Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 134

Văn bản gốc(Tây Tạng)

Trang 7 / 24 (50.000 ký tự/trang)
བསྒོམ་པ་གང་ཞེ་ན། དད་པའི་དབང་

པོ་ནི་བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །མངོན་པར་ཡིད་ཆེས་པ་སྐྱེས་པ་ནི་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་བརྩོན་འགྲུས་བསྒོམ་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་བདེན་པ་རྣམས་
ལ་ཉེ་བར་གནས་པའི་དྲན་པ་མི་བརྗེད་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་དྲན་པ་ཉེ་བར་གནས་པའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་མཉམ་པར་གཞག་པའི་ཤེས་རབ་ནི་རབ་ཏུ་རྣམ་པར་འབྱེད་
པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །འབྲས་བུ་གང་ཞེ་ན། བདེན་པ་མྱུར་དུ་མངོན་པར་རྟོགས་པར་བྱེད་པ་དང་། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་རྣམས་བསྒྲུབ་པའོ། །དབང་པོ་རྣམས་ལ་ཇི་ལྟ་བར་སྟོབས་རྣམས་ལ་ཡང་དེ་བཞིན་
ནོ། །འདི་ནི་བྱེ་བྲག་ཡིན་ཏེ། མི་མཐུན་པའི་ཕྱོགས་ངེས་པར་བསྲབས་པས། མི་བརྫི་བའི་ཕྱིར་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་གི་ཡང་དག་པ་ཉིད་ཇི་ལྟ་བའོ། །ངོ་བོ་ཉིད་གང་ཞེ་ན། དྲན་
པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། །དྲན་པ་ནི་གནས་ཀྱི་ཡན་ལག་གོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་གོ། །བརྩོན་འགྲུས་ནི་ངེས་པར་
འབྱུང་བའི་ཡན་ལག་གོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། གང་གིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། གང་དུ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་
བ་དང་། ཀུན་ནས་ཉོན་མོངས་པ་གང་ཡང་མེད་པའོ། །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དབེན་པ་ལ་གནས་པ། འདོད་ཆགས་དང་

བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཇི་ལྟ་བར་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུ་ཡང་དེ་བཞིན་ནོ། །འདིས་ནི་བདེན་པ་ལ་དམིགས་པ་བྱང་ཆུབ་
ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་བསྟན་ཏོ། །འབྲས་བུ་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །ལམ་གྱི་ཡན་ལག་རྣམས་ཀྱི་དམིགས་པ་གང་ཞེ་ན། དེའི་འོག་ཏུ་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པ་ཉིད་ཇི་
ལྟ་བའོ། །ངོ་བོ་ཉིད་གང་ཞེ་ན། ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་
དག་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་གོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་གོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ལྟ་བ་དང་།
ཚུལ་ཁྲིམས་དང་། འཚོ་བ་རྣམ་པར་དག་པའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་
ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ནོ། །འབྲས་བུ་གང་ཞེ་ན། ཡོངས་སུ་གཅོད་པ་དང་། གཞན་གོ་བར་བྱེད་པ་
དང་། གཞན་ཡིད་ཆེས་པར་བྱེད་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་པའོ། །ལམ་བཞི་གང་ཞེ་ན། མངོན་པར་ཤེས་པ་བུལ་ལ་དཀའ་བ་དང་། མངོན་

པར་ཤེས་པ་མྱུར་ལ་དཀའ་བ་དང་། མངོན་པར་ཤེས་པ་བུལ་ལ་སླ་བ་དང་། མངོན་པར་ཤེས་པ་མྱུར་ལ་སླ་བ་སྟེ། དང་པོ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པའིའོ། །གཉིས་པ་ནི་དབང་པོ་རྣོན་པོ་དངོས་གཞིའི་བསམ་གཏན་
མ་ཐོབ་པའི་འོ། །གསུམ་པ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་ཐོབ་པའིའོ། །བཞི་པ་ནི་དབང་པོ་རྣོན་པོ་དངོས་གཞིའི་བསམ་གཏན་ཐོབ་པའིའོ། །ཆོས་ཀྱི་གནས་བཞི་གང་ཞེ་ན། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་
པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་སྦྱོང་བའོ། །ཡང་དག་པའི་དྲན་པ་ནི་ལྷག་པའི་སེམས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷག་པའི་ཤེས་རབ་བོ། །
ཞི་གནས་གང་ཞེ་ན། འདི་ལྟ་སྟེ། ནང་ཉིད་ལ་སེམས་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། འདུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་
འཇོག་པའོ། །ལྷག་མཐོང་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། གནས་ངན་ལེན་དང་། མཚན་མའི་གཉེན་པོ་ཉིད་དང་། ཕྱིན་ཅི་ལོག་
ལས་འབྱིན་པ་དང་། ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པའི་ཕྱིར་རོ། །ཡང་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ། ལ་ལ་ནི་ཞི་གནས་ཐོབ་པ་ཡིན་གྱི། ལྷག་མཐོང་ནི་མ་ཐོབ་པ་སྟེ། དེ་ཞི་གནས་ལ་བརྟེན་ནས་ལྷག་མཐོང་ལ་བརྩོན་པར་
བྱེད་དོ། །ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་པ་སྟེ། དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ཞི་གནས་ཀྱང་ཐོབ་པ་མ་ཡིན་ལ་ལྷག་མཐོང་ཡང་ཐོབ་པ་མ་ཡིན་ཏེ། དེ་ཆོས་ལ་རྒོད་པ་མངོན་པར་ཚར་བཅད་པའི་སེམས་ཀྱིས་

གཉི་ག་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ཞི་གནས་དང་ལྷག་མཐོང་ཡང་ཐོབ་པ་ཡིན་ཏེ། དེ་ཞི་གནས་དང་ལྷག་མཐོང་ཡང་འདྲེས་པར་གྱུར་ནས་མཉམ་པར་ཟུང་དུ་འཇུག་གོ། །དབང་པོ་ནི་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པ་དང་།
ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང་། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གང་དབང་བྱེད་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་
ཅིག་བཅུ་དྲུག་པ་ལ་བརྟེན་ནས་སློབ་པའི་ལམ་ཐམས་ཅད་ལ་གང་དབང་བྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། མི་སློབ་པའི་ལམ་ལ་གང་དབང་བྱེད་པའོ། །བསམ་གཏན་དང་པོའི་ས་པའི་ལམ་བསྒོམ་པ་ན་འདོད་པ་དང་རབ་ཏུ་ལྡན་པའི་དགེ་བའི་རྩ་བ་
རྣམས་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །བསམ་གཏན་དང་པོའི་ས་པ་ན་འདོད་པ་ན་སྤྱོད་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་ས་གོང་མ་པའི་ལམ་ཐམས་ཅད་བསྒོམ་པ་ན། ས་འོག་མ་པའི་དགེ་བའི་རྩ་བ་རྣམས་བསྒོམ་པར་འགྱུར་ཏེ། དེ་དག་ལ་
དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །མཐར་ཕྱིན་པའི་ལམ་གང་ཞེ་ན། གནས་ངན་ལེན་ཐམས་ཅད་རྒྱུན་གཅོད་པ་དང་། འཕྲད་པའི་འཐོབ་པ་རྣམས་ཀྱི་རྒྱུན་ཆད་པ་དང་། བྲལ་བའི་འཐོབ་པ་རྣམས་ཐོབ་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དེ་མ་ཐག་ཏུ་
གནས་མ་ལུས་པར་གྱུར་ཏེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །མི་སློབ་པའི་ཆོས་བཅུ་ཡང་ཡིན་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས། མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང་། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང་། མི་
སློབ་པའི་ཡང་དག་པའི་ཤེས་པའོ། །གནས་ངན་ལེན་ཐམས་ཅད་གང་ཞེ་ན། མངོན་པར་བརྗོད་པའི་གནས་ངན་ལེན་ཀུན་ཏུ་འགྲོ་བ་དང་། ཚོར་བའི་གནས་ངན་ལེན་དང་། ཉོན་མོངས་པའི་གནས་ངན་ལེན་དང་། ལས་ཀྱི་གནས་ངན་ལེན་དང་། རྣམ་པར་སྨིན་པའི་གནས་ངན་

