Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 134

Văn bản gốc(Tây Tạng)

Trang 17 / 24 (50.000 ký tự/trang)
ྱིན་པས་སེམས་ཅན་ལ་གནོད་པ་མི་བྱེད་པ་ནི་སྡུག་བསྔལ་མི་སྐྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་ལ་ཇི་མི་སྙམ་པ་ནི་མི་མཇེད་པ་སྟེ། མི་མཇེད་ན་གནོད་
པ་མི་བྱེད་པའི་ཕྱིར་གཞན་ལ་ཕན་འདོགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱ་བ་བྱེད་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་དེ་དག་ལ་ཕན་འདོགས་པའི་ཕྱིར་དང་། གནོད་པ་མི་བྱེད་པའི་ཕྱིར་རོ། །སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་པའི་ཕྱིར་ཞེས་བྱ་བ་ནི་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སོ། །སེམས་མཉམ་པར་བཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །གདམས་པར་བྱ་བ་རྣམས་ཞེས་བྱ་བ་ནི་གདམས་ངག་གི་ཡུལ་དུ་གྱུར་པ་རྣམས་སོ། །ཡོངས་སུ་སྨིན་པར་འགྱུར་ཞེས་བྱ་བ་ནི་ཡོངས་སུ་སྨིན་པར་
བྱ་བའི་ཡུལ་དུ་འགྱུར་བའོ། །མཚན་ཉིད་ཀྱི་སྐབས་ཀྱིས། དམ་པ་དྲུག་གིས་བལྟ་བར་བྱ་སྟེ། གནས་དམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་རེ་ལ་ཡང་དམ་པ་དྲུག་སྟེ། ཕལ་ཆེར་ནི་བཤད་པ་ཉིད་ཀྱིས་རྣམ་པར་བཀྲོལ་བས་གོ་བར་བླའོ། །དེས་ན་ཆུང་ཟད་ཙམ་ཞིག་རྣམ་པར་
དགྲོལ་ལོ། །མཐའ་དག་ཀུན་དུ་སྤྱོད་པའི་ཕྱིར། །ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམ་པ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་དང་། སྦྱིན་པར་བྱེད་པ་དང་། ལེན་པ་ལ་རྣམ་པར་རྟོག་
པར་མི་བྱེད་པས་འཁོར་གསུམ་ཡོངས་སུ་དག་པའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའང་ཡོད་ཅེས་བྱ་བ་ནི་དམ་པ་དྲུག་དང་བྲལ་བའོ། །ཕ་རོལ་ཏུ་ཕྱིན་པ་ཡིན་ལ་སྦྱིན་པ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དམ་པ་དྲུག་དང་ལྡན་པའི་

ཚུལ་ཁྲིམས་ལ་སོགས་པའོ། །སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའང་ཡོད་ཅེས་བྱ་བ་ནི་དམ་པ་དྲུག་དང་ལྡན་པའི་སྦྱིན་པ་ལ་སོགས་པའོ། །སྦྱིན་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དམ་པ་དྲུག་དང་བྲལ་བའི་ཚུལ་
ཁྲིམས་ལ་སོགས་པའོ། །ཇི་ལྟར་སྦྱིན་པ་ལ་མུ་བཞི་ཡོད་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་དག་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་
ལགས། །ཞེས་གསུངས་སོ། །དེའི་ཕྱི་མ་འབྱུང་བ་དང་མཐུན་པའི་ཕྱིར་རོ། །ཞེས་བྱ་བ་ནི་ལོངས་སྤྱོད་རྣམས་ལ་མ་ཆགས་ན་ཚུལ་ཁྲིམས་སྲུང་ནུས་སོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་དོ། །བཟོད་ན་མི་མཐུན་པ་ལ་མི་མཇེད་པས་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་སེམས་མཉམ་
པར་འཇོག་གོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གོ་རིམས་ཀྱི་དགོས་པའོ། །འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་ནི་འདི་དག་གི་སྤྱིའི་
ངེས་པའི་ཚིག་སྟེ། འདིར་ཕུལ་གྱི་ཚིག་གི་དོན་ནི་ཕ་རོལ་ལ་བྱའོ། །སེར་སྣ་དང་དབུལ་བ་འཇོམས་པ་ཞེས་བྱ་བ་ལ་སོགས་པ་ནི་སོ་སོའི་བྱེ་བྲག་གི་ངེས་པའི་ཚིག་གོ། །དེ་ལ་སེར་སྣ་དང་དབུལ་བ་འཇོམས་ཞེས་བྱ་བ་ནི་རྒྱུའི་དུས་ནའོ། །ལོངས་སྤྱོད་ཆེན་པོ་དང་བསོད་ནམས་ཀྱི་ཚོགས་ཐོབ་པར་
བྱེད་པ་ཞེས་བྱ་བ་ནི་འབྲས་བུའི་དུས་ནའོ། །འཆལ་བའི་ཚུལ་ཁྲིམས་དང་། ངན་འགྲོ་ཞི་བར་བྱེད་པ་ཞེས་བྱ་བ་ནི་རྒྱུའི་དུས་ནའོ། །བདེ་འགྲོ་དང་ཏིང་ངེ་འཛིན་འཐོབ་པར་བྱེད་པ་ཞེས་བྱ་བ་ནི་འབྲས་བུའི་དུས་ནའོ། །ཁྲོ་བ་ནི་ཞེ་སྡང་མངོན་དུ་གྱུར་པ་སྟེ། འཕྲལ་དུ་གནོད་པ་བྱེད་པའི་གཞིའོ། །འཁོན་
པ་ནི་མདུད་པར་འཛིན་པ་སྟེ། ཞེ་སྡང་མི་འདོར་བའོ། །དེ་གཉི་ག་ཟད་པར་བྱེད་པ་ནི་རྒྱུའི་དུས་ནའོ། །བདག་དང་གཞན་ལ་བདེ་བར་བྱེད་པ་ནི་འབྲས་བུའི་དུས་ནའོ། །ངེས་པའི་ཚིག་འོག་མ་རྣམས་ལ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། བཤད་པ་ཉིད་ཀྱིས་ལེགས་པར་རྣམ་པར་ཕྱེ་ཟིན་ཏོ། །

བསྒོམ་པ་ནི་གོམས་པར་བྱ་བ་སྟེ་ལྷུར་ལེན་པའོ། །ཀུན་དུ་སྤྱོད་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་ལྔར་དབྱེའོ། །ཀུན་དུ་སྤྱོད་པ་ལ་སྦྱོར་བ་བསྒོམ་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་ལེགས་པར་འཇུག་པ་སྟེ། དད་སོགས་སྦྱིན་ཕོད་ཁྱད་པར་འཕགས། །ཞེས་བྱ་བ་དང་། བསྟི་སྟང་
བྱས་ནས་དུས་སུ་ལག་དར་ཏེ། །སྦྱིན་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཡང་ཇི་སྐད་དུ། ནུས་པ་ཆུང་ཡང་གཞན་ཕན་སྦྱོར། །རྣམ་པ་ཀུན་དུ་གཏང་མི་བྱ། །གནས་སྐབས་ཀུན་དུ་ནུས་མཐུན་པར། །སེམས་ཅན་རྣམས་ལ་ཕན་གདགས་སོ། །ཞེས་བཤད་པ་ལྟ་བུའོ། །མོས་པ་བསྒོམ་པ་ནི་དད་
པ་དང་འདོད་པ་གཉིས་ཀྱིས་སྦྱིན་པ་ལ་སོགས་པ་ལ་མངོན་པར་ཡིད་ཆེས་པ་དང་། སྦྱིན་པ་འདོད་པ་ལ་སོགས་པ་སྐྱེད་པའི་ཕྱིར་ཏེ། ཇི་སྐད་དུ། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་བཤད་པ་ལྟ་བུའོ། །
ཡིད་ལ་བྱེད་པ་བསྒོམ་པ་ནི་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པས་བསྡུས་པ་སྟེ་སྔ་མ་བཞིན་ནོ། །ཐབས་ལ་མཁས་པ་བསྒོམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་ཏེ་སྔ་མ་བཞིན་ནོ། །བྱ་བ་སྒྲུབ་པ་བསྒོམ་པ་ནི་དེ་བཞིན་
གཤེགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཆོས་དང་ལྡན་པ་རྣམས་སྔོན་གྱི་འཕེན་པས་བསྒྲིམ་མི་དགོས་པར་སྐལ་བ་ཇི་ལྟ་བ་བཞིན་དུ་སྦྱིན་པ་ལ་སོགས་པས་གཞན་གྱི་དོན་ནན་ཏན་དུ་མཛད་པའོ། །བསྒོམ་པ་ནི་དེ་ཉིད་བསྒོམ་པའམ། དེའི་ཕྱིར་བསྒོམ་པའོ། །ནི་ཞེས་
བྱ་བའི་སྒྲ་ནི་ཡིད་ལ་བྱེད་པ་བསྒོམ་པ་ལས་ཁྱད་པར་དུ་བསྟན་ཏོ། །བསམ་པ་དྲུག་གིས་ཡོངས་སུ་ཟིན་པས་བསྒོམ་པ་ཞེས་བྱ་བ་ནི་མི་ངོམས་པའི་བསམ་པ་ལ་སོགས་པ་སྟེ། བཤད་པ་ཉིད་ཀྱིས་ཤིན་ཏུ་ལེགས་པར་རྣམ་པར་ཕྱེ་ཟིན་མོད་ཀྱི། འགའ་ཞིག་ཅུང་ཟད་བཤད་པར་བྱའོ། །
མི་ངོམས་པ་ནི་ཆོག་པར་མི་འཛིན་པའོ། །དེ་རྙེད་ཀྱི་དུས་སྐད་ཅིག་མ་གཅིག་ཏུ་བྱས་པའི་སྐད་ཅིག་རེ་རེ་ལ་ཞེས་བྱ་བ་ནི་གལ་ཏེ་དེ་གྲངས་མེད་པ་གསུམ་གྱི་ཚད་ཀྱི་དུས་སྐད་ཅིག་གཅིག་ཏུ་གྱུར་ལ། དེ་འདྲ་བའི་སྐད་ཅིག་གི་དུས་ཇི་སྲིད་ཀྱིས་བྱང་ཆུབ་པ་དེ་སྙེད་ཀྱི་དུས་སུ་སྐད་ཅིག་རེ་རེ་ལ་ཞེས་

བྱ་བ་ལ་སོགས་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །མེས་ཡོངས་སུ་གང་བ་ཞེས་བྱ་བ་ནི་གནས་དང་མི་ལྡན་པའོ། །ཡོ་བྱད་ཐམས་ཅད་དང་མི་ལྡན་ཡང་ཞེས་བྱ་བ་ནི་ཕྱིར་བཅོས་སུ་མེད་པ་སྟེ། ཡོ་བྱད་དང་བཅས་པ་ནི་སྡུག་བསྔལ་ལ་ཕྱིར་བཅོས་པར་རྩོམ་པའོ། །སྤྱོད་ལམ་
བཞི་སྨོས་པས་ནི་ཤིན་ཏུ་རྒྱ་ཆེ་བ་ཉིད་དུ་སྟོན་ཏེ། གནས་དང་ཡོ་བྱད་དང་མི་ལྡན་པ་ཡང་སྤྱོད་ལམ་བཞི་པོ་དག་གིས་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་དུ་བྱེད་པའི་ཕྱིར་རོ། །རྒྱུན་རིང་པོ་ཉིད་ནི་དུས་རིང་པོར་རྒྱུན་མི་གཅོད་པའི་ཕྱིར་རོ། །ཕན་འདོགས་པའི་བསམ་པས་
སློང་བ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནོ་ཞེས་བྱ་བ་ལ་སོགས་པའོ། །འདོད་པའི་འབྲས་བུ་རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདོད་པའི་འབྲས་བུ་རྣམ་པར་སྨིན་པར་བྱ་བའི་ཕྱིར་རོ། །ཆེ་བའི་བདག་ཉིད་ཀྱི་བསམ་པ་ནི་ཆེ་བའི་བདག་ཉིད་དང་ལྡན་པའི་བསམ་པའོ། །སུ་ཞིག་
བདག་འབྱོར་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་དེའི་བསམ་པ་ནི་བདག་འཚོ་བའི་ཕྱིར་ཆུང་བའོ། །སུ་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོ་བའི་བསམ་པ་དེའི་ཆེ་བ་ཉིད་ནི་གཞན་ལ་ཕན་འདོགས་པའི་སྐབས་ཡིན་པའི་ཕྱིར་རོ། །དགེ་བ་ནི་ཁ་ན་མ་ཐོ་བ་མེད་པ་དང་། དག་པ་དང་།
བཀྲ་ཤིས་པ་དང་དོན་གཅིག་གོ། །སུ་ཞིག་སྲིད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་སྦྱིན་པ་ལ་སོགས་པ་ཡོངས་སུ་བསྔོ་བ་དེའི་བསམ་པ་ནི་སྡུག་བསྔལ་དོན་དུ་གཉེར་བའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པའོ། །སུ་ཞིག་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་བྱ་
བའི་ཕྱིར་ཡོངས་སུ་བསྔོ་བ་དེའི་བསམ་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཕྱིར་དགེ་བའོ། །བསམ་པ་དྲུག་པོ་འདི་དག་གིས་ཡོངས་སུ་ཟིན་པའི་རོ་མྱང་བ་ཡིད་ལ་བྱེད་པ་སྒོམ་མོ་ཞེས་བྱ་བའི་དོན་ནི་བརྡ་ཕྲད་པར་ཟད་དོ། །རྗེས་སུ་ཡི་རང་བ་དང་མངོན་པར་དགའ་བ་ཡིད་ལ་བྱེད་པའི་རྣམ་པར་འགྲེལ་པ་ནི་
བཤད་པ་ཉིད་ཀྱིས་ལེགས་པར་རྣམ་པར་ཕྱེ་ཟིན་ཏོ། །བཤིག་པར་འགྱུར་ཞེས་བྱ་བ་ནི་འབྲས་བུ་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། ངན་འགྲོའི་གཉེན་པོ་ཡིན་པའི་ཕྱིར་རོ། །རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བས་རབ་ཏུ་དབྱེ་བ་སྟོན་ཏོ། །ཆོས་སྦྱིན་ཡང་དག་ཇི་བཞིན་དུ། །མདོ་

