Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 132

Văn bản gốc(Tây Tạng)

Trang 6 / 15 (50.000 ký tự/trang)
་སྨོས་སོ། །ངོ་བོ་ཉིད་ཀྱི་བྱེ་བྲག་ལ་དམིགས་པའི་ཕྱིར་དེ་དག་གི་དམིགས་པ་ཐ་དད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་དུ་ཟིན་ཀྱང་དམིགས་པའི་དངོས་
པོ་གཅིག་པའི་ཕྱིར་དེ་སྐད་ཅེས་སྨྲས་སོ། །རྣམ་པ་དུ་མ་སྟེ་ཞེས་བྱ་བ་ནི་ཡུལ་གྱི་མཚན་ཉིད་ཐ་དད་པས་འཛིན་པའི་རྣམ་པ་ཐ་དད་པའི་ཕྱིར་རང་གི་རྣམ་པ་ཐ་དད་པ་ལ་བྱ་སྟེ། འདི་ལྟར་འོག་ནས་ཀྱང་ཡུལ་དེ་ཉིད་ལ་སྡུག་པ་དང་། མི་སྡུག་པ་དང་། གཉིས་ཀ་ལས་བཟློག་པའི་མཚན་ཉིད་གང་ཡིན་པ་དེ་ནི་རེག་པས་རིག་པར་བྱེད་དོ། །དེ་
ཉིད་ལས་ཐ་སྙད་ཀྱི་མཚན་ཉིད་གང་ཡིན་པ་ནི་འདུ་ཤེས་ཀྱིས་རིག་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །རེ་རེ་འབྱུང་ལ་ཞེས་བྱ་བ་ནི་སྡེ་ཚན་གཅིག་ལས་སེམས་ལས་བྱུང་བ་ཡང་གཅིག་ཁོ་ན་འབྱུང་གི་གཉིས་པ་མི་འབྱུང་སྟེ། དོན་བྱས་ཟིན་པའི་ཕྱིར་རོ། །དམིགས་པ་དང་བཅས་པ་ཞེས་བྱ་བ་ལ།
གང་གི་ཚེ་མིག་གི་ཡུལ་ཡང་གཟུགས་ཡིན་པའི་ཚེ་དེ་ལ་ཅིའི་ཕྱིར་སེམས་ལས་བྱུང་བ་རྣམས་དམིགས་པ་དང་བཅས་པ་ཁོ་ནར་རྣམ་པར་གཞག་པ། མིག་ལ་སོགས་པ་དག་ནི་མ་ཡིན་ནམ་ཞེ་ན། གང་དམིགས་པ་དང་བཅས་ན་བྱུང་ལ་མེད་ན་མི་འབྱུང་བ་དེ་ནི་དམིགས་པ་དང་བཅས་པ་ཡིན་ནོ། །གང་དེ་མེད་ཀྱང་
འབྱུང་བ་དེ་ནི་དམིགས་པ་དང་བཅས་པ་མ་ཡིན་ནོ། །ཡང་འདི་ལ་ཡུལ་ནི་དམིགས་པ་མ་ཡིན་ཏེ། ཅི་ཞེ་ན། འཛིན་པའི་རྣམ་པ་ཡིན་པས་ན་བརྩད་དུ་མེད་དོ། །དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ་ཞེས་བྱ་བ་ལ། དེ་དག་གི་ལས་ནི་མང་དུ་ཡོད་མོད་ཀྱི་ལས་རྣམ་པ་དྲུག་ཁོ་ནར་བརྗོད་པ་ནི་ཡིད་ཀྱི་རྣམ་པར་ཤེས་
པ་ལས་བྱེ་བྲག་ཏུ་བསྟན་པའི་ཕྱིར་རོ། །འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་རང་གི་ལུས་དང་། གཞན་གྱི་ཡུལ་དང་། རང་གི་མཚན་ཉིད་དང་། སྤྱི་དང་འབྲེལ་པ་ཅན་གྱི་མཚན་ཉིད་ལ་སོགས་པ་དང་། དུས་གསུམ་དང་། རྒྱུན་ལ་ཡང་དམིགས་པས་ན་དེ་ལས་བྱེ་བྲག་ཏུ་བསྟན་པའི་ཕྱིར་ཚིག་བཞི་པོ་དེ་དག་

སྨོས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་རང་དབང་དང་། གཞན་གྱི་དབང་གིས་དགེ་བ་ལ་སོགས་པ་ཉིད་ཡིན་གྱི་ལྔ་པོ་དག་ནི་གཞན་གྱི་དབང་ཁོ་ནར་ཟད་དོ། །རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ལས་ཀུན་ནས་སློང་བ་དང་། སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པ་ལ་ཡང་
དེ་བཞིན་དུ་བརྗོད་པར་བྱའོ། །སྒྲ་རྣམས་ཀྱི་རྣམ་པར་གཞག་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབང་དུ་བྱས་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ལས་བརྩམས་ནས་ཟིན་པས་བསྐྱོད་པ་ལས་བྱུང་བའི་སྒྲ་དང་། མ་ཟིན་པས་བསྐྱོད་པ་ལས་བྱུང་བའི་སྒྲ་དང་དེའི་རབ་ཏུ་དབྱེ་བ་ཡོངས་སུ་བསྟན་ཏོ། །
དེ་ལ་ཟིན་པས་བསྐྱོད་པ་ལས་བྱུང་བ་ལ་ཡང་རྣམ་པ་གསུམ་སྟེ། ཟིན་པ་དང་མ་ཟིན་པ་ལས་བྱུང་བ་དང་། ཟིན་པ་ལས་བྱུང་བ་སྟེ། ཚིག་གསུམ་དང་། བཞི་དང་། གཉིས་དང་སྦྱར་རོ། །མ་ཟིན་པས་བསྐྱོད་པ་ལས་བྱུང་བ་ནི་རླུང་དང་ཤིང་གི་སྒྲ་གཅིག་པུ་དང་སྦྱར་རོ། །དེའི་རབ་ཏུ་དབྱེ་བ་ཡང་རྣམ་པ་གསུམ་
སྟེ། འབྱུང་བ་ལས་གྱུར་པ་ཐ་སྙད་མ་ཡིན་པ་དང་། གསལ་བ་དང་མི་གསལ་བ་དང་། གཅིག་དང་དུ་མ་སྟེ་ཚིག་བཞི་དང་། གསུམ་དང་། གཉིས་དང་སྦྱར་རོ། །རྣམ་པར་བྱང་བ་ལས་བརྩམས་ནས་ཐོག་མ་དང་། བར་དང་། ཐ་མ་རྣམས་སུ་ལུང་མནོད་པ་ལ་སོགས་པ་སྒྲ་ལ་སྨོས་པ་དང་སྦྱར་རོ། །དེ་ལ་
གར་བྱེད་པའི་སྒྲ་ཞེས་བྱ་བ་ནི་གར་མཁན་གྱི་ལུས་དང་རྒྱན་གྱི་སྒྲའོ། །སྒྲ་བོ་ཆེ་ཞེས་བྱ་བ་ནི་ཟིན་པ་དང་མ་ཟིན་པ་ལས་བྱུང་བའི་སྒྲ་སྣ་ཚོགས་འདྲེས་པ་ལས་རློམ་པ་དང་བཅས་པའི་སྒྲ་འབྱུང་ངོ་། །ཕུང་པོ་བསྡུ་བའི་ཚིགས་སུ་བཅད་པ་ནི། ཀུན་ནས་ཉོན་མོངས་དེ་རབ་དབྱེ། །རྣམ་པར་བྱང་བ་གསུམ་
གསུམ་སྟེ། །སྒྲ་ཚིག་བཅུ་དང་དགུ་དག་དང་། །ལྷག་མ་རྣམས་ཀྱིས་ཡོངས་སུ་བསྟན། །ཡང་རྣམ་གྲངས་གཞན་དུ་ན་དེ་ཉིད་འཇུག་པ་དང་ལྡོག་པ་ལས་བརྩམས་པ་སྟེ། དེ་ལ་འཇུག་པའི་རྣམ་པ་ནི་བཞི་སྟེ། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། ཟིན་པ་དང་མ་ཟིན་པའི་
འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ཚིག་གསུམ་པ་གཉིས་ཀྱིས་བསྟན་ཏོ། །དེའི་རབ་ཏུ་དབྱེ་བ་ནི་ཚིག་བཅུ་གསུམ་གྱིས་བསྟན་ཏོ། །རབ་ཏུ་དབྱེ་བ་ཡང་བྱེ་བྲག་ཡོད་པའི་ཕྱིར་རྣམ་པ་བཞི་སྟེ། རྟེན་ཏུ་གཏོགས་པ་དང་། རྗོད་པ་དང་། བརྗོད་