ལེན་དང་། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང་། ལས་ཀྱི་སྒྲིབ་པའི་གནས་ངན་ལེན་དང་། རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་དང་། སྒྲིབ་པའི་གནས་ངན་ལེན་དང་། རྟོག་པའི་གནས་ངན་ལེན་དང་། ཟས་ཀྱི་གནས་ངན་
ལེན་དང་། འཁྲིག་པའི་གནས་ངན་ལེན་དང་། རྨི་ལམ་གྱི་གནས་ངན་ལེན་དང་། ནད་ཀྱི་གནས་ངན་ལེན་དང་། རྒ་བའི་གནས་ངན་ལེན་དང་། འཆི་བའི་གནས་ངན་ལེན་དང་། ཡོངས་སུ་ངལ་བའི་གནས་ངན་ལེན་དང་། གནས་ངན་ལེན་བརྟན་པ་དང་། གནས་
ངན་ལེན་ཆེན་པོ་དང་། གནས་ངན་ལེན་འབྲིང་པོ་དང་། གནས་ངན་ལེན་ཆུང་ངུ་དང་། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང་། སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་དང་། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ཏོ། །འཕྲད་པའི་འཐོབ་པ་རྣམས་གང་
ཞེ་ན། གནས་ངན་ལེན་བསགས་པ་ལ་འཐོབ་པ་ཞེས་གདགས་སོ། །བྲལ་བའི་འཐོབ་པ་རྣམས་གང་ཞེ་ན། གནས་ངན་ལེན་ཟད་པ་ལ་བྲལ་བའི་འཐོབ་པ་ཞེས་གདགས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། སྦྱོར་བའི་ལམ་གྱིས་བསྡུས་པ་དང་། བར་ཆད་མེད་
པའི་ལམ་གྱིས་བསྡུས་པའོ། །སྦྱོར་བའི་ལམ་གྱིས་བསྡུས་པ་ནི་གང་ཕན་ཆད་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང་། སྒྲིབ་པ་ཐམས་ཅད་ནི་ཤིགས་པའོ། །བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ནི་གང་གི་འོག་ཏུ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་འབྱུང་བ་སྟེ། ཏིང་ངེ་
འཛིན་དེ་ཡང་བར་མེད་པ། བརྟན་པ། སྲ་བ། རོ་གཅིག་པ། ཁྱབ་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དཔེར་ན། བྲག་ཆེན་པོ་མ་གྲུམ་པ། སེར་ཀ་མེད་པ། ཁོང་སྟོང་མ་ཡིན་པ། གཅིག་ཏུ་འདུས་པ། ཤིན་ཏུ་མཁྲེགས་པ་དེ་ནི་ཤར་ཕྱོགས་
ཀྱི་རླུང་གིས་ཀྱང་མི་སྒུལ་ཅིང་མི་གཡོས་སོ། །ཤར་ཕྱོགས་ཇི་ལྟ་བར་ཕྱོགས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །གནས་མ་ལུས་པར་གྱུར་པ་གང་ཞེ་ན། གང་མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་དང་། ལམ་གྱི་གནས་གྱུར་པ་དང་། གནས་ངན་ལེན་

གྱི་གནས་གྱུར་པའོ། །ཟད་པ་ཤེས་པ་གང་ཞེ་ན། རྒྱུ་ཟད་ནས་ཤེས་པ་གང་ཡིན་པའམ། ཟད་པ་ལ་དམིགས་པའོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན། འབྲས་བུ་སྤངས་ནས་ཤེས་པ་གང་ཡིན་པའམ། འབྲས་བུ་མི་སྐྱེ་བ་ལ་དམིགས་པའོ། །མི་སློབ་པའི་ཆོས་བཅུ་ནི་
མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་དབང་དུ་བྱས་པར་ཤེས་པར་བྱའོ། །ཡང་ལམ་གྱི་བདེན་པའི་རྣམ་པ་ནི་མཚན་ཉིད་
བཞིར་རིག་པར་བྱ་སྟེ། ལམ་གྱི་མཚན་ཉིད་དང་། རིགས་པའི་མཚན་ཉིད་དང་། སྒྲུབ་པའི་མཚན་ཉིད་དང་། ངེས་པར་འབྱིན་པའི་མཚན་ཉིད་དོ། །ཅིའི་ཕྱིར་ལམ་གྱི་མཚན་ཉིད་ཅེས་བྱ་ཞེ་ན། དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཅིའི་ཕྱིར་རིགས་པའི་
མཚན་ཉིད་ཅེས་བྱ་ཞེ་ན། ཉོན་མོངས་པའི་གཉེན་པོའི་ཕྱིར་རོ། །ཅིའི་ཕྱིར་སྒྲུབ་པའི་མཚན་ཉིད་ཅེས་བྱ་ཞེ་ན། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱིན་པའི་མཚན་ཉིད་ཅེས་བྱ་ཞེ་ན། རྟག་པའི་གནས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །བདེན་
པ་རྣམས་ལ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་དག་བྱེ་བྲག་ཅི་ཡོད་ཅེ་ན། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང་། ལེགས་པར་ཞུགས་པ་དང་། སྒྲིབ་པ་དང་བཅས་པ་དང་། སྒྲིབ་པ་མེད་
པ་དང་། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ། འདི་ནི་བྱེ་བྲག་གོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པ་ལ་འཇུག་པ་ན་མི་རྟག་པའི་དོན་མཐོང་གི་མི་རྟག་པ་ཉིད་ཅེས་བྱ་བར་མཐོང་བ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱི་དོན་ལ་ཇི་ལྟ་བ་
དེ་བཞིན་དུ་རྣམ་པ་ལྷག་མ་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་རིག་པར་བྱའོ། །བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་གཉིས་པའོ།། །།ཆོས་རྣམ་པར་ངེས་པ་གང་ཞེ་ན། ཆོས་ཞེས་བྱ་བ་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་

སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་
དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའོ། །མདོའི་སྡེ་གང་ཞེ་ན། གང་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པ་སྟེ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་མདོར་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་
གཞག་པར་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་
དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །དབྱངས་ཀྱིས་བསྙད་པའི་སྡེ་གང་ཞེ་ན། མདོའི་སྡེ་
དེ་ཉིད་དུ་དབུས་དང་མཐའ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །ཡང་དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་འདས་ཏེ་ཤི་བའི་དུས་བྱས་པ་དང་འབྱུང་བ་ལུང་སྟོན་པའོ། །ཡང་ངེས་
པའི་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེའོ། །ཚིགས་སུ་བཅད་པའི་སྡེ་གང་ཞེ་ན། ཚིགས་སུ་སྦྱར་ནས་གསུངས་པ་སྟེ། དེ་ནི་རྩ་བ་གཉིས་པ་དང་། རྩ་བ་གསུམ་པ་དང་། རྩ་བ་བཞི་པ་དང་། རྩ་བ་ལྔ་པ་དང་། རྩ་བ་དྲུག་པའོ། །ཆེད་དུ་
བརྗོད་པའི་སྡེ་གང་ཞེ་ན། གང་ཡི་རངས་ནས་བརྗོད་པའོ། །གླེང་གཞིའི་སྡེ་གང་ཞེ་ན། གང་གི་ཆེད་དུ་གསུངས་པ་དང་། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པའོ། །རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དཔེ་དང་བཅས་པར་གསུངས་པའོ། །དེ་ལྟ་བུ་

བྱུང་བའི་སྡེ་གང་ཞེ་ན། གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པའི་རབས་ཀྱི་སྡེ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་སྡེ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་ཇི་
ལྟ་བ་དེ་བཞིན་དུ་རྣམ་པར་འཐག་པ་དང་མཚུངས་བྲལ་ཡང་དེ་བཞིན་ནོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང་། རྒྱས་པ་དང་། རྒྱ་ཆེ་བ་དང་། ཟབ་པའི་རྣམ་པར་ཆོས་བསྟན་པའི་ཕྱིར་རོ། །ཅིའི་
ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་བྲལ་ཞེས་བྱ་ཞེ་ན། མཚུངས་པ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སངས་
རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་དབབ་པར་བསྟན་པའི་སྡེ་གང་ཞེ་ན། གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའོ། །མདོའི་སྡེ་ལ་སོགས་པ་འདི་དག་ནི་སྡེ་སྣོད་གསུམ་དུ་འགྱུར་ཏེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་
པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་འཁོར་དང་བཅས་
པ་འདི་ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་
ཀྱིས་སྡེ་སྣོད་གསུམ་རྣམ་པར་གཞག་ཅེ་ན། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ། །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་

ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ། །ཡང་བསླབ་པ་གསུམ་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ། །ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་པའི་
ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ། །ཡང་ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ། །ཆོས་དང་དོན་མངོན་དུ་བྱ་བའི་
གཞིའི་གནས་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ། །འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར། ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ། །ཆོས་འདི་དག་གང་
གི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ལོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་དམིགས་པ་དང་བཅས་པ་དང་།
རྣམ་པ་དང་བཅས་པ་དང་། གནས་དང་བཅས་པ་དང་། མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་ནང་ནས་དེ་དག་གི་དམིགས་པ་གང་ཞེ་ན། མདོའི་སྡེ་ལ་སོགས་པའོ། །རྣམ་པ་གང་ཞེ་ན། ཕུང་པོ་ལ་སོགས་པ་དང་ལྡན་པའི་དོན་རྣམས་སོ། །གནས་གང་ཞེ་
ན། གཞན་ལས་རྣམ་པར་རིག་པ་དང་། དྲན་པ་དང་། བག་ཆགས་སོ། །མཚུངས་པར་ལྡན་པ་གང་ཞེ་ན། གཅིག་གི་གྲོགས་གཅིག་ཡིན་པའི་ཚུལ་གྱིས་རྣམ་པས་དམིགས་པ་ཡང་དག་པར་རྟོགས་པའོ། །ཆོས་ལ་དམིགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན།
ཁྱབ་པའི་དམིགས་པ་དང་། སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །ཁྱབ་པའི་དམིགས་པ་གང་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་

མི་རྟོག་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཞེ་ན། མོས་པ་ཡིད་ལ་བྱེད་པས་གང་ཞི་གནས་དང་ལྷག་མཐོང་གི་དམིགས་པའོ། །རྣམ་པར་མི་རྟོག་པའི་
གཟུགས་བརྙན་གང་ཞེ་ན། དེ་ཁོ་ན་ཡིད་ལ་བྱེད་པས་གང་ཞི་གནས་དང་། ལྷག་མཐོང་གི་དམིགས་པའོ། །དངོས་པོའི་མཐའ་གང་ཞེ་ན། གང་ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པའོ། །ཇི་སྙེད་ཡོད་པ་ནི། ཕུང་པོ་དང་། ཁམས་
དང་། སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི། འཕགས་པའི་བདེན་པ་བཞི་དང་། རྣམ་པ་བཅུ་དྲུག་དང་། དེ་བཞིན་ཉིད་དང་། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་
ངན་ལས་འདས་པ་ཞི་བ་དང་། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའོ། །དགོས་པ་ཡོངས་སུ་གྲུབ་པ་གང་ཞེ་ན། གནས་གྱུར་པའོ། །རྣམ་པ་བཅུ་དྲུག་གི་ནང་ནས་སྟོང་པ་ཉིད་ཀྱི་རྣམ་པ་དུ་ཞེ་ན། གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན།
དྲུག་གོ། །མཚན་མ་མེད་པའི་རྣམ་པ་དུ་ཞེ་ན། བརྒྱད་དོ། །སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་ནི་མི་སྡུག་པའོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་ནི་བྱམས་པའོ། །གཏི་མུག་ལ་སྤྱོད་པ་རྣམས་ཀྱི་ནི་རྐྱེན་འདི་ལས་བྱུང་བ་རྟེན་
ཅིང་འབྲེལ་བར་འབྱུང་བའོ། །ང་རྒྱལ་ལ་སྤྱོད་པ་རྣམས་ཀྱི་ནི་ཁམས་རབ་ཏུ་དབྱེ་བའོ། །རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ཀྱི་ནི་དབུགས་འབྱུང་བ་དང་། རྔུབ་པ་རྗེས་སུ་དྲན་པའོ། །མཁས་པའི་དམིགས་པ་གང་ཞེ་ན། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་།
སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཇི་ལྟར་བལྟ་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ལས་བལྟའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་

མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་བྱེ་བྲག་ཅི་ཡོད་ཅེ་ན། ཆོས་རྣམས་ལས་ཆོས་རྣམས་མངོན་པར་འབྱུང་བའི་ཕྱིར་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ། །རྒྱུ་དང་
མཐུན་པར་འབྲས་བུ་འབྱུང་བ་ཡོངས་སུ་གཟུང་བའི་ཕྱིར་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། ས་འོག་མ་རྣམས་ཀྱི་ནི་རིགས་པ་ཉིད་དོ། །ས་གོང་མ་རྣམས་ཀྱི་ནི་ཞི་བ་ཉིད་དོ། །དེ་བཞིན་ཉིད་དང་།
འཕགས་པའི་བདེན་པ་བཞིའོ། །ཆོས་ལ་བརྩོན་པ་ཆོས་ལ་རྣམ་པར་དཔྱོད་པ་ན་རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན། བཞིས་དཔྱོད་དེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་
པའོ། །ལྟོས་པའི་རིགས་པ་གང་ཞེ་ན། གང་འདུ་བྱེད་རྣམས་འབྱུང་བ་ན་རྐྱེན་ལ་ལྟོས་པའོ། །བྱ་བ་བྱེད་པའི་རིགས་པ་གང་ཞེ་ན། གང་རང་གི་མཚན་ཉིད་ཐ་དད་པའི་ཆོས་རྣམས་སོ་སོ་རང་གི་བྱ་བ་བྱེད་པའོ། །གཏན་ཚིགས་བསྒྲུབ་པའི་རིགས་པ་གང་ཞེ་ན། གང་
བསྒྲུབ་པའི་དོན་ཚད་མ་དང་མི་འགལ་བར་སྟོན་པའོ། །ཆོས་ཉིད་ཀྱི་རིགས་པ་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་རང་དང་སྤྱིའི་མཚན་ཉིད་གནས་པའི་ཆོས་རྣམས་ལ་ཆོས་ཉིད་དུ་གྲགས་པའོ། །ཆོས་ལ་རིགས་པས་དཔྱོད་པ་ལ་བརྩོན་པའི་ཀུན་ཏུ་ཚོལ་བ་གང་ཞེ་ན། ཀུན་
ཏུ་ཚོལ་བ་བཞི་སྟེ། མིང་ཀུན་ཏུ་ཚོལ་བ་དང་། དངོས་པོ་ཀུན་ཏུ་ཚོལ་བ་དང་། ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་དང་། བྱེ་བྲག་ཏུ་འདོགས་པ་ཀུན་ཏུ་ཚོལ་བའོ། །མིང་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་
གེའི་ཚོགས་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོག་པའོ། །དངོས་པོ་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོག་པའོ། །ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་

གང་ཞེ་ན། གང་བརྗོད་པ་དང་། བརྗོད་པར་བྱ་བ་འབྲེལ་པ་ལ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ། །ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་བརྗོད་པ་དང་བརྗོད་པར་བྱ་བ་འབྲེལ་བ་ལ་ཁྱད་པར་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་
ཉིད་དུ་རྟོག་པའོ། །ཆོས་ཀུན་ཏུ་ཚོལ་བ་ལ་བརྩོན་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་སྟེ། མིང་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། དངོས་
པོ་ཚོལ་བར་རྟོགས་པ་དང་། ངོ་བོ་ཉིད་དུ་འདོགས་པ་ཚོལ་བར་རྟོགས་པ་དང་། ཁྱད་པར་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །མིང་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། མིང་
མི་དམིགས་པར་ཤེས་པའོ། །དངོས་པོ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། དེ་བཞིན་དུ་དངོས་པོའི་མཚན་ཉིད་མི་དམིགས་པར་ཤེས་པའོ། །ངོ་བོ་ཉིད་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་
སུ་ཤེས་པ་གང་ཞེ་ན། ངོ་བོ་ཉིད་རྫས་སུ་མི་དམིགས་པར་ཤེས་པའོ། །ཁྱད་པར་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། བྱེ་བྲག་རྫས་སུ་མི་དམིགས་པར་ཤེས་པའོ། །ཆོས་ལ་ཏིང་ངེ་འཛིན་པར་བརྩོན་པའི་
རྣལ་འབྱོར་གྱི་ས་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་སྟེ། གཞི་དང་། སྐྱེད་པ་དང་། མེ་ལོང་ལྟ་བུ་དང་། སྣང་བ་དང་། གནས་སོ། །གཞི་གང་ཞེ་ན། ཚོགས་བསགས་པའི་བདེན་པ་ལས་བརྩམས་ཏེ་མང་དུ་ཐོས་པ་ཉིད་དོ། །སྐྱེད་པ་གང་ཞེ་ན། དེ་
ལ་དམིགས་པ་ཚུལ་བཞིན་ཡིད་ལ་བྱེད་པའོ། །མེ་ལོང་ལྟ་བུ་གང་ཞེ་ན། དེ་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པའོ། །སྣང་བ་གང་ཞེ་ན། གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས།