སོགས་ཉོན་མོངས་ཅན་མིན་སྟོན། །ཟང་ཟིང་གི་སྦྱིན་པ་ནི་འཚོ་བའི་ཡོ་བྱད་ཡོངས་སུ་གཏོང་བའོ། །མི་འཇིགས་པའི་སྦྱིན་པ་ནི་གསོད་པ་ལ་སོགས་པ་བཟློག་པའི་ཕྱིར་ཏེ། མི་འཇིགས་པའི་སྦྱིན་པས་མགྲོན་དུ་གཉེར་བའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་དགེ་བའི་རྩ་བ་རྟོན་པའི་ཕྱིར་རོ། །ཟང་ཟིང་
གི་སྦྱིན་པ་ནི་ལུས་རྟོན་པའི་ཕྱིར་རོ། །མི་འཇིགས་པའི་སྦྱིན་པ་ནི་སེམས་རྟོན་པའི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ནི་མི་དགེ་བ་རྣམས་ལས་སྡོམ་པ་ཡང་དག་པར་བླངས་པ་སྟེ། འདིས་ལུས་དང་། ངག་སྡིག་པའི་ལས་རྣམས་ལས་སྡོམ་པས་ན་སྡོམ་པའོ། །དེ་ཉིད་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་
འོག་མ་གཉིས་ཀྱི་རྟེན་ཏོ། །སྡོམ་པའི་བདག་ཉིད་ཅན་གྱིས་སངས་རྒྱས་ལ་མཆོད་པ་ལ་སོགས་པ། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བའོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་
པར་བྱ་བའི་ཕྱིར་ཆོས་དང་མཐུན་པའི་གྲོགས་བྱེད་པ་དང་། ཁ་ན་མ་ཐོ་བ་མེད་པ་ཡང་དག་པར་འགེད་པ་ལ་སོགས་པའོ། །དེ་ལ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་མི་ལྡོག་པའི་རྒྱུའོ། །གཉིས་པ་ནི་སངས་རྒྱས་ཉིད་ལས་མི་ལྡོག་པའི་
རྒྱུ་སྟེ། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱིས་མི་ཟློགས་པའི་ཕྱིར་རོ། །གསུམ་པ་ནི་བཟོད་པ་སྔ་མ་གཉིས་ཀྱི་རྟེན་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་བཟོད་པའི་ཕྱིར་རོ། །གོ་ཆའི་བརྩོན་འགྲུས་ནི་འདི་ལྟ་བུ་དང་འདི་ལྟ་བུ་བྱའོ་ཞེས་ཐོག་
མར་བརྩོན་པ་སྟེ། མཐུ་དང་ལྡན་བར་གནས་ཞེས་བྱ་བའི་མདོའི་ཚིག་འདིས་བསྟན་ཏོ། །སྦྱོར་བའི་བརྩོན་འགྲུས་ནི་བསམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་དུས་ན་བརྩོན་པ་སྟེ། བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་མདོའི་ཚིག་འདིས་བསྟན་ཏོ། །མི་ཞུམ་ཞིང་མི་འཁྲུགས་ལ་ཆོག་པར་མི་འཛིན་
པའི་བརྩོན་འགྲུས་ནི་བསམ་པ་དང་མཐུན་པའི་སྤྱོད་པ་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཡོངས་སུ་མི་གཏོང་བའོ། །བདག་ཉིད་སྐྱོ་བས་སྤྲོ་བ་ཉམས་པར་མི་བྱེད་པ་ནི་མི་ཞུམ་པའོ། །གཞན་གྱི་གནོད་པ་རྣམས་ཀྱིས་མི་ཟློགས་པ་ནི་མི་འཁྲུགས་པའོ། །བྱང་ཆུབ་ལ་ཐུག་གི་བར་དུ་

བར་མ་དོར་ཡོངས་སུ་མི་གཏོང་བ་ནི་ཆོག་པར་མི་འཛིན་པ་སྟེ། དགེ་བའི་ཆོས་རྣམས་ལ་སྤྲོ་བ་དང་། རྟུལ་བ་དང་བརྩོན་པ་མི་འདོར་བ་ཞེས་བྱ་བའི་ལུང་གིས་ནི་གོ་རིམས་བཞིན་དུ་མི་ཞུམ་པ་ལ་སོགས་པའི་འགྲེལ་བའོ། །གནས་པའི་བསམ་གཏན་ནི་མཐོང་བའི་ཆོས་ལ་བདེ་
བར་གནས་པར་བྱ་བའི་ཕྱིར་ཏེ། ང་རྒྱལ་དང་། ལྟ་བ་དང་སྲེད་པ་ལ་སོགས་པ་སྤངས་པས་དག་པ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་རོ། །གསུམ་པ་ནི་སེམས་ཅན་གྱི་དོན་བྱ་བ་བསྒྲུབ་པའི་ཕྱིར་ཏེ། བསམ་གཏན་བྱས་
ན་མུ་གེ་དང་ནད་ཀྱི་འཇིགས་པ་ལ་སོགས་པ་ཞི་བར་འགྱུར་བའི་ཕྱིར་རོ། །རྣམ་པར་མི་རྟོག་པར་བྱ་བའི་ཕྱིར་སྦྱོར་བ་ནི་རྣམ་པར་མི་རྟོག་པར་སྦྱོར་བ་སྟེ། དེའི་ཚོགས་ཡིན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ནི་དངོས་གཞིའོ། །དེའི་རྗེས་ལ་ཐོབ་པ་ནི་མངོན་པར་རྟོགས་པའི་མཐུ་ལས་བྱུང་བ་སྟེ།
ཀུན་རྫོབ་ཤེས་པའི་བདག་ཉིད་ཅན་ཆོས་སྟོན་པ་ཀུན་ནས་སློང་བའོ། །འདི་དག་བསྡུས་པར་ཇི་ལྟར་བལྟ་ཞེ་ན་ཞེས་བརྗོད་པ། འདི་དག་གིས་དགེ་བའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་བསྟན་པ་ནི་མི་རིགས་ཏེ། བསྟན་པ་བཞིན་མ་བྱས་པའི་ཕྱིར་རོ། །འདི་ནི་ཉེས་པ་མ་ཡིན་
ཏེ། གལ་ཏེ་འདི་དག་གིས་དགེ་བའི་ཆོས་ཐམས་ཅད་བསྡུས་ན་དོན་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་ཀྱང་འདི་དག་བསྡུས་པར་བསྟན་པ་ཡིན་ནོ། །དགེ་བའི་ཆོས་ཐམས་ཅད་ནི་གསུམ་སྟེ། སྦྱིན་པ་ལ་སོགས་པ་དང་། དད་པ་ལ་སོགས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་
སྟོབས་ལ་ཐུག་པ་རྣམས་སོ། །དེ་ལ་དེའི་མཚན་ཉིད་ཀྱིས་བསྡུས་པ་ནི་སྦྱིན་པ་ལ་སོགས་པ་ཉིད་དོ། །སྦྱིན་པ་ལ་སོགས་པས་དད་པ་ལ་སོགས་པ་དགེ་བའི་ས་མང་པོ་པ་སྦྱིན་པ་ལ་སོགས་པ་དགེ་བའི་སེམས་འབྱུང་བ་རྣམས་ནི་དེ་དང་མཐུན་པས་བསྡུས་ཏེ། དད་པ་ལ་སོགས་པ་དང་ལྡན་ན་
སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཉོན་མོངས་པ་མེད་པ་ལ་སོགས་པ་དང་། སྟོབས་ལ་སོགས་པ་ནི་དེའི་འབྲས་བུར་བསྡུས་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ས་དང་ཕ་རོལ་ཕྱིན་པ་ནི། །སངས་རྒྱས་ཆོས་ཀྱི་

གནས་ཡིན་ནོ། །གནས་གྱུར་པ་ནི་འབྲས་བུ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །འདི་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་རྣམས་ཀྱིས། ཀུན་ནས་
ཉོན་མོངས་པ་ཐམས་ཅད་ཇི་ལྟར་བསྡུས་པར་བལྟ་ཞེ་ན། དེའི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་སེར་སྣ་ལ་སོགས་པ་ཉིད་དེ། གཞན་གྱི་དངོས་པོ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་ཀྱིས་བསྡུས་པའོ། །དེའི་གཞི་ཞེས་བྱ་བ་ནི་མ་དད་པ་ལ་སོགས་པ་ནས་ལོག་པར་ལྟ་བ་ལ་ཐུག་པ་རྣམས་ཏེ། སེར་
སྣ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་འབྲས་བུས་ཞེས་བྱ་བ་ནི་གཡོ་ལ་སོགས་པ་སྟེ། སེར་སྣ་ལ་སོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕན་ཡོན་གྱི་དབང་དུ་བྱས་ནས། དབང་ཕྱུག་བསྡུས་པ་ཞེས་བྱ་བ་སྨོས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕན་ཡོན་ཉོན་མོངས་
པ་ཅན་མ་ཡིན་ཞིང་། ཁ་ན་མ་ཐོ་བ་མེད་པ་སྟེ། ཕན་ཡོན་མངོན་པར་མཐོ་བ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་དང་སྦྱར་བར་བྱའོ། །ཆེན་པོར་སྐྱེ་བ་བསྡུས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བདེ་འགྲོ་ཡིན་པའི་ཕྱིར་རོ། །ཕྱོགས་དང་གཡོག་འཁོར་ཆེན་པོ་བསྡུས་པ་ནི་བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕྱོགས་ནི་ཉེ་དུའི་ཚོགས་སོ། །གཡོག་འཁོར་ནི་བྲན་ཕོ་དང་བྲན་མོ་ལ་སོགས་པའི་ཚོགས་སོ། །ལས་ཀྱི་མཐའ་ཆེན་པོ་ལ་སྦྱོར་བ་འགྲུབ་པས་ཡོངས་སུ་བཟུང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལས་ཀྱི་མཐའ་ཆེན་པོའི་མཐའ་ནི་འཁོར་ལོས་སྒྱུར་བའི་
རྒྱལ་སྲིད་ལ་སོགས་པའོ། །དེ་དག་ལ་སྦྱོར་བ་ནི་རབ་ཏུ་འབད་པའོ། །དེ་འགྲུབ་པ་ནི་མངོན་པར་འགྲུབ་པའོ། །དེས་ཡོངས་སུ་བཟུང་བ་ནི་ཐོགས་པ་མེད་པའི་ཕྱིར་རོ། །གནོད་པ་མེད་པ་དང་ཉོན་མོངས་པ་ཆུང་བའི་ས་བོན་ཡོངས་སུ་བཟུང་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བསམ་
གཏན་གྱིས་དེའི་མཐུ་འཇོམས་པའི་ཕྱིར་རོ། །བཟོ་དང་བསྟན་བཅོས་དང་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཡོངས་སུ་བཟུང་བ་མངོན་པར་མཐོ་བ་ཁ་ན་མ་ཐོ་བ་མེད་པ་ནི་འཇིག་རྟེན་པའི་མངོན་པར་མཐོ་བ་ལྟར་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་པའོ། །ཁ་ན་མ་ཐོ་བ་མེད་པ་ཡིན་ཡང་དུས་ཡོངས་

སུ་ཆད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུའོ། །འཇིག་རྟེན་པ་རྣམས་ཀྱི་བདག་གི་དོན་བྱེད་པ་ལྟ་བུ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཉེ་བར་གནས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རེ་རེ་ལ་ཡང་མངོན་
པར་མཐོ་བའི་ཁྱད་པར་འདི་བཞིན་དུ་བརྗོད་པར་བྱ་བའོ། །ལ་ལར་ནི་སྦྱིན་པའི་སྒྲར་བསྟན་ཅེས་བྱ་བ་ནི་རྡོ་རྗེ་གཅོད་པ་ལ་སོགས་པའི་མདོ་དག་ལས་གཅིག་བསྟན་གྱི། ཐམས་ཅད་མ་བསྟན་པ་དེ་ཅི་ལས་དགོངས་ཞེས་ལྡེམ་པོར་དགོངས་པ་འདྲི་བའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་
སྦྱོར་བ་ནི་འདི་དག་ཐམས་ཅད་ཀྱི་སྤྱོད་པ་འགྲོ་བ་ལས་ལྡེམ་པོར་དགོངས་པ་སྟེ། འདི་ལྟར་སྡོམ་པ་དང་། བཟོད་པ་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། སེམས་རྩེ་གཅིག་པ་དང་། ལས་དང་འབྲས་བུར་འབྲེལ་པ་རིག་པ་དང་ལྡན་པ་སྦྱིན་པ་ལ་འཇུག་གི །གཞན་དུ་ནི་མ་ཡིན་ནོ། །དེ་
བཞིན་དུ་སེར་སྣ་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། ལོག་པར་ལྟ་བ་སྤངས་པ་ཚུལ་ཁྲིམས་ལ་འཇུག་གི །གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་ཡང་བརྗོད་པར་བྱའོ། །ཡང་སྨྲས་པ། སྦྱིན་འདོད་ཉིད་ཀྱིས་ཆགས་པ་སེལ་བར་བྱེད།
བྱམས་པས་ཞེ་སྡང་གུས་བྱིན་ང་རྒྱལ་ཏེ། །ཕྲག་དོག་ལྡན་པ་སློང་ལ་བདེ་འདོད་པས། །མེད་ཅན་བྱིན་པ་ཡོད་པར་ལྟ་བས་སེལ། །ཞེའོ། །ཡང་ཇི་སྐད་དུ། ཆོས་དང་ཟང་ཟིང་མི་འཇིགས་ཚུལ་དུ་རྣམ་པར་འབྱེད་པ་ན། །ཕ་རོལ་ཕྱིན་པ་དྲུག་པོ་དག་ནི་སྦྱིན་པའི་བདག་ཉིད་ཡིན། །ཞེས་བཤད་དོ། །
ཤེས་བྱའི་མཚན་ཉིད་ལ་འཇུག་པའི་རྒྱུ་དང་། འབྲས་བུ་བསྟན་པ་བཤད་ཟིན་ཏོ། །ཤེས་བྱའི་མཚན་ཉིད་ལ་འཇུག་པའི་རྒྱུ་དང་འབྲས་བུར་གྱུར་པ་ཕ་རོལ་ཏུ་ཕྱིན་པ་འདི་དག་ཅི་རིགས་སུ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་གཏི་མུག་སྤང་བའི་ཕྱིར་བསྒོམ་པར་བྱ་བས་ན་དེ་བསྒོམ་པ་
རབ་ཏུ་དབྱེ་བའི་དབང་དུ་བྱེད་དོ། །ས་བཅུ་རྣམས་སུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྟོགས་པ་དང་། སྡོམ་པ་དང་། འདོད་ཆགས་དང་བྲལ་བ་དང་། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་། བདེན་པ་ལ་ལྟ་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོ་རྟོག་པ་

