Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 134

Văn bản gốc(Tây Tạng)

Trang 16 / 24 (50.000 ký tự/trang)
ཇིག་རྟེན་གྱི་ཁམས་བཞིན་དུ་སངས་རྒྱས་ཀྱི་ས་མཐའ་མེད་ཅིང་དབུས་མེད་པ་རྣམས་སུའམ། ཡང་ན་ས་ནི་འདིར་འཇིག་རྟེན་གྱི་
ཁམས་ཏེ། དེ་ཉིད་ཡུལ་ལོ། །མཐའ་དང་དབུས་མེད་པའི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་ཀྱིས་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་མཉམ་པར་གཤེགས་ཏེ། ཆོས་ཀྱི་སྐུ་ལ་སེམས་པ་ནི་འཇིག་རྟེན་གྱི་ཁམས་འདི་ཙམ་དུ་ཟད་ཀྱི། གཞན་དུ་ནི་མ་ཡིན་ནོ་

ཞེས་བྱ་བར་ཡོངས་སུ་ཆད་པ་མེད་པའི་ཕྱིར་རོ། །ཡང་ན་ཆོས་ཀྱི་སྐུ་ལ་སོགས་པ་མཐའ་དང་དབུས་མེད་པ་མངའ་བའི་སངས་རྒྱས་དག་པ་རྣམས་སུ་མཉམ་པར་ཐུགས་སུ་ཆུད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་བ་སྟེ། ཐམས་ཅད་དུ་ཡང་སེམས་ཅན་གྱི་དོན་ཀུན་དུ་སྟོན་པའི་ཕྱིར་
དང་། ཆོས་ཀྱི་སྐུ་ཡང་རང་བཞིན་གྱིས་མཐའ་དང་དབུས་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་འདིའི་བཤད་པ་ནི། འཁོར་བའི་མཐའ་ཇི་ཙམ་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ཡོན་ཏན་ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་དོན་
ནི་བཤད་ཟིན་ཏོ། །འདིའི་དེས་ཀླས་པ་ན་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །དེའི་རྒྱུ་མཐུན་པ་མདོ་ལ་སོགས་པའི་ཆོས་རྣམས་ནི་ད་ལྟར་དང་། ཕྱི་མ་ལ་ཇི་ལྟར་མཐུན་མཐུན་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་སོ། །ནམ་མཁའི་ཁམས་ཀྱི་མཐས་
གཏུགས་པ་ཞེས་བྱ་བ་འདིའི་བཤད་པ་ནི། མི་ཟད་པ་ཉིད་ཀྱི་ཡོན་ཏན་ཞེས་བྱ་བ་སྟེ། ནམ་མཁའ་ནི་སྒྲིབ་པ་མེད་པའི་ངོ་བོ་ཉིད་དེ། ཐོགས་པ་དང་བཅས་པའི་རྫས་རྣམས་ལ་མི་སྒྲིབ་པའི་ལས་ཅན་ནོ། །དེ་ཉིད་ཁམས་ཏེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཁུང་བུ་དང་སྣང་
བ་དང་མུན་པའི་ངོ་བོ་ཉིད་ནི་མ་ཡིན་ཏེ། མཐའ་ཡོད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་མཐའ་ཡས་མུ་མེད་ཅིང་ཟད་པ་མེད་ལ་འཇིག་པ་དང་སྐྱེ་བའི་འགྱུར་བ་མེད་ཅིང་རྟག་ཏུ་ལུས་ཅན་རྣམས་ལ་སྐབས་འབྱེད་པར་ཉེ་བར་གནས་པ་དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་སེམས་ཅན་
ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་མཚན་ཉིད་དེ། སེམས་ཅན་གྱི་ཁམས་ཇི་སྲིད་པར་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་རྒྱུན་མི་གཅོད་དོ། །བློ་ཕུལ་དུ་བྱུང་བའི་ཕྱིར་ཡོན་ཏན་དེས་ན་ཤིན་དུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱའོ། །བཅོམ་ལྡན་འདས་ནི་ཉན་ཐོས་དང་བྱང་ཆུབ་
སེམས་དཔའ་རྣམས་ལས་བློ་ཕུལ་དུ་བྱུང་བའི་ཕྱིར་ཁྱད་པར་དུ་འཕགས་སོ། །ཇི་ལྟ་ཞེ་ན། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་ལ་སོགས་པ་ནི་ཤེས་བྱ་ལ་གཉིས་ཀུན་དུ་འབྱུང་སྟེ། ཡེ་ཤེས་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །དེ་མེད་པའི་

ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་སོ། །སྤངས་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་མི་མཐུན་པའི་
མཚན་ཉིད་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །དེ་ཐབས་གང་གིས་བརྙེས་ཤེ་ན། །སངས་རྒྱས་ཀྱི་གནས་པ་གནས་པ་ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་དང་ཐུགས་རྗེ་ཆེན་པོ་ལ་གནས་པའི་ཕྱིར་བཅོམ་ལྡན་འདས་ནི་འཁོར་བ་ལ་ཡང་མི་གནས། མྱ་ངན་ལས་འདས་པ་ལ་ཡང་
མི་གནས་སོ། །སངས་རྒྱས་ཀྱི་གནས་པ་འདི་ཅི་ཞིག་གཞན་དག་དང་ཐུན་མོང་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་སྨོས་པ་སྟེ། སངས་རྒྱས་རྣམས་ནི་ཕན་ཚུན་འདྲེས་པ་ཉེ་བར་འདྲེས་པར་རྣམ་པ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །
ད་ལྟར་རང་གི་དོན་ཕུན་སུམ་ཚོགས་པ་གཞན་གྱི་དོན་མཛད་པ་ལ་གདུལ་བ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་དབང་དུ་བྱས་ནས་སྒྲིབ་པ་མི་མངའ་བར་རྟོགས་པར་ཐུགས་སུ་ཆུད་པ་ཞེས་བྱ་བ་སྨོས་སོ། །དེ་ལ་བར་ཆད་བྱེད་པ་བདུད་ལ་སོགས་པས་དེ་ལས་ཕྱིར་མི་ཟློགས་པའི་
དབང་དུ་བྱས་ནས་ཕྱིར་མི་ཟློགས་པའི་ཆོས་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །སེམས་ཅན་གང་དག་གི་དོན་མཛད་པ་ན་དེ་དག་གི་སྤྱོད་པས་མཐོན་དམན་དུ་འགྱུར་བ་མེད་པས་སྤྱོད་ཡུལ་གྱིས་མི་འཕྲོགས་པའོ། །ཐབས་གང་གིས་སེམས་ཅན་གྱི་དོན་མཛད་པ་དེའི་དབང་དུ་བྱས་
ནས་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སྨོས་སོ། །ཅི་སངས་རྒྱས་རྣམས་ཀྱི་སོ་སོའི་སྦྱོར་བ་ཐ་དད་དམ་ཞེ་ན། མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་དུ་ངེས་པར་འབྱུང་བ་སྨོས་པ་སྟེ། དུས་གསུམ་རྣམས་སུ་སངས་རྒྱས་ཐམས་ཅད་དོན་ཐམས་
ཅད་མཛད་པར་མཐུན་པར་ངེས་པར་འབྱུང་བའི་ཕྱིར་རོ། །དེ་དེ་ལྟར་སེམས་ཅན་གྱི་དོན་མཛད་ན་འཇིག་རྟེན་གྱི་ཁམས་རེ་རེར་རིམ་གྱིས་མཛད་དམ་ཞེ་ན། མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་སྨོས་པ་སྟེ། འཇིག་

རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཀུན་དུ་སྟོན་པའི་ཕྱིར་རོ། །དེ་དང་དེར་ཐེ་ཙོམ་སྐྱེས་ཤིང་སྐྱེས་པ་རྣམས་གཅོད་པའི་མཐུ་མངའ་བར་བརྗོད་པའི་ཕྱིར། ཆོས་ཐམས་ཅད་ལ་ཐེ་ཙོམ་མི་མངའ་བའི་མཁྱེན་པ་ཅན་ཞེས་བྱ་བ་སྨོས་པའོ། །གདུལ་བ་རྣམས་ཀྱི་རིགས་ཐ་དད་
པའི་ཕྱིར་ཅི་རིགས་སུ་ཐེག་པ་ལ་འདུལ་བ་ལ་མཁས་པའི་དབང་དུ་བྱས་ནས། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་སྨོས་སོ། །གདུལ་བ་དེ་དག་ཉིད་ལ་སྐལ་བ་ཡོད་པའམ། སྐལ་བ་མེད་པ་ལ་མཁས་པའི་དབང་དུ་བྱས་ནས། ཆོས་ལ་ནེམ་ནུར་མི་མངའ་བའི་
མཁྱེན་པ་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །ཡང་དག་པ་དང་། ལོག་པ་དང་། དེ་གཉི་ག་སྒྲུབ་པ་དང་ལྡན་པའི་གདུལ་བ་དེ་དག་ལ་དགའ་བ་ལ་སོགས་པའི་རྣམ་པའི་རྣམ་པར་རྟོག་པ་མི་མངའ་བའི་དབང་དུ་བྱས་ནས། རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བ་སྨོས་སོ། །མ་
ངེས་པའི་རིགས་ཀྱི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་དྲང་བ་དང་། ཡང་དག་པར་གཟུང་བའི་ཕྱིར་དང་། ཐེག་པ་ཆེན་པོ་ཡང་དག་པར་བསྔགས་པའི་དབང་དུ་བྱས་ནས། ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ་ཞེས་བྱ་བ་སྨོས་སོ། །
ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་ཞེས་སྟོན་པ་ལ་འདུལ་བ་རྣམས་ཐེ་ཙོམ་ཟ་བའི་སྐབས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ཀྱིས་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་གསུངས་
པའི་ཕྱིར་རོ། །ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་བ་སྤངས་པའི་ཕྱིར། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ན་མཚན་ཉིད་ཅི་འདྲ་ཞེ་ན། མཐའ་དང་དབུས་
མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་བྱ་བ་སྨོས་སོ། །རྟག་པ་དང་མི་རྟག་པ་ཉིད་ལ་སོགས་པ་ཐམས་ཅད་མཐའ་ཡིན་ན་དེའི་མཚན་ཉིད་མེད་པ་སྤངས་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཡོངས་

སུ་དག་པ་སྟེ། སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་ན་དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་དོན་མཛད་ཅེ་ན། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པ་ཞེས་བྱ་བ་སྨོས་སོ། །དོན་སུམ་ཅུ་རྩ་གཉིས་པོ་དག་ནི། ལས་བཅུ་དྲུག་གིས་རབ་ཏུ་
དབྱེ་བར་རིག་པར་བྱའོ་ཞེས་བྱ་བ་ལ། ལས་ཉིད་ནི་བྱ་བ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ཞེས་བྱ་བ་ལ་ཕན་པ་ནི་ཕྱི་མ་ལ་བདེ་བ་སྟེ། དཔེར་ན་འདོད་ཆགས་ཀྱི་ཤས་ཆེ་བ་ཚངས་པར་སྤྱོད་པ་ལྟ་བུའོ། །བདེ་བ་ནི་ད་ལྟར་གྱི་དགའ་བ་སྟེ།
དཔེར་ན་འདོད་པ་ཅན་རྣམས་ཁ་ན་མ་ཐོ་བ་དང་བཅས་པའི་ཡུལ་ལ་ཉེ་བར་སྤྱོད་པ་ལྟ་བུའོ། །ཕན་པ་དང་བདེ་བ་ནི་ད་ལྟར་དང་མ་འོངས་པ་ན་དགའ་བ་སྟེ། དཔེར་ན་འདོད་ཆགས་ཆུང་ངུའི་ཚངས་པར་སྤྱོད་པ་དེ་ཉིད་ལྟ་བུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ད་ལྟར་དང་མ་འོངས་པ་
ན་ལུས་ཅན་རྣམས་བདེ་བ་བླ་ན་མེད་པ་ལ་བརྟེན་པར་ཇི་ལྟར་འགྱུར་ཞིག་གུ་སྙམ་དུ་དད་པ་དང་འདུན་པའི་ངོ་བོ་ཉིད་ཀྱི་བསམ་པ་ཤས་ཆེ་བ་ནི་ལྷག་པའི་བསམ་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ་ཞེས་བྱ་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལས་ཀྱིས་སྟོན་ཏེ། མར་མེ་ལས་མར་
མེ་སྟོང་དུ་མཆེད་པར་བྱེད་པ་བཞིན་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལས་ཀྱིས་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་བསྟན་པ་ཡིན་ཏེ། དེ་བཞིན་དུ་ཚིག་འོག་མ་ཐམས་ཅད་ལ་ཡང་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པའི་བཤད་པ་སྦྱར་བར་བྱའོ། །ལ་ལ་ནི་ཕན་པ་དང་བདེ་
བར་བྱ་བའི་ལྷག་པའི་བསམ་པ་ཅན་ཡིན་ཡང་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡོད་པས། བདག་ཅི་རི་ཞེས་བྱ་བའི་ཤེས་པས་ཕྱིན་ཅི་ལོག་མེད་པའི་ལས་བསྟན་ཏེ། བདག་ཤེས་པ་ནི་ཕྱིན་ཅི་མ་ལོག་པར་སྦྱོར་བའི་ཕྱིར་རོ། །ཇི་སྐད་དུ། བདག་ཤེས་པའི་ཡོན་ཏན་མཚུངས་པ་མེད། བདག་མི་ཤེས་
པའི་དྲི་མ་མཚུངས་པ་མེད། ལྷ་དང་མིར་བཅས་པའི་འགྲོ་བ་འདི། ཆ་འདི་གཉིས་ཀྱིས་བརྒྱད་ཅིང་གནོད་པར་འགྱུར་ཞེས་བཤད་པ་ལྟ་བུའོ། །དེ་སྐད་དུ། བདག་ཤེས་པ་ནི་སྙིང་གི་རྩ་ལག་གྱུར་པ་ཡིན་ཞེས་བྱ་བ་ལ་སོགས་པས་ཀྱང་བཤད་དོ། །ང་རྒྱལ་བཅོམ་པ་ཞེས་བྱ་བ་ནི།