པར་བྱ་བར་གཏོགས་པ་དང་། ཚད་དུ་གཏོགས་པ་དང་། རང་བཞིན་དང་། འགྱུར་བར་གཏོགས་པའོ། །དེ་ལ་རྟེན་ནི་སེམས་ཅན་དུ་བགྲང་བ་དང་སེམས་ཅན་དུ་བགྲང་བ་མ་ཡིན་པའོ། །སེམས་ཅན་ཡང་རྣམ་པར་བྱང་བར་རུང་བ་དང་མི་རུང་བའོ། །མི་རུང་བ་ནི་དུད་འགྲོའི་སྐྱེ་གནས་ལ་སོགས་པའི་འགྲོ་
བ་སྟེ། དེ་ནི་གླང་པོ་ཆེ་ལྟ་བུ་སྟེ། གླང་པོ་ཆེ་དྲེགས་པ་དགའ་བའི་སྒྲ་འུ་རུ་རུ་ནི་སྒྲ་བོ་ཆེ་ཞེས་བྱའོ། །རུང་བ་ནི་བུད་མེད་དང་སྐྱེས་པའོ། །སེམས་ཅན་དུ་བགྲང་བ་མ་ཡིན་པ་དེ་ནི་རླུང་དང་ནགས་ཚལ་གྱི་སྒྲ་ལྟ་བུའོ། །རྗོད་པར་གཏོགས་པའི་བྱེ་བྲག་ནི་གསལ་བ་དང་མི་གསལ་བ་ཉིད་དོ། །བརྗོད་པར་བྱ་བར་
གཏོགས་པའི་བྱེ་བྲག་ནི་དོན་དང་ལྡན་པ་དང་དོན་མེད་པ་ཉིད་དོ། །ཚད་ནི་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་ཉིད་དོ། །རང་བཞིན་ནི་ཆོས་ཀྱི་ངོ་བོ་ཉིད་རྣམ་པར་མ་འཁྲུགས་པ་གནས་དང་གནས་མ་ཡིན་པ་ལ་བརྟེན་པའི་སྒྲ་སྟེ། ཆུ་ཀླུང་གི་སྒྲ་ལྟ་བུའོ། །འགྱུར་བ་ནི་ཆོས་གཞན་གྱིས་ཤིན་ཏུ་གཡེངས་པ་ལས་
གཞན་དུ་འགྱུར་བ་འབྱུང་བའི་གནས་དེ་ལ་བརྟེན་པ་སྟེ། ཅ་ཅོའི་སྒྲ་ལྟ་བུའོ། །དེ་བཞིན་དུ་འབྱེད་པར་བྱད་པ་ཞེས་བྱ་བའི་རླུང་གིས་ཆུ་དག་བསྐྱོད་པ་ལས་སྒྲ་འབྱུང་བ་དེ་ལ་བྱའོ། །ལྡོག་པ་ཡང་དུས་བཞིའི་བྱེ་བྲག་གིས་རྣམ་པ་བཞི་སྟེ། ལེན་པའི་དུས་དང་། དེ་ནས་འདོན་པའི་དུས་དང་། དེ་ནས་འཆད་པའི་དུས་དང་།
དེ་ནས་བདག་དང་གཞན་གྱི་རྒོལ་བ་ལ་ཚར་བཅད་པ་དང་ཕན་གདགས་པའི་དུས་སོ། །བསྡུ་བའི་ཚིགས་སུ་བཅད་པ་ནི། འཇུག་དང་དེ་ཡི་རབ་དབྱེ་དང་། །ལྡོག་པ་ཡང་ན་རྣམ་པ་བཞི། །དུང་དང་སྒྲ་ཆེན་ལུང་ནོད་པའི། །སྒྲ་ལ་སོགས་པས་ཡོངས་སུ་བསྟན། །གང་ནང་དང་ཕྱི་རྐྱེན་དུ་གྱུར་པ་ཉིད་དོ་ཞེས་བྱ་བ་
ནི་ནང་དང་ཕྱིའི་འབྱུང་བདག་ནི་སྒྲ་འབྱུང་བའི་བྱེད་རྒྱུ་ཡིན་གྱི་གནས་ནི་མ་ཡིན་ནོ། །སྒྲའི་གནས་ནི་རང་གི་འབྱུང་བ་ཆེན་པོ་བཞི་དག་ཁོ་ན་སྟེ། སྒྲ་ཁོ་ན་བཞིན་དུ་གནས་སོ། །གང་དབང་པོ་དང་ཐ་དད་དུ་མི་གནས་པའི་སྒྲ་དེ་ནི་དབང་པོའི་འབྱུང་བ་ཆེན་པོ་དག་ཁོ་ན་ལ་གནས་པ་སྟེ། དེའི་ཕྱིར་དེ་ནི་ཟིན་པ་ཡིན་པར་
འདོད་དོ། །སྒྲ་འབྱུང་བ་ན་ཡུལ་ཇི་སྲིད་དུ་གྲག་པའི་ཡུལ་དེ་ཉིད་དུ་འཕྲལ་ལ་ཁྱབ་པར་བྱེད་ཅིང་ཅིག་ཅར་འབྱུང་སྟེ། མར་མེའི་འོད་དང་འདྲའོ། །དེའི་ཕྱིར་ཆེ་ཆུང་དུ་འབྱུང་ཞིང་འགྲོ་བ་མ་ཡིན་ནོ། །དྲི་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་བརྡའི་མཚན་ཉིད་དང་། རྣམ་པ་བསྡུ་བའི་མཚན་