དང་། རྩོལ་བ་དང་བཅས་པ་དང་། ལྷུན་གྱིས་གྲུབ་པར་མཚན་མ་མེད་པར་གནས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། དབང་བསྐུར་བའི་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པ་འདི་དག་ཏུ་སེལ་བས་ན་ས་རྣམས་སོ། །ཆོས་ཀྱི་དབྱིངས་ནི་ཀུན་དུ་འགྲོ་བ་ལ་སོགས་པ་རྣམ་པ་བཅུར་ཡོངས་སུ་ཤེས་པར་
བྱའོ། །རྣམ་པ་བཅུ་པོ་དེ་དག་གི་མི་མཐུན་པའི་ཕྱོགས་མ་རིག་པ་རྣམ་པ་བཅུ་ཉིད་དེ། དེ་སྤང་བར་བྱ་བའི་ཕྱིར་ཡོངས་སུ་ཤེས་པ་རྣམ་པ་བཅུའོ། །དེ་ཡོངས་སུ་ཤེས་པས་ས་བཅུ་དག་ལ་འཇུག་སྟེ། ཆོས་བདག་མེད་པ་ཤེས་པའི་གནས་སྐབས་ནི་ས་རྣམས་སོ། །ས་དང་པོ་ལ་ནི་ཀུན་དུ་འགྲོ་
བའི་དོན་དུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་སྟོང་པའི་ཕྱིར་གང་མི་སྟོང་པའི་ཆོས་དེ་མེད་དོ་ཞེས་དེ་ལྟར་ས་དང་པོ་ལ་ཞུགས་པ་ཡིན་ནོ། །གཉིས་པ་ལ་ནི་མཆོག་གི་དོན་དུ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པས་དཔེར་ན་འདོད་ཆགས་དང་བྲལ་བའི་
མཆོག་ཅེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ས་གཉིས་པ་ལ་ཞུགས་པ་ཡིན་ནོ། །གསུམ་པ་ལ་ནི་རྒྱུ་མཐུན་པ་དོན་གྱི་མཆོག་ཏུ་སྟེ། བསྟན་པའི་ཆོས་ནི་འདིའི་རྒྱུ་མཐུན་པའི་མཆོག་གོ་ཞེས་གསུམ་པ་ལ་ཞུགས་པ་སྟེ། འདི་ལྟར་ལེགས་པར་གསུངས་པ་གཅིག་གི་དོན་དུ་ཡང་བདག་
ཉིད་ཡོངས་སུ་འདོར་རོ། །བཞི་པ་ལ་ནི་ཡོངས་བཟུང་བ་མ་ཡིན་པའི་དོན་དུ་སྟེ། འདི་ནི་བདག་གམ་གཞན་གང་གི་ཡོངས་སུ་བཟུང་བ་ཡང་མ་ཡིན་ནོ་ཞེས་བདག་གི་མེད་པས་བཞི་པ་ལ་ཞུགས་པ་ཡིན་ཏེ། མདོའི་སྡེ་ལ་སོགས་པའི་ཆོས་ལ་སྲེད་པ་རྣམ་པར་བཟློག་པའི་ཕྱིར་རོ། །ལྔ་པ་ལ་ནི་
རྒྱུད་ཐ་དད་པ་མེད་པའི་དོན་དུ་སྟེ། ཇི་ལྟར་གཟུགས་ལ་སོགས་པ་རྒྱུད་ཐ་དད་པ་ལྟར་འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་ལྔ་པ་ལ་ཞུགས་པ་ཡིན་ནོ། །དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་ཡིན་པའི་དོན་དུ་སྟེ། འདི་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ན་
རྣམ་པར་དག་པར་ཡང་ལྟ་ག་ལ་འགྱུར། རྣམ་པར་བྱང་བ་ནི་ཀུན་ནས་ཉོན་མོངས་པ་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་དྲུག་པ་ལ་ཞུགས་པ་ཡིན་ནོ། །བདུན་པ་ལ་ནི་ཆོས་སྣ་ཚོགས་ཐ་དད་པ་མེད་པའི་དོན་དུ་སྟེ། ཇི་ལྟར་མདོའི་སྡེ་ལ་སོགས་པ་ཆོས་འདི་དག་སྣ་ཚོགས་པ་ལྟར་འདི་ནི་དེ་ལྟ་མ་

ཡིན་ནོ་ཞེས་བདུན་པ་ལ་ཞུགས་པ་ཡིན་ནོ། །བརྒྱད་པ་ལ་ནི་བྲི་བ་མེད་ཅིང་ལྷག་པ་མེད་པའི་དོན་ཞེས་བྱ་བ་ལ། བྲི་བ་མེད་པ་ནི་ཆོས་ཐམས་ཅད་དུ་ཆུད་པའི་ཕྱིར་རོ། །ལྷག་པ་མེད་པ་ནི་ཆོས་ལ་ལྷག་པར་གནས་པ་མེད་པའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པ་འབྲི་བ་ན་འབྲི་
བར་མི་འགྱུར་བ་དང་། རྣམ་པར་བྱང་བ་འཕེལ་བ་ན་འཕེལ་བར་མི་འགྱུར་བའོ། །མཚན་མ་ལ་དབང་བའི་གནས་ཀྱི་དོན་དང་། ཞིང་ལ་དབང་བའི་གནས་ཀྱི་དོན་དུ་ཆོས་ཀྱི་དབྱིངས་ས་བརྒྱད་པ་ཉིད་ལ་རྟོགས་ཏེ། དེ་ཐོབ་པ་ནི་ཇི་ལྟ་བུ་འདོད་པ་དེ་ལྟ་བུར་གང་འདོད་པ་འཐོབ་བོ། །དེ་ཐོབ་པ་ནི་ཞིང་
གསེར་ལས་གྲུབ་པའམ་གཞན་ཇི་ལྟ་བུར་མོས་པ་དེ་བཞིན་དུ་སྣང་ངོ་། །ས་གོང་མ་རྣམས་ལ་ནི་མཚན་མ་མེད་པར་གནས་པ་བསྒྲིམས་ཏེ་བསྒྲུབས་པ་ཡོད་དོ། །ས་བརྒྱད་པ་ལ་ནི་ལྷུན་གྱིས་གྲུབ་པས་འདོད་པ་ཙམ་ལ་རག་ལས་པའི་ཕྱིར་ཏེ། དེ་ལྟར་ས་བརྒྱད་པ་ལ་ཞུགས་པ་ཡིན་ནོ། །དགུ་པ་ལ་ནི་ཡེ་
ཤེས་ལ་དབང་བའི་གནས་ཀྱི་དོན་དུ་སྟེ། དེ་ལ་བརྟེན་ནས་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཐོབ་པས་ཆོས་ཐམས་ཅད་ལ་སྒྲ་ཇི་བཞིན་མ་ཡིན་པར་དགོངས་པའི་དོན་ཤེས་ཏེ། ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་
བ་དང་། ཆོས་ལ་རྫོགས་པར་ལོངས་སྤྱོད་པ་སོ་སོར་མྱོང་བའི་ཕྱིར་དེ་ལྟར་དགུ་པ་ལ་ཞུགས་པ་ཡིན་ནོ། །བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཀྱི་དོན་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བའི་གནས་ཀྱི་དོན་དུ་སྟེ། ཇི་ལྟར་འདོད་པ་བཞིན་དུ་ལུས་དང་། ངག་དང་ཡིད་ཀྱི་ལས་ཐོབ་
པའི་ཕྱིར་རོ། །མངོན་པར་ཤེས་པ་ལྔ་པོ་དག་གིས་རང་རང་གི་ལས་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །གཟུངས་ནི་གང་གི་ཚིག་དང་དོན་ལ་སོགས་པ་འཛིན་པའོ། །དབང་ནི་དེ་ལ་དབང་བའམ་དེས་དབང་བྱེད་པ་སྟེ། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ཀྱི་ཚིག་དང་དོན་འཛིན་
པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྒོ་ལ་དབང་བ་ནི་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པས་ཇི་ལྟར་འདོད་པ་དེ་བཞིན་དུ་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ནི་དབང་འདི་གཉིས་ཀྱི་གནས་ཀྱི་དོན་དུ་ས་བཅུ་པ་

ལ་རབ་ཏུ་རྟོགས་སོ། །མ་རིག་པ་འདི་ཡང་ཉན་ཐོས་རྣམས་ཀྱི་ནི་ཉོན་མོངས་པ་ཅན་མ་ཡིན་གྱི་ཞེས་བྱ་བ་ནི་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་མི་སྤོང་བ་ནི་དེའི་གཉེན་པོའི་ས་ལ་འཇུག་པའི་སྐབས་མ་ཡིན་པ་དང་། མྱ་ངན་ལས་འདས་པ་ལ་བགེགས་མི་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ནི་ཉོན་མོངས་པ་ཅན་ཏེ་ཞེས་བྱ་བ་ནི་སྤང་བར་བྱ་བའི་ཕྱིར་རོ། །སྤོང་བ་ནི་དེའི་གཉེན་པོའི་ས་ལ་འཇུག་པའི་སྐབས་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བགེགས་བྱེད་པའི་ཕྱིར་རོ། །ས་དང་པོ་ལ་འཇུག་པ་ཉིད་ན་ཆོས་ཀྱི་དབྱིངས་ནི་རྣམ་པ་ཐམས་ཅད་རབ་ཏུ་ཐོབ་པ་ཡིན་ན་གོང་ནས་
གོང་དུ་རྣམ་པ་ཅིའི་ཕྱིར་བརྗོད་ཅེ་ན། ཆོས་ཀྱི་དབྱིངས་ཐོབ་ནས་གནས་པའི་རྣམ་པ་འདི་དག་གིས་གནས་ཏེ། ཐོབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་གྱི་ན་འཇུག་པ་མ་ཡིན་པར་ཇི་ལྟར་ཤེས་པར་འགྱུར་ཞེས་གནས་པའི་ཀུན་དུ་སྤྱོད་པ་ཡང་དག་པར་བསྟན་པའི་ཕྱིར་རོ། །སྒྲ་འཇུག་པའི་རྒྱུ་མཚན་
གྱི་དབང་དུ་བྱས་ནས། བདག་དང་གཞན་གྱི་དོན་སྒྲུབ་ནུས་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་མངོན་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་གཉི་གའི་དོན་སྒྲུབ་ནུས་པ་ཐོབ་པའི་ཕྱིར་རབ་ཏུ་དགའ་བ་དེ་ལྟར་ཉན་ཐོས་ལ་སོགས་པ་ནི་མ་ཡིན་ཏེ། རང་གི་དོན་ཙམ་སྒྲུབ་ནུས་པ་ཐོབ་པའི་
ཕྱིར་རོ། །དེའི་ཕྱིར་དེ་དག་གིས་ནི་རབ་ཏུ་དགའ་བ་ཞེས་མི་བྱའོ། །ས་དང་པོ་མི་རིགས་པས་ས་གོང་མ་རྣམས་ཀྱང་མི་རིགས་ཏེ། དེ་སྔོན་དུ་འགྲོ་བའི་ཕྱིར་རོ། །དྲི་མ་མེད་པ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་བྲལ་བས་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་རོ། །འོད་ནི་ཆོས་
ཀྱི་སྣང་བ་སྟེ། དེ་བྱེད་པའོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཉམས་པ་མེད་པའི་གནས་ཡིན་ཞེས་བྱ་བ་ལ། ཏིང་ངེ་འཛིན་རྣམས་ནི་བསམ་གཏན་རྣམས་སོ། །སྙོམས་པར་འཇུག་པ་རྣམས་ནི་གཟུགས་མེད་པའོ། །ཡང་ན་ཏིང་ངེ་འཛིན་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་མཉམ་པར་
འཇོག་པ་ནི་སྙོམས་པར་འཇུག་པ་སྟེ། མངོན་སུམ་དུ་བྱེད་པའོ། །མི་ཉམས་པས་ན་ཉམས་པ་མེད་པའོ། །ཆོས་ཀྱི་སྣང་བ་ཆེན་པོའི་གནས་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ས་དེ་ལ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་དང་བྲལ་བ་མ་ཡིན་ཏེ། དེ་དང་མ་བྲལ་བས་ན་ཐེག་པ་ཆེན་