གཞན་གྱིས་བྱེད་དུ་མ་བཅུག་པར་བདག་ཉིད་སྦྱོར་བའི་ལས་ཀྱིས་བཤད་དེ། གསོལ་བ་འདེབས་པ་ལ་མི་སྡོད་པར་ཆོས་སྟོན་པར་འཇུག་པའི་ཕྱིར་རོ། །ལྷག་པའི་བསམ་པ་བསྟན་པ་ཞེས་བྱ་བ་ནི་མི་འཁྲུགས་པའི་ལས་ཀྱིས་སྟོན་ཏེ། འཁོར་བ་པའི་སྡུག་བསྔལ་རྣམས་ཀྱིས་སེམས་
སྐྱོ་བར་བྱེད་མི་ནུས་པའི་ཕྱིར་རོ། །བཅོས་མ་ཡིན་པར་བྱམས་པ་དང་། མཛའ་བ་དང་། མི་མཛའ་བ་ལ་སེམས་སྙོམས་པ་དང་། མྱ་ངན་ལས་འདས་པའི་མཐའི་བར་དུ་གཏན་དུ་མཛའ་བ་ཞེས་བྱ་བ་གསུམ་ནི་ཟང་ཟིང་མེད་པའི་ལས་རྣམ་པ་གསུམ་གྱིས་འཆད་དེ། དེ་ལ་ཟང་ཟིང་
དང་མ་འབྲེལ་པ་ཞེས་བྱ་བ་ལ། ཟང་ཟིང་གི་ཕྱིར་བྱམས་པ་དེ་ནི་བཅོས་མ་སྟེ། །རྙེད་པ་ཡོད་ཀྱི་བར་དུ་བྱམས་པའི་ཕྱིར་རོ། །ཟང་ཟིང་མེད་པར་བྱམས་པ་ནི་བཅོས་མ་མ་ཡིན་པ་སྟེ། དུས་ཐམས་ཅད་དུ་མེད་པར་མི་འགྱུར་བའི་ཕྱིར་རོ། །སུ་གང་ཟང་ཟིང་ལ་རག་ལུས་ཏེ་མཛའ་བ་ནི་
མཛའ་བ་དང་མི་མཛའ་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་ཏེ། སེམས་སྙོམས་པར་མི་འགྱུར་རོ། །ཟང་ཟིང་མེད་པའི་སེམས་དང་ལྡན་པ་ནི་གཉི་ག་ལ་ཡང་སེམས་སྙོམས་པར་འཇུག་གོ། །ཟང་ཟིང་གིས་བྱས་པའི་མཛའ་བ་ལ་མཐུན་པར་བྱེད་པ་ནི་ཇི་སྲིད་འཚོའི་བར་དུ་མཐུན་པར་
བྱེད་པ་སྟེ། གཏན་དུ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཟང་ཟིང་མེད་པར་བྱམས་པ་སྟེ། ཚེ་རབས་གཞན་དག་ན་ཡང་རྗེས་སུ་མཐུན་པར་བྱེད་པས་མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་གཏན་དུ་བྱམས་སོ། །ཚིག་རན་པ་དང་འཛུམ་པའི་བཞིན་གྱིས་གསོང་པོར་སྨྲ་བ་ཞེས་བྱ་བ་
འདི་གཉིས་ནི་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་མཐུན་པའི་ངག་དང་ལུས་ཀྱི་ལས་ཀྱིས་བཤད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ལས་ཀྱིས་བཤད་དེ། སུ་དག་སྡུག་བསྔལ་བ་ཉིད་དག་ལ་སྙིང་
རྗེ་འཇུག་གི། བདེ་བ་རྣམས་ལ་ནི་མ་ཡིན་པ་དེའི་ལས་ནི་མ་སྙོམས་པ་སྟེ། གཞན་དུ་མི་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་རུང་། སེམས་ཅན་དུ་བསྡུས་པ་རྣམས་འདུ་བྱེད་ཀྱི་སྡུག་

བསྔལ་ཉིད་དང་ལྡན་པས་དེ་དག་ལ་བྱེ་བྲག་མེད་པར་སྙིང་རྗེ་བའི་ཕྱིར་ལས་མཉམ་པ་ཡིན་ནོ། །ཁུར་བླངས་པ་རྣམས་ལ་སྒྱིད་ལུག་པ་མེད་པ་ཞེས་བྱ་བ་ནི་མི་ཞུམ་པའི་ལས་ཀྱིས་བརྗོད་དོ། །སེམས་ཅན་ཐམས་ཅད་བསྒྲལ་བའི་ཁུར་ལ་བརྩོན་པར་བྱས་པའི་
རྩོལ་བ་ཡོངས་སུ་མི་གཏོང་བའི་ཕྱིར་ཇི་ལྟར་དམ་བཅས་པ་སྒྲུབ་པའི་ཕྱིར་རོ། །ཡིད་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བ་ནི་མི་བཟློག་པའི་ལས་ཀྱི་རྣམ་པར་འགྲེལ་ཏེ། སེམས་ཅན་ལོག་པ་བསྒྲུབས་པས་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་མཐུན་པའི་ལས་ལས་བཟློག་
པར་མི་ནུས་པའི་ཕྱིར་རོ། །ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་ཞེས་བྱ་བ་ནི། ཐབས་ཡོངས་སུ་འཛིན་པའི་ལས་ཀྱིས་རྣམ་པར་འབྱེད་དོ། །མཉན་པ་ཡིན་པས་ཐོས་པ་སྟེ། མདོ་ལ་སོགས་པའི་ཆོས་རྣམས་ཡིན་གྱི་མཉན་པར་བྱ་བ་གང་ཅི་ཡང་རུང་བ་མ་ཡིན་ནོ། །དོན་ནི་དེ་དག་ཉིད་ཀྱིས་
བརྗོད་པར་བྱ་བའོ། །ཐོས་པ་དང་། དོན་གཉིས་ལ་ངོམས་མི་མྱོང་བ་ནི་ཆོག་མི་ཤེས་པ་སྟེ། དེ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཡོངས་སུ་འཛིན་པའི་ལས་ཏེ། ཐོས་པ་དང་དོན་གྱིས་མི་ངོམས་པ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེ་འབྲེལ་པ་རྣམས་ཀྱིས་ཆོས་སྟོན་པའི་ཕྱིར་རོ། །
ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས་ཞེས་བྱ་བ་ནི། བདག་གི་འཁྲུལ་པ་རྣམས་ལ་ཉེས་པར་ལྟ་བ་དང་། གཞན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་བ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་འདོད་ཆགས་སོགས་པའོ། །
དེ་ལས་འདུན་པ་བཟློག་པ་ནི་ཕྱིར་བཟློག་པ་སྟེ། བདག་གི་འཁྲུལ་པའི་སྐྱོན་ཡང་དག་པར་མཐོང་ན་དེ་ལས་ལྡོག་གོ། །ལེགས་པ་བསྡམས་པས་ཀྱང་ཚིག་གཟུང་བར་འོས་པས་གཞན་དག་བྱ་བ་མ་ཡིན་པ་ལས་བཟློག་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཇི་སྐད་དུ། གནས་མ་ཡིན་ཞིང་གོ་སྐབས་
མེད་དེ། གང་བདག་ལོག་པར་ཞུགས་པ་ལ་ཞེས་བྱ་བ་ལ་སོགས་པ་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །འཇིག་རྟེན་ན་ཡང་། །རང་གི་ཉེས་ལ་ཉེས་ཤེས་ན། །དུས་ཞིག་ན་ནི་འབྲལ་བར་འགྱུར། །དེ་ལ་ཡོན་ཏན་འཛིན་པ་ཡི། །ང་རྒྱལ་ཅན་ལ་འབྲལ་མི་འགྱུར། །ཞེས་བརྗོད་དོ། །སུ་ཞིག་ལྟུང་

བ་འབྱུང་བ་ལ་ཕན་པར་འདོད་པའི་ཕྱིར་མ་ཡིན་གྱི། ཁྲོས་ཏེ་གླེང་ན་དེའི་ཚིག་དེ་ཡང་གཟུང་བར་འོས་པ་མ་ཡིན་པས་ཇེ་མི་མཐུན་ཞིང་ལོག་པར་སྒྲུབ་པར་འགྱུར་གྱི། བུ་གཅིག་པ་དང་འདྲ་བར་བྱམས་པ་སྐྱེས་པ་ནི་ལྟུང་བ་ཡང་གླེང་བར་བྱེད་ལ། ཕྱིན་ཅད་མི་བྱ་བའི་སྡོམ་པ་ཡང་འཛིན་ཏུ་འཇུག་
གོ། །སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནི། རྒྱུན་མི་འཆད་པར་དེ་ཡིད་ལ་བྱེད་པའི་ལས་ཀྱིས་དེ་ཤེས་པར་བྱེད་དོ། །དེ་ཞེས་བྱ་བ་ནི་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་སྦྱར་རོ། །བྱེད་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བའི་
ཕྱིར་ཏེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཇི་སྐད་དུ། འདུག་པ་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས་ཞེས་བྱ་བ་ནི། རྣམ་པར་སྨིན་པ་
ལ་མི་རེ་བའི་སྦྱིན་པ་ཞེས་བྱ་བ་ནས། བསྡུ་བའི་དངོས་པོ་བཞིས་ཟིན་པའི་ཐབས་ཞེས་བྱ་བའི་བར་རོ། །གོང་ནས་གོང་དུ་རབ་ཏུ་དགའ་བ་ལ་སོགས་པའི་སའི་གནས་སྐབས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཇི་སྐད་སྨོས་པའི་མི་མཐུན་པའི་ཕྱོགས་མ་ལུས་པར་བསལ་བ་རྣམས་དང་། བསྡུ་བའི་
དངོས་པོ་རྣམས་ནི་ཁྱད་ཞུགས་པར་ཁྱད་པར་དུ་འགྲོ་བ་འཕེལ་བ་འཐོབ་པའི་རྒྱུའོ། །ལས་ནི་བྱ་བ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །གང་ལ་ཁྱད་པར་ཡོད་པ་དེ་བཤད་པར་བྱ་སྟེ། དེ་ན་སེམས་ཅན་གྱི་དོན་བྱ་བ་མི་མཐོང་བའི་ཕྱིར་བྱང་ཆུབ་སེམས་
དཔའ་ནི་གཟུགས་མེད་པའི་ཁམས་སུ་མི་སྐྱེའོ། །དེས་ན་བྱང་ཆུབ་སེམས་དཔའི་བསམ་གཏན་གང་ཡིན་པ་ནི། གཟུགས་མེད་པའི་ཁམས་རྣམ་པར་བསལ་བ་སྟེ་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །ཐབས་ལ་མཁས་པ་ནི་སྙིང་རྗེ་དང་ལྡན་པའི་ཤེས་རབ་སྟེ། དེས་སེམས་ཅན་གྱི་དོན་
བྱེད་པའི་ཕྱིར་རོ། །དེ་མེད་ན་སེམས་ཅན་གྱི་དོན་མེད་པར་འགྱུར་ཏེ། སངས་རྒྱས་ཉིད་ནི་སེམས་ཅན་གྱི་དོན་ནོ། །ཇི་སྐད་དུ། ཁྱོད་ནི་ཤེས་རབ་ཐུགས་རྗེ་ཟུང་འབྲེལ་བས། །ཟིན་ནས་གཞན་ལ་ཕན་པ་མཛད་པར་གྱུར། །གཞན་གྱི་དོན་དུ་ཡང་དག་སྤྱོད་པ་ནི། །བྱང་ཆུབ་བགྲོད་པ་

གཅིག་པུའི་ལམ་ལགས་སོ། །ཞེས་བཤད་པ་ལྟ་བུའོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །སྦྱིན་པ་ནི་ཕན་འདོགས་པའི་ཕྱིར་སྦྱིན་པ་ལ་འཇུག་པའོ། །སྙན་པར་སྨྲ་བ་ནི་བྱེ་བྲག་ཏུ་རྟོགས་པའི་
ཕྱིར་ཏེ། ཆོས་སྟོན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དོན་སྤྱོད་པ་ནི་དགེ་བ་ལ་འཛུད་པའི་ཕྱིར་ཏེ། ཡང་དག་པ་ལེན་དུ་འཇུག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་མཐུན་པ་ནི་མཐུན་པར་འཇུག་པའི་ཕྱིར་ཏེ། ཡོན་ཏན་མཚུངས་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་སྦྱིན་པས་
ནི་ཆོས་ཀྱི་སྣོད་དུ་བྱེད་དོ། །སྙན་པར་སྨྲ་བས་ནི་ཆོས་ལ་མོས་པར་བྱེད་དོ། །དོན་སྤྱོད་པས་ནི་ཆོས་ལ་མོས་པ་སྒྲུབ་པར་བྱེད་དོ། །དོན་མཐུན་པས་ནི་ཞུགས་པ་སྦྱོར་བར་བྱེད་དེ། ཡང་དང་ཡང་དུ་བཀྲ་བར་བྱེད་པའི་ཕྱིར་རོ། །དེ་དག་ཉིད་ཐབས་ཏེ། ངོ་བོ་ཉིད་ཀྱིས་བསྡུད་པའི་ཕྱིར་རོ། །ཚིག་དྲུག་
གིས་གྲུབ་པར་སྦྱོར་བའི་ལས་ཞེས་བྱ་བ་ལ་གྲུབ་པར་བྱ་བའི་ཕྱིར་སྦྱོར་བ་ནི་གྲུབ་པར་སྦྱོར་བའོ། །གང་གིས་གྲུབ་པ་དེ་ནི་ལས་སོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང་ཞེས་བྱ་བ་ནས། གྲོགས་ཀྱི་ཡོན་ཏན་ཞེས་བྱ་བ་དེ་དག་ནི་མདོའི་ཚིག་བརྒྱད་པའོ། །ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་
འཆལ་བ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་ཞེས་བྱ་བ་ནས། དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱ་བའི་བར་གྱིས་བཤད་དེ། ཡིད་ལ་བྱེད་པའི་ཡོན་ཏན་དང་གྲོགས་ཀྱི་ཡོན་ཏན་གཉིས་ཚིག་གཉིས་གཉིས་ཀྱིས་བཤད་པའི་ཕྱིར་རོ། །འདི་དག་ལ་ཚུལ་ཁྲིམས་ཡོད་པའི་ཕྱིར་
ཚུལ་ཁྲིམས་དང་ལྡན་པའོ། །ཚུལ་ཁྲིམས་སྡིག་པ་ཅན་ནི་ཚུལ་ཁྲིམས་འཆལ་པའོ། །དེ་དག་ལས་ཆོས་ཉན་པ་ན་ཆོས་ལ་གུས་པའི་ཕྱིར་དེ་གཉི་ག་ལ་ཡང་བཤེས་གཉེན་བཟང་པོར་འདུ་ཤེས་ནས་དེ་དག་ལ་བརྟེན་ཏོ། །ཚུལ་ཁྲིམས་འཆལ་བ་ལ་སྐྱེས་བུ་ཐ་ཤལ་ཞེས་བརྙས་པར་མི་བྱེད་དེ།
ཇི་སྐད་དུ། །མཁས་པ་ཚུལ་ཁྲིམས་ངན་ཡང་མི་དམན་ཞིང་། །ཕན་པར་སྨྲ་ལ་གསལ་བར་སྨྲ་བ་ལ། །བླ་མ་ཅི་འདྲ་དེ་བཞིན་གུས་པར་བྱེད། །དེ་ཡིས་ལེགས་པར་སྨྲ་ལ་བྱམས་དེ་འདྲ། །ཞེས་བཤད་པ་ལྟ་བུའོ། །གུས་པར་བྱས་ཏེ་ཆོས་ཉན་ཞེས་བྱ་བ་ནི་ཇི་སྐད་དུ། དོན་རྣམ་པ་བཅུ་