ཉིད་དང་། སྤྱིའི་མཚན་ཉིད་དང་། ཕན་འདོགས་པ་དང་། གནོད་པ་བྱེད་པའི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་མཚན་ཉིད་དང་། རང་གི་ངོ་བོར་གཏོགས་པའི་རྣམ་གྲངས་ཀྱི་མཚན་ཉིད་དང་། གཞན་གྱི་ངོ་བོར་གཏོགས་པའི་རྣམ་གྲངས་ཀྱི་མཚན་ཉིད་བསྟན་ཏེ། གཅིག་དང་གཅིག་
དང་གཉིས་དག་དང་། །གསུམ་པོ་དག་དང་གཅིག་དང་ནི། །ལྔ་པོ་དག་དང་བཞི་རྣམས་དང་། །ལྷག་མ་རྣམས་ཀྱིས་ཡོངས་སུ་བསྟན། །རོ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །རེག་བྱའི་རྣམ་པར་གཞག་པ་ནི་གདགས་པར་བྱ་བའི་གཞི་དང་། གདགས་པར་བྱ་བའོ། །གདགས་པར་བྱ་བའི་གཞི་ནི་འབྱུང་བ་
རྣམས་སོ། །གདགས་པར་བྱ་བ་དག་ནི་ཡང་བ་ཉིད་ལ་སོགས་པ་སྟེ། འབྱུང་བ་ཆེན་པོ་དེ་ལྟ་བུར་གྱུར་པ་དག་ཁོ་ན་ལ་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་ལྕི་བ་མ་ཡིན་པ་རྣམས་དང་། ལྕི་བ་རྣམས་དང་། དང་བ་རྣམས་དང་། དང་བ་མ་ཡིན་པ་རྣམས་དང་། ཆུ་དང་རླུང་འདྲེས་པ་ལས་བྱུང་བ་རྣམས་ལ་ནི་གོ་
རིམས་བཞིན་དུ་ཡང་བ་ལ་སོགས་པ་འདོགས་པར་བྱེད་དོ། །སྟོན་པ་མ་ཚང་བ་རྣམས་ལ་ནི་བཀྲེས་པ་དང་། སྐོམ་པ་དང་། ཉམ་ཆུང་བ་དག་གོ། །དེ་མ་ཚང་བ་མེད་ཅིང་མི་མཉམ་པ་མེད་པ་རྣམས་ལ་ནི་ངོམས་པ་དང་ཉམས་སྟོབས་སོ། །མི་མཉམ་པར་གྱུར་པས་འཁྲུལ་བ་འབྱུང་བ་རྣམས་དང་། ན་ཚོད་རྣམ་
པར་གྱུར་པ་བྱུང་བ་རྣམས་དང་། སྲོག་གི་དབང་པོ་འགགས་པ་རྣམས་དང་། ཁྲག་གི་ཉེས་པ་བྱུང་བ་རྣམས་དང་། ཟས་ངན་པ་ཟོས་པས་ངལ་བ་བྱུང་བ་རྣམས་དང་། ས་དང་ཆུ་འདྲེས་པ་ལས་བྱུང་བ་རྣམས་དང་། འབད་པ་དང་ཤ་ཐང་བ་དང་ལྡན་པ་རྣམས་དང་། འབད་པ་དང་ཤ་ཐང་བ་མེད་པ་རྣམས་དང་། མཉན་
ཞིང་སྙི་བ་རྣམས་དང་། དྲི་མས་ཡོངས་སུ་གོས་པ་དང་བྲལ་བ་རྣམས་ལ་ནི་ནད་ལ་སོགས་པ་འདོགས་པར་བྱེད་དོ། །གདགས་པར་བྱ་བ་རྣམས་ཀྱི་རྣམ་པར་གཞག་པ་ཡང་འདི་དག་ཡིན་ཏེ། མི་འབྱིང་བ་དང་འབྱིང་བ་ལས་ནི་ཡང་བ་ཉིད་དང་ལྕི་བ་ཉིད་དོ། །མནབས་ན་ཕན་པ་དང་གནོད་པ་ལས་ནི་འཇམ་པ་
ཉིད་དང་རྩུབ་པ་ཉིད་དོ། །རྐང་པ་ཕྱིལ་བ་ལས་ནི་འདྲེད་པ་ཉིད་དོ། །ངེས་པར་བཙིར་དུ་རུང་བ་ལས་ནི་ནེམ་ནེམ་པོ་ཉིད་དོ། །ལྷག་མ་རྣམས་ནི་ལུས་འགྱུར་བ་ལས་གདགས་པར་བྱའོ། །མིག་ཀྱང་ཡོངས་སུ་ཉམས་ལ་ཞེས་བྱ་བའི་རིགས་པ་ལས་མིག་ཀྱང་ཡོངས་སུ་མ་ཉམས་ལ་ཞེས་སྨོས་པ་

ནི་གཅིག་མ་ཚང་ན་ཡང་རྣམ་པར་ཤེས་པ་འབྱུང་བ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །མིག་གི་རབ་ཏུ་དབྱེ་བ་དེ་ཡང་རྣམ་པ་ལྔ་སྟེ། ལྷག་མ་མ་ལུས་པ་དང་། ཉམས་པ་དང་བཅས་པ་དང་། ལྷན་ཅིག་སྐྱེས་པ་དང་། ལས་ལས་གྱུར་པ་དང་། ནང་དང་ཕྱི་རོལ་གྱིས་གནོད་པར་གྱུར་པའོ། །ལྷན་
ཅིག་སྐྱེས་པ་ཞེས་བྱ་བ་ནི་དམུས་ལོང་ལྟ་བུའོ། །གཟུགས་ཀྱང་སྣང་བར་གྱུར་དུ་ཟིན་ཀྱང་ཞེས་བྱ་བ་ནི་གཟུགས་གང་བསྟན་དུ་ཡོད་པ་དང་། ཧ་ཅང་ཕྲ་མོ་མ་ཡིན་པ་དང་། མ་རེག་པ་དང་། མ་བསྒྲིབས་པ་དང་། སྣང་བ་དང་བཅས་པ་དང་། ཧ་ཅང་བསྐལ་བ་མ་ཡིན་པ་དང་། རང་དང་འོག་མའི་ས་པ་
དག་གོ། །ལྷའི་མིག་དང་ལྡན་པ་ཁ་ཅིག་གིས་ནི་མུན་ཁུང་ན་ཡང་མཐོང་སྟེ་ཅི་རིགས་སུ་སྦྱར་རོ། །དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ན་ཞེས་བྱ་བ་ལ། ཡིད་ལ་བྱེད་པ་ནི་རྣམ་པ་ལྔས་ཉེ་བར་གནས་པར་འགྱུར་ཏེ། འདོད་པ་དང་། གོམས་པ་དང་། གཞན་གྱིས་མཚོན་པ་དང་།
དྲན་པ་དང་། ཡུལ་རགས་པས་སོ། །དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་གང་ཡིན་པ་རང་གི་བག་ཆགས་སད་པས་གནས་ཡོངས་སུ་མ་ཉམས་པ་དེ་དང་། གཟུགས་སྣང་བར་གྱུར་པ་དེ་དང་། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་ཏུ་མངོན་པར་འགྲུབ་པའོ། །སེམས་
རྣམ་པ་གསུམ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་བརྗོད་པའི་རིགས་པ་ལས་དམིགས་པར་གྱུར་ཏེ་ཞེས་སྨོས་པ་ནི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་བགྲང་བར་བྱ་བའི་ཕྱིར་རོ། །ཉེ་བར་གནས་པ་ལས་བྱུང་བ་ཞེས་བྱ་བ་ནི་དོན་གྱི་ངོ་བོ་ཉིད་ཙམ་ཉེ་བར་གནས་པའི་ཕྱིར་རོ། །འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་
པ་ཡང་རྣམ་པ་དེ་ལྟ་བུར་གྱུར་པ་ཡིན་པས་ཉེ་བར་གནས་པ་ལས་བྱུང་བར་འདོད་དོ། །འོག་ནས་ཀྱང་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་རྩོལ་བ་མེད་ལ་རྣམ་པར་གཡེངས་ཤིང་མ་འདྲིས་པ་ལ་དམིགས་པ་ན། འདུན་པ་ལ་སོགས་པ་འཇུག་པ་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཉེ་བར་གནས་པ་ལས་བྱུང་བར་
བརྗོད་པར་བྱའོ་ཞེས་ཇི་སྐད་འབྱུང་བ་ལྟ་བུའོ། །འོ་ན་གང་འདོད་པ་ཁོ་ན་ནས་དང་པོ་ནི་མིག་གི་རྣམ་པར་ཤེས་པ་ཉིད་དོ་ཞེས་འབྱུང་ངོ་ཞེ་ན། དང་པོ་ཉིད་ནི་མིག་གི་རྣམ་པར་ཤེས་པའོ་ཞེས་དེ་ལྟར་བལྟ་བར་བྱ་སྟེ། དེ་ནི་རྟག་ཏུ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །དང་པོ་ཞེས་བྱ་བ་ནི་ཉེ་བར་གནས་པ་ལས་བྱུང་བ་