བྱང་ཆུབ་སེམས་དཔའ་མཉམ་གཞག་པ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་གཟུང་། །དེ་ལྟར་རང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་
འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རེག་པར་བྱ། །ཞེས་ལེགས་པར་གསུངས་སོ། །ལེགས་པར་བཀའ་སྩལ་ཏོ། །གནས་གང་ཞེ་ན། གནས་གྱུར་པའོ། །ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་མཁས་པ་ཡིན་ཞེ་ན། མང་དུ་ཐོས་པ་ཉིད་ཀྱི་ཕྱིར་རོ། །
ཇི་ལྟར་ན་དོན་ལ་མཁས་པ་ཡིན་ཞེ་ན། ཆོས་མངོན་པ་དང་འདུལ་བ་མངོན་པའི་མཚན་ཉིད་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ཡི་གེ་ལ་མཁས་པ་ཡིན་ཞེ་ན། ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ངེས་པའི་ཚིག་ལ་མཁས་པ་ཡིན་ཞེ་ན།
བདག་གོ་བདག་གོ་ཞེས་ཡུལ་མིའི་ངེས་པའི་ཚིག་ལ་མངོན་པར་མ་ཞེན་པར་རྗེས་སུ་ཐ་སྙད་འདོགས་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འབྲེལ་པ་ལ་མཁས་པ་ཡིན་ཞེ་ན། སྔོན་གྱི་མཐར་གཟུང་བ་དང་། ཕྱི་མའི་མཐར་ངེས་པར་འབྱུང་
བར་བྱ་བ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་གནས་པ་ཉིད་ཡིན་ཞེ་ན། བསྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་ལ་སྦྱོར་བ་འབའ་
ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉི་ག་ལ་བརྟེན་ཏེ་གཉི་ག་ལ་གནས་ན། ཆོས་ལ་གནས་པ་ཡིན་ནོ། །འཛིན་པ་དང་། ཁ་ཏོན་བྱེད་པ་དང་། བཤད་པས་ཐོས་པ་ལས་བྱུང་བར་བལྟའོ། །ཏིང་ངེ་འཛིན་ལ་སྦྱོར་བ་དང་། ཆོག་པར་མི་འཛིན་པས་བསྒོམས་
པ་ལས་བྱུང་བར་བལྟའོ། །སྦྱོར་བ་ནི་རྒྱུན་དུ་ཆུད་པ་དང་། གུས་པར་སྦྱོར་བ་དང་། མ་ལོག་པར་སྦྱོར་བར་བལྟའོ། །ཆོག་པར་མི་འཛིན་པ་ནི་རོ་མི་མྱང་བ་དང་། གོང་དུ་ཞི་གནས་ལ་སྦྱོར་བར་བལྟའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་སྡེ་

སྣོད་ཅེས་བྱ་ཞེ་ན། དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་དང་། མཚན་ཉིད་བསྟན་པ་དང་། གོ་རིམས་བསྟན་པ་དང་། ངེས་པའི་ཚིག་བསྟན་པ་དང་། བསྒོམ་པ་བསྟན་པ་དང་། རབ་ཏུ་དབྱེ་བ་བསྟན་པ་དང་། བསྡུས་པ་བསྟན་པ་དང་། མི་མཐུན་པའི་ཕྱོགས་བསྟན་
པ་དང་། ཡོན་ཏན་གྱི་བསྔགས་པ་བསྟན་པ་དང་། གཅིག་ལ་གཅིག་ངེས་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་། ཟབ་པར་བསྟན་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱ་ཆེ་བ་དང་། ཟབ་པའི་ཕྱིར་རོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་
ཁ་ཅིག་རྒྱ་ཆེ་བ་དང་ཟབ་པར་མི་མོས་ཤིང་སྐྲག་པར་འགྱུར་ཞེ་ན། ཆོས་ཉིད་དང་བྲལ་བ་དང་། དགེ་བའི་རྩ་བ་མ་བསྐྱེད་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཞེ་ན།
བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང་། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་
པར་ཆོས་རྣམ་པར་འབྱེད་པ་ལ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། མཚན་མར་ལྟ་བ་དང་། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་ཏུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་
པའི་ལྟ་བ་དང་། ཡོངས་སུ་འཛིན་པའི་ལྟ་བ་དང་། བསྒྱུར་བའི་ལྟ་བ་དང་། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། ངེས་པར་འབྱུང་བར་ལྟ་བ་དང་། དཔའ་ཟ་བའི་ལྟ་བ་དང་། རབ་ཏུ་འཁྲུག་པའི་ལྟ་བ་དང་། ཕྱིན་ཅི་ལོག་ཏུ་ལྟ་བ་དང་། འཕེལ་བའི་ལྟ་བ་དང་། ཁས་
མི་ལེན་པའི་ལྟ་བ་དང་། ངན་གཡོའི་ལྟ་བ་དང་། བཀུར་སྟིའི་ལྟ་བ་དང་། རྨོངས་པ་བརྟེན་པའི་ལྟ་བ་དང་། རྩ་བའི་ལྟ་བ་དང་། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང་། སྦྱོར་བ་སེལ་བའི་ལྟ་བ་དང་། ངེས་པར་འབྱིན་པ་མ་ཡིན་པར་ལྟ་བ་དང་། སྒྲིབ་པ་སོགས་པའི་ལྟ་བ་

དང་། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང་། འབྲས་བུ་མེད་པའི་ལྟ་བ་དང་། ཆད་པས་བཅད་པའི་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། བསྙད་པ་མ་ཡིན་པའི་ལྟ་བ་དང་། ལྟ་བ་ཆེན་པོ་དང་། མངོན་པའི་ང་རྒྱལ་གྱི་ལྟ་
བའོ། །ཤིན་ཏུ་རྒྱས་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ཀྱིས་མི་འབྱུང་བ་དང་། རང་གི་བདག་ཉིད་དུ་མེད་པ་དང་། རང་གི་ངོ་བོ་ལ་མི་གནས་པ་དང་། བྱིས་པས་གཟུང་བ་བཞིན་དུ་མཚན་ཉིད་མེད་པའི་
ཕྱིར་རོ། །ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་
པ་ཞེས་འབྱུང་བའི་དགོངས་པ་གང་ཞེ་ན། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་དེ་ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང་། མ་འགགས་པ་དེ་ལྟར་གཟོད་མ་ནས་ཞིའོ། །དེ་ལྟར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །ཡང་གང་
དག་གིས་ཤིན་ཏུ་རྒྱས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་དགོངས་པ་བཞི་སྟེ། མཉམ་པ་ཉིད་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པའོ། །གང་
དག་གིས་ཤིན་ཏུ་རྒྱས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྡེམ་པོར་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་ལྡེམ་པོར་དགོངས་པ་བཞི་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་
ལ་ལྡེམ་པོར་དགོངས་པའོ། །ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཏིང་ངེ་འཛིན་དུ་མཁས་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། རྣམ་པ་ལྔ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཀྱི་

དགའ་བ་ལ་དགའ་བ་ཐོབ་པ་དང་། ཆོས་ཀྱི་སྣང་བ་རྣམ་པ་ཡོངས་སུ་མ་ཆད་པ་ཐམས་ཅད་དུ་ཚད་མེད་པ་ཡང་དག་པར་ཤེས་པ་དང་། དེ་ལ་རྣམ་པར་དག་པའི་ཆ་དང་མཐུན་པ་རྣམ་པར་མི་རྟོག་པའི་མཚན་མ་རྣམས་ཀུན་ཏུ་འབྱུང་བ་དང་། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བ་དང་།
ཡོངས་སུ་བསྒྲུབ་པའི་ཕྱིར་གོང་མ་བས་ཀྱང་ཆོས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པའི་ཆོས་ལ་བདུག་པ་དང་། ཕྱེ་མ་ལ་སོགས་པས་མཆོད་པར་འོས་ཀྱི། ཉན་ཐོས་ཀྱི་ཆོས་ལ་དེ་ལྟ་མ་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་།
བདེ་བའི་གཞིར་གྱུར་པའི་ཕྱིར་རོ། །ཆོས་རྣམ་པར་ངེས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་གསུམ་པའོ།། །།བམ་པོ་ལྔ་པ་སྟེ་ཐ་མའོ། །འཐོབ་པ་རྣམ་པར་ངེས་པ་གང་ཞེ་ན། གང་ཟག་རྣམ་པར་གཞག་པ་དང་། མངོན་པར་རྟོགས་པ་རྣམ་པར་གཞག་པར་བལྟའོ། །
གང་ཟག་རྣམ་པར་གཞག་པ་གང་ཞེ་ན། སྤྱོད་པས་རབ་ཏུ་དབྱེ་བ་དང་། ངེས་པར་འབྱུང་བས་རབ་ཏུ་དབྱེ་བ་དང་། ཉེ་བར་བརྟན་པས་རབ་ཏུ་དབྱེ་བ་དང་། སྦྱོར་བས་རབ་ཏུ་དབྱེ་བ་དང་། འབྲས་བུས་རབ་ཏུ་དབྱེ་བ་དང་། ཁམས་ཀྱིས་རབ་ཏུ་དབྱེ་བ་དང་། སྤྱད་པས་རབ་
ཏུ་དབྱེ་བས་ཀྱང་གང་ཟག་རྣམ་པར་གཞག་པར་བལྟའོ། །སྤྱོད་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འདོད་ཆགས་ལ་སྤྱོད་པ་དང་། ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་དང་། ང་རྒྱལ་ལ་སྤྱོད་པ་དང་། རྣམ་པར་རྟོག་པ་ལ་སྤྱོད་པ་དང་། ཆ་མཉམ་
པ་ལ་སྤྱོད་པ་དང་། ཉོན་མོངས་པ་ཆུང་བའི་གང་ཟག་གོ། །ངེས་པར་འབྱུང་བས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། ཐེག་པ་ཆེན་པོ་པའི་གང་ཟག་གོ། །ཉེ་བར་བརྟན་པས་རབ་ཏུ་དབྱེ་བས་ཇི་ལྟ་
བུ་ཞེ་ན། ཚོགས་མ་བསགས་པ་དང་། ཚོགས་བསགས་པ་ཡང་ཡིན་ལ་མ་བསགས་པ་ཡང་ཡིན་པ་དང་། ཚོགས་བསགས་པའི་གང་ཟག་གོ། །སྦྱོར་བས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བའི་གང་ཟག་གོ། །འབྲས་བུས་རབ་ཏུ་དབྱེ་བས་ཇི་