དྲུག་གིས་ཆོས་མཉན་པར་བྱའོ། །ཞེས་བཤད་པ་ལྟ་བུའོ། །གནས་ནས་རྒྱང་གྲགས་གཅིག་ཕན་ཆད་ནི་དགོན་པའོ། །གུས་པར་བྱས་ཏེ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་གུས་པའོ། །རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ནི་འདོད་པ་ལ་སོགས་པ་དང་ལྡན་པ་སྟེ། གར་བྱེད་པ་དང་། གར་
བྱེད་དུ་འཇུག་པ་དང་། གླུ་ལེན་པ་ལ་སོགས་པ་འཇིག་རྟེན་གྱི་སྣ་ཚོགས་ལ་མི་དགའ་བས་དེ་དག་ཡོངས་སུ་སྤོང་ངོ་། །ཡིད་ལ་བྱེད་པའི་ཡོན་ཏན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་འདོར་བ་དང་། ཐེག་པ་ཆེན་པོའི་ཡོན་ཏན་འདོད་པ་དང་ལྡན་པའི་ཕྱིར་རོ། །གྲོགས་ཀྱི་ཡོན་
ཏན་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པའོ། །གསུམ་གྱིས་གྲུབ་པ་ལས་ཞེས་བྱ་བ་ནི་གྲུབ་པའི་རྟགས་སོ། །ལས་ཀྱི་སྒྲ་ནི་འདིར་རྟགས་ཀྱི་རྣམ་གྲངས་སུ་གཏོགས་པ་སྟེ། ཚད་མེད་པ་དང་། མཐུ་དང་། རྟོགས་པའི་ཡོན་ཏན་རྣམས་ཀྱིས་
དེ་དག་བཤད་དོ། །ཚངས་པའི་གནས་པ་བཞི་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ལ་སོགས་པ་ལ། ཚད་མེད་པ་བཞི་པོ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ནི་ཚངས་པའི་གནས་པའོ། །དེ་དག་ནི་གྲུབ་པ་ན་རྣམ་པར་དག་པ་བག་ལ་ཞ་བ་བཞིན་དུ་ཤེས་པར་བྱེད་
པས་རྟགས་ཀྱི་སྒྲ་འཐོབ་བོ། །མཐུ་ཞེས་བྱ་བ་ནི་མཐུ་སྟོབས་ཏེ། མངོན་པར་ཤེས་པ་ལྔ་པོ་དག་གིས་རྣམ་པར་རོལ་པའི་ཕྱིར་རྫུ་འཕྲུལ་ཆེ་བ་ཉིད་དོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་མཐུ་མ་ཡིན་ཏེ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྫུ་འཕྲུལ་ཆེ་བ་མ་ཡིན་པའི་ཕྱིར་རོ། །ཡང་
ན་བྱང་ཆུབ་སེམས་དཔའི་སྐབས་ཡིན་པས་དེ་མ་སྨོས་ཏེ། འདི་ཡང་གྲུབ་པའི་རྟགས་སོ། །རྟོགས་པ་ནི་མངོན་སུམ་དུ་བྱེད་པ་དང་། དེ་མངོན་སུམ་དུ་བྱེད་པའི་དབང་སྟེ། ཡེ་ཤེས་ལ་རྟོན་པ་ཞེས་བྱ་བས་སྟོན་ཏེ། སོ་སོ་རང་གིས་རིག་པ་བདག་ཉིད་ཀྱིས་མངོན་སུམ་པའི་ཡེ་ཤེས་སོ། །
རྟོན་པ་ནི་ཕུག་སྟེ་ཚད་མར་བཤད་པ་ཡིན་གྱི། དོན་ཙམ་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེས་ཞི་བར་མི་འགྱུར་བའི་ཕྱིར་རོ། །ཚིག་བཞིས་དེས་འཇོག་པའི་ལས་ཞེས་བྱ་བ་ནི་ཕན་བ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དེས་འཇོག་པ་ནི་དེས་འཇོག་པའོ། །དེ་ཉིད་ལས་ཏེ། སྒྲུབ་པ་དང་

ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་ཞེས་བྱ་བ་ནས་རྫོགས་པའི་བར་རོ། །འདི་དག་གི་བཤད་པ་ནི། ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་ཞེས་བྱ་བ་ནས་བཟུང་སྟེ། ཐ་མར་ཐུག་གི་བར་ཏེ། ཚུལ་ཁྲིམས་འཆལ་བ་མི་དགེ་བའི་གནས་ལས་
བསྐྱོད་དེ། དགེ་བ་ལ་འཇོག་གི། ཕྱུག་པར་ནི་མི་བྱེད་དོ། །ཚིག་གཅིག་ཏུ་ཆད་པ་ནི་ཐེ་ཚོམ་མེད་པར་གྱུར་པའི་གདམས་པ་དང་རྗེས་སུ་བསྟན་པ་ཚིག་གཟུང་བར་འོས་པ་ཡིན་པའི་ཕྱིར། ཐེ་ཚོམ་ཅན་གྱི་ཚིག་ནི་གཟུང་བར་འོས་པ་མ་ཡིན་པའི་ཕྱིར་རོ། །བདེན་པ་གཅེས་སུ་བྱེད་པ་ཞེས་བྱ་
བ་ནི། ཆོས་དང་ཟང་ཟིང་གི་སྡུད་པ་ཞེས་བྱ་བས་འཆད་དེ་བསྒོ་བ་དང་། གང་ཡང་རུང་བ་དང་། གཉི་ག་ལས་ཡང་དག་པར་བགོ་བཤའ་བྱ་བར་དམ་བཅས་ནས་ཆོས་དང་ཟང་ཟིང་གཉིས་ཀྱིས་དེ་བཞིན་དུ་སྒྲུབ་པའི་ཕྱིར་རོ། །འདི་ཡང་ལས་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་
དེས་ཡོངས་སུ་བཟུང་བས་སེམས་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་དེ། བསྙེན་བཀུར་བྱེད་པ་ལ་སོགས་པ་ཚེ་འདིའི་འབྲས་བུ་ལ་ཆགས་པར་མི་སེམས་པའི་ཕྱིར་དང་། བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བར་སེམས་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་དོན་ནི་བརྡ་<ཕྤད་‚སྤྲད་>པར་ཟད་དོ། །
དེ་ལྟ་བུའི་ལས་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཤེས་བྱའི་མཚན་ཉིད་ཇི་ལྟར་མངོན་པར་རྟོགས་པར་བྱེད་པ་དེ་ལྟར་བརྗོད་པར་བྱའོ། །མང་དུ་ཐོས་པས་བསྒོས་པའི་གནས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྐབས་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་དང་དོན་མང་དུ་ཐོས་པས་
སེམས་དང་སེམས་ལས་བྱུང་བའི་རྒྱུད་བསྒོས་པ་ཡིན་ཏེ། མང་དུ་མ་ཐོས་པ་ལ་ནི་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་ལ་འཕགས་པ་སྒྲ་གཅན་ཟིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ལ་མངོན་པར་རྟོགས་པར་བགྱི་བའི་སླད་དུ། གདམས་
སུ་གསོལ། བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ཀྱིས་ཕུང་པོ་པ་བཟུང་ངམ། དེས་གསོལ་པ། །བཅོམ་ལྡན་འདས་མ་བཟུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲ་གཅན་ཟིན་དེ་ལྟ་བས་ན་ཕུང་པོ་པ་ཉིད་ཇེ་ཟུང་ཤིག། ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བ་ལ་

སོགས་པའོ། །ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་མ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པའི་རྒྱུ་མཐུན་པ་དང་། དེའི་གཉེན་པོ་ཡིན་པའི་ཕྱིར། །དེའི་རང་བཞིན་མ་ཡིན་ཏེ། །འགལ་བའི་ཕྱིར་དེས་བསྡུས་པ་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ལྟར་ས་
བོན་ཡིན་པ་ཞེས་བྱ་བ་ནི་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་བཞིན་དུ་གནས་འདི་ཡང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྒྱུ་ཡིན་ཏེ། རྒྱུའི་དངོས་པོ་ཙམ་དུ་དཔེ་དང་བསྟུན་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །ཆོས་ནི་མདོ་ལ་སོགས་
པའོ། །དོན་ནི་དེ་དག་ཉིད་ཀྱི་བརྗོད་པར་བྱ་བ་བདག་མེད་པ་ལ་སོགས་པའོ། །འདི་དག་ནི་དེའི་རྣམ་པར་འབྱུང་བའི་ངང་ཚུལ་ཅན་ཡིན་པས་དེར་སྣང་བ་འབྱུང་བའི་ཚུལ་ཅན་ནོ། །གཟུང་བའི་དངོས་པོའི་གནས་ལྟ་བུ་ཞེས་བྱ་བ་ནི་དེ་དང་འདྲ་བར་སྣང་བའི་ཕྱིར་རོ། །ལྟ་བ་དང་བཅས་པ་ཞེས་
བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་དང་བཅས་པའོ། །ཡིད་ཀྱི་བརྗོད་པ་རྣམས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །ཡང་ན་ལྟ་བའི་ཆ་དང་བཅས་པའི་གཟུང་བ་དང་འཛིན་པའི་དངོས་པོར་རྣམ་པར་གཞག་པ་རྣམས་ཏེ། ཇི་སྐད་སྔར་བཤད་པ་བཞིན་ནོ། །འཇུག་པ་སུ་ཞེ་ན།
ཞེས་བྱ་བ་ནི་འཇུག་པར་བྱེད་པ་མངོན་པར་རྟོགས་པར་བྱེད་པ་པོ་དཔྱོད་པས་འདྲི་བ་གླེང་སློང་ངོ་། །སེམས་ཀྱི་རྒྱུད་ཐེག་པ་ཆེན་པོ་ཆོས་མང་དུ་ཐོས་པས་བསྒོས་པ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་འབྱུང་བ་ཚད་མེད་པ་མཉེས་པར་བྱ་བ་ནི་མངོན་དུ་བྱེད་པ་སྟེ། འདིས་དེ་ཐོབ་
པས་སངས་རྒྱས་འབྱུང་བ་ཚད་མེད་པ་མངོན་དུ་བྱེད་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །གཅིག་ཏུ་མོས་པ་ཅན་ཞེས་བྱ་བ་ནི་གང་ཐེག་པ་ཆེན་པོའི་ཆོས་ལ་མངོན་པར་ཡིད་ཆེས་ཏེ། བཤེས་གཉེན་ངན་པ་གང་གིས་ཀྱང་དབྱེར་མི་ཕྱེད་པའོ། །ཐེག་པ་ཆེན་པོ་མང་དུ་ཐོས་པ་ལ་སོགས་པ་རྣམ་
པ་འདི་གསུམ་གྱིས། དགེ་བའི་རྩ་བ་ལེགས་པར་བསགས་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་བྱང་ཆུབ་སེམས་དཔའོ། །གང་དུ་འཇུག་ཅེ་ན་ཞེས་བྱ་བ་ནི་ཡུལ་དམིགས་ཀྱིས་དབྱེ་བ་ལྷུར་ལེན་པས་འདྲི་བའོ། །ལྟ་བ་དང་བཅས་པའི་ཆོས་ཞེས་

བྱ་བ་ལ་སོགས་པ་ལ། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱུ་ལས་དེའི་རྣམ་པར་འབྱུང་བ་འཇུག་པ་པོའི་ཡིད་ཀྱི་བརྗོད་པ་ནི་འཇུག་པར་བྱ་བའི་ཡུལ་ཡིན་པས་གཞི་ཉིད་དུ་བརྗོད་པར་འདོད་པའོ། །ཡིད་ཀྱི་བརྗོད་པ་དེ་ལ་འཇུག་པ་ཁ་ཅིག་ནི། མོས་པས་སྤྱོད་པའི་ས་ལ་
འཇུག་སྟེ། ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་དུ་མོས་པའི་ཕྱིར་རོ། །ཁ་ཅིག་ནི་མཐོང་བའི་ལམ་ལ་འཇུག་སྟེ། ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བརྗོད་པ་རབ་ཏུ་རྟོགས་པའི་ཕྱིར་རོ། །དེ་ལ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། འདི་ལྟར་སེམས་
ཅན་མེད་པ་དང་། ཆོས་མེད་པ་དང་། གཟུང་བ་མེད་པ་དང་། འཛིན་པ་མེད་པར་རབ་ཏུ་རྟོགས་པའོ། །ཁ་ཅིག་ནི་བསྒོམ་པའི་ལམ་ལ་འཇུག་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་དུ་བསྒོམས་པས་དེ་རྣམ་པར་དག་པའི་ཕྱིར་རོ། །ཁ་ཅིག་ནི་
མཐར་ཕྱིན་པའི་ལམ་ལ་འཇུག་སྟེ། སྒྲིབ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་རབ་ཏུ་རྟོགས་པ་རྣམ་པ་བཞིའོ། །གང་གིས་འཇུག་ཅེ་ན་ཞེས་བྱ་བ་ནི་རྒྱུ་ཡོངས་སུ་འདྲི་བ་སྟེ། ཐབ་གང་གིས་འཇུག་ཅེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པས་
ནི་དེ་སྟོན་ཏོ། །དགེ་བའི་རྩ་བའི་སྟོབས་ཅན་དུ་གྱུར་དུ་ཟིན་ཀྱང་སེམས་ཞུམ་པ་ཡང་ཡོད་དོ་སྙམ་པ་ལ། རྣམ་པ་གསུམ་གྱིས་སེམས་སྦྱོང་བ་ཞེས་བྱ་བ་སྨོས་སོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་སྦྱོང་བ་དང་པོའོ། །ཞེས་བྱ་བ་ནི་གསལ་
བར་བྱེད་པ་སྟེ། བཤད་པ་ཉིད་ཀྱིས་གསལ་བར་བྱས་ཟིན་ཏོ། །བསམ་པ་དེ་བདག་གིས་ཐོབ་པ་སྟེ་ཞེས་བྱ་བ་ནི་བགེགས་མེད་ཅེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་སེར་སྣ་མེད་པ་དང་། འདོད་པ་ལ་རྣམ་པར་རྟོག་པ་མེད་པ་དང་། གནོད་སེམས་མེད་པ་དང་། ལེ་ལོ་མེད་པ་དང་།
གཉིད་དང་རྨུགས་པ་མེད་པ་དང་། །མ་རིག་པ་མེད་པ་དེའི་ཕྱིར། ཚེགས་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་པ་ནི་སེམས་སྦྱོང་བ་གཉིས་པ་སྟེ། བསམ་པ་ཁྱད་པར་དུ་འཕགས་པ་ཐོབ་ན་སྦྱིན་པ་ལ་སོགས་པ་རང་གི་ངང་གིས་འབྱུང་བའི་ཕྱིར་