བཞིན་ནོ། །ཚོལ་བ་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་མཐོང་བའི་ལུས་འདས་པ་དེ་ཉིད་ལ་མངོན་པར་གསལ་བར་བྱ་བའི་ཚུལ་གྱིས་ཡོངས་སུ་ཚོལ་བ་ལ་བྱའོ། །གསལ་བ་དེ་ཉིད་འདི་ནི་སྔོན་པོའོ་ཞེས་བྱ་བའི་འདུ་ཤེས་དང་འབྲེལ་པའི་དྲན་པ་དང་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་
པ་འབྱུང་བ་དེ་ནི་ངེས་པ་ཞེས་བྱའོ། །དེ་ལ་ཉེ་བར་གནས་པ་ལས་བྱུང་བ་ནི་དོན་ཙམ་ལ་དམིགས་པ་སྟེ། ཡུལ་གྱི་གཟུགས་བརྙན་གྱི་ངོ་བོ་ཡིན་ནོ། །ཚོལ་བ་པ་ནི་དོན་ལ་རྣམ་པར་རྟོག་པ་དང་བཅས་པ་སྟེ། གཟུགས་བརྙན་གྱི་མཚན་མ་ལ་རྗེས་སུ་དཔྱོད་པ་དང་མཐུན་པའོ། །ངེས་པ་ནི་དོན་ལ་རྣམ་པར་
རྟོག་པ་དང་། དེའི་མིང་ལ་དམིགས་པར་བྱེད་པའོ། །ངེས་པའི་སེམས་ཕན་ཆད་ནས་ཞེས་བྱ་བ་ནི་དེ་རྣམ་པར་རྟོག་པ་ཉིད་ཡིན་པ་དང་། རང་གི་འདོད་ཆགས་ལ་སོགས་པ་དང་ལྡན་པ་དང་། དེ་མ་ཐག་ཏུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་འདོད་ཆགས་ལ་སོགས་པ་འཕེལ་བར་བྱེད་
པས་དེའི་ཕྱིར་དེའི་རྒྱུ་མཐུན་པ་ཞེས་བྱ་བས་བསྟན་ཏོ། །འདིར་ཚོལ་བ་པ་ནི་འཁོར་ལོ་དང་པོ་ཁོ་ན་ལ་འབྱུང་གི་ངེས་པའི་འོག་ཏུ་འབྱུང་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་མཇུག་ཐོགས་སུ་འཁོར་ལོ་གཉིས་པ་ལ་སོགས་པ་དག་ལ་ནི་མི་འབྱུང་སྟེ། ཡུལ་གསལ་བར་འགྱུར་བའི་ཕྱིར་
རོ། །འོ་ན་ཚོལ་བ་པ་ནི་མཇུག་ཐོགས་སུ་ངེས་པར་འབྱུང་ངོ་ཞེ་ན། འཁོར་ལོ་དང་པོ་ལ་འབྱུང་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཉེ་བར་གནས་པ་ལས་བྱུང་བའི་དབང་དུ་བྱས་ནས་སྨྲས་པའི་ཕྱིར་ཉེས་པ་མེད་དོ། །ལྷན་ཅིག་རྒྱུ་བ་རྣམ་པར་མ་བཞག་ན་ཚོལ་བ་པ་ཡིན་པར་ལྟའོ། །རྣམ་པར་བཞག་
ན་ནི་མ་ཡིན་ཏེ། ལྷན་ཅིག་རྒྱུ་བ་ཉིད་ཀྱིས་མངོན་པར་གསལ་བར་བྱས་ཟིན་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་ལྷན་ཅིག་རྒྱུ་བ་མེད་ཀྱང་རྣམ་པར་བཞག་ལ། གཞན་ནས་ནི་ལྷན་ཅིག་རྒྱུ་བ་དང་ལྷན་ཅིག་གོ་ཞེས་འབྱུང་བ་དང་། འདིར་ནི་ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་ཀྱི་གཞི་ཡིན་པར་བཤད་
ལ། གཞན་ནས་ནི་གཟུགས་ལ་སོགས་པའོ་ཞེས་འབྱུང་སྟེ་བསྟན་བཅོས་ཐམས་ཅད་དང་འགལ་བ་ཁོ་ན་མ་ཡིན་ནམ་ཞེ་ན། རྣལ་འབྱོར་སྤྱོད་པའི་ས་ནི་ཚུལ་རྣམ་པ་བཞིས་ཟབ་པ་ཡིན་གྱི་མ་རྟོགས་བཞིན་དུ་སྤོང་བར་མ་བྱེད་པར་སྡོད་ཅིག །རྗེས་སུ་འཇུག་པའི་ཚུལ་ནི་འགྱུར་བྱེད་ཀྱི་ཆུ་ཀླུང་གི་མདོ་ལས།

བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བསྒོམ་པའི་ལམ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་འཇུག་པའི་རྣམ་པར་ཤེས་པ་དང་གཟུགས་ཀྱི་བྱེ་བྲག་གི་སེམས་ཀྱི་བག་ཆགས་ཀྱི་གཞི་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་མ་བཞག་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་
བུའོ། །མཚན་ཉིད་ཀྱི་དེ་ཁོ་ནའི་ཚུལ་ནི་ཡོངས་སུ་རྫོགས་ཤིང་ལྡེམ་པོར་དགོངས་པ་མ་ཡིན་པའི་མཚན་ཉིད་ཀྱི་དེ་ཁོ་ན་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ལྷན་ཅིག་རྒྱུ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །གཞུག་པའི་ཚུལ་ནི་ཁ་ཅིག་དོན་ཞིབ་མོ་དག་ལ་ཁད་
ཀྱིས་གཞུག་པའི་ཕྱིར་ཏེ། ཇི་ལྟར་རྣམ་པར་གཞག་པ་འདི་ཉིད་དུ་འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་སྨོས་ཀྱང་དེའི་དམིགས་པ་ལ་སོགས་པའི་རྣམ་པར་དབྱེ་བ་མ་བྱས་ཏེ། དམིགས་པ་ཕྲ་བ་དང་། གྱ་ཚོམ་དུ་འཇུག་པར་དགའ་བའི་ཕྱིར་ཏེ། དེ་བཞིན་དུ་ལྷན་ཅིག་རྒྱུ་བར་ཡང་རྣམ་པར་དབྱེ་བ་
མ་བྱས་པ་ལྟ་བུའོ། །མདོ་སྡེའི་ལྡེམ་པོར་དགོངས་པའི་ཚུལ་ནི་འོག་ནས་བསྒོམས་པ་ལས་འབྱུང་བའི་ལས་མཐའ་དག་ནི་བྱམས་པ་ཡིན་ནོ་ཞེས་ཇི་སྐད་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་སྐབས་ནས་རྣམ་པར་ཤེས་པ་གང་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་དྲུག་ཡིན་ཞེས་
རྣམ་པར་ཕྱེ་བ་ལྟ་བུ་སྟེ། དེའི་ཕྱིར་བསྟན་བཅོས་ཀྱི་དགོངས་པ་མ་རྟོགས་པར་སྤོང་བར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སའི་བཤད་པའོ། །རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ། ཡིད་ཀྱི་གང་ཞེ་ན་ཞེས་བྱ་བ་ལ། ཡིད་ཅེས་བྱ་བའི་སྒྲ་འདི་
ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྣམ་གྲངས་སུ་གཏོགས་པ་སྟེ། ཇི་སྐད་དུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་རྣམ་པར་ཤེས་པ་འདི་དག་ཐམས་ཅད་ནི་སེམས་དང་ཡིད་ཅེས་ཀྱང་བྱའོ་ཞེས་འབྱུང་བ་ལྟ་བུའོ། །འདིར་ནི་གོང་དུ་བཤད་པའི་རྣམ་པར་ཤེས་པ་ལྔ་པོ་མ་རྟོགས་པ་དག་གཟུང་བར་བྱའོ། །གང་གི་
ཚེ་བྱེ་བྲག་གི་རྣམ་གྲངས་སུ་བྱ་བ་དེའི་ཚེ་ནི་འདས་མ་ཐག་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་ལ་བྱའོ། །ཡང་ན་ཡིད་ཅེས་བྱ་བ་ནི་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱའོ། །གནས་ཀྱང་རྣམ་པ་བཞི་སྟེ། ས་བོན་གྱི་གནས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །འབྱུང་བའི་གོ་འབྱེད་པའི་གནས་ནི་འདས་

