག་བྱ་ ཡིན་ལ་ཁ་དོག་ལ་སོགས་པ་ནི་བལྟ་བྱ་དང་མཉན་བྱ་དང་བསྣམ་བྱ་དང་མྱང་བྱ་ཡིན་ནོ། །དེ་དག་རེག་བྱ་ཡིན་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་སྨྲས་པ། མིག་ལ་སོགས་པས་ཀྱང་སྲ་བ་ལ་སོགས་པ་མི་འཛིན་ཏོ། །འོ་ན་ཅི་ཞེ་ན། ལུས་ཀྱི་དབང་པོ་ཁོ་ནས་ཏེ། དེའི་ ཕྱིར་དེ་དག་ནི་རེག་བྱ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ཁ་དོག་ལ་སོགས་པ་དེ་དག་ཀྱང་རེག་བྱ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་ལུས་ཀྱི་དབང་པོས་ཀྱང་ཁ་དོག་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཅི་ཞེ་ན་འཛིན་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། ། མདོ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་གཞན་ལས་ཀྱང་རྒྱས་པར་བསྟན་པ་ཡིན་ནོ། །ཇི་ལྟར་ཞེ་ན། དགེ་སློང་རེག་བྱ་རྣམས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་པ་ཐོགས་ པ་དང་བཅས་པའོ་ཞེས་བྱ་བའི་བར་འདི་རྒྱས་པར་གསུངས་ཏེ། ལྷག་མ་མིག་ལ་སོགས་པའི་སྐྱེ་མཆེད་ནི་འབྱུང་བ་དག་མ་ཡིན་ཞེས་གསལ་བར་ཀུན་ཏུ་བསྟན་པ་ཡིན་ནོ། །འོ་ན་མདོ་ལས་གང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་གི་ཤའི་གོང་བུ་ལ་སྲ་བ་དང་མཁྲང་ བར་གྱུར་པ་གང་ཡིན་པ་ཞེས་བྱ་བ་ནི་མཁྲང་བའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་སྟེ། མིག་གི་དབང་པོ་ནི་སྲ་བའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་བསམས་ནས་རྒོལ་བར་བྱེད་པ་ཡིན་ནོ། །དེ་དང་ཐ་མི་དད་པར་འདུག་པའི་ཤའི་གོང་བུ་ལ་དེ་སྐད་དུ་བསྟན་པར་ཟད་དོ་ཞེས་བྱ་བ་ནི་མིག་ གི་དབང་པོ་དང་ཐ་མི་དད་པར་འདུག་པའི་རྟེན་ལ་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །མིག་གི་རྟེན་ལ་ཡང་མིག་ཉེ་བར་འདོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཤའི་གོང་བུ་ཞེས་སྨོས་ཀྱི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དབང་པོ་ཁོ་ན་ཡིན་པར་བཞེད་ན་མིག་ལ་ཞེས་བྱ་བ་ཁོ་ན་ཞིག་ བཤད་པར་འགྱུར་རོ། །མི་འདི་ནི་ཁམས་དྲུག་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མངལ་དུ་འཇུག་པའི་སྒོ་ལས་སམ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནའོ། །འབྱུང་བ་ཙམ་ཡིན་པར་བསྟན་པའི་ཕྱིར་འབྱུང་བ་ལས་གྱུར་པ་མེད་དོ་ཞེས་བྱ་བའི་ཀླན་ཀའི་ དོགས་པ་བསྡུ་བར། སེམས་ཅན་གྱི་རྫས་ཀྱི་གཞི་བསྟན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གྱི་རྫས་ཀྱི་གཞི་ཡང་དག་པར་བསྟན་པའི་ཕྱིར་རོ། །ས་ལ་སོགས་པ་བཞི་ནི་སེམས་ཅན་གྱི་གཞི་ཡིན་ཏེ། དེ་རྣམས་ལ་སོགས་པ་རེག་པའི་སྐྱེ་མཆེད་ལྔ་པོ་དག་འབྱུང་བའི་ཕྱིར་རོ། །ཡིད་ཀྱི་ ཁམས་ཀྱང་སེམས་ཀྱི་གཞི་ཡིན་ཏེ། དེ་ལས་ཡིད་ཀྱི་རིག་པའི་སྐྱེ་མཆེད་འབྱུང་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་སའི་ཁམས་ལ་སོགས་པ་བཞི་ནི་རྒྱུར་བྱས་པའི་གཟུགས་ཀྱི་རྟེན་ཡིན་པའི་ཕྱིར་ལ། རྣམ་པར་ཤེས་པའི་ཁམས་ཀྱང་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ ཕྱིར་སེམས་ཅན་གྱི་གཞི་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན། ཡང་རེག་པའི་སྐྱེ་མཆེད་དྲུག་ཅེས་གསུངས་པའི་ཕྱིར་ཏེ་མདོ་དེ་ཉིད་ལས་ཕྱིས་རེག་པའི་སྐྱེ་མཆེད་ནི་དྲུག་སྟེ། མིག་གི་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་རོ་ཞེས་བྱ་བ་གསུངས་སོ། །དེའི་ཕྱིར་དགེ་སློང་མི་འདི་ནི་ཁམས་དྲུག་ པ་ཡིན་ནོ་ཞེས་གསུངས་པ་ནི་སེམས་ཅན་གྱི་རྫས་ཀྱི་གཞི་ཡང་དག་པར་བསྟན་པའི་ཕྱིར་ཡིན་གྱི་འབྱུང་བ་ཙམ་དུ་གནས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཇི་ལྟར་རྣམ་པར་ཤེས་པའི་ཁམས་ལས་ཐ་དད་པ་མ་ཡིན་ཡང་། ཡང་ཡིད་ཀྱི་སྐྱེ་མཆེད་སྨོས་པ་དེ་བཞིན་དུ་མིག་ལ་སོགས་པ་ཡང་ ཁམས་བཞི་ལས་ཐ་དད་པ་མ་ཡིན་བཞིན་དུ་ཡང་བརྗོད་པར་གྱུར་པ་ཞིག་མ་ཡིན་ནམ། དེའི་ཕྱིར་ཡང་རེག་པའི་སྐྱེ་མཆེད་སྨོས་པས་འབྱུང་བ་ལས་གྱུར་པ་ལོགས་ཤིག་ན་ཡོད་པ་ཉིད་དུ་མ་གྲུབ་པོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་སའི་ཁམས་ལ་སོགས་པ་ཁོ་ན་རེག་པའི་སྐྱེ་མཆེད་དག་ཡིན་པར་ གྱུར་ན་དེ་དག་ཉིད་ཀྱི་རེག་པའི་སྐྱེ་མཆེད་ཅེས་བྱ་བ་ཁོ་ན་བཤད་པར་འགྱུར་བ་ཞིག་ན་དེ་ལྟ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མིག་གི་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་རོ་ཞེས་གསུངས་ཏེ། དེའི་ཕྱིར་སའི་ཁམས་ལ་སོགས་པ་མ་གཏོགས་པ་མིག་ལ་སོགས་པ་ཡོད་དོ་ཞེས་བྱ་ བར་ཤེས་སོ། །རྣམ་པར་ཤེས་པའི་ཁམས་ནི་མིག་ལ་སོགས་པའི་རེག་པའི་སྐྱེ་མཆེད་སྨོས་པའི་ཞར་ལ་ཡང་བརྗོད་པར་ཟད་དོ། །རེག་པའི་སྐྱེ་མཆེད་ཅེས་བྱ་བའི་དོན་གང་ཡིན་ཞེ་ན། སེམས་ལས་བྱུང་བ་རག་པའི་རྟེན། །ཞེས་བྱ་བའི་ཐ་ཚིག་གོ། །སེམས་ལས་བྱུང་བ་རྣམས་མེད་པར་ཐལ་བར་འགྱུར་ བའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་མི་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་གསུངས་པ་སྒྲ་ཇི་བཞིན་ཁོ་ནར་རྫས་རྣམས་བཟུང་གི་དེ་ལ་བརྟེན་པའི་རྫས་གཞན་དག་མ་ཡིན་ན་དེས་ན་འདིར་རྣམ་པར་ཤེས་པའི་ཁམས་ཙམ་སྨོས་པའི་ཕྱིར་དེ་ལ་བརྟེན་པ་སེམས་ལས་བྱུང་བ་རྣམས་མ་བསྡུས་པར་ཐལ་ བར་འགྱུར་རོ་ཞེས་བྱ་བར་འདིར་འགྱུར་རོ། །གལ་ཏེ་འདོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། མ་ཡིན་ཏེ། ཕྱོགས་འདི་ནི་ཉེས་པ་དང་བཅས་པའི་ཕྱིར་རོ། །སེམས་ལས་བྱུང་བ་རྣམས་ནི་སེམས་ཀྱི་ཁྱད་པར་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ནི་རང་གི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཉེས་པ་དང་ བཅས་པ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེས་ཁས་བླང་བར་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། མདོ་ལས་འདུ་ཤེས་དང་སེམས་པའི་ཆོས་འདི་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་བསྒྲུབ་པ་ ཡང་འབྱུང་སྟེ། འདུ་ཤེས་དང་ཚོར་བ་དག་ནི་སེམས་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། ཕུང་པོ་བསྟན་པ་ལོགས་ཤིག་ཏུ་བསྟན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་འདུ་ཤེས་དང་ཚོར་བ་དག་ནི་རང་གི་རྟེན་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། དེ་ལ་བརྟེན་པའི་ཕྱིར་རོ། །གང་ ཞིག་རང་གི་རྟེན་ལ་བརྟེན་པ་དེ་ནི་རང་གི་རྟེན་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། དཔེར་ན་རྩིག་པ་ལ་བརྟེན་པའི་རི་མོ་ལྟ་བུའོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པའོ་ཞེས་བྱ་བར་ཡང་དག་ པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་ཞེ་སྡང་དང་བཅས་པ་ལ་ཞེ་སྡང་དང་བཅས་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་རྒྱས་ པར་འབྱུང་བ་ཡིན་ནོ། །འདིར་སྒྲུབ་པ་ནི་སེམས་འདོད་ཆགས་དང་བཅས་པའོ་ཞེས་བྱ་བ་སེམས་འདོད་ཆགས་དག་ཕན་ཚུན་དོན་གཞན་པ་ཉིད་ཡིན་ནོ། །ལྷན་ཅིག་ལྡན་པར་བསྟན་པས་བསྟན་པའི་ཕྱིར་ནག་པ་བུ་དང་བཅས་པ་ཞེས་བྱ་བ་བཞིན་ནོ། །གཟུགས་ཅན་བཅུ་ནི་ བསགས་པའོ། །ཞེས་བྱ་བ་ནི་བཅུ་ཁོ་ན་རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་བཟུང་བ་འདིས་ན་ཁམས་གཞན་དག་ནི་བསགས་པ་མ་ཡིན་ནོ་ཞེས་བྱ་བར་འགྲུབ་པོ། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །ཞེས་བྱ་བ་ནི་སྒྲ་མ་གཏོགས་པ་གཟུགས་ལ་སོགས་ པའོ། །དགྲ་སྟ་དང་ཤིང་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ནི་དགྲ་སྟ་ཞེས་བྱ་བ་ལ་སོགས་པ་ནི་གཅོད་པར་བྱེད་པ་ཡིན་ལ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གཅད་པར་བྱ་བ་ཡིན་ཏེ། སྲིད་པའི་ཕྱིར་དེ་སྐད་ཅེས་བཤད་ཀྱི་རེས་འགའ་ནི་དགྲ་སྟ་ཞེས་བྱ་བ་ལ་སོགས་པ་ཡང་གཅད་པར་བྱ་བ་ཡིན་ནོ། །འབྲེལ་ བ་འབྱུང་བ་ཅན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལ་འབྲེལ་པར་འབྱུང་བ་ནི་རྣམ་པར་མ་བྱེ་བར་འབྱུང་བའི་ངང་ཚུལ་ཡོད་པས་ན་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་ཡིན་ཏེ། གཟུགས་ལ་སོགས་པ་འདུས་པའི་རྒྱུན་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྣམ་པར་འབྱེད་པ་སྐྱེད་པ་གང་ཡིན་པ་ནི་རྣམ་པར་ འབྱེད་པ་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ནི་གཅོད་པ་ཡིན་ནོ། །དངོས་པོ་སྐད་ཅིག་མ་རྣམས་དགྲ་སྟ་ལ་སོགས་པ་མེད་ཀྱང་འཆད་པར་འགྱུར་བ་ཁོ་ན་ཡིན་མོད་ཀྱི་རྒྱུན་འགག་པ་ནི་དགྲ་སྟ་ལ་སོགས་པ་ཡིན་པས་དགྲ་སྟ་ལ་སོགས་པས་གཅོད་པར་བྱེད་པ་ཡིན་ནོ་ཞེས་བཤད་དེ། རྒྱུ་ཚོགས་པའི་ཁྱད་པར་གྱི་དབང་ གིས་འབྲས་བུའི་ཁྱད་པར་འབྱུང་བ་ཡིན་ནོ། །དེ་ལ་ཁམས་བཞི་པོ་ཁོ་ན་གཅོད་པར་བྱེད་པ་དང་གཅད་པར་བྱ་བ་ཡིན་ནོ་ཞེས་ངེས་པར་བཟུང་སྟེ། དེ་ལྟར་ངེས་པར་བཟུང་བས་ཁམས་གཞན་དག་ནི་གཉི་ག་མ་ཡིན་པའོ་ཞེས་བྱ་བ་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་ནི་གཅད་པར་བྱ་ བ་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདིར་ནི་མིག་གི་དབང་པོ་ལ་སོགས་པ་ལ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས། ཅིའི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་ཞེས་སྨོས་ཤེ་ན། འདི་ལྟར་གལ་ཏེ་འཆད་པར་འགྱུར་ན་ལུས་ཀྱི་དབང་པོ་ལ་བཅད་པ་ཡོངས་སུ་གསལ་བར་འགྱུར་བས། དེའི་ཕྱིར་ ལུས་ཀྱི་དབང་པོ་ལ་སོགས་པའི་དབང་པོ་དག་བརྗོད་དོ། །ཡན་ལག་མ་ལུས་པར་བཅད་ཅིང་ཡན་ལག་དང་ཉིང་ལག་བཅད་ན་དེ་དག་ལ་གཉིས་སུ་བྱར་མེད་པའི་ཕྱིར་ཏེ་ལུས་ཀྱི་དབང་པོ་ལ་སོགས་པ་དེ་དག་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་དག་ལ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ཇི་ལྟར་ ཤེས་ཤེ་ན། དེའི་ཕྱིར་ཡང་སྨྲས་པ། དབང་པོ་རྣམས་ལ་ནི་གཉིས་སུ་འགྱུར་བ་མེད་དེ་བཅད་པའི་ཡན་ལག་ལུས་དང་བྲལ་བ་ལ་དབང་པོ་མེད་པའི་ཕྱིར་རོ། །ཡན་ལག་བཅད་པ་ལུས་དང་བྲལ་བ་གང་ཡིན་པ་དེ་ལ་དབང་པོ་མེད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཤེས་ཤེ་ན། འདི་ལྟར་དེ་དག་དང་རེག་བྱ་ ལ་སོགས་པ་ལ་བརྟེན་ནས་ལུས་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེའོ། །འོ་ན་ཇི་ལྟར་སྣའི་རྩེ་མོ་བཅད་དེ་ཡང་སྦྱར་བས་ལུས་ཀྱི་རྣམ་པར་ཤེས་པ་བསྐྱེད་ཅེ་ན། སྣའི་དྲུང་བ་དང་འབྲེལ་བས་ཡང་ལུས་ཀྱི་དབང་པོ་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །གལ་ཏེ་དེ་ལ་ལུས་ཀྱི་དབང་པོ་མེད་ན་ཇི་ལྟར་འདི་ ན་རྨིགས་བུ་ལ་སོགས་པའི་མཇུག་མ་བཅད་པ་དག་འགུལ་ཞེ་ན། དེ་ནི་རླུང་གི་ཁམས་ཀྱི་འགྱུར་བ་ཡིན་གྱི་ལུས་ཀྱི་དབང་པོའི་ལས་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཅོད་པར་བྱེད་པ་ཡང་མ་ཡིན་ཏེ། ནོར་བུའི་འོད་བཞིན་དུ་དང་བའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་ནོར་བུའི་འོད་དང་ བའི་ཕྱིར་གཅོད་པར་བྱེད་པ་མ་ཡིན་པ་ལྟར་དབང་པོ་རྣམས་ཀྱང་དེ་དང་འདྲའོ། །དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །ཞེས་བྱ་བའི་དེ་བཞིན་ཞེས་བྱ་བའི་སྒྲས་ནི་ཕྱིའི་ཁམས་བཞི་པོ་དེ་དག་ཉིད་དེ་དང་འདྲ་བའི་དོན་དུ་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །ཤིང་ལ་སོགས་པ་མེས་བྱས་པའི་འགྱུར་བ་ནི་སྲེག་པ་ ཡིན་ལ་དེ་ཡང་དབང་པོ་དག་ལ་མེད་དེ། ནོར་བུའི་འོད་བཞིན་དུ་དང་བའི་ཕྱིར་རོ། །དེ་དག་ནི་ཤིང་ལ་སོགས་པ་ལྟ་བུའམ་པགས་པ་ལ་སོགས་པ་ལྟ་བུར་འགྱུར་བ་མེད་དོ། །འོ་ན་ཅི་ཞེ་ན། དེ་དང་འབྲེལ་བ་ལས་རྒྱུན་ཆད་པར་འགྱུར་རོ། །ཁམས་བཞི་པོ་དེ་དག་ཉིད་སྲང་ལ་སོགས་པར་གྱུར་པ་ནི་ འཇལ་བར་བྱེད་པ་ཡིན་གྱི་དབང་པོ་རྣམས་ནི་མ་ཡིན་ཏེ། དེ་བཞིན་དུ་གསལ་བའི་ཕྱིར་རོ། །ཁམས་ལུས་ཅན་མ་ཡིན་པ་རྣམས་ནི་ལུས་མེད་པ་ཉིད་ཀྱི་ཕྱིར་བཅད་པ་ལ་སོགས་པ་མི་སྲིད་པས་དེ་དག་གི་བཅད་པ་ལ་སོགས་པ་བསམ་པར་མི་བྱའོ། །སྒྲ་ཡང་མ་ཡིན་ཏེ་ཆད་པ་ཡིན་པའི་ཕྱིར་རོ་ཞེས་ བྱ་བ་ཅི་ཞེ་ན། གཅོད་པར་བྱེད་པ་དང་གཅོད་པར་བྱ་བའམ་བསྲེག་པར་བྱ་བ་འམ་འཇལ་བར་བྱེད་པ་སྟེ། རྒྱུན་ཆགས་པར་མི་འདུག་པའི་ཕྱིར་རོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་བྱ་བ་ནི་སྒྲ་ཡང་མ་ཡིན་ཏེ། ཆད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་འོག་ མ་ལ་ཡང་སྦྱར་བར་བྱའོ། །ཁ་ཅིག་ནི་བསམ་པ་ནི་ཁམས་བཞི་པོ་དེ་དག་ཉིད་སྲེག་པར་བྱེད་པ་ཡང་ཡིན་ལ་འཇལ་བར་བྱེད་པ་ཡང་ཡིན་ཏེ། སྲེག་པར་བྱེད་པ་ནི་མེ་དང་རྩི་དྲག་པོ་ལ་སོགས་པ་ཡིན་ལ་དེ་ལ་ཡང་ཁམས་བཞི་པོ་སྤྱིར་ཐལ་བ་ལ་སོགས་པ་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཞལ་ བར་བྱ་བ་ནི་ལན་ཚྭ་ལ་སོགས་པ་ཡིན་ལ། དེ་ལ་ཡང་སྤྱིར་སྲང་མདའི་མགོ་དམའ་བར་བྱེད་པའི་རྒྱུ་ཡིན་ནོ་སྙམ་པ་ཡིན་ནོ། །མེའི་ཁམས་ཁོ་ན་སྲེག་པར་བྱེད་པ་ཡིན་ལ་ལྕི་བ་ཉིད་ཁོ་ན་གཞལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་མེའི་ཁམས་མེ་འབར་བ་ལ་སོགས་པའི་རྣམ་པ་བྱ་བ་ལ་ཤས་ཆེ་བ་ཁོ་ན་སྲེག་ པར་བྱེད་པ་ཡིན་ཏེ། སའི་ཁམས་ལ་སོགས་པ་ནི་རང་གི་བྱ་བ་ལ་ཤས་ཆེ་བ་ཉིད་ཡིན་ཡང་སྲེག་པར་བྱེད་པ་ཉིད་མ་ཡིན་པ་མཐོང་བའི་ཕྱིར་རོ། །རྒྱུར་བྱས་པའི་གཟུགས་ལྕི་བ་ཉིད་བྱ་བ་ལ་ཤས་ཆེ་བ་ཁོ་ན་གཞལ་བར་བྱ་བ་ཡིན་ཏེ། སྣང་བ་ལ་སོགས་པ་རྫས་ཡང་བ་ལ་གཟུགས་ལ་སོགས་པ་བྱ་བ་ ལ་ཤས་ཆེ་བ་ཉིད་ཡིན་ཡང་གཞལ་བར་བྱ་བ་ཉིད་མ་ཡིན་པར་མཐོང་བའི་ཕྱིར་རོ། །ནང་གི་ལྔ་ཞེས་བྱ་བ་ལ་ནང་གི་ཞེས་བྱ་བ་སྨོས་པ་ནི་གཟུགས་ལ་སོགས་པ་བཟློག་པའི་ཕྱིར་རོ། །ལྔ་སྨོས་པ་ནི་ཡིད་ཀྱི་བཟློག་པའི་ཕྱིར་རོ། །ནང་གི་ལྔ་