རོ། །དགེ་བ་སྒྲིབ་པ་དང་བཅས་པ་ཡང་ཞེས་བྱ་བ་ནི་འཇིག་རྟེན་པའི་དགེ་བ་སྟེ། དེ་དང་ལྡན་པའོ། །དེ་ནི་མི་མཐུན་པའི་ཕྱོགས་མ་སྤངས་པའི་ཕྱིར་སྒྲིབ་པ་དང་བཅས་པའོ། །བདག་ནི་མི་མཐུན་པའི་ཕྱོགས་སྤངས་པ་སྒྲིབ་པ་མེད་པའི་དགེ་བས་དགེ་བ་ཅན་ཡིན་ནམ། སངས་རྒྱས་
ཉིད་དུ་ཕུན་སུམ་ཚོགས་པར་ཅིའི་ཕྱིར་མི་འགྱུར་སྙམ་པ་ནི་སེམས་སྦྱོང་བ་རྣམ་པ་གསུམ་པ་སྟེ། སེམས་རབ་ཏུ་འཛིན་ཅིང་རྣོན་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དོན་དེ་ཉིད་ཚིགས་སུ་བཅད་པ་རྣམས་ཀྱིས་སྡུད་དེ། །གང་ཕྱིར་སེམས་ཅན་དཔག་མེད་པ། །མིར་འགྱུར་སྐད་ཅིག་རེ་རེ་ལ། །
རྫོགས་པའི་བྱང་ཆུབ་ཐོབ་གྱུར་པ། །ཞེས་བྱ་བ་ལ་སོགས་པའོ། །ཞུམ་པ་ཞེས་བྱ་བ་ནི་སེམས་གང་བའོ། །དེ་མི་བྱ་ཞེས་བྱ་བའི་ཐ་ཚིག་སྟེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་སྙམ་དུ་བདག་ལ་ནུས་པ་མེད་
པར་བསམ་པར་མི་བྱ་བ་སྟེ། ཇི་སྐད་དུ། གང་དག་ཁ་ཅིག་བདེ་བར་གཤེགས་པའི་གོ་འཕང་ཐོབ་གྱུར་པ། །དེ་ཡང་ཤིན་དུ་དམན་པའི་གནས་སྐབས་དེར་ནི་ལྷུང་བར་གྱུར། །ཁྱོད་ནི་ཉམ་ངར་ལྟུང་ཡང་བདག་ལ་སྨད་པར་མཛད་མ་གྱུར། །བདག་སྨོད་རོ་ཡིན་སྐྱེས་བུ་སྐྱིད་པ་འཇིག་པར་བྱེད། །ཅེས་
བཤད་པ་ལྟ་བུའོ། །བསམ་པ་གང་གིས་ཞེས་བྱ་བའི་བསམ་པ་དེ་ནི་སྔར་བཤད་ཟིན་ཏོ། །ཆགས་པ་མེད་པར་སྦྱིན་པ་ལ་འཇུག་པའི་རྒྱུ་ཡིན་ནོ། །ལེགས་ཡིད་ཀྱིས་ཞེས་བྱ་བ་ནི་དགེ་བའི་སེམས་རྣམས་ཀྱིས་ཡིན་གྱི། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ཀྱིས་ནི་མ་ཡིན་
ཏེ། ཇི་ལྟར་འཇིག་རྟེན་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམ་པར་གཡེངས་པའི་སེམས་དང་ལྡན་པ་རྣམས་ཀྱང་སྲིད་པ་དང་ལོངས་སྤྱོད་འདོད་པས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་རོ། །བསམ་པ་དེ་ཐོབ་ཅེས་བྱ་བ་ནི་རང་གི་ངང་གིས་འབྱུང་བའི་བསམ་པ་ཇི་སྐད་སྨོས་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པ་དེ་ཐོབ་པའོ། །བརྟན་རྣམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་གི་ཕྱིར། སྦྱིན་

པ་ལ་སོགས་པ་ཉིད་དུ་བརྗོད་པ་ཡིན་གྱི་དེ་ནི་མི་མཐུན་པའི་ཕྱོགས་ནི་མ་ཡིན་པར་ངེས་པར་བྱས་པས་མི་མཐུན་པའི་ཕྱོགས་སྤོང་བས་བསྒྲིམ་མི་དགོས་པར་འཇུག་པ་ཉིད་བསྟན་ཏོ། །སོགས་པ་སྨོས་པ་ནི་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པར་བྱའོ། །དགེ་བ་དང་ལྡན་
པ་ཤི་མ་ཐག་ཅེས་བྱ་བ་ནི་འཇིག་རྟེན་པའི་དགེ་བས་དགེ་བ་ཅན་ཤི་བའོ། །འདོད་བཞིན་ཕུན་སུམ་ཚོགས་ལུས་ཐོབ། །ཅེས་བྱ་བ་ནི་འཇིག་རྟེན་པ་རྣམས་སྲིད་པའི་རྩེ་མོའི་བར་དུ་ཡང་སྐྱེ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པ་དགེ་ལྡན་ཞེས་བྱ་བ་ནི་སྒྲིབ་པ་སྤངས་པའི་དགེ་བས་དགེ་བ་དང་ལྡན་པ་རྣམས་ཞེས་
བྱ་བའི་ཐ་ཚིག་གོ། །ཕུན་སུམ་ཚོགས་དེ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་སངས་རྒྱས་ཉིད་དོ། །གནས་བཞི་སྤོང་བ་ཞེས་གང་སྨོས་པའི་སྤང་བར་བྱ་བ་དེ་དག་སྟོན་ཏེ། ཡིད་ལ་བྱེད་པ་སྤངས་པས་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པ་འདོར་བའི་ཕྱིར་རོ། །ཡིད་གཉིས་དང་སོམ་ཉི་སྤངས་པས་
ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ཟབ་པ་ཉིད་དང་རྒྱ་ཆེ་བ་ཉིད་ལ་ཡིད་གཉིས་ཕྱིན་ཅི་ལོག་དང་ཐེ་ཙོམ་མེད་པར་བྱའོ། །ཆོས་ལ་མངོན་པར་ཞེན་པ་སྤངས་པས་ཞེས་བྱ་བ་ནི། ཐོས་པ་དང་བསམས་པའི་ཆོས་ལ་ངར་འཛིན་པ་དང་ང་ཡིར་འཛིན་པར་མངོན་པར་ཞེན་པ་སྤང་བར་བྱ་སྟེ། མངོན་པར་རྟོགས་པའི་བར་དུ་གཅོད་པའི་ཕྱིར་
ངས་ཉན་ཏོ། །ངས་ཁོང་དུ་ཆུད་དོ། །ངའི་ཐོས་པའོ། །ངའི་དོན་ཏོ་ཞེས་མངོན་པར་ཞེན་པར་མི་བྱའོ། །རྣམ་པར་རྟོག་པ་སྤངས་པས་ཞེས་བྱ་བ་ནི་གང་མདུན་ན་བསྩལ་མི་དགོས་པར་རང་གི་ངང་གིས་གཟུགས་ལ་སོགས་པ་གནས་པ་དང་། གང་ཡང་ཏིང་ངེ་འཛིན་འདོད་པས་བསྒྲིམས་ཏེ། རྣམ་པར་བྱང་བ་པའི་ཀེང་རུས་
ལ་སོགས་པ་བཞག་པ་དམིགས་པར་གྱུར་པའི་མཚན་མ་དེ་ཐམས་ཅད་ཡིད་ལ་མི་བྱེད་པས་རྣམ་པར་མི་རྟོག་པར་སྤོང་བའམ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཚན་མའི་བར་ལ། དེ་ནི་འདི་ཡིན་ནོ་ཞེས་མངོན་པར་ཞེན་ནས་རྣམ་པར་རྟོག་པར་མི་བྱེད་པའོ། །ཚིགས་
སུ་བཅད་པ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །གང་གིས་ཇི་ལྟར་འཇུག་ཅེ་ན། །ཞེས་བྱ་བ་ནི་བྱེད་པ་དང་འདི་ལྟར་བྱ་བ་འདྲི་བའོ། །འདི་ལྟར་འཇུག་པར་བྱེད་པ་པོ་ལས་འཇུག་པར་བྱེད་པ་ན། བྱེད་པ་པོ་དང་མངོན་པར་རྟོགས་པའི་མཚན་ཉིད་ཀྱི་བྱ་བ་འདི་ལྟ་བུ་དང་འདི་ལྟ་བུ་བྱའོ་ཞེས་བྱ་བ་འདི་ལྟར་བྱ་བ་གདོན་མི་ཟ་བར་དགོས་

པར་འགྱུར་ཏེ། དེས་ན་གཉི་ག་སྟོན་ཏོ། །ཐོས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པས་ནི་བྱེད་པ་སྟོན་ཏོ། །ཡོངས་སུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་ཞེས་བྱ་བས་ནི་འདི་ལྟར་བྱ་བ་སྟོན་ཏོ། །སྦྱོར་བའི་དུས་ན་ནི་ཡོངས་སུ་ཚོལ་བ་སྟེ། ངེས་པར་རྟོག་
པའི་རྣམ་པའི་ལྟ་བ་དམིགས་པ་མེད་པའི་རྣམ་པར་འཇུག་པའི་ཡོངས་སུ་རྟོག་པའོ། །དམིགས་པ་མེད་པར་ངེས་པའི་ཡེ་ཤེས་ནི་འབྲས་བུའི་རང་བཞིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་ལ་མིང་ནི་གཟུགས་ཞེས་བྱ་བ་ལ་སོགས་པའི་ཐ་ཚིག་གོ། །མིང་དེ་ཡོངས་སུ་ཚོལ་བ་ནི་ཡིད་ཀྱི་
བརྗོད་པ་ཙམ་ཉིད་དུ་རྟོག་པ་སྟེ། ཡིད་ཀྱི་བརྗོད་པ་ལས་གུད་ན་མེད་པས་བརྟགས་པར་ཡོད་པའི་ཕྱིར་རོ། །དངོས་པོ་ཡོངས་སུ་ཚོལ་བ་ནི་ཇི་ལྟར་མིང་གི་ཚོགས་ལ་སོགས་པས་ཕུང་པོ་དང་ཁམས་ལ་སོགས་པར་བརྗོད་པ་དེ་བཞིན་དུ་ཡོངས་སུ་གྲུབ་པ་མེད་པར་རྟོག་པ་སྟེ། རིགས་དང་རིགས་ཅན་གྱི་འབྲེལ་པ་ཐ་དད་ན་དེ་
དང་ལྡན་པའི་བརྗོད་པ་མི་རུང་བའི་ཕྱིར་རོ། །མིང་གི་དངོས་པོ་བརྗོད་པར་བྱ་བའི་དོན་གང་ཡིན་པ་མིང་ལ་བརྟེན་པའི་བརྗོད་པར་བྱ་བ་དེ་ལ་ཡང་ཡིད་ཀྱི་བརྗོད་པ་ཙམ་དུ་ཟད་པར་རྟོག་པར་བྱེད་དེ། ཕྱི་རོལ་གྱི་རྣམ་པར་འཛིན་པ་ལས་ཟློག་ཅིང་། ནང་གི་ཡན་ལག་ཏུ་ཉེ་བར་རྟོག་པར་བྱེད་དོ། །གཟུགས་ལ་སོགས་པ་ཞེས་བྱ་
བའི་ཚིག་དེ་ཡང་ཡང་ན་ནི་ངོ་བོ་ཉིད་དུ་བརྟགས་པའི་རང་བཞིན་དུ་འགྱུར་ཏེ། ལུས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཟག་བརྟགས་པ་ལྟར་མེད་བཞིན་དུ་ཡང་ངོ་བོ་ཉིད་དུ་འདོགས་པའི་ཕྱིར་རོ། །ཡང་ན་ནི་ཁྱད་པར་དུ་གདགས་པའི་མཚན་ཉིད་དེ། མི་རྟག་པ་དང་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། མེད་
བཞིན་དུ་ཁྱད་པར་འདོགས་པའི་ཕྱིར་རོ། །མིང་དང་བཅས་པའི་དོན་ཞེས་བྱ་བ་ནི་མིང་དང་བརྗོད་པར་བྱ་བ་དང་བཅས་པའོ། །ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་དང་བཅས་ཤིང་ཞེས་བྱ་བ་ནི་ངོ་བོ་ཉིད་དང་ཁྱད་པར་གྱི་སྒྲ་གཉིས་དང་བཅས་པའོ། །ངོ་བོ་ཉིད་དང་ཁྱད་པར་དུ་བཅས་པ་ཞེས་བྱ་བ་ནི་དོན་གཉིས་དང་བཅས་པ་སྟེ།
འདི་ཐམས་ཅད་དོན་གྱི་མཚན་ཉིད་དུ་མི་དམིགས་པ་ན་ཞེས་བྱ་བ་ལ་སོགས་པ་ནི་ཀུན་བརྟགས་པའི་དོན་མི་དམིགས་པར་ངེས་པར་སེམས་པའི་རྣམ་པ་ཡོངས་སུ་ཚོལ་བ་བཞི་པོ་ཐབས་སུ་གྱུར་པ་རྣམས་ཀྱི་འབྲས་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ་པ་བཞི་ཉིད་དོ། །དེ་དག་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་