ལྟ་བུ་ཞེ་ན། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱིས་མངོན་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་
དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་
པ་དང་། དགྲ་བཅོམ་པ་དང་། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་
ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་དང་། བདག་གསོད་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་
གཡོ་བའི་ཆོས་ཅན་དང་། རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་དང་། མི་འཁྲུགས་པའི་ཆོས་ཅན་གྱི་གང་ཟག་གོ། །ཁམས་ཀྱིས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པའོ། །འདོད་པ་ན་སྤྱོད་པ་ཇི་ལྟ་བར་གཟུགས་
དང་གཟུགས་མེད་པ་ན་སྤྱོད་པ་ཡང་དེ་བཞིན་ནོ། །འདོད་པ་དང་། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་གང་ཟག་གོ། །སྤྱད་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མོས་
པས་སྤྱོད་པ་ཅན་དང་། ལྷག་པའི་བསམ་པས་སྤྱོད་པ་ཅན་དང་། མཚན་མ་དང་བཅས་པར་སྤྱོད་པ་ཅན་དང་། མཚན་མ་མེད་པར་སྤྱོད་པ་ཅན་དང་། མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའི་གང་ཟག་གོ། །འདོད་ཆགས་ལ་སྤྱོད་པ་གང་ཞེ་ན། འདོད་

ཆགས་ཀྱི་ཤས་ཆེ་ཞིང་རྒྱུན་རིང་བའི་གང་ཟག་གོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རྣམ་པར་རྟོག་པའི་ཤས་ཆེ་ཞིང་རྒྱུན་རིང་བའོ། །ཆ་མཉམ་པ་ལ་སྤྱོད་པ་གང་ཞེ་ན། ཉོན་མོངས་པ་རང་བཞིན་དུ་གནས་པའོ། །ཉོན་མོངས་པ་ཆུང་བ་གང་ཞེ་ན། ཉོན་
མོངས་པ་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པའོ། །ཉན་ཐོས་ཀྱི་ཐེག་པ་པ་གང་ཞེ་ན། ཉན་ཐོས་ཀྱི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང་། རང་བཞིན་གྱིས་དབང་པོ་རྟུལ་པོ་དང་། བདག་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང་། ཡིད་བྱུང་བ་
དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བའི་བསམ་པ་ཅན་དང་། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང་། གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཞེ་ན། རང་སངས་རྒྱས་ཀྱི་
ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང་། རང་བཞིན་གྱིས་དབང་པོ་འབྲིང་དང་། བདག་རྣམ་པར་ཐར་བར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང་། ཡིད་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་དང་། བདག་
ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་བསམ་པ་ཅན་དང་། ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པའམ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་བསྐྱེད་པ། སྔོན་
འབྲས་བུ་མ་ཐོབ་པའམ། སྔོན་འབྲས་བུ་ཐོབ་པའམ། གང་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས། བསེ་རུ་ལྟ་བུར་གྱུར་ཏེ། གཅིག་པུ་གནས་པའམ། རང་རྒྱལ་བར་གྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་
མཐར་ཕྱིན་པ་ཐོབ་པའོ། །ཐེག་པ་ཆེན་པོ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང་། རང་བཞིན་གྱིས་དབང་པོ་རྣོ་བ་དང་། སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང་། མི་གནས་པའི་

མྱ་ངན་ལས་འདས་པའི་བསམ་པ་ཅན་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ལ། ལུང་བསྟན་
པ་ཡང་ཐོབ་ཅིང་། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཚོགས་མ་བསགས་པ་གང་ཞེ་ན། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང་དད་པ་ཆུང་བའི་གང་ཟག་སྟེ། དེ་ཡང་ཐར་
པའི་ཆ་དང་མཐུན་པ་ཆུང་ཞིང་ཚེ་རབས་ཀྱི་དུས་ངེས་པ་མེད་པ་དང་ལྡན་པའོ། །ཚོགས་བསགས་པ་ཡང་ཡིན་ལ་ཚོགས་མ་བསགས་པ་ཡང་ཡིན་པ་གང་ཞེ་ན། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང་དད་པ་བར་མའི་གང་ཟག་སྟེ། དེ་ཡང་
ཐར་པའི་ཆ་དང་མཐུན་པ་འབྲིང་། ཚེ་རབས་ངེས་པའི་དུས་དང་ལྡན་པའོ། །ཚོགས་བསགས་པའི་གང་ཟག་གང་ཞེ་ན། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང་དད་པ་ཆེན་པོའི་གང་ཟག་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་ཆེན་པོ་ཚེ་རབས་
དེ་ཉིད་ཀྱི་དུས་ཅན་དང་ལྡན་པའོ། །ཡང་ཚོགས་མ་བསགས་པ་ནི་བདེན་པའི་དབང་དུ་བྱ་བའི་ཆོས་ལ་དམིགས་ནས་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆུང་ངུ་དང་ལྡན་པ་སྟེ། དེ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་ཚེ་རབས་ཀྱི་དུས་ངེས་
པ་མེད་པ་དང་ལྡན་པའོ། །ཚོགས་བསགས་པ་ཡང་ཡིན་ལ་མ་བསགས་པ་ཡང་ཡིན་པ་ནི་གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་འབྲིང་དང་ལྡན་པ་སྟེ། དེ་ཡང་ངེས་པར་འབྱེད་པའི་ཆ་དང་
མཐུན་པ་འབྲིང་ཚེ་རབས་ཀྱི་དུས་ངེས་པ་དང་ལྡན་པའོ། །ཚོགས་བསགས་པ་ནི་གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་དང་ལྡན་པ་སྟེ། དེ་ཡང་འཇིག་རྟེན་པའི་ཆོས་ཀྱི་མཆོག་མ་གཏོགས་

པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆེན་པོ་ཚེ་རབས་དེ་ཉིད་ཀྱི་དུས་ཅན་དང་ལྡན་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་རང་བཞིན་གྱིས་སྐད་ཅིག་པ་སྟེ། ཚེ་རབས་དེ་ཉིད་ཀྱི་དུས་ཅན་ཁོ་ནའོ། །ཐར་པའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་དང་འབྲིང་རྣམས་
ལས་ཡོངས་སུ་ཉམས་པ་དེ་ནི་ཀུན་ཏུ་འབྱུང་བ་ཡོངས་སུ་ཉམས་པར་ཟད་ཀྱི། བག་ཆགས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ། །དད་པས་རྗེས་སུ་འབྲང་བའི་གང་ཟག་གང་ཞེ་ན། གང་ཚོགས་བསགས་པ་དབང་པོ་རྟུལ་པོ་ཕ་རོལ་གྱིས་བསྟན་པའི་རྗེས་སུ་འབྲངས་
ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཆོས་ཀྱི་རྗེས་སུ་འབྲང་བ་གང་ཞེ་ན། གང་ཚོགས་བསགས་པ་དབང་པོ་རྣོན་པོ་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱ་བའི་ཆོས་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །དད་པས་མོས་པ་
གང་ཞེ་ན། དད་པས་རྗེས་སུ་འབྲང་བའི་གང་ཟག་གང་འབྲས་བུའི་དུས་ནའོ། །མཐོང་བས་ཐོབ་པ་གང་ཞེ་ན། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གང་འབྲས་བུའི་དུས་ནའོ། །ལུས་ཀྱིས་མངོན་དུ་བྱེད་པ་གང་ཞེ་ན། གང་སྒོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ། །
ཤེས་རབ་ཀྱིས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཟག་པ་ཟད་པ་སྟེ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ནི་མ་ཡིན་པའི་གང་ཟག་གོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཟག་བཟང་བ་དང་། རྣམ་པར་ཐར་པ་བརྒྱད་ལ་ཡང་བསམ་གཏན་པའི་གང་ཟག་གོ། །རྒྱུན་ཏུ་
ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ། །རྒྱུན་ཏུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ། །
མཐོང་བའི་ལམ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་པ་སྟེ། ཆོས་མངོན་པར་རྟོགས་པ་ཡང་དེ་ཡིན་ནོ། །འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི་གང་ཟག་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས། རྒྱུན་ཏུ་ཞུགས་པར་འགྱུར་རོ། །

ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ཕྱིར་མི་འོང་
བར་འགྱུར་རོ། །གང་གི་ཚེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ནས་རྒྱུན་ཏུ་ཞུགས་པར་འགྱུར་ན་ཅིའི་ཕྱིར་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་ཏུ་ཞུགས་པ་ཞེས་བྱ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེས་བྱ་ཞེ་ན། མི་
འཕགས་པའི་རྒྱུ་ཡིན་པ་དང་། འཕགས་ཀྱང་ལོག་པས་ངེས་པར་འབྱུང་བའི་རྒྱུ་ཡིན་པ་དང་། ཡང་དག་པས་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཤེས་བྱ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པ་དང་། ལྟ་བ་ལ་ལོག་པར་རྟོགས་པའི་
རྒྱུ་ཡིན་པ་དང་། གཉེན་པོ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། །
ལན་ཅིག་ཕྱིར་འོང་བའི་གང་ཟག་གང་ཞེ་ན། བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་
ཉོན་མོངས་པའི་རྣམ་པ་བདུན་པ་དང་། བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། །ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། །གང་གི་
ཚེ་འདོད་པ་ན་སྤྱོད་པའི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཕྱིར་མི་འོང་བར་འགྱུར་ན། ཅིའི་ཕྱིར་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་ཞེས་བྱ་ཞེ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེས་

བྱ་ཞེ་ན། འགྲོ་བ་ཐ་མའི་རྒྱུ་ཡིན་པ་དང་། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། །དགྲ་བཅོམ་
པ་གང་ཞེ་ན། གང་སྲིད་པའི་རྩེ་མོ་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ། །གང་གི་ཚེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པར་འགྱུར་ན། ཅིའི་ཕྱིར་གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་
སྦྱོར་བ་རྣམ་པ་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་བྱ་ཞེ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་བསྡུ་བ་ཞེས་བྱ་ཞེ་ན། གོང་མ་ཉེ་བར་ལེན་པའི་རྒྱུ་ཡིན་པ་དང་། གོང་མ་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །རེ་ལྟར་ཐོགས་ན་སྲིད་པ་ལན་
བདུན་པ་གང་ཞེ་ན། རྒྱུན་ཏུ་ཞུགས་པའི་གང་ཟག་ཉིད་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཡན་མན་དུ་སྲིད་པར་འཁོར་བར་བྱས་ནས་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན། ལྷ་དང་མི་རྣམས་ཀྱི་ནང་དུ་རིགས་ནས་རིགས་
སུ་སོང་ནས་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །བར་ཆད་གཅིག་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བ་ལྷ་རྣམས་ཀྱི་ནང་ཉིད་དུ་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྐྱེ་བའི་ཀུན་ཏུ་སྦྱོར་བ་
ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པ་སྟེ། བར་མ་དོར་སྲིད་པ་མངོན་པར་འགྲུབ་པ་ན། གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པ་དང་། བར་མ་དོར་སྲིད་པ་མངོན་པར་འགྲུབ་པ་སྐྱེ་བའི་སྲིད་པར་འགྲོ་བར་མི་སེམས་
པ་ཉིད་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པ་དང་། མངོན་པར་བསམས་ནས་སྐྱེ་བའི་སྲིད་པ་ལ་མངོན་པར་འཇུག་པ་སྟེ། སྐྱེ་བའི་སྲིད་པ་ནི་མ་ཐོབ་པ་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །སྐྱེས་ནས་ཡོངས་སུ་

མྱ་ངན་ལས་འདའ་བ་གང་ཞེ་ན། གཉི་གར་ཀུན་ཏུ་སྦྱོར་བ་མ་སྤངས་ལ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཙམ་ཉིད་ཀྱིས་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་
བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པ་མེད་པར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པས་ལམ་མངོན་དུ་བྱས་ཏེ་
སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །གོང་དུ་འཕོ་བ་གང་ཞེ་ན། གང་གཟུགས་ཀྱི་ཁམས་སུ་ས་ནས་སར་སྐྱེ་ཞིང་འོག་མིན་གྱི་བར་དུ་ཞུགས་ནས། དེར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ལ་ལ་ནི་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ལམ་
མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །སྤེལ་མར་བསྒོམས་པ་ནི་བསམ་གཏན་བཞི་པ་ལ་ཆུང་ངུ་ཡོངས་སུ་བསྒོམས་པ་དང་། འབྲིང་དུ་ཡོངས་སུ་བསྒོམས་པ་དང་། ཆེར་ཡོངས་སུ་བསྒོམས་པ་དང་། ཆེས་ཆེར་ཡོངས་སུ་བསྒོམས་པ་དང་།
ཤིན་ཏུ་ཆེས་ཆེར་ཡོངས་སུ་བསྒོམས་པས་གནས་གཙང་མ་རྣམས་སུ་སྐྱེའོ། །ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་གང་ཞེ་ན། དབང་པོ་རྟུལ་པོ་མྱོས་ཀྱང་རུང་། མ་མྱོས་ཀྱང་རུང་། གསོད་ཀྱང་རུང་། མི་གསོད་ཀྱང་རུང་སྟེ། གང་མཐོང་བའི་
ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་ཡིན་ནོ། །བདག་གསོད་པའི་ཆོས་ཅན་གང་ཞེ་ན། དབང་པོ་རྟུལ་པོ་ཉིད་མྱོས་ཀྱང་རུང་། མ་མྱོས་ཀྱང་རུང་། མི་གསོད་ན། གང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་
ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་ལ། གསོད་ན་སྐལ་བ་ཅན་མ་ཡིན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་གང་ཞེ་ན། གང་དབང་པོ་རྟུལ་པོ་ཉིད་མྱོས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་ལ།

མ་མྱོས་ན་སྐལ་བ་ཅན་མ་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་གང་ཞེ་ན། དབང་པོ་རྟུལ་པོ་མྱོས་ཀྱང་རུང་། མ་མྱོས་ཀྱང་རུང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་མ་ཡིན་ལ། དབང་པོ་རྣམས་སྦྱོང་
བའི་སྐལ་བ་ཅན་ཡང་མ་ཡིན་པའི་གང་ཟག་གོ། །རབ་ཏུ་རྟོགས་པའི་འོས་སུ་འགྱུར་བ་གང་ཞེ་ན། གང་དབང་པོ་རྟུལ་པོ་མྱོས་ཀྱང་རུང་། མ་མྱོས་ཀྱང་རུང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་མ་ཡིན་
ལ། དབང་པོ་རྣམས་སྦྱོང་བའི་སྐལ་བ་ཅན་ནི་ཡིན་པའི་གང་ཟག་གོ། །མི་འཁྲུགས་པའི་ཆོས་ཅན་གང་ཞེ་ན། རང་བཞིན་གྱིས་དབང་པོ་རྣོན་པོ་སྟེ། མྱོས་ཀྱང་རུང་། མ་མྱོས་ཀྱང་རུང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་
པར་འགྱུར་བའི་སྐལ་བ་ཅན་མ་ཡིན་པའོ། །འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་གང་ཞེ་ན། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ལ་འཕགས་པའི་ཆོས་རྣམས་མ་ཐོབ་པའི་གང་ཟག་གོ། །འདོད་པ་ན་སྤྱོད་པའི་སློབ་པ་གང་ཞེ་ན། གང་འདོད་པའི་ཁམས་སུ་
སྐྱེས་པར་གྱུར་ཏེ། འཕགས་པའི་ཆོས་རྣམས་ཐོབ་ལ། ཀུན་ཏུ་སྦྱོར་བ་ལྷག་མ་དང་བཅས་པའི་གང་ཟག་གོ། །འདོད་པ་ན་སྤྱོད་པའི་མི་སློབ་པ་གང་ཞེ་ན། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། འཕགས་པའི་ཆོས་རྣམས་ཐོབ་ལ་ཀུན་ཏུ་སྦྱོར་བའི་
ལྷག་མ་མེད་པའི་གང་ཟག་གོ། །འདོད་པ་ན་སྤྱོད་པའི་གང་ཟག་གསུམ་ཇི་ལྟ་བར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་གསུམ་ལ་ཡང་དེ་བཞིན་དུ་བལྟའོ། །འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་གཟུགས་མེད་
པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་དང་ལྡན་ལ། བསམ་གཏན་གྱི་བདེ་བས་གནས་ཤིང་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སུ་སྐྱེ་བའི་གང་ཟག་གོ། །འདོད་པ་ན་སྤྱོད་པའི་རང་སངས་རྒྱས་གང་ཞེ་ན། གང་སངས་རྒྱས་འབྱུང་བ་