པོའི་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་ལ་སྣང་བ་འཐོབ་བོ། །དེའི་གནས་ཡིན་པ་དང་རྒྱུ་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །དེ་ལ་འོད་འཕྲོ་བ་ཡོད་པས་ན་འོད་འཕྲོ་བ་ཅན་ཏེ། དེ་ཅི་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་རྣམས་སོ། །དེ་དག་གི་འོད་འཕྲོ་བ་ནི་སྒྲིབ་པ་ཐམས་ཅད་
བསྲེགས་པའི་ཕྱིར་རོ། །ས་དེ་ལ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་མང་དུ་གནས་པའི་ཕྱིར་དེ་དག་གི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཐལ་བར་རློག་གོ། །ཤིན་ཏུ་སྦྱང་བར་བྱ་དཀའ་བས་ན་ཤིན་ཏུ་སྦྱང་དཀའ་སྟེ། ས་དེ་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མཁས་པའི་ཕྱིར་
བདེན་པ་ཤེས་པ་རྣམ་པར་མི་རྟོག་པ་དང་། འཇིག་རྟེན་པའི་ཡི་གེ་དང་། ལག་རྩིས་དང་། བཟོ་དང་བསྟན་བཅོས་ལ་སོགས་པ་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་ཡང་དག་པར་སྒྲུབ་པོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མཁས་པ་མི་མཐུན་པ་གཉིས་ཀྱིས་བསྒྲུབ་པར་དཀའ་བའི་
ཕྱིར་རོ། །མངོན་དུ་གྱུར་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་མངོན་དུ་གྱུར་པའི་ཕྱིར་རོ། །ས་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པ་ཡིན་པས་རྐྱེན་ཉིད་འདི་པ་ཞེས་བྱ་བ་ཤེས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་བྱེད་
དོ། །ཆོས་རྣམས་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་བྱེ་བྲག་མི་འབྱེད་དོ། །རིང་དུ་སོང་བ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པའི་མཐར་འགྲོ་བའི་ཕྱིར་ཏེ། །གང་གིས་ས་དེ་ལ་སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་རྩོལ་བ་དང་ལྡན་པར་འབད་ནས་ཆོས་ཐམས་ཅད་ཀྱི་
མཚན་མ་ལ་མི་གཡོ་བ་ཡིན་ནོ། །མི་གཡོ་བ་ཉིད་ནི་མཚན་མ་ཐམས་ཅད་དང་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་ས་དེ་ལ་གཡོས་པར་མི་ནུས་པའི་ཕྱིར་རོ། །ས་བདུན་པ་ལ་ཡང་ཀུན་དུ་མི་སྤྱོད་པས་མཚན་མ་ཐམས་ཅད་ཀྱིས་མི་གཡོས་པར་འདོད་མོད་ཀྱི། མངོན་པར་འདུ་བྱེད་པ་མེད་
ཅིང་རང་གི་ངང་གིས་མ་ཡིན་ལ། བརྒྱད་པ་ལ་ནི་བསྒྲིམ་མི་དགོས་པར་རང་གི་ངང་གིས་འཇུག་པས་འདི་ནི་ཁྱད་པར་རོ། །དེའི་བློ་གྲོས་ལེགས་པ་ཡིན་པས། ལེགས་པའི་བློ་གྲོས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་ཕྱིར་རོ། །དེ་ནི་དང་པོ་ཡང་ཡིན་ལ་སོ་སོ་ཡང་དག་པར་

རིག་པའི་ཤེས་པ་ཡང་ཡིན་པས། སོ་སོ་ཡང་དག་པར་རིག་པའི་ཤེས་པ་དང་པོའོ། །ཤེས་པ་ནི་བློ་གྲོས་ཞེས་བྱ་བ་དང་དོན་གཅིག་སྟེ། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །འདི་དག་ཐོབ་པས། ཆོས་ཀྱི་ཚིག་ཀུན་མངོན་པར་མཁྱེན། །དོན་རྣམས་ཀུན་
གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས་ཀུན་དུ་སྤོབས་དང་ལྡན། །ཞེས་བྱ་བ་ཡིན་ནོ། །དང་པོ་ནི་ཐོག་མ་སྟེ། སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་ཤེས་པ་སྔོན་མ་ཐོབ་པ་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་སྤྲིན་ནི་འདྲེས་པ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་
འདི་འདྲེས་པ་ལ་དམིགས་པ་ཡིན་པས་འདྲེས་པ་ལ་དམིགས་པ་སྟེ། དེ་ནི་འདྲེས་པ་ལ་དམིགས་པ་ཡང་ཡིན་ལ་ཆོས་ཐམས་ཅད་ཤེས་པ་ཡང་ཡིན་པས་འདྲེས་པ་ལ་དམིགས་པ་ཆོས་ཐམས་ཅད་ཤེས་པའོ། །དེ་བཞིན་ཉིད་ལས་གཞན་མ་ཡིན་པས་མདོའི་སྡེ་ལ་སོགས་པ་ཆོས་ཐམས་ཅད་བསྡུས་པ་ལ་
དམིགས་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཤེས་པ་དེ་ནི་སྤྲིན་ལྟ་བུའོ། །དེའི་ཁོང་ན་ནི་སྤྲིན་ལ་ཆུ་ཇི་ལྟ་བར་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཆུ་ལྟ་བུ་དག་ཡོད་དེ། དེ་དག་སྐྱེད་པར་ནུས་པའི་ཕྱིར་རོ། །ཇི་ལྟར་སྤྲིན་གྱི་ནམ་མཁའ་ལ་སྒྲིབ་པར་བྱེད་ཁབས་པར་བྱད་པ་དེ་བཞིན་དུ་
ཆོས་ཐམས་ཅད་བསྡུས་པ་ལ་དམིགས་པའི་ཤེས་པ་དེས་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆེན་པོ་ནམ་མཁའ་ལྟ་བུ་རྒྱ་ཆེ་ཞིང་མུ་མེད་པ་ལ་སྒྲིབ་པར་བྱེད་པ་སེལ་བར་བྱེད་དེ། །སྤོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟར་སྤྲིན་གྱིས་ནམ་མཁའ་ཆུས་ཀུན་དུ་འགེངས་པ་དེ་
བཞིན་དུ་ཡེ་ཤེས་དེས་ཀྱང་ཡོན་ཏན་གྱི་ཚོགས་ཀྱི་གནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་དོ། །ཐོབ་པའི་དབང་དུ་བྱས་ནས། རྣམ་པ་བཞིས་བལྟ་སྟེ་ཞེས་བྱ་བ་སྨོས་སོ། །མོས་པ་ཐོབ་པ་ནི་སའི་དབང་དུ་བྱ་བ་བསྟན་པའི་ཆོས་ལ་འདི་ནི་དེ་བཞིན་ནོ་ཞེས་ངེས་པར་འཛིན་པའི་ཕྱིར་རོ། །སྤྱོད་
པ་ཐོབ་པས་ཞེས་བྱ་བ་ནི་ས་དང་རབ་ཏུ་ལྡན་པའི་བསྟན་པའི་ཆོས་སྤྱོད་པ་བཅུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལས་བསྟན་པའི་ཆོས་སྤྱོད་པ་བཅུ་ནི། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། དེ་སེམས་པ་དང་སྒོམ་པའོ། །རྟོགས་པ་ཐོབ་པས་

ནི་ས་དང་པོ་ལ་ཞེས་བྱ་བ་ལ་སོགས་པ་ནི་ས་དང་པོ་ཡང་དག་པར་རྟོགས་པ་ལས་ཐམས་ཅད་རྟོགས་པ་ཡིན་ཏེ། དེ་དང་རིགས་གཅིག་པའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་སྨྱུག་ཚིགས་དང་པོ་པ། །བཀས་པའི་ཚུལ་ལྟར་ཐམས་ཅད་ཀྱང་། །དེ་ལྟར་མྱུར་དུ་འགས་པར་འགྱུར། །
དེ་བཞིན་ཡེ་ཤེས་གཅིག་ནས་གཅིག །ཅེས་བཤད་པ་ལྟ་བུའོ། །འགྲུབ་པ་ཐོབ་པས་ནི་བསྒོམ་པའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་རོ། །ས་དང་ས་ཞེས་བྱ་བ་ནི་ས་རེ་རེ་ལ་སྟེ་ཟློས་པའོ། །ཞི་གནས་ནི་ཏིང་ངེ་འཛིན་ཏེ། རྣམ་པར་གཡེང་བའི་གཉེན་པོའོ། །ལྷག་མཐོང་ནི་ཕྱིན་ཅི་ལོག་གི་གཉེན་པོ་སྟེ་
ཤེས་རབ་བོ། །དེ་གཉིས་སྒོམ་པ་ནི་སོ་སོ་ལ་བརྩོན་པ་སྟེ། རྣམ་པ་ལྔས་ནི་གོམས་པར་བྱེད་པའོ། །འདྲེས་པར་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ལ་འདྲེས་པ་ནི་བསྡུས་པ་སྟེ། ས་གཅིག་ཁོ་ན་ལ་ཐམས་ཅད་མངོན་པར་བསྡུས་ཏེ་གོམས་པར་བྱེད་པའི་ཕྱིར་རོ། །གཞན་ཡང་སྒོམ་པ་ན་དམིགས་
པ་ཀེང་རུས་ལ་སོགས་པ་ལ་ཐམས་ཅད་འདྲེས་པར་བྱེད་དོ་སྙམ་པ་དེ་བསལ་བའི་ཕྱིར་མཚན་མ་མེད་པར་སྒོམ་པ་ཞེས་བྱ་བ་སྨོས་ཏེ། མཚན་མ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་དབྱེར་མེད་པ་བསྒོམ་པའི་ཕྱིར་རོ། །མཚན་མ་མེད་པ་སྒོམ་པ་ཡང་རྩོལ་བ་དང་བཅས་ཤིང་འབད་
པས་འཇུག་པར་འགྱུར་རོ་སྙམ་པ་གསལ་བའི་ཕྱིར། ལྷུན་གྱིས་གྲུབ་པར་སྒོམ་པ་ཞེས་བྱ་བ་སྨོས་ཏེ་བསྒྲིམ་མི་དགོས་པར་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པར་སྒོམ་པ་ཡང་མཆོག་དང་མཆོག་མ་ཡིན་པས་རྣམ་པ་གཉིས་སུ་འགྱུར་རོ་སྙམ་པ་བསལ་བའི་ཕྱིར། །འབར་
བར་སྒོམ་པ་ཞེས་བྱ་བ་སྨོས་ཏེ། འབར་བ་དང་མཆོག་ཅེས་བྱ་བ་ནི་དོན་གཅིག་གོ། །ལ་ལ་འབར་བར་བསྒོམ་པ་ཐོབ་ནས་འདིས་ཐམས་ཅད་བྱས་ཟིན་ན་གཞན་གྱིས་ཅི་ཞིག་བྱ་ཞེས་ཆོག་པར་འཛིན་པར་འགྱུར་རོ་སྙམ་པ་བསལ་བའི་ཕྱིར། ཆོག་པར་མི་འཛིན་པར་སྒོམ་པས་སོ་ཞེས་བྱ་བ་སྨོས་
ཏེ། །མཚན་མ་མེད་པ་འབར་བར་བསྒོམས་སོ་ཞེས་མི་སྦྱོར་བར་མི་བྱའི། ཁྱད་པར་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་བརྩོན་པར་བྱའོ། །གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་ཅེས་བྱ་བ་ལ་གནས་ངན་ལེན་གྱི་གནས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་འཇིག་པར་བྱེད་པ་

ནི་ཚོགས་སུ་མི་བྱེད་པ་སྟེ། ཚོགས་འཇིག་པའི་ཕྱིར་དཔེར་ན་སྨན་བཅུད་ཀྱིས་ལེན་གྱིས་ནད་ཀྱི་ཚོགས་བཟློག་པ་བཞིན་ནོ། །སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་ཞེས་བྱ་བ་ནི་བདག་དང་ཆོས་དང་སངས་རྒྱས་ལ་སོགས་པའི་འདུ་ཤེས་ཀྱི་མཚན་མ་དང་བྲལ་
བའི་ཕྱིར་རོ། །འདིར་ཀུན་ནས་དགའ་བས་ན་ཀུན་དགའ་སྟེ། ཆོས་ཉིད་ཀུན་དགའ་ཡིན་པས་ཆོས་ཀྱི་ཀུན་དགའོ། །ཆོས་ནི་འདིར་ཆོས་ཀྱི་དབྱིངས་སོ། །དེར་དགའ་བ་ནི་ཚིམ་པ་སྟེ། དཔེར་ན་ཡུལ་ཅན་ནམ་ཐུབ་པ་འགའ་ཞིག་ཕྱི་རོལ་གྱི་ཀུན་དགའ་ར་བའམ། སྐྱེད་མོས་ཚལ་ལམ་
ནགས་སུ་དགའ་བ་བཞིན་ནོ། །ཐམས་ཅད་དུ་ཚད་མེད་ཅེས་བྱ་བ་ནི། ཕྱོགས་བཅུར་འདི་ཙམ་ཞེས་ཡོངས་སུ་མ་ཆད་པ་དང་། རྣམ་པ་ཚད་མེད་པའི་ཕྱིར་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཡང་དག་པར་རྣམ་པར་ཤེས་ཏེ། གཞུང་གོམས་པ་ལ་ལྟ་བ་
བཞིན་ནོ། །རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་བཏགས་པ་མ་ཡིན་པ་རྣམས་དེ་ལ་ཀུན་དུ་འབྱུང་ཞེས་བྱ་བ་ལ་རྣམ་པར་དག་པའི་ཆ་དང་མཐུན་པ་ནི་སངས་རྒྱས་ཉིད་དུ་འགྱུར་བའི་ཆ་ལ་ཕན་པ་སྟེ། རྣམ་པར་དག་པ་མ་སྐྱེས་སུ་ཟིན་ཀྱང་སངས་རྒྱས་དང་། འཁོར་ལོས་
སྒྱུར་བ་དང་། གདུགས་དཀར་པོ་ལ་སོགས་པའི་མཚན་མ་རྣམ་པར་གཏགས་པ་མ་ཡིན་པ་རྣམས་ཀུན་དུ་འབྱུང་ངོ་། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བ་ནི་ས་བཅུ་པ་ལའོ། །དེ་ཉིད་གྲུབ་པ་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ལའོ། །གོང་མ་བས་ཆེས་གོང་མ་ནི་གོང་ནས་གོང་དུ་སྟེ།
སངས་རྒྱས་ཀྱི་སའི་རྒྱུ་མཛེས་པ་ཉིད་དེ། རྒྱུ་ཤིན་ཏུ་བསགས་པའི་ཕྱིར་རོ། །དེ་ལྟར་བསྒོམ་པ་རྣམ་པ་ལྔའི་འབྲས་བུ་རྣམ་པ་འདི་ལྔ་གོ་རིམས་བཞིན་དུ་བརྗོད་ནས་གཙོར་ན་ས་བཅུ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒོམ་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསྒོམ་པ་རྣམ་པར་དབྱེ་བའི་ངེས་པ་
ཉིད་བརྗོད་དོ། །ས་སོ་སོ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ཆར་སྒོམ་པར་མི་འགྱུར་རམ། ས་འདི་ལ་ཕ་རོལ་ཏུ་ཕྱིན་པ་འདི་སྒོམ་པར་འགྱུར་རོ་ཞེས་ངེས་པར་བྱ་བ་ནི་མི་རིགས་སོ་ཞེ་ན། །གཙོར་ན་ཞེས་བྱ་བ་སྨོས་པས་ཉེས་པ་མེད་དེ། གང་ལ་གཙོར་གང་སྒོམ་པར་འགྱུར་བ་དེ་དེ་ལ་སྟོན་