མིང་ལ་སོགས་པར་མི་དམིགས་པར་ངེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་རྟོག་པའི་ཡོངས་སུ་ཚོལ་བའི་འབྲས་བུ་ནི་མི་དམིགས་པ་སྟེ། མིང་ཡོངས་སུ་ཚོལ་བའི་འབྲས་བུ་ནི་མིང་མི་དམིགས་པའི་ཤེས་པའོ། །དངོས་པོ་ཡོངས་སུ་ཚོལ་བའི་འབྲས་བུ་ནི་
དངོས་པོ་མི་དམིགས་པའི་ཤེས་པའོ། །དེ་བཞིན་དུ་ངོ་བོ་ཉིད་དང་ཁྱད་པར་དུ་གདགས་པ་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་དོན་མེད་པའི་ཕྱིར་རྣམ་པར་རིག་པ་ཙམ་ཉིད་ལ་འཇུག་ན། རྣམ་པར་རིག་པ་ཙམ་ཉིད་དེ་ལ་འཇུག་ཅེས་ཇི་སྐད་བྱ་ཞེས་བྱ་བས་སྤོང་བར་བྱེད་དེ། དེ་ཉིད་འདིའི་དོན་ཡིན་པར་
བསམས་པའོ། །དེ་དགག་པའི་ཕྱིར་དེ་ཙམ་ཉིད་ཅེས་བྱ་བ་སྨོས་སོ། །རྣམ་པར་རིག་པའི་དོན་གྱིས་ཀྱང་དོན་མེད་པ་ཉིད་ཡིན་གྱི། ཕྱི་རོལ་འབའ་ཞིག་གིས་ནི་མ་ཡིན་ནོ། །གལ་ཏེ་དོན་མེད་པ་ཉིད་ཡིན་ན་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་བཤད་པ་དང་། འཇིག་རྟེན་པའི་དོན་གྱི་ཐ་སྙད་ཀྱི་རྗེས་སུ་ཞུགས་
པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྒྱུ་མཚན་དང་ལྟ་བ་དང་བཅས་པ་གཉིས་ཞེས་བྱ་བ་འདི་སྨོས་ཏེ། དོན་མེད་བཞིན་དུ་ཡང་ཕྱི་རོལ་གྱི་དོན་དུ་སྣང་བའི་རྣམ་པར་རིག་པ་ནི་དོན་མངོན་པར་བརྗོད་པའི་བག་ཆགས་ཀྱི་དབང་གིས་འགྲུབ་ལ། རྣམ་པར་རིག་པ་སྣང་བ་ཡང་ལྟ་བ་ཞེས་བྱ་བ་བཏགས་པས་འགལ་བ་མེད་དོ། །
ཅི་རྒྱུ་མཚན་དང་ལྟ་བར་སྣང་བའི་རྣམ་པར་རིག་པ་འདི་དག་རིགས་གཞན་དུ་གྱུར་པ་ཉིད་ཅེས་འཇུག་པར་བྱེད་དམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་སྣ་ཚོགས་ཀྱི་རྣམ་པ་ཉིད་ལ་འཇུག་ཅེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་གཅིག་ཉིད་གཟུང་བ་དང་འཛིན་པའི་དངོས་པོར་རྣམ་པ་ཐ་དད་པས་དུས་གཅིག་ཏུ་རྣམ་
པ་སྣ་ཚོགས་སུ་སྣང་ངོ་ཞེས་འཇུག་གོ། །སྣ་ཚོགས་ཞེས་བྱ་བ་ནི་ཤེས་པ་གཅིག་ཉིད་རྣམ་པ་མང་པོར་རང་གིས་རིག་གོ། །རྟོག་པ་རྣམ་པ་འདི་གསུམ་རྣམ་པར་དགྲོལ་བའི་སྐབས་ཀྱིས་མིང་ལ་སོགས་པ་དོན་རྣམ་པ་དྲུག་དོན་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུམ་བསྟན་ཏོ། །ཅི་འདྲ་བར་ནི་འཇུག་ཅེས་
གང་སྨོས་པ་དེའི་དཔེར། མུན་ཁུང་ན་སྦྲུལ་དུ་སྣང་བའི་ཐག་པ་བཞིན་དུ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེས་ངོ་བོ་ཉིད་གསུམ་རྟོགས་པར་སྟོན་ཏོ། །དཔེར་ན་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་ནི་ནོར་བ་སྟེ། དེ་བཞིན་དུ་མིང་ལ་སོགས་པ་དོན་རྣམ་པ་དྲུག་གིས་ཡི་གེ་དང་དོན་དུ་སྣང་བའི་ཡིད་ཀྱི་

བརྗོད་པ་གཞན་གྱི་དབར་ལ་མིང་ལ་སོགས་པ་ཡང་ནོར་བ་ཡིན་ནོ། །དེ་ལ་ཇི་ལྟར་ཐག་པའི་བློ་ལ་བརྟེན་ནས་མེད་པ་ལ་འཁྲུལ་པའི་ཕྱིར་སྦྲུལ་གྱི་བློ་ལྡོག་པ་མེད་པ་དེ་བཞིན་དུ་གཞན་གྱི་དབང་ལ་བརྟེན་ནས་མིང་ལ་སོགས་པ་ཀུན་བརྟགས་པའི་དོན་རྣམ་པ་དྲུག་གི་བློ་རྣམ་པར་ལྡོག་གོ། །ཇི་ལྟར་ཁ་དོག་དང་དྲི་ལ་
སོགས་པ་ལ་བརྟེན་ནས་ཆ་ཤས་སུ་བཤིག་ན་ཐག་པའི་བློ་ཡང་ལྡོག་སྟེ། དེ་སྐད་དུ། །ཐག་པ་སྦྲུལ་དུ་ཤེས་པ་ལས། །ཐག་པར་མཐོང་ནས་དོན་མེད་དོ། །དེ་ཡི་ཆ་མཐོང་དེ་ལ་ཡང་། །ཤེས་པ་སྦྲུལ་ལྟར་རྣམ་པར་འཁྲུལ། །ཅེས་བཤད་དོ། །དེ་བཞིན་དུ་རྣམ་པ་དྲུག་ལ་ཡང་དག་པའི་དོན་བསྩལ་
ན་ཞེས་བྱ་བ་ལ། བསྩལ་བ་ནི་ཕྲལ་བ་སྟེ། །མེད་ཅེས་བྱ་བའི་ཐ་ཚིག་གོ། །དོན་ཡང་དག་པ་མ་ཡིན་པ་རྣམ་པ་དྲུག་པོ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པ་ལ་བརྟེན་ནས་གཞན་གྱི་དབང་འཁྲུལ་པ་ཡང་བཟློག་པར་བྱ་བ་ཡིན་ཏེ། བསྩལ་བར་བྱ་བ་ཡིན་ནོ། །ཡིད་ཀྱི་བརྗོད་པར་སྣང་བའི་དོན་
གྱི་མཚན་ཉིད་ལ་འཇུག་པས་ཞེས་བྱ་བ་ནི་ཡིད་ཀྱི་བརྗོད་པ་འདི་དོན་དུ་སྣང་གི། ཀུན་བརྟགས་པར་བྱ་བའི་དོན་ནི་མེད་དོ། །ཞེས་ཀུན་བརྟགས་པ་ལ་འཇུག་གོ། །རྣམ་པར་རིག་པ་ཙམ་ལ་འཇུག་པས་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་འདི་མ་རིག་པའི་དབང་གིས་འཁྲུལ་ཏེ་དོན་མེད་བཞིན་དུ་འཁྲུལ་པ་
དོན་གྱི་རྣམ་པར་སྣང་ངོ་ཞེས་གཞན་གྱི་དབང་ལ་འཇུག་གོ། །ཡོངས་སུ་གྲུབ་པ་ལ་འཇུག་པའི་སྐབས་ཀྱི་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་ཞེས་བྱ་བ་སྨོས་ཏེ། དོན་གྱི་འདུ་ཤེས་བསྩལ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་གནས་སྐབས་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་དོན་དུ་སྣང་བ་གང་
གིས་ཀྱང་སྐྱེད་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་ཞེས་བྱ་བ་ནི་གཟུང་བ་མེད་ན་འཛིན་པ་མེད་པའི་ཕྱིར་ཏེ། རྣམ་པར་རིག་པ་ཙམ་དོན་དུ་བྱས་ནས་མི་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་
ཞེས་བྱ་བ་ལ་སོགས་པས་ནི་མིང་གི་སྤྱོད་ཡུལ་མདོ་ལ་སོགས་པའི་ཆོས་གང་ཡིན་པ་དེ་དག་གིས་མ་འབགས་པ་ལ་འདི་ཐམས་ཅད་ནི་མིང་ཙམ་མོ་ཞེས་བྱ་བར་རྣམ་པར་གནས་ཤིང་སྟེ། ཇི་སྐད་དུ། །ཐམས་ཅད་མིང་ཙམ་ཁོ་ན་སྟེ། །རྟོག་པ་ཐམས་ཅད་འཇུག་པ་མེད། །མིང་དུ་སྣང་བའི་རྣམ་རིག་ལ། །

མིང་ཞེས་ཉེ་བར་འདོགས་པར་བྱེད། །ཅེས་བཤད་པ་ལྟ་བུའོ། །ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་སོ་ཞེས་བྱ་བ་ནི་སོ་སོ་རང་གིས་མངོན་སུམ་དུ་བྱེད་པས་གནས་ཀྱི་མོས་པས་ནི་མ་ཡིན་ནོ། །དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པའི་ཡེ་ཤེས་ཞེས་བྱ་བ་
ནི་ཇི་ལྟར་དམིགས་པར་བྱ་བ་མེད་པ་དེ་བཞིན་དུ་དམིགས་པར་བྱེད་པ་ཡང་མེད་པས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་གཉིས་མཉམ་པས་མཉམ་པ་ཉིད་དོ། །དེ་ལྟར་ན་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་འཇུག་པའི་བྱེད་པ་པོའི་སྤྱོད་པ་མེད་པར་གྱུར་པའི་མཐར་ཐུག་པ་སྟོན་
ཏོ། །བརྟགས་པ་དང་གཞན་གྱི་དབང་ལ་འཇུག་པ་ནི་ལྷག་མ་དང་བཅས་པའི་ཕྱིར་འཇུག་པའི་བྱ་བ་མཐར་ཐུག་པ་མ་ཡིན་པས་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་པས་འཇུག་པར་བསྟན་པ་ཡིན་ནོ། །དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་ཞེས་གང་བཤད་པ་ཡུལ་དང་བཅས་པའི་མིང་དེ་རབ་ཏུ་དབྱེ་བ་ནི་ཚིགས་
སུ་བཅད་པས་སྟོན་ཏེ། ཆོས་ཞེས་བྱ་བ་ནི་<གཇུགས་‚གཟུགས་>ལ་སོགས་པའོ། །གང་ཟག་ཅེས་བྱ་བ་ནི་ལྷ་སྦྱིན་དང་། དད་པས་རྗེས་སུ་འབྲང་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་རབ་མདོ་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའོ། །དོན་ཞེས་བྱ་བ་ནི་དེའི་བརྗོད་པར་
བྱ་བ་སྟེ། །ཕ་དང་མ་ནི་གསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ནས། །མི་ནི་དག་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །བསྡུས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ། །རྒྱས་པ་ཞེས་
བྱ་བ་ནི་གཟུགས་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ། །རིགས་ཞེས་བྱ་བ་ནི་ཡི་གེའི་འབྲུ་ཨ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་དང་ངག་གི་རྒྱུ་ཡིན་པའི་ཕྱིར་རོ། །མ་དག་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཏེ། ཉོན་མོངས་པས་དྲི་མ་ཅན་དུ་གྱུར་པའི་ཕྱིར་རོ། །དག་པ་ཞེས་བྱ་བ་ནི་
འཕགས་རྣམས་ཏེ། དྲི་མ་སྤངས་པའི་ཕྱིར་རོ། །མཐའ་ཞེས་བྱ་བ་ནི་བསྡུས་པ་ལ་དམིགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་བཅུ་ལ་སོགས་པ་བསྡུས་པའི་དོན་ལ་དམིགས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པ་ཡིན་ཞེས་བྱ་བ་ནི་དེ་མངོན་སུམ་དུ་

བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་རིགས་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། དེ་རྟོགས་པ་དང་དེ་ལ་དམིགས་པའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་དང་། སྔོན་གྱི་གནས་གྱུར་པ་དང་གནས་གཞན་བསྐྱེད་པའི་ཕྱིར་དེར་སྐྱེས་པ་ཡིན་
ཏེ། ཕལ་པ་རིགས་མཐུན་པར་སྐྱེས་པ་བཞིན་དུ་སངས་རྒྱས་ཉིད་དུ་ཉིང་མཚམས་སྦྱོར་བའོ། །གང་གི་ཕྱིར་ས་དང་པོ་མངོན་པར་རྟོགས་ནས་དེ་བཞིན་གཤེགས་པའི་རིགས་སུ་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་དེ་ཉིད་ཀྱི་ཕྱིར་འཕགས་པ་བྱམས་པ་ས་བཅུ་ལ་གནས་པ་ཤཱཀྱ་ཐུབ་པས་སྲས་ཀྱི་ཐུ་བོ་ཉིད་དུ་བྱེ་བྲག་
ཏུ་བྱས་ཏེ་སྤོབས་པའི་རྒྱན་གྱིས་བསྟོད་པ་ལས། །གང་ཕྱིར་ཁྱེད་ནི་ད་ལྟར་ཡོན་ཏན་གྱིས། །དེ་དག་བསྟན་པ་ཀུན་གྱི་སྤྱི་བོར་གནས། །དེ་ཕྱིར་ཁྱོད་ཉིད་ཤཱཀྱ་ཐུབ་པ་ཡི། །སྲས་ཀྱི་ཐུ་བོ་ཡོན་ཏན་རྣམས་ཀྱིས་ལེགས། །ཞེས་རྒྱ་ཆེར་འབྱུང་ངོ་། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཐོབ་
པ་ཡིན་ཞེས་བྱ་བ་ནི་ཐམས་ཅད་ལ་བདག་མེད་པར་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་ཏེ། ཇི་སྐད་དུ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སེམས་མཉམ་པ་ཞེས་བྱ་བ་ནི་དེ་དག་གི་གནས་གང་ཡིན་པ་དེ་
བདག་གི་ཡང་ཡིན་ནོ་སྙམ་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ལ་སེམས་མཉམ་པ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནི་དེ་དག་ཆོས་ཀྱི་སྐུ་གང་ཡིན་པ་དེ་བདག་གིས་ཀྱང་ཐོབ་བོ་སྙམ་པའི་ཕྱིར་རོ་དེ་ནི་དེའི་མཐོང་བའི་ལམ་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐོང་བའི་ལམ་བཞིན་དུ་ཆོས་ཀྱི་དབྱིངས་སྔོན་མ་མཐོང་བ་
མཐོང་བའི་ཕྱིར་རོ། །ཅིའི་ཕྱིར་ཡང་རྣམ་པར་རིག་པ་ཙམ་དེ་ལ་འཇུག་ཅེ་ན་ཞེས་བྱ་བ་ནི་དགོངས་པ་འདྲི་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་བརྗོད་པའི་རིགས་པ་ལས་དེའི་གོ་རིམས་སྨོས་པ་ནི་བྱང་བར་བྱ་བའི་ཕྱིར་ཏེ། ཇི་ལྟར་བསྟན་པ་བཞིན་དུ་སྦྱར་བར་བྱའོ་ཞེས་
གདུལ་བའི་ཚོགས་སྐལ་བ་ཡོད་པ་ལ་ཕན་འདོགས་པའོ། །འདྲེས་པའི་ཆོས་ལ་དམིགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་ཐེག་པ་ཆེན་པོ་བསྟན་པའི་ཆོས་ཐམས་ཅད་བསྡུས་ཏེ་དམིགས་པའོ། །གཞན་དུ་ན་ནི་དུས་རིང་མོ་ཞིག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བར་མི་