མ་ཐག་པའི་རྣམ་པར་ཤེས་པའོ། །མཚན་མ་ལ་འཆིང་བའི་གནས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ཏེ། འདི་ལྟར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཡིད་ལ་གནས་པ་ཞེས་བྱ་སྟེ། ཡིད་མ་འགགས་ན་རྣམ་པར་རིག་པ་རྣམས་ཀྱང་མཚན་མ་
ལ་བཅིངས་པ་ལས་མི་འགྲོལ་ལ། །འགགས་ན་དེ་ལས་གྲོལ་བར་འགྱུར་རོ་ཞེས་འབྱུང་ངོ་། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པའི་གནས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ཅེས་བྱ་བའི་སྒྲས་ནི་ཐམས་
ཅད་བསྡུས་པ་ཡིན་ནོ། །ས་བོན་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་པ་རྣམ་པར་གཞག་པ་ནི་ཇི་ལྟར་ན་ས་བོན་ཐམས་ཅད་དང་ལྡན་པ་ཡིན་ཞེ་ན། གནས་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་གནས་ཀྱི་དངོས་པོར་གནས་པ་ཡིན་ཞེ་ན། ལེན་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་
ཚིག་སྔ་མ་ཕྱི་མས་བཤད་པའི་ཕྱིར་རོ། །ཡང་དོན་གཞན་དུ་ན་ཕུང་པོ་ལྔས་བསྡུས་པའི་ཆོས་རྣམས་ཀྱི་བག་ཆགས་ཀྱི་རྟེན་ཡིན་པའི་ཕྱིར་དང་། དེས་ཟིན་པ་དམིགས་པ་ལ་སོགས་པའི་གནས་ཀྱི་དངོས་པོ་ཉེ་བར་ལེན་པའི་ཕྱིར་ཏེ། ཇི་སྐད་དུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཀུན་གཞི་རྣམ་
པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ་གནས་སྦྱིན་པར་བྱེད་པ་དང་། ས་བོན་གྱི་དངོས་པོར་རོ། །དེ་ལ་གནས་སྦྱིན་པར་བྱེད་པ་ནི་དེས་ཟིན་པའི་དབང་པོ་གཟུགས་ཅན་རྣམས་ལ་རྣམ་པར་ཤེས་པ་ལྔ་འབྱུང་ལ། མ་ཟིན་པ་རྣམས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་
འབྱུང་བ་ལྟ་བུའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དག་མདུང་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་བརྟེན་ཅིང་གནས་ཀྱི་དངོས་པོར་གནས་པའི་ཕྱིར་དང་། དེས་ཟིན་ན་གཟུགས་ཀྱང་སེམས་ཅན་དུ་བགྲང་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཡང་དོན་གཞན་དུ་ན་མཐོང་བ་དང་གནས་པ་དང་འཕེལ་བ་
དང་ཆུད་མི་ཟ་བའི་བྱེ་བྲག་གིས་རྒྱུ་རྣམ་པ་བཞི་བསྟན་ཏེ། དེ་དག་ཀྱང་ཚིག་བཞི་པོ་དག་གིས་གོ་རིམས་བཞིན་དུ་བསྟན་ཏོ། །ཡང་དོན་གཞན་དུ་ན་ཀུན་གཞིའི་དོན་རྣམ་པ་བཞི་སྟེ། འབྱུང་བ་དང་ལྡན་པའི་འདུ་བྱེད་རྣམས་དེ་ལ་འབྲས་བུའི་དངོས་པོར་སྦྱོར་བར་བྱེད་པའམ། དེ་དག་ལ་དེ་རྒྱུའི་དངོས་པོར་

སྦྱོར་བར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང་། སེམས་ཅན་རྣམས་དེ་ལ་བདག་ཏུ་སྦྱོར་བའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང་། དེ་དང་པོ་ཁོ་ནར་མེར་མེར་པོར་ཞུགས་པ་ན་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཀུན་གཞི་ཞེས་བྱ་བ་དང་། དེས་ལུས་ཟིན་པའི་ཕྱིར་ཀུན་གཞི་ཞེས་བྱ་སྟེ། ལེན་པར་བྱེད་པའི་དོན་ནི་ཀུན་གཞི་ཞེས་
བྱའོ། །དོན་བཞི་པོ་དེ་དག་ནི་ཚིག་བཞི་པོ་རྣམས་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟར་ན་ཚིག་བཞི་པོ་དེ་དག་གིས་ཀུན་གཞིའི་དོན་གསལ་བ་ཁོ་ནར་བསྟན་པ་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་དེའི་ངོ་བོ་ཉིད་སྟོན་ཏོ། །རྣམ་པར་སྨིན་པར་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཅི་ཀུན་གཞི་རྣམ་པར་
ཤེས་པའི་མཚན་ཉིད་ཇི་སྐད་སྨྲས་པའི་ཚིག་ཙམ་གྱིས་གྲུབ་པར་ཟད་དམ། འོན་ཏེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐབས་འགའ་ཞིག་ཀྱང་ཡོད་ཅེ་ན། ཏེ་པོར་ཡོད་དེ། རེ་ཞིག་ལུང་ནི་ཐེག་པ་གཉིས་ཏེ། དེ་ལ་ཐེག་པ་ཆེན་པོ་ནི་འདུལ་བ་སྒྲོགས་པ་ཞེས་བྱ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་འདུལ་བ་ཟབ་མོ་ལ་
མོས་པ་ཞེས་བྱ་བས་བཅོམ་ལྡན་འདས་མ་རིག་པའི་རྩ་བ་རྣམ་པར་གཞག་པ་གང་ལགས་ཞེས་ཞུས་པ་དང་། རིགས་ཀྱི་བུ་ལེན་པའི་རྣམ་པར་ཤེས་པ་ལ་ཐོག་མ་མེད་པའི་དུས་སྔོན་གྱི་མཐའ་མངོན་པའི་མ་རིག་པའི་བག་ཆགས་ས་བོན་དུ་ཡོངས་སུ་འཛིན་པའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
ཡང་དེ་ཉིད་ལས་རིགས་ཀྱི་བུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་འདུ་བྱེད་རྣམས་ཀྱི་ས་བོན་གྱི་གནས་ཡིན་ནོ་ཞེས་གསུངས་སོ། །ཆོས་མངོན་པའི་མདོ་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་བྱའི་གནས་ཀྱི་བྱེ་བྲག་ཁྱད་པར་དུ་འཕགས་པ་གསུངས་པའོ་ཞེས་བྱ་བས་ཤེས་བྱའི་གནས་ཉིད་ཡིན་པར་
རྒྱ་ཆེར་རྣམ་པར་ཕྱེ་སྟེ་བསྟན་ཏོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པའི་ས་བོན་ཡིན་ནོ་ཞེས་འབྱུང་ངོ་། །དེ་བཞིན་དུ་འཕགས་པ་རིན་པོ་ཆེ་བཀོད་པ་ལས་ཀྱང་། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེས་དེ་ལྟར་ལུས་འདི་ཉེ་བར་བཟུང་ཞིང་བླངས་
པ་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལྟར་དེ་ནི་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་འབྲེལ་པ་དང་རབ་ཏུ་འབྲེལ་པས་ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱའོ། །བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འབྱུང་