གྱི། དེར་གཞན་ཡང་སྒོམ་པར་འགྱུར་བ་དགག་པ་ནི་མེད་དེ། མདོ་ལས་ཇི་སྐད་དུ། ས་རབ་ཏུ་དགའ་བ་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཡང་དག་པར་མི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །
དྲུག་ཏུ་ནི་དྲུག་ཅེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་ལ་སྦྱིན་པ་ལ་སོགས་པའོ། །ཕྱི་མ་བཞིར་ནི་བཞི་སྟེ་ཞེས་བྱ་བ་ནི་རིང་དུ་སོང་བ་ལ་སོགས་པ་ལ་ཐབས་ལ་སོགས་པའོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཐབས་ལ་མཁས་པ་གང་ཞེ་ན།
གང་འཁོར་བ་ཡང་ཡོངས་སུ་མི་གཏོང་ལ་མྱ་ངན་ལས་འདས་པ་ཡང་དོན་དུ་གཉེར་བ་དེ་ཐབས་ལ་མཁས་པ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེད་དེ། དེས་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བས་འཁོར་བ་
ཡོངས་སུ་མི་གཏོང་ངོ་། །གང་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་འདི་ནི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མ་ལ་ཞེས་བྱ་བ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་རྐྱེན་
སྡུད་ཅེས་བྱ་བ་དང་སྦྱར་རོ། །སྨོན་ལམ་སྣ་ཚོགས་མངོན་པར་སྒྲུབ་པ་ནི་སྨོན་པའི་དོན་མངོན་པར་འདུ་བྱེད་པའི་ཕྱིར་ཏེ། སངས་རྒྱས་སུ་གྲུབ་ཤིག །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཤོག་ཤིག་ཅེས་བྱ་བ་ལ་སོགས་པས་དེ་མངོན་པར་སྒྲུབ་པའི་ཕྱིར་གང་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་
རྐྱེན་ཡོད་པ་དེར་སྐྱེའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་སོར་རྟོག་པ་དང་། བསྒོམ་པའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་རྟོག་པའི་སྟོབས་ནི་བསྒོམ་པའི་སྟོབས་མེད་པའི་དུས་ནའོ། །ཡོད་པའི་དུས་ན་ནི་གཉི་ག་ཡང་ཡོད་དེ། སྟོབས་ཅིག་ཤོས་ཀྱང་དེ་ན་ཡོད་
པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རྣམ་པར་འཇོག་པ་གང་ཡིན་པ་སྟེ། གྲངས་དང་དེའི་མཚན་ཉིད་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས། ཆོས་ལ་ལོངས་སྤྱོད་པས་མྱོང་ངོ་། །འདི་ནི་སྦྱིན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་བཟོད་པ་སྟེ།

མཚན་ཉིད་འདི་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཤེས་པས་སྒྲ་ཇི་བཞིན་མ་ཡིན་པར་ཆོས་ཁོང་དུ་ཆུད་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཡང་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཅུ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དེའི་རྗེས་
ལ་ཐོབ་པ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་གཞག་པ་འདིར་ནི་ཐབས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བསྟན་ཏོ། །གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་རྣམ་པར་གཞག་པ་དེའི་ཚེ་ནི་རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལ་ཐོབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་པོ་དག་དེར་
འདུས་པའི་ཕྱིར་རོ། །ས་བཅུ་པའི་ཆོས་ཀྱི་རྣམ་གྲངས་དེ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ནི་ཐག་པ་ཆེན་པོའི་ཆོས་ཐམས་ཅད་དེ། དེས་ས་བཅུ་པ་འདི་བསྡུས་སོ། །དེ་ལྟ་བས་ན་ས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་འགྱུར་བ་ཡང་མ་ཡིན་
ཞེས་ཁུངས་བརྗོད་དོ། །གང་ཟག་ལྔ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་རྫོགས་པར་འགྱུར་ཏེ་ཞེས་བྱ་བ་ནི་གང་ཟག་གཅིག་ཉིད་ལ་གནས་སྐབས་ཐ་དད་པ་མོས་པས་སྤྱོད་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་ལྔར་འགྱུར་རོ། །དེ་ལ་ལྷག་པའི་བསམ་པ་དག་པ་ལ་སྤྱོད་པ་ཡང་རྣམ་པ་
གཉིས་ཏེ། མཚན་མ་ལ་སྤྱོད་པ་དང་། མཚན་མ་མེད་པ་ལ་སྤྱོད་པའོ། །མཚན་མ་མེད་པ་ལ་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་དང་མངོན་པར་འདུ་མི་བྱེད་པ་ལ་སྤྱོད་པའི་ཕྱིར་རོ། །དེ་ལ་མོས་པས་སྤྱོད་པ་ནི་བསྐལ་པ་གྲངས་མེད་པ་དང་པོས་ས་དང་པོ་ཡོངས་སུ་རྫོགས་པར་
འགྱུར་ཏེ། དེ་ལས་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ལྷག་པའི་བསམ་པ་དག་པ་ལ་སྤྱོད་པས་དྲུག་པོ་དག་ཏུ་མཚན་མ་དང་བཅས་པ་ལ་སྤྱོད་པ་དང་། བདུན་པ་ལ་མཚན་མ་མེད་པ་ལ་སྤྱོད་པ་ནི་བསྐལ་པ་གྲངས་མེད་པ་གཉིས་པས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཉིད་མངོན་པར་འདུ་
བྱེད་པ་མེད་པར་སྤྱོད་པ་ནི་དེ་ཡན་ཆད་ས་བཅུ་པའི་བར་དུ་བསྐལ་པ་གྲངས་མེད་པ་གསུམ་པས་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། བརྒྱད་པ་ལ་ནི་མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཉིད་ཡོངས་སུ་གྲུབ་བོ། །དགུ་པ་དང་བཅུ་པ་ལ་ནི་མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཉིད་དོ། །

གང་ཟག་གཅིག་ཁོ་ན་ལ་གནས་སྐབས་གཞན་དང་ལྡན་པས་ཐ་དད་དེ། རྒྱུན་དུ་ཞུགས་པ་ལ་སོགས་པ་བཞིན་ནོ། །འོ་ན་ཐོག་མ་མེད་པའི་འཁོར་བ་ལ་གང་ནས་བཟུང་སྟེ། གྲངས་མེད་པ་གསུམ་གྱི་རྩོམ་པ་བགྲང་ཞེས་དྲི་བ་ཁོང་དུ་བཞག་སྟེ་ཚིགས་སུ་བཅད་པས་
སྟོན་ཏོ། །བཟང་དང་སྨོན་པའི་སྟོབས་ཅན་དང་། །ཞེས་བྱ་བ་ལ་བཟང་པོ་ནི་དགེ་བ་སྟེ། དེ་སྟོབས་དང་ལྡན་པར་གྱུར་པ་ནི་བཟང་པོའི་སྟོབས་ཅན་ཏེ། དེ་ལ་དེ་ཡོད་པའི་ཕྱིར་རོ། །སྨོན་པ་ནི་འདིར་སྨོན་ལམ་དུ་འདོད་དེ། དེ་ལ་དེ་ཡོད་པས་སྨོན་ལམ་གྱི་སྟོབས་ཅན་ནོ། །དེ་ལ་དགེ་བའི་རྩ་བའི་སྟོབས་
ཅན་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཅན་ནི་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པའི་ཕྱིར་རོ། །སེམས་བརྟན་པ་ཉིད་ནི་མི་དགེ་པའི་གྲོགས་པོས་མོས་པ་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཁྱད་པར་འགྲོ་
བ་ནི་མཐོང་བའི་ཆོས་དང་ཚེ་རབས་ཕྱི་མ་ལ་དགེ་བའི་ཆོས་འཕེལ་བ་དང་། ཡོངས་སུ་མི་ཉམས་པའི་ཕྱིར་རོ། །དེ་ལྟར་གང་གི་ཚེ་དགེ་བའི་རྩ་བ་དང་། སྨོན་ལམ་གྱི་སྟོབས་ཅན་དང་། སེམས་བརྟན་ཏེ་བར་མ་དོར་མི་ལྡོག་པ་དང་། ཁྱད་པར་དུ་འགྲོ་སྟེ། ཡོན་ཏན་ཅུང་ཟད་ཀྱིས་ཆོག་པར་མི་
འཛིན་པ་དེ་ནས་བཟུང་སྟེ། གྲངས་མེད་པ་གསུམ་བརྩམ་མོ། །རྒྱུ་དང་འབྲས་བུ་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་ཇི་སྐད་བཤད་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་
ལ་དེར་ཇི་སྐད་བཤད་སྙམ་པ་ལ། མདོར་བསྡུ་ན་ཁྱད་པར་རྣམ་པ་བཞིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རབ་ཏུ་དབྱེ་བའི་ཁྱད་པར་ནི་སྡོམ་པ་དང་དགེ་བའི་རྩ་བ་སྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཐ་དད་པའི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ནི་རྣམ་པ་ཐམས་
ཅད་དུ་མི་དགེ་བ་སྤོང་བ་ཡང་དག་པར་འཛིན་པའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་རྣམ་པ་ཐམས་ཅད་དུ་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་བདག་གི་བདེ་བ་ལ་མི་ཆགས་མི་ལྟ་བར་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་

དོན་བྱེད་པའོ། །ཚུལ་ཁྲིམས་གཉིས་ཀྱི་རྟེན་གྱི་དོན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྒྱུ་ཡིན་པའི་ཕྱིར་ཏེ། ལུས་དང་ངག་དང་ཡིད་བསྡམས་ན་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ཡང་དག་པར་སྒྲུབ་པ་དང་། ཡང་དག་པར་ཕུལ་དུ་ཕྱིན་པ་ཐོབ་པར་བྱེད་ཀྱང་ནུས་ལ། ཐེག་པ་གསུམ་ལ་འཛུད་པས་སེམས་
ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐལ་བ་ཅན་དུ་ཡང་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཁྱད་པར་ཏེ། ཉན་ཐོས་ལ་སོགས་པ་ལ་བསླབ་པ་གཉིས་མེད་པའི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ཀྱང་ཁྱད་པར་དུ་འཕགས་པའོ་ཞེས་བསྟན་ཏེ།
བསླབ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་ཞེས་བྱ་བ་དེ་ལ་བསླབ་པ་ཐུན་མོང་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་རྣམས་ཏེ། བཀག་པ་བཅས་པ་མེད་པར་ཡང་མི་འདོད་པའི་འབྲས་བུ་ཅན་སྲོག་གཅོད་པ་ལ་སོགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་གཉི་གས་མི་
བྱ་བར་ངེས་པར་མཐུན་པའོ། །བསླབ་པ་ཐུན་མོང་མ་ཡིན་པ་ནི་བཅད་པས་བཀག་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་རྣམས་ཏེ། དབྱར་གྱི་ནང་ལོགས་སུ་འགྲོ་བ་ལ་སོགས་པ་ཀུན་དུ་སྤྱོད་པའི་ཕྱིར་རོ། །བསླབ་པ་དེ་ལ་ནི་ཞེས་བྱ་བ་ནི་བསླབ་པ་ཕྱི་མ་བཅས་པའི་ཁ་ན་མ་ཐོ་བ་ཀུན་དུ་
སྤྱོད་པ་ལའོ། །གང་དུ་དབྱར་གྱི་ནང་ལོགས་སུ་སོང་ན་ཉན་ཐོས་ཀྱི་ལྟུང་བར་འགྱུར་བ་དེ་ལ་ནི་དབྱར་བཅད་ཀྱང་གདུལ་བ་ལ་ལྟ་བས་ཡུལ་གཞན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ལ་ལྟུང་བ་མེད་དེ། གཞན་གྱི་དོན་གཙོ་བོ་ཡིན་པའི་ཕྱིར་རོ། །གང་དུ་སེམས་ཅན་གྱི་དོན་བྱར་ཡོད་ཀྱང་
དབྱར་ཆད་པས་འཇིགས་ནས་ཡུལ་གཞན་དུ་མི་འགྲོ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་ལྟུང་བར་འགྱུར་བ་དེ་ལ་ཉན་ཐོས་ལ་ལྟུང་བར་མི་འགྱུར་ཏེ། སྙིང་རྗེ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སེམས་ཀྱི་ཡིན་པ་ནི་འདི་ལྟར་འདོད་པ་ལ་འདུན་པ་དང་
གནོད་སེམས་ལ་སོགས་པའི་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའི་འཆལ་བའི་ཚུལ་ཁྲིམས་ཡིན་གྱི། ཉན་ཐོས་ཀྱི་ནི་མ་ཡིན་ཏེ། བདུན་སྤོང་བ་ཡང་དག་པར་བླངས་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་རྣམས་ཀྱི་ཚུལ་ཁྲིམས་ནི་ལུས་ཀྱི་དང་ངག་གི་ཡིན་གྱི་སེམས་ཀྱི་ནི་མ་ཡིན་ནོ། །