འགྱུར་རོ། །འཇིག་རྟེན་ལས་འདས་པ་ནི་ཟག་པ་མེད་པ་དང་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་གི་ཤེས་པ་ཞེས་བྱ་བ་ནི་དེ་སྐད་ཅེས་བྱ་བའི་མཉམ་པར་གཞག་པ་ཕྱིན་ཅི་མ་ལོག་པའི་ཤེས་པས་སོ། །སྣ་ཚོགས་ཀྱི་རྣམ་པར་རིག་པའི་
ཤེས་པས་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་བླ་ན་ཡོད་པ་དང་། བླ་ན་མེད་པར་རྣམ་པར་འཇོག་པ་སྟེ། གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་གཞི་རྣམ་པར་ཤེས་པའི་ས་བོན་རྒྱུ་མཚན་དང་བཅས་པ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་
ལ་སོགས་པར་སྣང་བའི་བག་ཆགས་སྒོ་བར་བྱེད་པ་དང་བཅས་པ་རྣམས་ཏེ། རྒྱུ་དང་འབྲས་བུར་བཅས་པའི་ས་བོན་རྣམས་སྤངས་པ་བསྟན་ཏོ། །ཆོས་ཀྱི་སྐུ་ལ་རེག་པའི་ས་བོན་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མང་དུ་ཐོས་པའི་བག་ཆགས་རྣམས་ཏེ། དེ་ནི་ཆོས་ཀྱི་སྐུ་ཐོབ་པའི་སྔོན་དུ་འདྲེན་པའི་
ཕྱིར་རོ། །གནས་གྱུར་ནས་ཞེས་བྱ་བ་ནི་དེ་བཞིན་ཉིད་རྟོག་པས་སེམས་དང་སེམས་ལས་བྱུང་བ་རྣམས་དྲི་མ་མེད་པར་འབྱུང་བའམ། དེ་བཞིན་ཉིད་རྣམ་པར་དག་པས་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་སྒོ་ནས་སོ། །ཐམས་ཅད་
མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་དྲི་མ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པར་བྱ་བའི་ཕྱིར་རོ། །རྗེས་ལ་ཐོབ་པའི་ཡེ་ཤེས་དེ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་གཞི་རྣམ་པར་ཤེས་པ་ཐམས་ཅད་རབ་ཏུ་སྐྱེ་བ་ཞེས་བྱ་བ་ནི་རྒྱུར་གྱུར་པ་རྣམས་སོ། །རྣམ་པར་རིག་པའི་
མཚན་མ་ཐམས་ཅད་ལ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་རྣམས་ལ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་གཟུང་བ་དང་འཛིན་པར་སྣང་བ་རྣམས་ལ་ཕྱིན་ཅི་ལོག་དང་ནོར་བ་མེད་པར་རྟོག་གོ། །ཇི་ལྟར་སྒྱུ་མ་མཁན་ནི་དེ་ལ་གླང་པོ་ཆེ་ལ་སོགས་པ་མེད་པར་མཐོང་
བའི་ཕྱིར་རྩྭ་ལ་སོགས་པ་སྒྱུ་མའི་རྒྱུ་རྣམས་ལ་ཕྱིན་ཅི་ལོག་མེད་ཀྱི། གཞན་དག་ནི་རྩྭ་ལ་སོགས་པ་ལ་གླང་པོ་ཆེ་ལ་སོགས་པར་མཐོང་བའི་ཕྱིར་འཁྲུལ་པ་དེ་བཞིན་དུ་དེ་ཁོ་ན་མཐོང་བས་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་མངོན་སུམ་དུ་བྱས་ནས་ལངས་པ་ན་ཡང་

རྗེས་ལ་དག་པས་དག་པ་སྟོན་པའི་དུས་ན་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་སྟོན་པ་ཀུན་ནས་སློང་བར་བྱེད་པ་ཀུན་རྫོབ་ཀྱི་ཤེས་པ་དུས་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པར་གནས་སོ། །ཉན་པ་པོ་དག་ནི་ཕྱིན་ཅི་ལོག་སྟེ། དེ་དག་ཀྱང་སེམས་ཀྱི་རྒྱུད་ལ་ཐོས་པའི་བག་ཆགས་བསྒོས་ཏེ། དེས་བྱ་བ་
སྒྲུབ་པའི་ཕྱིར་རིམ་གྱིས་ཁད་ཀྱིས་ཁད་ཀྱིས་ཕྱིན་ཅི་ལོག་མེད་པར་འགྱུར་རོ། །རྗེས་ལ་ཐོབ་པ་ནི་རྣམ་པར་མི་རྟོག་པ་ཡང་མ་ཡིན། རྣམ་པར་རྟོག་པ་དང་བཅས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་
པའི་གནས་སུ་རྣམ་པར་མི་རྟོག་པ་རྗེས་དང་དངོས་དང་འཇུག་པའི་བྱེ་བྲག་གིས་རྣམ་པར་མི་རྟོག་པ་རྣམ་པ་གསུམ་དུ་འཆད་པར་འགྱུར་རོ། །མངོན་པར་རྟོགས་པ་ཐམས་ཅད་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་འབྱུང་སྟེ། དེ་ནི་སྔ་མའི་རང་བཞིན་ཡིན་པའི་ཕྱིར་དེ་དག་བསྟན་ཏོ། །
ཡོངས་སུ་ཚོལ་བ་བཞི་པོ་དག་གིས་ཞེས་བྱ་བ་ནི་མིང་དང་དོན་དང་ངོ་བོ་ཉིད་དང་ཁྱད་པར་དུ་བརྟགས་པ་ངེས་པར་རྟོག་པའི་བདག་ཉིད་ཅན་ཇི་སྐད་བསྟན་པ་རྣམས་ཀྱིས་སོ། །དོན་མེད་པར་བཟོད་པ་ཆུང་ངུའི་ཚེ་ཞེས་བྱ་བ་ནི་དོན་མེད་པར་བཟོད་པ་ཆུང་ངུའོ། །སྣང་བ་ནི་གསལ་བ་སྟེ། དོན་མེད་པར་
ཤེས་པར་བྱའོ། །དེ་འདོད་པའི་ཕྱིར་ཐོབ་པ་སྟེ། དེས་ན་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ནི་སྣང་བ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །དྲོ་བར་གྱུར་པ་ཞེས་བྱ་བ་ནི་དྲོ་བ་ལྟ་བུའི་དགེ་བའི་རྩ་བ་སྟེ། གཙུབ་ཤིང་གཙུབས་པ་ལས་མེ་འབྱུང་བར་འགྱུར་བ་བཞིན་དུ་དེ་ཁོ་ན་ཤེས་པའི་མེའི་སྔ་རོལ་གྱི་ཡང་རང་
བཞིན་གྱི་གནས་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་འབྱེད་པ་ནི་མངོན་པར་རྟོགས་པའོ། །དེའི་ཆ་ནི་ཆོས་བདག་མེད་པར་བཟོད་པའོ། །དེ་ལ་ཕན་པ་དག་ནི་དེའི་ཆ་དང་མཐུན་པ་དག་གོ། །རྩེ་མོ་ནི་དགེ་བའི་རྩ་བ་གཡོ་བའི་རྩེ་མོར་ཕྱིན་པའི་ཕྱིར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་
པ་བཞི་པོ་མིང་ལ་སོགས་པ་མི་དམིགས་པར་ངེས་པ་གོང་དུ་སྨོས་པ་རྣམས་ལ་གནས་པ་ནི་མིང་ལ་སོགས་པ་ནི་རྣམ་པར་རིག་པ་ཙམ་དུ་ཟད་ཀྱི། དོན་ནི་གང་ཡང་མེད་དོ་ཞེས་བྱ་བར་ངེས་པ་ནི་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཏོ། །གཟུང་བ་ཙམ་གྱི་དངོས་པོ་འགོག་པའི་

ཕྱིར་ཕྱོགས་གཅིག་ཉིད་དེ། འདི་ལྟར་དོན་མེད་པར་ཁོང་དུ་ཆུད་པ་ཡིན་གྱི། རྣམ་པར་རིག་པ་ཙམ་ཡང་མེད་པར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་བདེན་པའི་རྗེས་སུ་མཐུན་པའི་བཟོད་པའི་གནས་ཡིན་ནོ། །རྗེས་སུ་མཐུན་པ་ནི་ཉེ་བའི་ཕྱིར་ཏེ། དེས་གཟུང་བ་མེད་པ་ལ་བརྟེན་
ནས་འཛིན་པ་ཡང་མེད་པར་རྟོགས་པར་འགྱུར་བའི་ཕྱིར་རོ། །ཏིང་ངེ་འཛིན་འདི་དག་ནི་མངོན་པར་རྟོགས་པ་དང་ཉེ་བ་ཡིན་པར་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་དུས་ན་འབྱུང་བ་ཡིན་པར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྣམ་པར་གནས་པ་བསྟན་པ་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་དང་། རྟགས་
ལ་སོགས་པ་སྤྲོས་པ་གང་དང་གང་གིས་ས་བཅུ་པར་ས་རྣམས་བསྟན་པ་དེ་དག་ལ་འདྲེས་པའི་ཆོས་མ་དམིགས་པ་ཉིད་ནི་འདྲེས་པར་བྱས་ནས་དམིགས་པའི་ཕྱིར་རོ། །གཞན་དུ་ན་ཚོགས་བསགས་སུ་ཟིན་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་སྲིད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་
ནི་རྣམ་པར་མི་རྟོག་པའོ། །དེའི་རྗེས་ལ་ཐོབ་པ་རྣམ་པར་འཇོག་པར་བྱེད་པ་དང་། རྗེས་ལ་དག་པས་དག་པ་འཇིག་རྟེན་པས་ཀྱང་དེ་ཡུལ་དུ་བྱས་པའི་ཕྱིར་རོ། །དེ་གནས་གྱུར་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་དང་རྗེས་ལ་ཐོབ་པ་གཉིས་ཀྱིས་གནས་སེམས་དང་སེམས་ལས་བྱུང་བའི་རྒྱུད་རྣམ་
པར་དག་ནས་ཏེ། སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་ཞེས་འོག་ནས་འཆད་དོ། །ཁྱད་པར་གྱི་གནས་སྐབས་ནས་བཅུས་ཞེས་བྱ་བ་ལ་སོགས་པ་ལ། དམིགས་པའི་ཁྱད་པར་ནི་ཐེག་པ་ཆེན་པོའི་ཆོས་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་གསུམ་
གྱིས་དམིགས་ཏེ། ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་ནི་མ་ཡིན་ནོ། །བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སྦྱོར་བ་རྣམས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཐོས་པ་ལ་སོགས་པ་སྟེ། དེ་དག་བསྐལ་པ་མི་ཉུང་བར་བསགས་པ་དག་གིས་བསྟན་ནས་ཁྱད་པར་དེས་བྱང་ཆུབ་
དཔའ་ལ་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའི་སྟོབས་བསྐྱེད་པའོ། །རྟོགས་པའི་ཁྱད་པར་ནི་ཉན་ཐོས་ནི་གང་ཟག་ལ་བདག་མེད་པ་ཙམ་མངོན་པར་རྟོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་མངོན་པར་རྟོགས་པར་བྱེད་དོ། །མྱ་ངན་

ལས་འདས་པའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཤེས་རབ་དང་སྙིང་རྗེའི་ཐབས་ཀྱིས་ཡོངས་སུ་ཟིན་པས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཕྱིར་རོ། །ཉན་ཐོས་ནི་འདུས་མ་བྱས་ཀྱི་མྱ་ངན་ལས་འདས་པ་ལ་
གནས་སོ། །སའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་ས་བཅུ་པོ་དག་གིས་ངེས་པར་འབྱུང་ངོ་། །ཉན་ཐོས་རྣམས་ལ་ནི་ས་རྣམ་པར་གཞག་པ་མེད་དོ། །ཡོངས་སུ་དག་པའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉོན་མོངས་པ་ཡང་བག་ཆགས་དང་བཅས་པར་སྤོང་ལ། སངས་རྒྱས་ཀྱི་ཞིང་
ཡང་གསེར་ལ་སོགས་པའི་རང་བཞིན་དུ་རྣམ་པར་དག་གོ། །ཉན་ཐོས་རྣམས་ལ་ནི་བག་ཆགས་དང་བཅས་པར་སྤོང་བ་ཡང་མེད་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་མེད་དོ། །བག་ཆགས་ཞེས་བྱ་བ་ནི་ཉོན་མོངས་པ་མེད་དུ་ཟིན་ཀྱང་ཉོན་མོངས་དང་བཅས་པ་བཞིན་དུ་གཡོ་བར་བྱེད་པའོ། །
སེམས་ཅན་ཐམས་ཅད་དང་བདག་སེམས་མཉམ་པ་ཉིད་ཐོབ་པའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་མཉམ་པ་ཉིད་ཐོབ་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྦྱོར་བ་རྒྱུན་མི་གཅོད་དོ། །ཉན་ཐོས་ནི་བདག་དང་གཞན་ཐ་དད་དུ་ཕྱེ་བས་བདག་གི་དོན་ཉིད་ལ་སྦྱོར་གྱི། གཞན་གྱི་དོན་
ལ་མི་སྦྱོར་རོ། །སྐྱེ་བའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་རིགས་ཆོས་ཀྱི་དབྱིངས་སུ་སྐྱེས་ནས་སངས་རྒྱས་སུ་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེས་པའི་གཞོན་ནུ་མཚན་དང་ལྡན་པ་བཞིན་ནོ། །ཉན་ཐོས་ནི་དེ་ལྟ་མ་ཡིན་ཏེ། མ་རབས་ཀྱི་རིགས་བྲན་ཁོལ་གྱི་
བུ་བཞིན་ནོ། །སྐྱེ་འབྱུང་གི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་པདྨའི་སྙིང་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་རྫུས་ཏེ་སྐྱེས་ནས་སངས་རྒྱས་ཉིད་ཐོབ་ཀྱི་བར་དུ་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྐྱེའོ། །སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ནི་
ཟག་པ་མེད་པའི་དབྱིངས་ཏེ། སངས་རྒྱས་ཀྱི་ཡུལ་ལོ། །ཉན་ཐོས་ནི་མའི་མངལ་དུ་སྐྱེས་ཏེ་ཕལ་པ་བཞིན་ནོ། །འབྲས་བུའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའི་འབྲས་བུ་ནི་སྟོབས་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པ་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་ནུས་པ་ཆོས་ཀྱི་