བར་འགྱུར་ཏེ། དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་རྒྱས་པའི་སྡེ་ཡངས་པའི་ཚུལ་ཞེས་བྱ་བའི་མདོ་ལས་ཀྱང་། བཅོམ་ལྡན་འདས་རྣམ་པར་ཤེས་པ་འབྲས་བུ་
དང་བཅས་པ་ཁོ་ནའི་མཚན་ཉིད་གང་ལགས་ཞེས་ཞུས་པ་དང་། རིགས་ཀྱི་བུ་བསྒོམ་པའི་རྣམ་པར་ཤེས་པ་མེད་པ་ན་མིང་དང་གཟུགས་འགྲུབ་པའི་རྐྱེན་གྱི་འདུ་ཤེས་རྣམས་ཉིད་ཀྱང་མེད་པར་འགྱུར་ཏེ། འདི་ལྟར་འདུ་བྱེད་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྐྱེན་ཉིད་དུ་གདགས་པ་ཉིད་ཡིན་
ནོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ནི་རྒྱུ་བཞི་དག་གིས་འབྱུང་ངོ་། །བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་ལ་ཁོང་དུ་མ་ཆུད་པ་དང་། ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་གཟུགས་
ཀྱི་བག་ཆགས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡིན་ཏེ། བློ་གྲོས་ཆེན་པོ་རྒྱུ་བཞི་པོ་དེ་དག་གིས་ཀུན་གཞི་རྣམ་པར་ཤེས་པ་ཆུའི་ཀླུང་ལྟ་བུ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །ཡང་དེ་ཉིད་ལས་རྣལ་འབྱོར་པ་རྣམས་ནི་འདི་སྙམ་དུ་བདག་ཅག་རྣམ་པར་ཤེས་པ་རྣམས་བཀག་ནས་སྙོམས་པར་འཇུག་གོ་སྙམ་དུ་སེམས་ཀྱང་དེ་དག་ནི་རྣམ་པར་ཤེས་པ་མ་འགགས་བཞིན་དུ་སྙོམས་པར་འཇུག་སྟེ། བག་ཆགས་ཀྱི་ས་བོན་མ་འགགས་པའི་ཕྱིར་མ་འགགས་པའོ། །ཡུལ་
ལ་འཇུག་ཅིང་འཛིན་པ་མེད་པས་ནི་འགགས་སོ། །བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཞིང་འཇུག་པ་དེ་ལྟར་ཤིན་ཏུ་ཕྲ་བས་དེ་བཞིན་གཤེགས་པ་དང་། ས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་གཞན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྣལ་འབྱོར་
པ་རྣམས་ཀྱིས་ཁོང་དུ་ཆུད་པར་སླ་བ་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སྟུག་པོ་བཀོད་པའི་མདོ་ལས་ཀྱང་། ཟླ་བ་སྐར་མའི་ཚོགས་དང་ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་པར་ཤེས་པ་དག་དང་ལྷན་ཅིག་ལུས་ལ་གནས། །རང་གི་ལས་ཀྱིས་འཕངས་པས་དབང་པོ་རླུང་

གིས་ཁྱབ་ནས་ལྟར། །རྣམ་པར་ཤེས་པའང་རླབས་བདུན་དག་དང་ལྷན་ཅིག་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། དེ་བཞིན་ཀུན་གཞི་རྣམ་ཤེས་རྣམ་ཤེས་བདུན་གྱི་བག་ཆགས་དང་། །རྟག་ཏུ་ལྷན་ཅིག་གནས་ཤིང་འབྱུང་ཡང་ཉོན་མོངས་འགྱུར་བ་མེད། །ཅེས་ཀྱང་གསུངས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་རྣམས་
ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། གཅིག་ལས་འཕྲོས་པའི་ལུང་ལ་སོགས་པ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་སྟོན་པ་དང་། གང་ཟག་ལ་བདག་མེད་པར་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་པ་དང་། ཉོན་མོངས་པ་སྤངས་པའི་ཐབས་སྟོན་པ་ལ་སོགས་པ་རྒྱུ་མཐའ་ཡས་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་
ལ་ཡང་གསུས་པོ་ཆེ་ཆེན་པོའི་མདོ་ལས་གསུངས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་མདུང་ཁྱིམ་གཉིས་ནམ་མཁའ་ལ་བསྒྲེངས་ཏེ་གཅིག་ལ་གཅིག་བརྟེན་ཅིང་འདུག་གི་ཇི་སྟེ་གཅིག་ཕྱུང་ན་ནི་ཅིག་ཤོས་ཀྱང་འགྱེལ་བར་འགྱུར་རོ། །དེ་བཞིན་དུ་ཆོས་གཉིས་པོ་འདི་དག་ཀྱང་གཅིག་ལ་གཅིག་བརྟེན་ཅིང་གཅིག་ལ་
གཅིག་བརྟེན་ནས་གནས་པ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་གསུངས་སོ། །ཡང་མདོ་སྡེ་དག་ལས་བཅོམ་ལྡན་འདས་ཀྱིས་མིང་དང་གཟུགས་རྣམ་པར་ཕྱེ་བ་ལས་ཀྱང་གང་ཞེ་ན། ཕུང་པོ་གཟུགས་ཅན་མ་ཡིན་པ་
བཞི་པོ་དེ་དག་གོ་ཞེས་གསུངས་ཤིང་། གང་དུ་ཡང་གཞན་དུ་མ་ཡིན་ཏེ། དེའི་ཕྱིར་མིང་དང་གཟུགས་དང་ལྷན་ཅིག་འབྱུང་བ་བཞིར་འགྱུར་བའི་རྣམ་པར་ཤེས་པ་གཞན་ཞིག་ཀྱང་ཡོད་པར་འདོད་པར་བྱའོ། །དེ་བཞིན་དུ་དང་པོའི་ཁྱད་པར་གྱི་ཆ་དང་མཐུན་པ་ཞེས་བྱ་བའི་མདོ་ལས་ཀྱང་། བཙུན་པ་འདི་ལྟར་འདུ་བྱེད་
རྣམས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་དང་ལྷན་ཅིག་འབྱུང་བ་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྣམས་དང་འབྱུང་ལགས་ན་ཅིའི་སླད་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བགྱི་ལགས། དགེ་སློང་འདི་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་བསོད་ནམས་དང་། བསོད་ནམས་མ་ཡིན་
པ་དང་། མི་གཡོ་བའི་འདུ་བྱེད་རྣམས་དང་ལྷན་ཅིག་ཏུ་འབྱུང་ཞིང་མཚུངས་པར་ལྡན་པ་མ་འགགས་པ་རྣམས་ནི་ཚེ་རབས་གཞན་གྱི་རྣམ་པར་ཤེས་པ་གར་སྐྱེས་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འདུ་བྱེད་ཀྱི་བག་ཆགས་འཇོག་པར་བྱེད་དོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པའི་དགེ་