མདོར་བསྡུ་ན་གང་ཁ་ན་མ་ཐོ་བ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཁ་ན་མ་ཐོ་བ་མེད་ཅེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟར་བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་
ནི་ཕན་འདོགས་པ་ཡིན་ཡང་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ཏེ། དེ་ལྟ་བུ་སྤང་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་སྨོས་སོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནང་དུ་མ་འདུས་སམ། ཅིའི་ཕྱིར་ལོགས་ཤིག་ཏུ་བརྗོད་ཅེ་ན། རྣམ་པར་གཞག་པ་
གཞན་གྱི་ངོར་བྱ་བའི་ཕྱིར་ཏེ། སྔ་ཕྱི་རྒྱུ་དང་འབྲས་བུའི་དངོས་པོར་བསྟན་པའི་ཕྱིར་རོ། །ཇི་སྐད་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཕུང་པོ་འབྱུང་ངོ་། །བསམ་གཏན་ནས་བརྟེན་ནས་ཤེས་རབ་ཀྱི་ཕུང་པོ་འབྱུང་ངོ་། །དེ་ལས་རྣམ་པར་གྲོལ་བ་དང་རྣམ་པར་
གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འབྱུང་ངོ་ཞེས་གསུངས་པ་ལྟ་བུའོ། །རྒྱ་ཆེ་བ་ཉིད་ཀྱི་ཁྱད་པར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་སྣ་ཚོགས་དང་ཚད་མེད་པ་སྟེ། འདི་ལྟར་དེ་དག་གིས་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་དེ་ལྟ་བུ་དང་དེ་ལྟ་བུ་ཡང་བསླབ་པར་
བྱའོ། །བསོད་ནམས་ཚད་མེད་པ་རྒྱ་ཆེ་བ་ཡོངས་སུ་འཛིན་པ་ཉིད་ནི་སྙིང་རྗེ་ཆེན་པོ་ཡོངས་སུ་མ་ཆད་པའི་ཕྱིར་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་ཏོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་བའི་བསམ་པ་ཡོངས་སུ་འཛིན་པ་རྒྱ་ཆེ་བ་ཉིད་ཅེས་བྱ་བ་ལ་དགེ་བ་ལ་ཡང་དག་
པར་འཛུད་པ་ནི་ཕན་པའི་བསམ་པའོ། །དེ་ཉིད་ལ་ལམ་བདེ་བས་སྦྱོར་བ་ནི་བདེ་བའི་བསམ་པའོ། །ཡང་ན་ཕྱི་མ་ལ་བདེ་བར་སྨོན་པ་ནི་ཕན་པའི་བསམ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པ་ནི་དམིགས་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་ལ་འདི་ཐམས་
ཅད་མེད་པས་རྒྱ་ཆེ་བ་ཉིད་ཀྱི་ཁྱད་པར་རོ། །ཟབ་པའི་ཁྱད་པར་གྱི་དབང་དུ་བྱས་ནས། གང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དེ་ལྟ་བུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲོག་གཅོད་པ་ལ་སོགས་པའི་ལས་གང་གི་གནས་སྐབས་སུ་སྤྱོད་ཅེ་ན། གལ་ཏེ་དེ་གཞན་མི་དགེ་

པའི་ལས་ལ་འཇུག་པར་མངོན་དུ་ཕྱོགས་པར་ཤེས་ཤིང་དེའི་སེམས་ཀྱང་རིག་པར་གྱུར་ལ། དེ་རྣམ་པ་གཞན་གྱིས་ཀྱང་མི་ཟློགས་པ་དང་། ངན་སོང་དུ་ཡང་འགྲོ་བ་དང་། དེ་བསད་ན་བདེ་འགྲོར་སྐྱེ་བ་ཡང་མཐོང་ནས་བདག་ལས་འདིས་ངན་སོང་དུ་འགྲོ་བ་ནི་བླའི། འདི་དག་སྡུག་བསྔལ་གྱི་ཕུང་
པོ་ཆེན་པོ་དང་ལྡན་པར་གྱུར་ན་མི་རུང་ངོ་སྙམ་པའི་བསམ་པ་ཁྱད་པར་དུ་འཕགས་པ་ཐོབ་པས་མི་གཏོང་ཞིང་སྨན་པ་ལྟ་བུར་ཕན་པར་འདོད་པས་སྲོག་གཅོད་པའི་ལས་བྱེད་ན་ཁ་ན་མ་ཐོ་བ་མེད་པར་འགྱུར་ཏེ། བསོད་ནམས་ཚད་མེད་པ་ཡང་སྐྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཟབ་པ་ཉིད་ནི་རྟོགས་པར་དཀའ་བའི་ཕྱིར་རོ། །ཡང་ལུས་དང་ངག་གི་ལས་རྟོགས་པར་དཀའ་བ་ནི་དེས་རྒྱལ་སྲིད་ཀྱང་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་རྒྱལ་པོ་མེའི་སྤྱོད་པ་གཤེད་མ་དང་གནོད་པ་དང་གསོད་
པར་བསྒོ་བའི་རྣམ་པར་རིག་པ་རྣམས་ལྟ་བུ་དང་། འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲོག་གཅོད་པ་སྤྲུལ་པ་ལྟ་བུ་ཡིན་ནོ། །གཞན་དུ་ན་སྡིག་པའི་ལས་ལས་སེམས་ཅན་མི་ཟློགས་སོ། །སེམས་ཅན་གདུལ་བའི་ཕྱིར་སེམས་ཅན་ལ་གཙེ་བ་རྣམ་པ་སྣ་
ཚོགས་དེ་དག་ཀྱང་སྤྲུལ་པ་བྱེད་དོ། །སྐྱེས་པའི་རབས་སྣ་ཚོགས་བསྟན་པས་ཞེས་བྱ་བ་ནི་སྤྲུལ་པའི་ལུས་དང་ངག་གི་ལས་རྟོགས་པར་དཀའ་བའི་ཕྱིར་ཟབ་ཅེས་བྱ་བ་དང་སྦྱར་ཏེ། དཔེར་ན་ཐམས་ཅད་སྒྲོལ་ལ་སོགས་པའི་སྐྱེས་པའི་རབས་ལས་བྲམ་ཟེ་ལ་བུ་གཉིས་ལ་སོགས་པ་བྱིན་པ་སྤྲུལ་པ་
ལྟ་བུའོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གཞན་ལ་གནོད་པས་སེམས་ཅན་གཞན་ལ་ཕན་འདོགས་པ་མི་མཛད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་སྤྲུལ་པའི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཇི་ལྟར་རྫོགས་པར་འགྱུར་ཞེ་ན། ལེན་པ་པོ་ལ་སྤྲུལ་པ་དང་།
མ་སྤྲུལ་པས་ཕན་བཏགས་པ་མཚུངས་པའི་ཕྱིར་རོ། །ཇི་སྟེ་ལེན་པ་པོ་ཡང་སྤྲུལ་པར་གྱུར་ན་དེ་ལྟ་ན་ཡང་ཉེས་པ་མེད་དེ། འདི་ལྟ་བུའི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པ་རྣམས་འགྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྦྱིན་པ་ལ་སོགས་པ་ལ་སེམས་ཅན་སེམས་དང་བ་སྔོན་དུ་འགྲོ་བའི་ཡོངས་སུ་

སྨིན་པར་བྱ་བའི་ཕྱིར་རོ། །རབ་ཏུ་དབྱེ་བ་འདིས་ནི་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བས་སོ། །བསླབ་པའི་རབ་ཏུ་དབྱེ་བ་ཚད་མེད་ཅེས་བྱ་བ་ནི་ཇི་ལྟར་འདུལ་བ་བསྙད་པ་ཐེག་པ་ཆེན་པོའི་མདོ་ལས་ཁྱད་པར་བཞི་པོ་འདི་དག་སྤྲོས་པ་དང་བཅས་པར་སྟོང་
ཕྲག་བརྒྱས་བཤད་པ་ལྟ་བུའོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་རྣམ་པར་འགྲེལ་པའོ།། །།ལྷག་པའི་སེམས་ཀྱི་བསླབ་པའི་དབང་དུ་བྱས་ནས། མདོར་བསྡུ་ན་རབ་ཏུ་དབྱེ་བ་དྲུག་གིས་རབ་ཏུ་བལྟ་བར་བྱ་སྟེ་ཞེས་བྱ་བ་སྨོས་སོ། །སེམས་ཀྱི་སྒྲ་ནི་འདིར་སེམས་ལས་བྱུང་བའི་ཏིང་ངེ་འཛིན་
དུ་བརྗོད་དེ། སེམས་ཀྱིས་བྲིས་ཞེས་བྱ་བའི་སེམས་པ་ལ་བྱ་བ་བཞིན་ནོ། །ཏིང་ངེ་འཛིན་དེ་དམིགས་པ་དང་བཅས་པའི་ཕྱིར་དམིགས་པ་ལ་སོགས་པས་རབ་ཏུ་དབྱེའོ། །ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཆོས་ལ་དམིགས་པ་སེལ་ཏོ། །སྣ་ཚོགས་
ཀྱིས་རབ་ཏུ་དབྱེ་བ་ནི་ཐེག་པ་ཆེན་པོ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ལ་སྙོམས་པར་ཞུགས་ན་ཐེག་པ་ཆེན་པོའི་ཆོས་མཐའ་དག་སྣང་བ་དེ་ཐེག་པ་ཆེན་པོ་སྣང་བའི་ཏིང་ངེ་འཛིན་ཏོ། །གང་དུ་བསོད་ནམས་ཐམས་ཅད་ཡང་དག་པར་བསགས་ཏེ། བདག་གིར་བྱས་པར་གྱུར་པ་དེ་ནི་བསོད་
ནམས་ཐམས་ཅད་ཡང་དག་པར་བསགས་པ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་བཟང་སྐྱོང་ནི། འཇིག་རྟེན་གྱི་རྒྱལ་པོ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་བདག་པོ་སྟེ། གང་ཡོད་ན་ཕྱོགས་བཅུ་རྣམས་སུ་ད་ལྟར་བྱུང་བའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་སུམ་དུ་མཐོང་བར་
འགྱུར་རོ། །དཔའ་བར་འགྲོ་བ་ནི་ཏིང་ངེ་འཛིན་རྣམས་ཀྱི་མཆོག་སྟེ། དམག་མི་རྣམས་ཀྱི་ནང་ན་དམག་དཔོན་དཔའ་བོ་བཞིན་དུ་བདུད་ཀྱི་ཚོགས་འཇོམས་པར་ནུས་པའོ། །གཉེན་པོས་རབ་ཏུ་དབྱེ་བ་ནི་ཆོས་ཐམས་ཅད་འདྲེས་པ་ལ་དམིགས་པ་དང་ལྡན་པས་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་དངོས་
པོར་གནས་པའོ། །དེ་བཞིན་ཉིད་དུ་ཆོས་ཐམས་ཅད་འདྲེས་པར་བྱེད་དེ། དེ་ལས་གུད་ན་མེད་པའི་ཕྱིར་རོ། །ཁྱེའུས་ཁྱེའུ་དབྱུང་བའི་ཚུལ་དུ་ཞེས་བྱ་བ་ནི་ཁྱེའུ་སྔ་མ་ཁྱེའུ་ཕྱི་མས་དབྱུང་བའི་ཚུལ་དུ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ཁྱེའུ་ཕྲ་མོས་ཁྱེའུ་སྦོམ་པོ་འབྱིན་པ་དེ་བཞིན་དུ་ཀུན་གཞི་རྣམ་

པར་ཤེས་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་བག་ཆགས་ཀྱི་བདག་ཉིད་རགས་པ་གནས་པ་ཐམས་ཅད་དེ་བཞིན་ཉིད་ལ་དམིགས་པ་གཉེན་པོའི་ཤེས་པ་དང་ལྡན་པའི་ཏིང་ངེ་འཛིན་ཕྲ་མོས་འབྱིན་ཏོ། །ལས་སུ་རུང་བ་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི་བསམ་གཏན་གྱི་བདེ་བ་དག་གིས་གནས་ནས་
བསམ་གཏན་ལས་ཡོངས་སུ་མ་ཉམས་པ་བཞིན་དུ་ཇི་ལྟར་འདོད་པ་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེར་སྐྱེ་སྟེ། ཏིང་ངེ་འཛིན་ལས་སུ་རུང་བའི་ཕྱིར་རོ། །འདི་འདྲ་བའི་ཏིང་ངེ་འཛིན་གྱི་ལས་སུ་རུང་བ་ཉིད་ནི་ཉན་ཐོས་ལ་སོགས་པ་ཉིད་ལ་མེད་དོ། །མངོན་པར་བསྒྲུབ་པས་རབ་ཏུ་དབྱེ་བ་ནི་ཏིང་ངེ་
འཛིན་གྱི་ཡོན་ཏན་གྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་སུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་སྐྱེད་དོ། །དེ་ལ་གཡོ་བ་ལ་སོགས་པའི་རྣམ་པར་འཕྲུལ་པ་འབྱུང་སྟེ། འཇིག་རྟེན་གྱི་ཁམས་ཚད་མེད་པ་གཡོ་བར་བྱེད་པ་ནི་ཏིང་ངེ་འཛིན་གྱི་མཐུས་འགུལ་བར་བྱེད་པ་སྟེ། འབར་བར་
བྱེད་པ་དང་ཁྱབ་པར་བྱེད་པ་ཡང་དེ་བཞིན་ནོ། །འཇིག་རྟེན་གྱི་ཁམས་མཐོང་བར་མི་ནུས་པ་མཐའ་ཡས་པ་གཞན་དག་གམ་སངས་རྒྱས་ལ་སོགས་པ་ཡང་སྟོན་ཏོ། །ས་ལ་སོགས་པ་ཡང་ཆུ་ལ་སོགས་པའི་དངོས་པོར་གཞན་དུ་སྒྱུར་རོ། །སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་དུ་མར་འགྲོའོ། །
འོང་ངོ་། །རྡུལ་ཕྲ་རབ་གཅིག་གི་ནང་དུ་འཇིག་རྟེན་གྱི་ཁམས་མང་པོ་སྡུད་ཀྱང་ཆེར་མི་སྐྱེ་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་རྡུལ་གཅིག་གིས་རྒྱས་པར་བྱེད་དེ། ཁྱབ་པར་བྱེད་དོ། །རང་གི་ལུས་སུ་གཟུགས་ཀྱི་ལུས་ཐམས་ཅད་འཇུག་གོ། །གདུལ་བའི་ཕྱིར་གང་གི་
གཟུགས་གང་ཡིན་པ་དེའི་གན་དུ་གཟུགས་དེ་ཉིད་ཀྱིས་འགྲོའོ། །སྣང་བར་བྱེད་པ་ནི་མངོན་པར་བྱེད་པའོ། །མི་སྣང་བར་བྱེད་པ་ནི་མི་མངོན་པར་བྱེད་པའོ། །དབང་ཉིད་དུ་བྱེད་པ་ནི་བདུད་སངས་རྒྱས་ཉིད་དུ་སྒྱུར་བའོ། །གཞན་གྱི་རྫུ་འཕྲུལ་རབ་ཏུ་འཇོམས་པ་ནི་གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་
པའོ། །སྤོབས་པ་མེད་པ་རྣམས་ལ་སྤོབས་པ་སྦྱིན་པར་བྱེད་དོ། །བརྗེད་ངས་པ་རྣམས་ལ་དྲན་པ་སྦྱིན་པར་བྱེད་དོ། །གང་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་འགུག་པར་འགྱུར་བ་ཕོ་ཉ་ལྟ་བུའི་འོད་ཟེར་གཏོང་སྟེ། གང་དག་ཉན་ཐོས་ལ་སོགས་པ་ལ་མེད་པའི་རྫུ་འཕྲུལ་ཆེན་པོ་འདི་དག་