སྐུ་ཐོབ་པའོ། །ཅིག་ཤོས་ཀྱི་འབྲས་བུ་ནི་ཟག་པ་དང་བཅས་པའི་སྐྱེ་བ་མེད་པའོ། །ཡོངས་སུ་ཚོལ་བ་དང་དེའི་འབྲས་བུ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་ཀྱིས་སྡུད་དོ། །མིང་དང་དངོས་གཉིས་ཕན་ཚུན་དུ། །གློ་བུར་ཡིན་པར་ཡོངས་སུ་བཙལ། །
ཞེས་བྱ་བ་ནི་མིང་ལ་དངོས་པོ་གློ་བུར་བ་དང་། དངོས་པོ་ལའང་མིང་གློ་བུར་བ་ཞེས་བྱ་བ་ཡིན་གྱི། ཇི་ལྟར་ཁ་ཅིག་སྒྲ་དང་དོན་རྟག་ཏུ་འབྲེལ་བ་ནི་ལྷན་ཅིག་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པར་སེམས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཙམ་ཉིད་དུ་བཙལ་བར་བྱ། ཡུལ་གང་དུ་ཞེ་ན། བཏགས་པ་རྣམས་
པ་གཉིས་པོ་ལ་ཞེས་བྱ་བ་སྨོས་ཏེ། ངོ་བོ་ཉིད་དུ་བཏགས་པ་དང་ཁྱད་པར་དུ་བཏགས་པའོ། །ཇི་ལྟར་ཞེ་ན། འདི་ནི་བཏགས་པ་ཙམ་སྟེ་ཐ་སྙད་བཏགས་པར་ཟད་ཀྱི་འདི་ལ་ངོ་བོ་ཉིད་དང་ཁྱད་པར་དུ་བཏགས་པ་ནི་མེད་དོ་ཞེས་བྱ་བར་སྦྱར་རོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །ཡོངས་
སུ་ཚོལ་བ་བཞི་པོ་འདིས་སོ། །དོན་མེད་པར་ཞེས་བྱ་བ་ནི་དོན་དང་བྲལ་བའོ། །རྟོག་གསུམ་ཞེས་བྱ་བ་ནི་མིང་དུ་རྟོག་པ་དང་། ངོ་བོ་ཉིད་དུ་བཏགས་པར་རྟོག་པ་དང་། ཁྱད་པར་དུ་བཏགས་པར་རྟོག་པའོ། །དེ་མེད་ཕྱིར་ཞེས་བྱ་བ་ནི་དོན་མེད་པའི་ཕྱིར་རོ། །དོན་མེད་པར་ཞེས་བྱ་བ་ནི་རྟོག་པ་རྣམ་པ་
གསུམ་མེད་པར་མཐོང་བའོ། །གསུམ་ལ་འཇུག་པ་ཡིན་ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལ་འཇུག་པའོ། །ཚིགས་སུ་བཅད་པ་དང་པོའི་ཕྱེད་ཀྱིས་ནི་མིང་དང་དངོས་པོ་གཉིས་གཅིག་ལ་གཅིག་གློ་བུར་ཡིན་པར་མཐོང་ནས་ཀུན་བཏགས་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །ཚིགས་སུ་བཅད་པ་དང་པོའི་
ཕྱེད་འོག་མས་ནི་ངོ་བོ་ཉིད་དང་། ཁྱད་པར་དུ་བཏགས་པ་རྟོག་པ་ཙམ་ཉིད་དུ་མཐོང་ནས་གཞན་གྱི་དབང་གི་ངོ་བོ་ཉིད་མངོན་པར་རྟོགས་པ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པ་རངས་པས་ནི་རྟོག་པར་ཟད་ཀྱི། དངོས་པོར་ནི་མ་ཡིན་ནོ་ཞེས་རྟོག་པ་རྣམས་ཀྱང་མེད་པར་མཐོང་བས་ཡོངས་སུ་གྲུབ་པ་ལ་འཇུག་གོ། །
གཞན་དུ་ན་ནི་དག་པ་དང་མ་དག་པ་མེད་པས་བཅིངས་པ་དང་ཐར་པ་མི་འགྲུབ་པོ། །སུ་ཞིག་དེ་ལྟར་ཡོངས་སུ་ཚོལ་ནས་འབྲས་བུ་ཐོབ་པ་དང་སུ་ལ་དེ་སྐད་བསྟན་པ་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །གཟུགས་བརྙན་ཡིད་དུ་མཐོང་བ་ནི། །

ཞེས་བྱ་བ་ལ་སོགས་པའོ། །ཆོས་དང་དོན་དུ་སྣང་བ་ཏིང་ངེ་འཛིན་གྱི་གཟུགས་བརྙན་གང་ཡིན་པ་དེ་ཉིད་ཡིན་པར་མཐོང་བ་སྟེ། ཇི་སྐད་དུ་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པས་རབ་ཏུ་ཕྱེ་བ་ཅན་ནོ། ཞེས་ངས་བཤད་པ་ལྟ་བུའོ། །སུས་མཐོང་ཞེ་ན་བྱང་ཆུབ་སེམས་དཔའ་མཉམ་པར་
གཞག་པས་ཞེས་བྱ་བ་སྟེ། སེམས་རྩེ་གཅིག་པས་སོ། །དོན་གྱི་འདུ་ཤེས་བཟློག་ནས་སུ། །ཞེས་བྱ་བ་ནི་གཟུགས་བརྙན་དེ་ལས་དོན་གྱི་འདུ་ཤེས་བསལ་ནས་སོ། །རང་གི་འདུ་ཤེས་ངེས་པར་གཟུང་། །ཞེས་བྱ་བ་ནི་བདག་གི་མཉམ་པར་གཞག་པའི་སེམས་འདི་ཉིད་ཆོས་དང་དོན་ལྟ་བུར་སོ་སོར་
སྣང་ངོ་སྙམ་དུའོ། །དེ་ལྟར་ནང་དུ་སེམས་གནས་སོ་ཞེས་བྱ་བ་ནི་དེའི་ཚེ་དེའི་སེམས་ཉིད་ལ་སེམས་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུང་བ་མེད་པར་རབ་རྟོགས་བྱོས། །ཞེས་བྱ་བ་ནི་གཟུང་བ་མེད་པར་ཤེས་པར་བྱ་བའོ། །དེའི་ཕྱིར་འཛིན་པ་མེད་རྟོགས་ཀྱིས། །ཞེས་བྱ་བ་ནི་གཟུང་བ་མེད་ན་འཛིན་
པ་མི་འཐད་པའི་ཕྱིར་རོ། །དེས་ན་དམིགས་པ་མེད་ལ་རེག །ཅེས་བྱ་བ་ནི་དེ་གཉི་གའི་ངོ་བོ་ཉིད་དམིགས་པ་དང་བྲལ་བའི་དེ་བཞིན་ཉིད་ཁོང་དུ་ཆུད་དེ་རབ་ཏུ་རྟོགས་པའོ། །བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་
འགྲུས་ནི་གཉི་གར་གཏོགས་སོ། །བསམ་གཏན་ནི་ཚད་མེད་པ་ལ་དམིགས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །གཞན་ནི་ཡེ་ཤེས་ཀྱི་ཡན་ལག་གོ། །མཐའ་ཡས་ཕ་རོལ་མེད་ཅེས་བྱ་བ་ནི་མཐའ་ཡས་ཤིང་ཕ་རོལ་མེད་པ་སྟེ། མང་བ་དང་རྒྱང་རིང་བའི་ཕྱིར་གོ་རིམས་བཞིན་ནོ། །གླུ་དབྱངས་དང་སིལ་སྙན་
མཐའ་ཡས་པ་དང་འདྲའོ། །རྒྱ་མཚོ་ཕ་མཐའ་མེད་པ་དང་འདྲའོ། །བསགས་ཏེ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ལ་སེམས་པ་ལེགས་པར་རྣམ་ངེས་ཕྱིར། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རྗེས་ལ་མདོའི་སྡེ་ལ་སོགས་པ་ལ་ཤིན་ཏུ་ངེས་པའི་ཕྱིར་ཏེ། ཐེ་ཚོམ་མེད་
པའི་ཕྱིར་རོ། །དོན་གྱི་རྣམ་པ་བརྗོད་པའི་རྒྱུས་འབྱུང་རྟོགས། །ཞེས་བྱ་བ་ནི་དོན་རྣམས་ཀྱི་རྒྱུ་ནི་ཡིད་ཀྱི་བརྗོད་པ་ཡིན་པར་ཤེས་པ་སྟེ། ཇི་སྐད་དུ་ཆོས་རྣམས་བརྗོད་པའི་བག་ཆགས་ལས་བྱུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །རྟོག་པ་དེ་ཡིས་བསྒོས་པ་ཡིས། །རྟོག་པ་ཡིད་བྱེད་དེའི་གནས་ནི། །ཞེས་

ཀྱང་བཤད་དེ། ཚིགས་སུ་བཅད་པ་འདིས་ནི་ཚོགས་ཀྱི་ལམ་བསྟན་ཏོ། །དེ་འདྲ་བའི་སེམས་ཙམ་ཉིད་ལ་གནས་ཞེས་བྱ་བ་ནི་དོན་གྱི་རྣམ་པ་ལ་སྟེ། འདི་ལྟར་དེ་འདི་སྙམ་དུ་སེམས་འདི་ཉིད་དོན་གྱི་རྣམ་པར་ཡོངས་སུ་གྱུར་ཏོ་སྙམ་དུ་སེམས་སོ། །དེ་བས་གཉིས་ཀྱི་མཚན་ཉིད་བྲལ་
བ་ཡི། །ཆོས་ཀྱི་དབྱིངས་ནི་མངོན་སུམ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དོན་མེད་པར་རྟོགས་པ་སྔོན་དུ་འགྲོ་བའི་སེམས་ཙམ་ལ་གནས་ནས་བཟུང་བ་དང་འཛིན་པའི་མཚན་ཉིད་གཉིས་དང་བྲལ་བ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་མངོན་སུམ་དུ་འགྱུར་ཏེ། ངེས་པར་སྐྱེས་པའི་ཕྱིར་རོ། །ཚིགས་སུ་བཅད་
པ་འདིས་ནི་སྦྱོར་བའི་ལམ་བསྟན་ཏོ། །ཇི་ལྟར་མངོན་སུམ་དུ་འགྱུར་བ་དེ་ལྟར་སྟོན་ཏེ། སེམས་ལས་གཞན་མེད་པར་ནི་བློས་རྟོགས་ནས། །དེ་ཕྱིར་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་བྱ་བ་ནི་སེམས་ལས་གཞན་པ་དམིགས་པར་བྱ་བའི་དོན་མེད་དེ། དེ་མེད་པས་དམིགས་པར་བྱེད་པ་ཡང་མི་
འཐད་དེ་ཞེས་བྱ་བར་སྦྱར་རོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །གཉིས་པོ་མེད་རྟོགས་ནས་ཞེས་བྱ་བ་ནི་ངེས་པར་གྱུར་པའོ། །དེ་དང་མི་ལྡན་ཆོས་ཀྱི་དབྱིངས་ལ་གནས། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ལ་ཞེས་བྱ་བའི་ཐ་ཚིག་གོ། །གནས་
ཞེས་བྱ་བ་ནི་གནས་པར་བྱེད་པའོ། །ཚིགས་སུ་བཅད་པ་འདིས་ནི་མཐོང་བའི་ལམ་བསྟན་ཏོ། །རྟོགས་མེད་ཤེས་སྟོབས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐུས་སོ། །མཉམ་པའི་རྗེས་སོང་བ་ཞེས་བྱ་བ་ནི་ཇི་ལྟར་གཟུང་བ་མེད་པ་དེ་ལྟར་འཛིན་པ་ཡང་མེད་དོ་ཞེས་མཉམ་པ་ཉིད་
ཀྱི་རྗེས་སུ་སོང་ནས་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་ནམ་མཁའ་ལྟར་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་རོ། །ཀུན་ནས་ཞེས་བྱ་བ་ནི་ཕྱི་དང་ནང་ནས་སོ། །རྟག་པར་ཡང་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དེའི་གནས་ཐིབས་པོ་ཉེས་པ་བསགས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་
དེ་དག་གི་རྒྱུའོ། །ཐིབས་པོ་ནི་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་བག་ཆགས་ཀྱི་མཛོད་ཀུན་གཞིའོ། །རྩི་སྨན་ཆེན་པོས་དུག་ནི་སེལ་བ་བཞིན། །ཞེས་བྱ་བ་ནི་གོ་སླ་བས་མ་བཤད་དོ། །ཚིགས་སུ་བཅད་པ་འདིས་ནི་བསྒོམ་པའི་ལམ་བསྟན་ཏོ། །