མེད་པར་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། རང་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག་གོ། །བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་གང་ཞེ་ན། གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་
ལས་འདས་པའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ། །མོས་པས་སྤྱོད་པ་ཅན་གང་ཞེ་ན། མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་
དང་ལྡན་པའི་གང་ཟག་གང་ཡིན་པའི་བྱང་ཆུབ་སེམས་དཔའོ། །ལྷག་པའི་བསམ་པས་སྤྱོད་པ་ཅན་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པའི་གང་ཟག་གོ། །མཚན་མ་དང་བཅས་པས་སྤྱོད་པ་ཅན་གང་ཞེ་ན། གང་བྱང་ཆུབ་སེམས་
དཔའི་ས་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་ལ་གནས་པའི་གང་ཟག་གོ། །མཚན་མ་མེད་པར་སྤྱོད་པ་ཅན་གྱི་གང་ཟག་གང་ཞེ་ན། གང་བྱང་ཆུབ་
སེམས་དཔའི་ས་རིང་དུ་སོང་བ་ལ་གནས་པའི་གང་ཟག་གོ། །མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ལ་གནས་པའི་གང་ཟག་གོ། །རྒྱུན་ཏུ་
ཞུགས་པའི་གང་ཟག་ཅེས་གང་གསུངས་པ་ལ། རྒྱུན་ཏུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཅར་ངེས་པར་འབྱིན་པའོ། །རིམ་གྱིས་པ་ནི་ཇི་སྐད་བསྟན་པ་ཡིན་ནོ། །ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་
རྟོགས་པར་བྱས་ནས། མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་

དང་། འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ། སངས་
རྒྱས་འབྱུང་བ་མེད་ན་རང་རྒྱལ་བར་འགྱུར་རོ། །མངོན་པར་རྟོགས་པ་རྣམ་པར་གཞག་པ་གང་ཞེ་ན། མངོན་པར་རྟོགས་པ་བཅུ་སྟེ། ཆོས་མངོན་པར་རྟོགས་པ་དང་། དོན་མངོན་པར་རྟོགས་པ་དང་། དེ་ཁོ་ན་མངོན་པར་རྟོགས་པ་དང་། རྗེས་ལ་མངོན་པར་
རྟོགས་པ་དང་། དཀོན་མཆོག་མངོན་པར་རྟོགས་པ་དང་། ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་དང་། མཐར་ཐུག་པ་མངོན་པར་རྟོགས་པ་དང་། ཉན་ཐོས་ཀྱི་མངོན་པར་རྟོགས་པ་དང་། རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་དང་། བྱང་ཆུབ་
སེམས་དཔའི་མངོན་པར་རྟོགས་པའོ། །ཆོས་མངོན་པར་རྟོགས་པ་གང་ཞེ་ན། བདེན་པའི་དབང་དུ་བྱ་བའི་ཆོས་རྣམས་ལ་མོས་པ་དང་། དད་པ་ཆེན་པོ་ཐོབ་པའོ། །དོན་མངོན་པར་རྟོགས་པ་གང་ཞེ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་
སྐབས་ན་བདེན་པའི་དབང་དུ་བྱ་བའི་ཆོས་རྣམས་ཁོ་ན་ལ། བདེན་པ་ལ་ཆོས་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་སྟེ། བཟོད་པ་དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆེན་པོ་དང་། རྣམ་པ་
གསུམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ཁོ་ན་མངོན་པར་རྟོགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་ཐོབ་པའོ། །མཐོང་བའི་ལམ་ལ་ནི་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཤེས་པ་
རྣམས་འཐོབ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་བསྒོམ་པའི་ལམ་ལ་མངོན་དུ་བྱེད་དོ། །རྗེས་ལ་མངོན་པར་རྟོགས་པ་གང་ཞེ་ན། བསྒོམ་པའི་ལམ་ཐམས་ཅད་དོ། །དཀོན་མཆོག་མངོན་པར་རྟོགས་པ་གང་ཞེ་ན། སངས་རྒྱས་ལ་ཤེས་ནས་

དད་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པའོ། །ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་གང་ཞེ་ན། མི་བྱ་བའི་སྡོམ་པ་གང་ཐོབ་པས་སློབ་པ་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་ཅན་དམྱལ་བ་ཟད་དོ། །དུད་འགྲོ་
ཟད་དོ། །ཡི་དགས་ཟད་དོ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཟད་དོ། །བདག་ཡང་ངན་སོང་བའི་ལས་བྱས་ནས་ངན་སོང་རྣམས་སུ་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་སྐལ་བ་ཅན་མ་ཡིན་ནོ་སྙམ་པའོ། །མཐར་ཐུག་པ་མངོན་པར་རྟོགས་པ་གང་ཞེ་
ན། ཇི་ལྟར་ལམ་གྱི་བདེན་པ་ལ་མཐར་ཕྱིན་པའི་ལམ་བསྟན་པ་ལྟ་བུའོ། །ཉན་ཐོས་ཀྱི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་ཉིད་མདོར་བསྡུས་ཏེ། ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་
མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་ཉིད་གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་
ཉིད་ལ་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པའི་བཟོད་པ་གང་ཡིན་པ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཡང་ས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱའོ། །ཉན་
ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་ཅི་ཡོད་ཅེ་ན། དམིགས་པའི་ཁྱད་པར་དང་། ཉེ་བར་རྟོན་པའི་ཁྱད་པར་དང་། རབ་ཏུ་རྟོགས་པའི་ཁྱད་པར་དང་། ཁས་ལེན་པའི་ཁྱད་པར་དང་། ངེས་པར་འབྱུང་
བའི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་དང་། གནས་དང་གཡོག་འཁོར་གྱི་ཁྱད་པར་དང་། བཙུན་པར་སྐྱེ་བའི་ཁྱད་པར་དང་། སྐྱེ་བའི་ཁྱད་པར་དང་། འབྲས་བུའི་ཁྱད་པར་རོ། །འབྲས་བུའི་ཁྱད་པར་ནི་གནས་གྱུར་པའི་ཁྱད་པར་དང་། ཡོན་

ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང་། རྣམ་པ་ལྔའི་ཁྱད་པར་དང་། སྐུ་གསུམ་གྱི་ཁྱད་པར་དང་། མྱ་ངན་ལས་འདས་པའི་ཁྱད་པར་དང་། འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་དང་། སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་
དང་། འདྲེས་པ་དང་ཉེ་བར་འདྲེས་པའི་ལས་བྱེད་པའི་ཁྱད་པར་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་དང་། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ། །ཚད་མེད་པ་ལ་སོགས་
པ་ཡོན་ཏན་ཁྱད་པར་ཅན་འདི་དག་མངོན་པར་རྟོགས་པ་གང་གིས་བསྡུས་ཤེ་ན། རྗེས་ལ་མངོན་པར་རྟོགས་པ་དང་། མཐར་ཐུག་པའི་མངོན་པར་རྟོགས་པས་བསྡུས་སོ། །དེ་དག་ཀྱང་ཚད་མེད་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། ཟིལ་གྱིས་གནོན་
པའི་སྐྱེ་མཆེད་རྣམས་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་དང་། ཉོན་མོངས་པ་མེད་པ་དང་། བསམས་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། མཚན་དང་དཔེ་བྱད་བཟང་པོ་རྣམས་དང་། ཡོངས་སུ་དག་
པ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། བསྲུང་བ་མེད་པ་རྣམས་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ལེགས་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམས་སོ། །བྱམས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་ཕན་པ་དང་ཕྲད་པར་ཤོག་ཤིག་པར་བསམ་པའི་གནས་པ་ཡང་དག་པར་
འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྙིང་རྗེ་གང་ཞེ་ན། སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤོག་ཤིག་པར་བསམ་པའི་གནས་པ་ཡང་

དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །དགའ་བ་གང་ཞེ་ན། སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་ཤོག་ཤིག་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བཏང་སྙོམས་གང་ཞེ་ན། བསམ་
གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་ཕན་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་བསམ་གཏན་ལ་བརྟེན་
ཏེ། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་བའམ། གཞག་པས་ཀྱང་རུང་སྟེ། སྣང་བའི་གཟུགས་རྣམས་ལ་ལྟ་བའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་
དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་བྲལ་བའམ། གཟུགས་མེད་པའི་འདུ་ཤེས་གཞག་པས་ཀྱང་རུང་སྟེ། སྣང་བའི་
གཟུགས་རྣམས་ལ་ལྟ་བའི་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྡུག་པ་དང་མི་སྡུག་པ་ལ་ཀུན་ནས་ཉོན་མོངས་པ་འབྱུང་བའི་
སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རང་གིས་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། ཕན་ཚུན་རྗེས་སུ་འབྲེལ་པའི་འདུ་ཤེས་དང་། ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་ནས་དེ་ལ་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་
སྔ་མ་བཞིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་གང་ཞེ་ན། ཐར་པའི་རྗེས་སུ་མཐུན་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཇི་ལྟ་བར་

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། འདི་ལྟར་ཞི་བའི་རྣམ་པར་ཐར་པ་ལ་ཆགས་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །
འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལ་བརྟེན་ཏེ། ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ལས་
ཡང་དག་པར་འདས་ནས་ཐར་པ་དང་མཐུན་པར་གནས་པ་ཡང་དག་པར་འབྱོར་པའི་གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི་རྣམ་པར་ཐར་པ་གཉིས་ཀྱིས་རིག་པར་བྱའོ། །བཞི་ནི་རྣམ་པར་ཐར་པ་གཅིག་
གིས་རིག་པར་བྱའོ། །རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ལ་མོས་པར་བྱེད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་དབང་བྱེད་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་གཏོགས་པའི་གཟུགས་རྣམས་ནི་ཆུང་ངུ་དང་།
ཆེན་པོ་ཞེས་བྱའོ། །མིའི་དང་ལྷའི་རྣམས་ནི་ངན་པ་དང་བཟང་པོ་རྣམས་སོ། །ལྷག་མ་ནི་རྣམ་པར་ཐར་པ་ལས་འབྱུང་བ་ཇི་ལྟ་བ་བཞིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ཟིལ་གྱིས་མནན་ནས་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ཟད་པར་རྒྱས་
པར་བྱེད་པར་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །ཅིའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ལ་ས་ལ་སོགས་པ་ཟད་
པར་གདགས་ཤེ་ན། གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་རྣམ་པར་ཐར་པ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་འགྲུབ་པར་བྱེད་དོ། །ཉོན་མོངས་པ་མེད་

པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བར་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་
ལས་བྱུང་བའི་ཆོས་རྣམས་སོ། །བསམས་ནས་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་འདི་ཤེས་པར་བྱའོ་ཞེས་བསམས་ནས་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་
རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། མཚན་ཉིད་དང་དགོངས་པ་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ངེས་པའི་ཚིག་
སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། ཡུལ་མིའི་སྐད་དང་ཆོས་ཀྱི་ངེས་པའི་ཚིག་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། ཆོས་རབ་ཏུ་དབྱེ་བ་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་པའི་
ཞེས་བྱ་བ་སྔ་མ་བཞིན་ནོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་
ལས་བྱུང་བའི་ཆོས་རྣམས་སོ། །ལྷའི་རྣ་བའི་མངོན་པར་ཤེས་པ་གང་ཞེ་ན། སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་
པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་གང་ཞེ་ན། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་རྣམས་ཀྱི་

འཆི་འཕོ་དང་སྐྱེ་བ་མཐོང་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཟག་པ་ཟད་པ་མངོན་པར་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་
མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །མཚན་དང་དཔེ་བྱད་བཟང་པོ་རྣམས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཀུན་ཏུ་སྟོན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་
ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་དེ་ལས་བྱུང་བའི་རྣམ་པར་སྨིན་པའོ། །གནས་ཡོངས་སུ་དག་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས། ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང་། བཞུགས་
པ་དང་། ཡོངས་སུ་གཏོང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དམིགས་པ་ཡོངས་སུ་དག་པ་གང་ཞེ་ན། ཇི་ལྟར་བཞེད་པ་
བཞིན་དུ་དམིགས་པ་སྤྲུལ་པ་དང་། སྒྱུར་བ་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཐུགས་ཡོངས་སུ་དག་པ་གང་ཞེ་ན། ཇི་ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ལ་དབང་སྒྱུར་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །
མཁྱེན་པ་ཡོངས་སུ་དག་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་ཇི་ལྟར་བཞེད་པ་བཞིན་དུ་གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་གང་ཞེ་ན། བསམ་གཏན་ལ་བརྟེན་
ནས་གནས་དང་གནས་མ་ཡིན་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་གང་ཞེ་ན།

ལས་བདག་གིར་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྟོབས་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་
པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་རང་གི་དོན་ལས་བརྩམས་ཏེ། ཤེས་བྱ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་
ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས་པ་གང་ཞེ་ན། རང་གི་དོན་ལས་བརྩམས་ཏེ། ཟག་པའི་རྣམ་པ་ཐམས་ཅད་ཟད་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །
བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་གང་ཞེ་ན། གཞན་གྱི་དོན་ལས་བརྩམས་ཏེ། བར་དུ་གཅོད་པའི་ཆོས་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ངེས་པར་འབྱིན་པའི་ལམ་ལ་མི་འཇིགས་པ་
གང་ཞེ་ན། བསམ་གཏན་ལ་བརྟེན་ནས་གཞན་གྱི་དོན་ལས་བརྩམས་ཏེ། ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། ཚོགས་
ཡོངས་སུ་སྡུད་པ་སྟེ། ཀུན་ནས་ཉོན་མོངས་པའི་རྣམ་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བསྲུང་བ་མེད་པ་རྣམ་པ་གསུམ་གང་ཞེ་ན། ཚོགས་ཡོངས་སུ་སྡུད་པ་ཉིད་ལ་ཇི་ལྟར་བཞེད་པ་བཞིན་དུ་གདམས་པ་དང་། རྗེས་
སུ་བསྟན་པར་སྦྱོར་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་གང་ཞེ་ན། ཇི་ལྟ་བ་བཞིན་དུ་མཛད་པ་དང་། གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་བརྗོད་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བག་

ཆགས་ལེགས་པར་བཅོམ་པ་གང་ཞེ་ན། ཐམས་ཅད་མཁྱེན་པར་གྱུར་པས། ཐམས་ཅད་མཁྱེན་པ་མ་ཡིན་པའི་གཡོ་བ་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཐུགས་རྗེ་ཆེན་པོ་གང་ཞེ་ན། རྒྱུན་མི་འཆད་པར་སྡུག་བསྔལ་
ལ་དམིགས་པའི་ཐུགས་རྗེ་ལ་གནས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཞེ་ན། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་ཡང་དག་པར་འབྱོར་པ་དང་། དེ་བཞིན་
གཤེགས་པའི་དབང་པོ་གནས་དང་འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་པ་དང་། ཐུན་མོང་མ་ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་པ་དང་། ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་ཡང་དག་པར་
འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་
དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་བསྒྲུབ་ཅེ་ན། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས།
ཚད་མེད་པ་རྣམས་མངོན་པར་བསྒྲུབ་པོ། །ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ། རབ་ཀྱི་མཐར་ཕྱིན་པའི་བསམ་
གཏན་བཞི་པ་ལ་བརྟེན་ནས་མངོན་པར་བསྒྲུབ་པོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བསམ་གཏན་ལ་བརྟེན་ནས་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་དང་། གནས་

པ་ལས་གྱུར་པའོ། །རང་གི་བྱ་བ་ལ་ཉེ་བར་གནས་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པའི་རང་བཞིན་དུ་བལྟའོ། །གནས་པ་ལས་གྱུར་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་
པའི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ། །ཚད་མེད་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། མི་མཐུན་པའི་ཕྱོགས་སྤོང་ངོ་། །ཐུགས་བརྩེ་བར་གནས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མི་
སྐྱོའོ། །རྣམ་པར་ཐར་པ་རྣམས་ཀྱིས་