མངོན་པར་འདུ་བྱེད་དོ། །གང་དཀའ་བ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ་དཀའ་བ་སྤྱོད་པ་རྣམ་པ་བཅུ་པོ་དེ་དག་སྟོན་ཏོ། །ཁས་བླང་བར་དཀའ་བ་སྤྱོད་པ་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་ཁས་ལེན་པའི་ཕྱིར་ཏེ། དཀའ་བ་ནི་བདག་གི་བདེ་བ་ལ་མི་ལྟ་བར་
གཞན་གྱི་དོན་བྱེད་པར་དམ་འཆའ་བའི་ཕྱིར་རོ། །མི་ལྡོག་པར་དཀའ་བ་སྤྱོད་པ་ནི་འཁོར་བའི་སྡུག་བསྔལ་གྲང་བ་དང་རླུང་ལ་སོགས་པས་མི་ཟློགས་པའི་ཕྱིར་རོ། །ཕྱིར་མི་ཕྱོགས་པ་ནི་སེམས་ཅན་ལོག་པར་སྒྲུབ་པ་དང་ལྡན་པ་རྣམས་ཀྱི་དོན་བྱ་དཀའ་བ་ལས་ཕྱིར་མི་ཕྱོགས་པ་སྟེ། གང་དག་མ་ལ་
སོགས་པ་ལ་ལོག་པར་སྒྲུབ་པ་དང་། བརྩེ་བའི་ཕྱིར་མི་དགོས་པར་ཡང་མིག་བསླངས་ནས་རྐང་པ་གཉིས་ཀྱིས་འདྲིལ་བ་དེའི་དོན་བྱ་དཀའ་བའོ། །མངོན་དུ་ཕྱོགས་པར་དཀའ་བ་ནི་གནོད་པ་བྱེད་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བ་བྱ་དཀའ་བའོ། །འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་རྙེད་པ་ལ་སོགས་པ་བརྒྱད་
ཀྱིས་མི་གོས་པ་ནི་དཀའ་བའོ། །རྟོགས་པ་མེད་པར་ཡང་ཐེག་པ་ཆེན་པོའི་དོན་ཕྲ་ཞིང་མཐུའི་ཁྱད་པར་ཅན་ལ་མོས་ཤིང་དད་པར་དཀའ་བའོ། །རྟོགས་པ་ནི་མངོན་པར་རྟོགས་པ་སྟེ། ཡང་དག་པར་ཁོང་དུ་ཆུད་ཅེས་བྱ་བ་དང་དོན་གཅིག་གོ། །གང་ཟག་དང་ཆོས་མེད་པའི་ངོ་བོ་ཉིད་ཀུན་
བརྟགས་པ་དགག་པའི་སྒོ་ནས་བྱ་དཀའ་བའོ། །ཁོང་དུ་ཆུད་པ་ནི་དགོངས་ཏེ་གསུངས་པའོ། །དཀའ་བ་ནི་ཐོས་པའི་དོན་བཏང་སྟེ། མ་ཐོས་པའི་དོན་རྗེས་སུ་རྟོགས་པའི་ཕྱིར་རོ། །འཁོར་བ་ཡང་ཡོངས་སུ་མི་གཏོང་ལ་དེའི་ཉེས་པས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་དཀའ་བ་སྟེ།
དེ་གཉིས་མི་འབྱེད་པའི་ཕྱིར་རོ། །སྦྱོར་བར་དཀའ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྤངས་པ་ལ་ཞུགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་མཛད་པའི་ཁྱད་པར་རོ། །གལ་ཏེ་སྦྱིན་པ་ཅུང་ཟད་མི་སྦྱིན་ལ་ཞེས་བྱ་བ་ནི་བདག་དང་གཞན་
མཉམ་པ་ཉིད་དུ་རྟོགས་པས་སེམས་ཅན་ཐམས་ཅད་བདག་གིར་བྱས་ཏེ། སྦྱིན་པ་དེ་བྱང་ཆུབ་སེམས་དཔས་སྦྱིན་པའི་ཕྱིར་ཏེ། ཐམས་ཅད་ལ་ཐམས་ཅད་སྦྱིན་པར་དགོངས་པའོ། །ཡང་ན་སྦྱིན་པར་བྱ་བ་དང་སྦྱིན་པར་བྱེད་པ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པས་

སོ། །གལ་ཏེ་སྦྱིན་པ་ཐམས་ཅད་ལ་འདོད་པར་མི་བྱེད་པའོ་ཞེས་བྱ་བ་ནི་བཀག་པ་ལ་འདོད་པ་མེད་ཅེས་བྱ་བའི་ཐ་ཚིག་སྟེ། ཉེ་བ་ལ་སྦྱིན་པ་དང་། བདག་ལ་སྦྱིན་པ་བྱིན་པ་དང་། བདག་ལ་སྦྱིན་པ་བྱིན་པར་འགྱུར་བ་དང་། བདག་གི་སྔ་རབས་རྣམས་ཀྱིས་བྱིན་པས་སྦྱིན་ནོ་སྙམ་པ་དེ་ལ་འདོད་པར་
མི་བྱེད་ཀྱི། མྱ་ངན་ལས་འདས་པ་ལ་དམིགས་པ་དང་། དངོས་པོ་ལ་མི་གནས་པར་འདོད་པར་བྱེད་པའོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་དད་པས་མི་འགྲོ་བའོ་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་ནས་རང་གི་རྟོགས་པས་སྦྱིན་པར་བྱེད་ཅེས་བྱ་བའི་
ཐ་ཚིག་གོ། །གལ་ཏེ་བདག་སྦྱིན་པ་ལ་འཇུག་པར་མི་བྱེད་པ་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་པས་སྦྱིན་པའི་ཕྱིར་དེ་ལ་བདག་ཉིད་འཇུག་མི་དགོས་པའོ། །གཞན་ནི་འཇུག་པར་བྱེད་དེ། ཡང་དག་པར་འཛིན་དུ་འཇུག་པའི་ཕྱིར་རོ་གལ་ཏེ་ལན་འགའ་སྦྱིན་པ་ཅི་ཡང་སྦྱིན་པར་མི་བྱེད་པའོ་ཞེས་
བྱ་བ་ནི་རྟག་ཏུ་ཐམས་ཅད་སྦྱིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སྦྱིན་པ་ལ་སྙིང་པོ་མེད་པའི་འདུ་ཤེས་སུ་གྱུར་པའོ་ཞེས་བྱ་བ་ལ་མི་འཕྲོ་བ་ནི་ཏིང་ངེ་འཛིན་ཏེ། དེས་སེམས་རྣམ་པར་མི་འཕྲོ་བའི་ཕྱིར་རོ། །དེར་འདུ་ཤེས་པ་ནི་མཉམ་པར་བཞག་པས་སྦྱིན་པར་བྱེད་ཅེས་བྱ་བའི་ཐ་
ཚིག་གོ། །གལ་ཏེ་སེར་སྣ་འབྱུང་བར་བྱེད་པའོ་ཞེས་བྱ་བ་ནི་རྩ་ནས་འབྱིན་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མཐའ་ལ་མི་གནས་པར་གྱུར་པའོ་ཞེས་བྱ་བ་ནི་ཞི་བར་བགྲོད་པ་གཅིག་པུ་ལ་ཉན་ཐོས་ལྟར་གནས་པ་མ་ཡིན་པའོ། །གལ་ཏེ་སྦྱིན་པ་ལ་དབང་བྱེད་པ་མ་ཡིན་པའོ་ཞེས་བྱ་བ་
ནི་སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དབང་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མི་ཟད་པ་ལ་མི་གནས་པར་གྱུར་པའོ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ཕུལ་དུ་བྱུང་བའི་མཐར་ཐུག་པ་སངས་རྒྱས་ཉིད་ཐོབ་ནས་དེ་ཉིད་དུ་མི་གནས་ཀྱི། སྤྲུལ་པ་རྣམས་ཀྱིས་
གཞན་ལ་ཕན་གདགས་པའི་ཕྱིར་སྦྱིན་པ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །སྦྱིན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་ཅི་རིགས་སུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱར་བ་སྟེ། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། གལ་ཏེ་ཚུལ་ཁྲིམས་ཆུང་ཟད་མི་སྲུང་

བ་སྟེ། བདག་དང་གཞན་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་གཞན་གྱི་ཚུལ་ཁྲིམས་དང་ལྡན་པར་འགྱུར་བའོ། །མདོ་གང་ལས། དགེ་སློང་དག་ང་ནི་སྲོག་གཅོད་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དེར་དགོངས་པ་སྟོན་ཏེ། གལ་ཏེ་སྲོག་ཆགས་རྣམས་འཁོར་བ་ལས་ཤིན་ཏུ་ཟློ་
བའོ་ཞེས་བྱ་བ་ནི་འདའ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སུས་ཀྱང་མ་བྱིན་པར་ཞེས་བྱ་བ་ནི་མ་སྤྲུལ་པར་རོ། །བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལེན་པའོ་ཞེས་བྱ་བ་ནི་གཞན་གྱིས་བྱེད་དུ་མ་བཅུག་པར་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པ་རྣམས་ལ་ལོག་པའོ་ཞེས་སྤྱོད་པའོ་ཞེས་བྱ་
བ་ནི་ཡུལ་གྱི་འདོད་པ་རྣམས་དང་ཀུན་དུ་རྟོག་པའི་འདོད་པ་རྣམས་འཁྲུལ་པ་ཙམ་གྱི་ཕྱིར་ཏེ། ཇི་སྐད་དུ། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཀུན་དུ་རྟོག་ལས་འབྱུང་ཞེས་བརྗོད། །སྡུག་དང་མི་སྡུག་ལོག་པ་ལས། །བརྟེན་ནས་ཀུན་དུ་འབྱུང་བ་ཡིན། །སྡུག་དང་མི་སྡུག་ལོག་པ་ལས། །བརྟེན་ནས་
གང་དག་འབྱུང་བ་ནི། །དེ་དག་ངོ་བོ་ཉིད་ཀྱིས་མེད། །དེ་བས་འདོད་པ་ཡང་དག་མིན། །ཞེས་བཤད་པ་ལྟ་བུའོ། །གང་བརྫུན་པ་དེ་ལ་བརྫུན་ནོ་ཞེས་སྨྲ་བའོ་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་སླུ་ཆོས་ཞེས། །གང་གསུངས་དེ་ནི་བརྫུན་པ་སྟེ། །འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་
ན་དེ་དག་བརྫུན་ཞེས་བྱ། །ཞེས་བཤད་པ་ལྟ་བུའོ། །སྟོང་པ་ཉིད་ལ་གནས་པའི་མཆོག་གིས་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་ལོ། །ཤེས་བྱའི་ཕ་རོལ་དུ་གནས་པ་ཞེས་བྱ་བ་ནི་འདུག་ཅེས་བྱ་བའི་ཐ་ཚིག་སྟེ། ཤེས་བྱའི་ཕ་རོལ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །གལ་ཏེ་ཆོས་ཐམས་ཅད་ཡང་
དག་པར་རྣམ་པར་ཕྱེ་སྟེ་སྨྲ་བའོ་ཞེས་བྱ་བ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །གལ་ཏེ་རྒྱུན་དུ་བླ་ན་མེད་པའི་བསམ་གཏན་ཐོབ་པར་བྱེད་པའོ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་དུ་སྔ་མ་བཞིན་ཏེ། སངས་རྒྱས་ཀྱི་ཐུགས་ཀྱི་རྒྱུད་ལ་མངའ་བའི་བསམ་གཏན་ནི་བླ་ན་མེད་པའོ། །སེམས་ལ་ཉོན་མོངས་
པར་བྱེད་པ་ཐམས་ཅད་ལ་འདིས་གནོད་པར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བཀག་པ་སྟེ། སྤོང་དུ་བཅུག་ཅེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ན་ཐམས་ཅད་ལ་འདུག་པའི་ལོག་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་མ་ནོར་བ་

ཉིད་དུ་མཐོང་བའོ། །སངས་རྒྱས་ཀྱི་ཆོས་རྣམས་ཟབ་པོ་ཞེས་མདོ་ལས་གསུངས་པ་དེ་དག་གང་ཞེ་ན། གང་མདོ་གཞན་ལས་འབྱུང་བ་རྟག་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ་ཞེས་བྱ་བ་ནས་གོས་པ་མེད་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་བྱ་བ་དེར་
དགོངས་པ་སྟོན་ཏེ། ཆོས་ཀྱི་སྐུ་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལ། ཆོས་ཀྱི་སྐུ་ནི་གནས་གྱུར་པའི་མཚན་ཉིད་དེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་དོ། །རྟག་པ་ནི་འགྱུར་བ་མེད་པའི་ཕྱིར་རོ། །དྲི་མ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་བླ་ན་མེད་པ་ཡང་ཡིན་ཏེ། ཟག་པ་མེད་པའི་ཕྱིར་
གཟུགས་མེད་པ་ལྟར་རྣམ་པར་སྨིན་པ་ནི་མ་ཡིན་ནོ། །དེ་རྟག་པ་ནི་དེ་བཞིན་ཉིད་དང་འདྲེས་པའི་ཕྱིར་རོ། །ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་མཉམ་པ་ལ་སྤྱོད་པ་རྣམས་རེ་
རེ་ལ་ཡང་གྲངས་ཉི་ཁྲི་ཆིག་སྟོང་ཡོད་པའི་ཕྱིར་རོ། །གཉེན་པོ་དང་བཅས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །འདོད་ཆགས་དང་བཅས་པའི་ཆོས་རྣམས་དང་། ཞེ་སྡང་དང་བཅས་པའི་ཆོས་རྣམས་དང་། གཏི་མུག་དང་བཅས་པའི་ཆོས་རྣམས་ཞེས་བྱ་བ་ནི་བཤད་པ་ཉིད་ཀྱིས་རྣམ་པར་བཀྲོལ་ཟིན་ཏོ། །མི་གོས་པའི་
ཆོས་རྣམས་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ལ་སྒྲིབ་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་རོ། །འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་རྣམས་ཀྱིས་ཉེ་བར་གོས་པ་མེད་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །དགོངས་ཏེ་གསུངས་པའི་འབྲས་བུ་ཅི་ཡིན་ཞེ་ན། སྟོན་པ་
པོས་གཞག་བླ་བ་སྟེ། དོན་ཡོངས་སུ་བསྡུས་པའི་ཕྱིར་རོ། །གཞན་དག་ལ་ཡང་བཤད་བླ་བའོ། །དེ་ཉིད་ཀྱི་ཕྱིར་ཉན་པ་པོས་གཟུང་སླའོ། །དེ་ཉིད་ཀྱི་ཕྱིར་བསྟན་པ་བཟུང་བས་ཚོགས་ཡོངས་སུ་རྫོགས་པར་བླ་བའོ། །ཚོགས་ཡོངས་སུ་རྫོགས་པས་བདེ་བར་ཆོས་ཉིད་རྟོགས་པར་བྱེད་
དོ། །སངས་རྒྱས་ལ་ཤེས་ནས་དད་པ་འཐོབ་སྟེ། དེའི་ཆེ་བ་ཉིད་དམིགས་པའི་ཕྱིར་རོ། །ཆོས་དང་དགེ་བདུན་ལ་ཡང་དེ་བཞིན་ནོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ཀྱང་འཐོབ་སྟེ། དེ་རྟོགས་པའི་ཕྱིར་རོ། །འབེལ་པའི་གཏམ་གཏན་ལ་འབེབས་པས་མཁས་པ་རྣམས་