ཐུབ་པས་གསུངས་པའི་ལེགས་ཆོས་ལེགས་གཞག་པ། །ཞེས་བྱ་བ་ནི་ཐུབ་པས་གསུངས་པའི་ཆོས་བཟང་པོ་མཛེས་པར་རྣམ་པར་གཞག་པའོ། །རྩ་བ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཚིག་བསྡུས་པ་ལ་དམིགས་པའོ། །རྩ་བ་ཞེས་བྱ་བ་ནི་ས་བཅུ་པ་སྟེ། མདོ་སྡེ་ཐམས་ཅད་ཀྱི་མ་མོ་ཡིན་པའི་ཕྱིར་རོ། །
དེའི་ཆོས་རྣམས་ནི་ཆོས་གང་དག་ལ་དེ་འཇུག་པའོ། །ཆོས་དེ་དག་གི་དབྱིངས་ནི་སྟོང་པ་ཉིད་དེ། དེ་ལ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་དྲན་པ་གཞག་སྟེའོ། །དྲན་པའི་རྒྱུད་ནི་རྟོག་པ་ཙམ་ཤེས་ནས། །ཞེས་བྱ་བ་ནི་དྲན་པའི་རྒྱུད་ནི་རྩ་བའི་ཆོས་ཀྱི་དབྱིངས་ལ་འཇུག་པའོ། །དེ་རྟོག་པ་ཙམ་དུ་ཤེས་པ་
ནི་དྲན་པར་བྱ་བའི་ཚེ་ཆོས་མེད་པར་ཞེས་བྱ་བའི་ཐ་ཚིག་སྟེ། མདོའི་སྡེ་ལ་སོགས་པའི་ཆོས་དྲན་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འབྲས་བུ་དང་བཅས་པ་དྲན་པར་བྱ་བ་རྣམས་ཀུན་བརྟགས་པའི་བདག་ཉིད་དུ་མེད་པའི་ཕྱིར་རོ། །མངོན་པར་རྟོགས་པའི་གོ་རིམས་འདིས་རྣམ་པར་མི་རྟོག་པ་
དང་རྗེས་སུ་ཐོབ་པ་གཉིས་ཀྱིས། ཡོན་ཏན་རྒྱ་མཚོའི་ཕ་རོལ་བརྟན་མྱུར་འགྲོ། །ཞེས་བྱ་བ་སྟེ། ཡོན་ཏན་ཕུན་ཚོགས་ཐམས་ཅད་ཀྱི་གནས་སངས་རྒྱས་ཉིད་ཀྱིས་འཐོབ་སྟེ། ཇི་སྐད་དུ། མངོན་པར་བྱང་ཆུབ་དུས་ན་ཡོན་ཏན་མཐའ་ཡས་དེ་དག་ཅིག་ཅར་དུ། །བྱ་རྣམས་གནས་
འཆའ་སླད་དུ་ཤིང་ལྟར་ཁྱོད་ཀྱིས་ཇི་ཞིག་ལྟར་བརྙེས་གྱུར། །ཅེས་བཤད་པ་ལྟ་བུའོ། །བརྟན་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་དང་དེའི་རྗེས་ལ་ཐོབ་པའི་དེ་གཉི་ག་འཛིན་པའོ། །དེ་སུ་ཞེ་ན་བྱང་ཆུབ་སེམས་དཔའ་ཞེས་སྦྱར་བར་བྱའོ། །མྱུར་དུ་ཞེས་བྱ་བ་ནི་སྐྱེན་པར་རོ། །བསྐལ་པ་
ཆེན་པོ་གྲངས་མེད་པ་གསུམ་གྱི་དུས་ཆེན་པོ་ཞེས་བརྗོད་ན་དེ་མྱུར་དུ་ཞེས་ཇི་སྐད་དུ་བྱ་ཞེ་ན། རྟོག་པ་ཙམ་དུ་ཟད་པའི་ཕྱིར་དེ་ལྟ་མ་ཡིན་ཏེ། དུས་གསུམ་བརྟག་པ་ལས་ཇི་སྐད་དུ། རྨི་ལམ་ན་ནི་ལོ་གཅིག་ཀུན། །ཡུད་ཙམ་གྱིས་ཀྱང་དམིགས་པ་སྟེ། །དེས་ན་དཔག་མེད་དུས་དག་
ཀྱང་། །སྐད་ཅིག་ཉིད་དུ་འདུ་བར་འགྱུར། །ཅེས་བཤད་པ་ལྟ་བུའོ། །བརྩོན་འགྲུས་སྦྱངས་པའི་ཡང་ཕྱིར་ཏེ། །ཇི་སྐད་དུ། ལེགས་ཕྱིར་དུས་ཐུང་བ་ཡང་བརྩོན་འགྲུས་ལྷོད་པ་རྣམས་ལ་རིང་དུ་སྣང་། །རབ་ཏུ་བརྩོན་པ་ཁྱོད་ལ་དཔག་ཏུ་མེད་པའི་དུས་ཀྱང་ཐུང་ངུར་འདས། །ཞེས་

བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུའོ།། །།བམ་པོ་ལྔ་པ། རྣམ་པར་རིག་པ་ཙམ་ཉིད་ལ་འཇུག་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་སྦྱོར་བའི་དུས་ན་འཇིག་རྟེན་པ་སྟེ། དེ་དག་སྟོན་ཏོ། །འདི་ལ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་རྣམས་ལ་ཀུན་དུ་མ་ཆགས་པ་ཞེས་
བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་དུ་ཆགས་པ་ནི་གཏོང་བའི་མི་མཐུན་པའི་ཕྱོགས་ཆགས་པ་སྟེ། དེ་ཉིད་རྣམ་པར་གཡེང་བའོ། །འོག་མ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཚུལ་ཁྲིམས་རྣམས་ལ་ལྟུང་བ་མེད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྟུང་
བ་ནི་རྣམ་པར་གཡེང་བའོ། །སྡུག་བསྔལ་རྣམས་ལ་འཁྲུག་པ་མེད་པ་ཞེས་བྱ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཁྲུལ་པ་ནི་རྣམ་པར་གཡེང་བའོ། །བསྒོམ་པ་ལ་ལེ་ལོ་མེད་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལེ་ལོ་ནི་རྣམ་པར་གཡེང་བའོ། །རྣམ་པར་གཡེང་
བའི་རྒྱུ་འདི་དག་ལ་མི་འཇུག་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བའི་རྒྱུ་དག་ལ་མི་འཇུག་པ་སྟེ། ཡོངས་སུ་སྤངས་པའི་ཕྱིར་རོ། །སེམས་རྩེ་གཅིག་ཏུ་བྱས་ནས་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་ནས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་བཞིན་དུ་
ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གིས་རྣམ་པར་རིག་པ་ཙམ་ཉིད་ལ་འཇུག་གོ། །ཞུགས་པས་ནི་ལྷག་པའི་བསམ་པ་དག་པས་ཡོངས་སུ་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འབྲས་བུར་གྱུར་པ་དག་འཐོབ་
སྟེ། འདི་ལྟར་འདིའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཀུན་དུ་སྤྱོད་པའི་སྦྱོར་བ་མེད་ཀྱང་རྟག་པར་རྒྱུན་དུ་རྒྱུན་མི་འཆད་པའི་ཚུལ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྦྱོར་ན་
ཚུལ་ཁྲིམས་འཆལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། རབ་ཙམ་དུ་མི་སྦྱོར་བའི་ཕྱིར་རོ། །ཚུལ་ཁྲིམས་ལ་མི་སྦྱོར་ན་ནི་སྐྱོན་འདི་འབྱུང་ན། རབ་ཙམ་དུ་མི་སྦྱོར་བའི་ཕྱིར་ཉེས་པ་མ་ཡིན་ཏེ། འདི་ལྟར་བསྟན་པ་ལ་མོས་པ་ལ་སོགས་པས་སྦྱོར་བས་དེའི་ཕྱིར་ཉེས་པ་མེད་དོ། །དེ་ལ་

བསྟན་པ་ལ་མོས་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་བསྟན་པ་ཟབ་མོ་རྣམས་ལ་ཡང་དད་པའོ། །རོ་མྱང་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡོན་ཏན་ཏུ་ལྟ་བའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི་གཞན་ལ་གནས་པའམ། བདག་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་
རྣམས་ལ་གཞན་ནམ་བདག་གི་ཕྱིར་རབ་ཏུ་དགའ་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི་རྟག་ཏུ་ཁྱད་པར་དུ་འཕགས་པར་གྱུར་ཅིག་ཅེས་དེ་དང་མི་འབྲལ་བར་སྨོན་པའོ། །ལྷག་པའི་བསམ་པ་དག་པ་ནི་ཚོགས་དང་བཟོད་པ་དང་། དམིགས་པ་དང་ཡིད་ལ་བྱེད་པ་དང་། གཉེན་པོ་དང་ངོ་བོ་ཉིད་
དང་། རྟགས་དང་ཕན་ཡོན་གྱིས་བརྗོད་པར་བྱའོ། །དེ་ལ་མོས་པས་སྤྱོད་པའི་ས་ལ་ནི་ཚོགས་ལེགས་པར་བསགས་པའི་ཕྱིར་ཏེ། དཀར་པོའི་ཆོས་རྣམས་ཀུན་རྫོགས་དང་། །ཞེས་བྱ་བ་ནི་ཚོགས་ཀྱིས་སོ། །བཟོད་རྣོན་ཐོབ་ཅེས་བྱ་བ་ནི་ཆུང་ངུ་དང་། འབྲིང་པོ་བསལ་ནས་ཆོས་ལ་ངེས་པར་
རྟོག་པའི་བཟོད་པ་ཆེན་པོ་ལ་འཇུག་པ་སྟེ། བཟོད་པས་སོ། །རང་གི་ཐེག་ཅེས་བྱ་བ་ལ་སོགས་པ་ནི་དམིགས་པ་སྟེ། ཟབ་པ་ནི་ཕྲ་བའི་དོན་ཉིད་དེ་ཆོས་ལ་བདག་མེད་པ་ཉིད་དོ། །རྒྱ་ཆེ་བ་ནི་མཐུ་དང་ལྡན་པ་སྟེ། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །རྟོག་པ་ཙམ་དུ་རྟོགས་པའི་
ཕྱིར། །ཞེས་བྱ་བ་ནི་ཡིད་ལ་བྱེད་པས་ཏེ། ཆོས་ཐམས་ཅད་རྟོགས་པ་ཙམ་དུ་ཤེས་པའི་ཕྱིར་རོ། །མི་རྟོག་ཡེ་ཤེས་ཐོབ་པའི་ཕྱིར། །ཞེས་བྱ་བ་ནི་གཉེན་པོས་སོ། །འདོད་པ་དང་ནི་མོས་པ་དག །ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཏེ། དད་པ་དང་འདུན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྔ་ལོགས་
སུ་ཡང་ཆོས་རྒྱུན་དེར། །སངས་རྒྱས་རྣམས་ནི་མཐོང་བས་ན། །ཞེས་བྱ་བ་ནི་རྟགས་ཀྱིས་སོ། །གང་གི་སྔ་ལོགས་སུ་ཞེ་ན། དག་པའི་སྔ་རོལ་དུའོ། །ཆོས་རྒྱུན་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཉིད་དུ་བསྟན་ཏོ། །དེར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྟེ། མཉམ་པར་གཞག་པས་སངས་རྒྱས་
མཐོང་ངོ་། །དེ་མཐོང་བའི་ཕྱིར་བྱང་ཆུབ་དང་ཉེ་བར་རྟོགས་སོ། །ཉེ་བར་རྟོགས་ཀྱང་ཚེགས་ཆེན་པོས་འཐོབ་པའམ་སྙམ་པ་བཟློག་པའི་ཕྱིར། ཚེགས་མེད་པར་ནི་ཐོབ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། འདི་ནི་ཕན་ཡོན་ནོ། །དེའི་གནས་སྐབས་ནི་དེ་ཐོབ་པར་བྱ་བའི་ཐབས་རྙེད་པས་བྱང་ཆུབ་

དང་ཉེ་བར་ཡང་མཐོང་ལ། ཚོགས་གོམས་པར་བྱས་པས་ཡོངས་སུ་སྨིན་པའི་ཤུགས་ཀྱི་མཐུས་ཚེགས་མེད་པར་ཡང་འཐོབ་པོ། །དེ་བས་ན་ཚིགས་སུ་བཅད་པ་གསུམ་པོ་འདི་དག་གིས་ལྷག་པའི་བསམ་པ་དག་པ་རྣམ་པ་བརྒྱད་བཤད་དོ། །དེ་དག་གྲངས་དང་དེ་ཡི་
མཚན་ཉིད་དང་། །གོ་རིམས་ངེས་ཚིག་གོམས་བྱ་ཡོན་ཏན་དང་། །ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་འབྱུང་བའི་དོན་གླེང་སློང་བའི་ཚིགས་སུ་བཅད་པའོ། །གྲངས་རྣམ་པར་གཞག་པའི་དབང་དུ་བྱས་ནས། མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་གཞག་པ་ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །རྒྱུ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ཉིད་དེ་མི་ཉུང་མི་མང་ངོ་། །མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་གཞག་པ་རྣམས་ཀྱིས་རྣམ་པར་འགྲེལ་པ་ནི། མི་འཕགས་པའི་རྒྱུའི་གཉེན་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
སྟེ། །ཞེས་བྱ་བ་ནས་སྤགས་ནས་མི་ལྡོག་པའི་ཆུད་ཟ་བའི་རྒྱུའི་གཉེན་པོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་བྱ་བའི་བར་དུའོ། །ཆུད་ཟ་བའི་རྒྱུ་ནི་རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་བོ་ཞེས་བྱ་བ་ལ་སྨད་པའི་ཤེས་རབ་ཅན་རྣམས་
ཀྱིས་ཕྱིན་ཅི་ལོག་ཏུ་བཟུང་བ་ནི་ཆུད་ཟ་བ་སྟེ། མུ་སྟེགས་ཅན་བཞིན་ནོ། །ལྷག་མ་ནི་གོ་བར་སླ་སྟེ་བཤད་པ་ཉིད་ཀྱིས་ལེགས་པར་རྣམ་པར་ཕྱེ་ཟིན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་ཀྱིས་ཞེས་བྱ་བ་ནི་གྲངས་རྣམ་པར་གཞག་པའི་རྒྱུ་
གཉིས་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ་མི་ཉུང་མི་མང་ངོ་། །ཇི་ལྟ་ཞེ་ན། རྣམ་པར་མི་གཡེང་བའི་རྒྱུ་སྦྱིན་པ་ལ་སོགས་པ་བཞིས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་གཡེང་བ་གཅིག་འགྲུབ་བོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་རྣམ་
པར་གཡེང་བ་མེད་པའི་ཕྱིར་རོ། །རྣམ་པར་མི་གཡེང་བ་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་མི་གཡེང་བ་དེ་ལ་བརྟེན་ནས་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལ་བརྟེན་ནས་སོ། །ཆོས་ཀྱི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་མངོན་དུ་ཡང་དག་པར་རྟོགས་

པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ཡང་དག་པར་འགྲུབ་སྟེ། འགྲུབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པས་ཞེས་བྱ་བ་ནི་གྲངས་རྣམ་པར་གཞག་པའི་རྒྱུ་གསུམ་
པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ལ་ཕན་འདོགས་པ་ནི་བདེ་བ་སྐྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