འདུན་ཕལ་ཆེན་སྡེ་དང་། གནས་བརྟན་པའི་སྡེ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། གོས་དམར་སྡེ་དང་། ས་སྟོན་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དག་ལས་ཀྱང་། རྩ་བའི་རྣམ་པར་ཤེས་པ་དང་། སྲིད་པའི་ཡན་ལག་དང་། ཀུན་གཞི་དང་། འཁོར་བ་ཅན་གྱི་ཕུང་པོ་ཞེས་བྱ་
བ་ལ་སོགས་པའི་བར་དུ་རང་གི་སྒྲ་དང་རྣམ་གྲངས་ཀྱིས་ཅི་རིགས་སུ་བསྟན་པ་དག་གིས་ལམ་པོ་ཆེ་བཏོད་པས་དེ་ལ་སོགས་པས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པར་རྣམ་པར་གཏན་ལ་ཕབ་པ་ཡིན་ནོ། །མདོ་སྡེ་སིལ་བུ་རྣམས་ཀྱང་སྔར་བཤད་པའི་གཏན་ཚིགས་དག་ཁོ་ནས་སངས་རྒྱས་ཀྱི་བཀའ་ཉིད་ཡིན་པར་
ཁོང་དུ་ཆུད་པར་བྱ་སྟེ། རེ་ཞིག་ལུང་ནི་དེ་དག་ཡིན་ནོ། །རིགས་པ་ཡང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྟེན་དུ་གྱུར་པའི་སེམས་དང་ལྷན་ཅིག་འཇུག་པར་ངེས་པ་ཡིན་ཏེ། རབ་ཏུ་གསལ་བའི་རྣམ་པར་འཇུག་པའི་ཕྱིར་ཏེ། དེ་ལ་བརྟེན་པའི་འདུ་ཤེས་ལ་སོགས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་འགོག་པའི་སྙོམས་
པར་འཇུག་པའི་སེམས་བཞིན་ནོ། །དེ་བཞིན་དུ་མིག་གི་རྣམ་པར་ཤེས་པའི་ཕྱོགས་ལ་ཡང་གཟུགས་ཙམ་ལ་མངོན་སུམ་དུ་དམིགས་པའི་ཕྱིར་ཏེ། དེ་ལ་བརྟེན་པའི་ཚོར་བ་བཞིན་ནོ་ཞེས་བརྗོད་པར་བྱའོ། །ལྡོག་པ་ནི་རི་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་དག་ལ་ཡང་རེ་རེ་ནས་
བརྗོད་པར་བྱའོ། །ཡང་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་ཕྱོགས་ལ་ཡང་གཟུགས་ཀྱི་ཕྱོགས་གཅིག་ལ་དམིགས་པའི་ཕྱིར་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྒྱུ་གཅིག་ཅིང་དུས་གཅིག་པའི་རྣམ་པར་ཤེས་པ་ལ་བརྟེན་པ་སྟེ་བག་ཆགས་སྒོ་བར་བྱེད་པའི་
ཕྱིར་ཏེ། དེ་དང་མཚུངས་པར་ལྡན་པའི་འདོད་ཆགས་ལ་སོགས་པ་བཞིན་ནོ། །ལྡོག་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་བསྟན་པའི་ཚིག་ནི་བདེན་པའི་དོན་ཡིན་ཏེ། དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །ཕུང་པོ་ལ་སོགས་པ་བཤད་པའི་ཚིག་བཞིན་ཏེ། དེ་བཞིན་
གཤེགས་པས་གསུངས་པ་ཉིད་ཡིན་པར་ནི་དང་པོ་ཁོ་ནར་བྱས་པ་ལ་སོགས་པ་ཡིན་ནོ། །ཁོ་བོས་གཞན་གྱི་ངོར་བྱས་ཏེ་རྗེས་སུ་དཔག་པ་བརྗོད་པར་ཟད་ཀྱི་ཞིབ་མོ་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ནི་རྟོག་གིས་རྣམ་པར་གཞག་པར་རིགས་པ་མ་ཡིན་ཏེ། ཇི་སྐད་དུ་མདོ་སྡེ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་ཆོས་

ནི་ལེགས་པར་གསུངས་པ་མཁས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །ཡང་གྲོགས་པོ་དག་ངས་ནི་ཟབ་མོ་མཐོང་བར་དཀའ་བ་བརྟག་པར་བྱ་བ་མ་ཡིན་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཆོས་ཐུགས་སུ་ཆུད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་
བཞིན་དུ་ངག་དང་ཚིག་གི་ཆེད་དུ་བྱས་པ་ལས་ཀྱང་། ལུང་མ་གཏོགས་པར་རྟོག་གེ་ཡིས། །ཆོས་རྣམས་རྣམ་པར་གནས་མ་ཡིན། །དྲང་སྲོང་རྣམས་ཀྱི་ཤེས་པ་གང་། །དེ་ཡང་ལུང་ནི་སྔོན་དུ་བཏང་། །ལོང་བ་རྐང་པས་ནོམ་བྱེད་ཅིང་། །ཉམ་ངའི་ལམ་དུ་བརྒྱུག་རྣམས་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་རྣམས། །
རྣམ་པར་ལྟུང་བ་དཀའ་མ་ཡིན། །ཞེས་ཀྱང་བརྗོད་པའི་ཕྱིར་རོ། །དེ་ལྟ་བས་ན་གང་དག་ཁ་ཅིག་གསུང་རབ་མཐའ་དག་ལས་འབྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ལ་རྟོག་གེ་སྐོམ་པོ་ཙམ་གྱིས་གནོད་པ་བྱེད་པ་དེ་དག་ནི་ཤིན་ཏུ་གཟུ་ལུམས་བྱེད་པ་ཡིན་པས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་དག་གིས་རྟོག་གེ་
སུན་དབྱུང་བར་བྱས། སྐབས་དེ་རེ་ཞིག་གཞག་གོ། །ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་བདག་ཏུ་ལྟ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཤིང་ལྷན་ཅིག་འབྱུང་ལ་རྟག་ཏུ་ཀུན་དུ་འབྱུང་བ་སྟེ་གཞན་དག་ཀྱང་དེ་བཞིན་ནོ། །ཅིའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་
པོ་ཁོ་ན་དག་དང་རྟག་ཏུ་མཚུངས་པ་ལྟར་གཞག་ཅེ་ན། དགེ་བ་ལ་སོགས་པ་ཀུན་ཏུ་སྤྱོད་པ་ན་ལུས་ལ་ལྷན་ཅིག་སྐྱེས་པའི་ངར་འཛིན་པ་ཕྲ་མོ་དང་རྗེས་སུ་འབྲེལ་བའི་ཕྱིར་བདག་དང་བདག་གི་ཞེས་བྱ་བར་བལྟའོ། །དེ་མེད་པར་མི་འབྱུང་བའི་ཕྱིར་བདག་ལ་སྲེད་པ་དང་། ང་རྒྱལ་འབྱུང་བར་འགྱུར་རོ། །རྨོངས་པ་མེད་
ན་གཞན་དག་འབྱུང་བར་མི་འགྱུར་བའི་ཕྱིར་མ་རིག་པ་ཞེས་བྱ་བ་ཡང་ཡོད་དེ། དེའི་ཕྱིར་ཉུང་བ་ཡང་མ་ཡིན་ལ། ཞེ་སྡང་ལ་སོགས་པ་ནི་དེ་ལས་བཟློག་པའི་ཕྱིར་མང་དུ་ཡང་མེད་དེ། རྒྱ་ཆེར་ནི་འོག་ནས་རྣམ་པར་གཏན་ལ་དབབ་པར་བསྡུ་བར་བཤད་པར་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་མཚན་ཉིད་ཇི་སྐད་སྨྲས་
པ་དེ་ཡང་ལུང་དང་རིགས་པས་ཁོང་དུ་ཆུད་པར་བྱ་སྟེ། དེ་ལ་ལུང་ནི་ཐེག་པ་ཆེན་པོ་དང་ཉན་ཐོས་ཀྱི་ཐེག་པའོ། །ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། སེམས་དང་ཡིད་དང་རྣམ་ཤེས་ནི། །མཚན་ཉིད་དོན་དུ་རབ་ཏུ་བརྟགས། །བརྒྱད་པོ་མཚན་ཉིད་ཐ་དད་མིན། །མཚན་གཞི་མེད་ཅིང་