ཀྱི་མདུན་ན་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དགོངས་ནས་གསུངས་པའི་དགོངས་པ་ནི་བཅུ་པོ་འདི་དག་གོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཡང་། ཕ་དང་མ་ནི་གསད་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
ཏིང་ངེ་འཛིན་རྣམས་ཀྱི་ལས་ནི་རྣམ་པ་བཞི་སྟེ། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་། དེ་ལ་བརྟེན་ནས་ཇི་ལྟར་འདོད་པ་བཞིན་དུ་གསེར་ལ་སོགས་པའི་རང་བཞིན་དུ་བསྒྱུར་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་དང་།
རྫུ་འཕྲུལ་ལ་སོགས་པས་འདུན་པར་བྱས་ནས་སེམས་ཅན་རྣམས་འཛུད་ཅིང་ཡོངས་སུ་སྨིན་པར་བྱེད་པའོ། །ཇི་སྐད་བཤད་པ་ལྟ་བུའི་ཏིང་ངེ་འཛིན་མེད་པར་ནི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་སོགས་པ་བཞི་སྒྲུབ་པར་མི་ནུས་ཏེ། ཉན་ཐོས་བཞིན་ནོ། །ལྷག་པའི་སེམས་ཀྱི་བསླབ་པ་བཤད་ཟིན་
ཏོ།། །།བམ་པོ་དྲུག་པ། སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་འབྱུང་བས་ཏིང་ངེ་འཛིན་གྱི་འོག་ཏུ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བརྗོད་པར་བྱའོ། །བསླབ་པ་ནི་རིག་པ་འཛིན་པ་ཡིན་པས་ཤེས་རབ་དང་བསླབ་པ་གཉིས་ཐ་དད་པ་མེད་པ་མ་
ཡིན་ནམ་ཞེ་ན་གལ་ཏེ་དེ་ལྟ་ན་ལྷག་པའི་ཤེས་རབ་ཉིད་བསླབ་པའོ་ཞེས་གཞི་མཐུན་པར་བྱའོ། །དེ་ལྟ་ན་ཡང་དབང་དུ་བྱ་སྟེ་ཞེས་བྱ་བའི་དོན་མེད་དེ། དེ་ལས་གཞན་པ་ཅིའི་དབང་དུ་བྱས་ནས་ལྷག་པའི་ཤེས་རབ་ཅེས་བྱ། ཇི་ལྟར་བསླབ་པ་སྔ་མ་གཉིས་ཚུལ་ཁྲིམས་ཀྱི་དབང་དུ་བྱས།
སེམས་ཀྱི་དབང་དུ་བྱས་ནས་བསླབ་པ་ཤེས་རབ་གཞན་ཡོད་པ་ལྟར་ལྷག་པའི་ཤེས་རབ་ཅེས་བྱ་བ་འདིར་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་ནི་དངོས་གཞིའི་དབང་དུ་བྱས་པའོ། །དངོས་གཞི་ནི་དེའི་རྗེས་ལ་ཐོབ་པའི་དབང་དུ་བྱས་པ་སྟེ། །གཉི་ག་ཡང་ཡེ་
ཤེས་བླ་ན་མེད་པའི་དབང་དུ་བྱས་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་དེ་གང་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ནི་ངོ་བོ་ཉིད་ལ་སོགས་པ་ཟབ་པ་ཉིད་ལ་ཐུག་པའི་བར་དག་གིས་བཤད་དོ། །ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པ་ལྔ་རྣམ་པར་སྤངས་པ་ཞེས་བྱ་བ་སྨོས་སོ། །བཟློག་

པའི་སྒོ་ནས་མཚན་ཉིད་སྟོན་ཏེ། དམུས་ལོང་ལ་གཟུགས་བསྙད་པ་བཞིན་དུ་བསྒྲུབ་པའི་སྒོ་ནས་བརྗོད་པར་མི་ནུས་པའི་ཕྱིར་རོ། །རྣམ་པར་རྟོག་པ་བསྩལ་པའི་སྒོ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒྲུབ་ཏུ་རུང་གི་གཞན་དུ་ན་རྣམ་པར་རྟོག་པ་དང་བཅས་པར་འགྱུར་རོ། །རྣམ་པར་མི་
རྟོག་པ་དེ་དག་གང་ཞེ་ན། ཡིད་ལ་མི་བྱེད་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་པའོ། །གལ་ཏེ་ཡིད་ལ་མི་བྱེད་པ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་དུ་ཟིན་ན། གཉིད་ཀྱིས་ལོག་པ་དང་ར་རོ་བ་ལ་སོགས་པ་ཡིད་ལ་ཅི་ཡང་མི་བྱེད་པ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །
དེ་ཡང་འདོད་པ་མ་ཡིན་ཏེ་འབད་པ་མེད་པར་ཡང་ཐམས་ཅད་ཕྱིན་ཅི་ལོག་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་རྟོག་པ་དང་དཔྱོད་པ་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན་ནི་དེས་ན་བསམ་
གཏན་གཉིས་པ་ཡན་ཆད་ཀྱི་སོ་སོའི་སྐྱེ་བོ་དང་། ཉན་ཐོས་ལ་སོགས་པ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་བས་དེ་ཡང་འཐད་པ་མ་ཡིན་ནོ། །འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་ལ་སོགས་པ་ཡང་གལ་ཏེ་འདུ་ཤེས་དང་ཚོར་བ་རྣམ་པར་ཞི་བ་རྣམ་པར་མི་
རྟོག་པ་ཡིན་ན་ནི་དེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དུ་རྣམ་པར་མི་འགྱུར་ཏེ། སེམས་མེད་པར་སེམས་ལས་བྱུང་བ་རྣམས་མི་འབྱུང་བའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པས་སེམས་དང་བཅས་པ་ཉིད་དུ་འགལ་ཏེ། སེམས་
ལས་བྱུང་བ་མེད་པར་ནི། །སེམས་ནི་ནམས་ཀྱང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་འབྱུང་། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །གཟུགས་ཀྱི་ངོ་བོ་ཉིད་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་གལ་ཏེ་རྣམ་པར་མི་རྟོག་པའི་གཟུགས་ལ་སོགས་པ་ལྟ་
བུ་ཡིན་ན་ནི་དེས་ན་ཡེ་ཤེས་ཉིད་དུ་མི་འགྱུར་ཏེ། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ནའི་དོན་ལ་བཀྲ་བར་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་དེ་ཁོ་ནའི་དོན་ལ་རྣམ་པར་མི་རྟོག་པ་བཀྲ་བར་འཛིན་པ་འབྱུང་བ་གང་ཡིན་པ་དེ་རྣམ་པར་མི་རྟོག་པ་ཡིན་ན་ནི་དེ་རྣམ་པར་མི་རྟོག་

པ་ཉིད་དུ་མི་འགྲུབ་སྟེ། བཀྲ་བར་འཛིན་པ་ཉིད་རྣམ་པར་རྟོག་པའི་ཕྱིར་རོ། །རྣམ་པ་ལྔ་པོ་འདི་དག་ཉིད་ཚིགས་སུ་བཅད་པ་རྩ་བ་གསུམ་གྱིས་བཀག་ནས་རྩ་བ་བཞི་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྟོན་ཏེ། ཡང་དག་དོན་ལ་བཀྲར་འཛིན་མེད། །ཅེས་བྱ་
བ་ནི་བཀྲ་བར་མི་འཛིན་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གནས་བརྟན་པར་འདོད་ནས་ཚིགས་སུ་བཅད་པས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་པར་རྟོག་པ་མེད་པའི་གནས། །ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ནི་སེམས་ལས་བྱུང་བ་ཡིན་
པས་སེམས་ནི་གནས་སུ་འགྱུར་བ་ཡིན་ནོ། །སེམས་གནས་ཡིན་དང་རྣམ་པར་མི་རྟོག་པ་ནི་མི་རུང་སྟེ། སེམས་ཀྱི་སྒྲ་ནི་སེམས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཇི་སྟེ་སེམས་མེད་པ་གནས་ཡིན་ན་ནི་དེས་ན་ཡེ་ཤེས་ཉིད་དུ་མི་འགྱུར་ཏེ། གཟུགས་བཞིན་ནོ་ཞེ་ན། ཉིས་འགེག་གི་ཐག་པ་
འདི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ལན་འདེབས་སོ། །དོན་ལ་མི་སེམས་རྒྱུས་བྱུང་ཕྱིར། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་དེའི་གནས་སེམས་མ་ཡིན་ཏེ། འདི་ལྟར་དོན་ལ་མི་སེམས་པའི་ཕྱིར་རོ། །སེམས་མེད་པ་ཡང་དེའི་གནས་མ་ཡིན་ཏེ། སེམས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །
འདི་ལྟར་དེ་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་སྟེ། བསྒོམས་པའི་དབང་གིས་གང་ན་སེམས་དང་སེམས་མེད་པར་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའི་གནས་ཞེས་བརྗོད་པའི་གནས་སྐབས་དེ་འཐོབ་པོ། །གཞི་ཞེས་བྱ་བ་ནི་རྒྱུ་སྟེ། བྱེད་རྒྱུའོ། །དེའི་དབང་དུ་བྱས་ནས། ཐོས་པའི་བག་
ཆགས་བརྗོད་བཅས་པའི། །ཞེས་བྱ་བ་སྨོས་སོ། །གཞན་དག་ལས་སྒྲ་ཐོས་པ་དེ་ནི་མཉན་པར་བྱ་བ་ཡིན་པའི་ཕྱིར་ཐོས་པ་སྟེ། གཞན་ནི་མ་ཡིན་ནོ། །དེ་གོམས་པའི་ཕྱིར་ནུས་པ་ཁྱད་པར་ཅན་ནི་བག་ཆགས་ཏེ། དེའི་རྒྱུ་ལས་བྱུང་བ་ཡིད་ཀྱི་བརྗོད་པ་ཡིད་ལ་བྱེད་པའོ། །དེ་ནི་ཚུལ་བཞིན་
ཞེས་བྱ་བ་ནི་རིགས་པ་སྟེ། རྣམ་པར་བྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་དང་བཅས་པའི་ཕྱིར་ཡེ་ཤེས་ཀྱི་དམིགས་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་དམིགས་པ་ནི། །ཆོས་རྣམས་བརྗོད་དུ་མེད་པ་ཉིད། །ཅེས་བྱ་བ་ལ་སོགས་པའོ། །

བརྗོད་དུ་མེད་པ་ཉིད་ཅེས་བྱ་བ་ནི་བརྗོད་པ་རང་བཞིན་མེད་པ་ཉིད་དེ། བརྗོད་པ་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བའོ། །བདག་མེད་དེ་བཞིན་ཉིད་ཀྱང་དེ། །ཞེས་བྱ་བ་ནི་གྲགས་པའི་ཚིག་གཉིས་ཀྱིས་གསལ་བར་བྱེད་པ་སྟེ། གང་ཟག་དང་ཆོས་མེད་པའི་ངོ་བོ་ཉིད་སྒྲོ་བཏགས་པ་དང་སྐུར་པ་འདེབས་
པའི་མཐའ་ལས་གྲོལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པའོ། །དམིགས་པ་དང་བཅས་པའི་ཆོས་རྣམས་ནི་རྣམ་པ་དང་བཅས་པའི་ཕྱིར་དམིགས་པ་འཛིན་པར་བྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་པ་ནི་དེ་བཞིན་ཉིད་ལ་དམིགས་པར་བརྗོད་དོ། །མཚན་མ་མེད་པ་གང་ཡིན་
པའོ་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་སྟེ། རྣམ་པ་མེད་པ་ཉིད་རྣམ་པའོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་རྣམ་པར་བརྟག་པར་བྱ་བའི་དོན་མེད་ན་རྣམ་པར་བརྟག་པར་བྱ་བ་འདི་ཅི་ཞེ་ན། དེའི་དོན་བསྟན་པའི་ཕྱིར། སྦྱོར་ལས་བྱུང་བའི་རང་བཞིན་ཏེ། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཡི་གེའི་འབྲུ་ཕན་ཚུན་དུ་སྦྱོར་བས་རྟ་ལྕག་ཅེས་བྱ་བ་ལ་སོགས་པ་རྒྱུན་མ་ཆད་པར་བརྗོད་པ་བརྡ་ལ་འདྲིས་པ་ལ། ལྟོས་ནས་དོན་ཀུན་བརྟགས་པའོ། །དེ་ལས་གཞན་དུ་མིན་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བ་དེ་ལས་གཞན་དུ་མ་ཡིན་པ་སྟེ། འབྲེལ་པ་བརྗོད་པ་མེད་ན་དེ་
མེད་པའི་ཕྱིར་དོན་དམ