མཚན་ཉིད་མེད། །ཅེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས། དེ་བཞིན་རྣམ་ཤེས་བདུན་པོ་ནི། །སེམས་དང་ལྷན་ཅིག་ལྡན་པའོ། །ཞེས་ཀྱང་གསུངས་སོ། །དེ་བཞིན་དུ་སྔར་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གཏན་ལ་དབབ་པའི་སྐབས་སུ་འཕགས་པ་སྟུག་པོ་བཀོད་པའི་མདོ་ལས་
བྱུང་བའི་ཚིགས་སུ་བཅད་པ་གཉིས་སྨོས་པ་ཡང་བརྗོད་པར་བྱའོ། །ཇི་སྐད་དུ་མདོ་སྡེ་སིལ་བུ་དག་ལས་ཀྱང་། ཉོན་མོངས་ཅན་ཡིད་རྟག་ཏུ་ཡང་། །ཉོན་མོངས་ལྷན་ཅིག་འབྱུང་བ་ཡང་། །ཉོན་མོངས་ལྷན་ཅིག་འབྱུང་ཞིང་འགག །དེ་ནི་ཉོན་མོངས་པ་དག་ལས། །གྲོལ་བར་མ་གྱུར་མི་འགྱུར་རོ། །ཞེས་འབྱུང་ངོ་། །
རིགས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་ལས་གཞན་པའི་གནས་ལྷན་ཅིག་འབྱུང་བ་དང་ལྡན་པ་ཡིན་ཏེ། དགེ་བ་ལ་སོགས་པའི་བྱེ་བྲག་སྣ་ཚོགས་ཡོད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་བཞིན་ཏེ། ཆོས་མི་མཐུན་པ་ནི་ནམ་མཁའ་ལ་སོགས་པའོ། །ཡང་གཅིག་ཏུ་དེ་མ་
ཐག་པའི་ཡིད་ལས་བྱུང་བའི་ཕྱིར་ཏེ་སྔ་མ་བཞིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་ལ་འཛིན་པའི་ཕྱིར་ཏེ། སྔ་མ་ཁོ་ན་བཞིན་ནོ། །ཡང་ན་ཆོས་ཀྱི་ཁམས་ཡོངས་སུ་གཅོད་པའི་ཕྱིར་དེ་ལ་བརྟེན་པའི་ཤེས་རབ་བཞིན་ཏེ་ཕྱོགས་ནི་དེ་ལྟའོ། །གཞི་གཟུགས་ཅན་ཡིན་པར་གྱུར་པས་གཏན་ཚིགས་
འགལ་ལོ་ཞེས་བྱ་བ་ཡང་མེད་དེ། ཐམས་ཅད་ཡོད་པར་སྨྲ་བ་རྣམས་དང་། འཕགས་པ་གནས་བརྟན་པ་དག་གིས་ཀྱང་གནོད་པ་བྱས་པའི་ཕྱིར་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་གནས་ལྷན་ཅིག་འབྱུང་བ་དང་ལྡན་པ་ཡིན་ཏེ། རྣམ་པར་རྟོག་པ་ཡོད་པའི་ཕྱིར་བའམ། ཆོས་ཀྱི་ཁམས་སྤྱོད་ཡུལ་དུ་
གྱུར་པ་ཡིན་པའི་ཕྱིར་ཏེ། དེ་ལ་གནས་པའི་སེམས་ལས་བྱུང་བ་བཞིན་པས་དེ་ལ་སོགས་པ་རྗེས་སུ་དཔག་པ་དག་གིས་ཀྱང་གནོད་པ་བྱས་པའི་ཕྱིར་རོ། །འཕགས་པའི་ལམ་གྱིས་མ་ངེས་པ་ཡང་མ་ཡིན་ཏེ། ཁ་ཅིག་ན་རེ་ཡིད་གྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཟག་པ་དང་བཅས་ཤིང་འཇིག་
རྟེན་པའི་ཡན་ལག་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ་ཞེས་ཟེར་བས་དེའི་ཕྱིར་ཡིད་གྲུབ་པ་ཡིན་ནོ། །དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དམིགས་པ་རྣམ་པར་རིག་པར་བྱེད་པ་འབྱུང་བ་ལ་བྱ་སྟེ། དེ་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་མཚན་ཉིད་ཀྱང་ཡིན་མོད་ཀྱི་འོན་ཀྱང་

རྣམ་པར་ཤེས་པ་བདུན་པོ་དག་གི་བྱེ་བྲག་ལས་ལོགས་ཤིག་ཏུ་བཀར་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་གཟུང་བར་བྱའོ། །བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་བྱ་བ་ལ། དེ་ནི་རྣམ་པ་གཉིས་ཏེ། རྫས་སུ་ཡོད་པ་དང་། བཏགས་པའི་ཡོད་པའོ། །ཏིང་ངེ་འཛིན་གྱི་ཁྱད་པར་གྲུབ་པའི་འབྲས་བུ་གང་ཡིན་པ་དེ་
ནི་རྫས་སུ་ཡོད་པའོ། །ཏིང་ངེ་འཛིན་དེ་ཡང་འཇིག་རྟེན་པ་ཟག་པ་དང་བཅས་པ་ཡིན་གྱི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ནི་མ་ཡིན་ནོ། །དེ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །གཟུགས་དེ་ནི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་བསྒྲུབས་པ་ཡིན་པའི་ཕྱིར་ཏེ། དེ་ནི་སྣང་བ་ཙམ་དུ་ཟད་ཀྱི་དེ་ལ་དྲི་ལ་སོགས་པ་ཡང་
མེད་ལ་ས་ལ་སོགས་པ་ཡང་མེད་དེ། འབྱུང་བའི་བྱེད་རྒྱུ་མེད་པའི་ཕྱིར་བ་དང་། དགོས་པ་མེད་པའི་ཕྱིར་རོ། །འོ་ན་འོག་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་དེ་ནི་ཏིང་ངེ་འཛིན་གང་དང་ལྡན་པ་ཁོ་ནའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན་ནོ་ཞེས་འབྱུང་བ་མ་ཡིན་ནམ་ཞེ་ན། དེར་ནི་བརྟེན་པའི་འབྲས་བུ་རྟེན་
གྱིས་བརྗོད་པར་ཟད་དེ། བདག་གི་དོན་དེ་རྣམ་པ་འདི་དག་གིས་ཐོས་ཞེས་བྱ་བ་ལྟ་བུའོ། །ས་གང་དང་ལྡན་པའི་འབྱུང་བ་ཆེན་པོ་ལ་བརྟེན་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ནི་འབྱུང་བ་དེ་དག་གི་འབྲས་བུ་ཡིན་པར་བསྟན་ཏེ། དེ་ཡང་སྙོམས་པར་འཇུག་པ་ལ་བརྟེན་པ་ཁོ་ན་ཡིན་གྱི་འབྱུང་བ་ཆེན་པོ་
ལ་བརྟེན་པ་ནི་མ་ཡིན་ཏེ། ཇི་སྐད་དུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། སྙོམས་པར་འཇུག་པའི་འབྲས་བུའི་གཟུགས་གང་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་དེ་ནི་སྙོམས་པར་འཇུག་པ་ལ་བརྟེན་པ་ཁོ་ན་ཡིན་པར་རིག་པར་བྱའི། འབྱུང་བ་ཆེན་པོ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་དང་འདྲ་བའི་གཟུགས་
བརྙན་ལ་དམིགས་པས་ཏིང་ངེ་འཛིན་གྲུབ་པའི་ཕྱིར་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཞེས་བརྗོད་པར་ཟད་ཀྱི། དེ་ལ་བརྟེན་ཏེ་འབྱུང་བ་ནི་མ་ཡིན་ནོ་ཞེས་འབྱུང་ངོ་། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གང་ཡིན་པ་དེ་ནི་བཏགས་པའི་ཡོད་པ་ཡིན་ཏེ། དེ་ནི་སྤོང་བའི་སེམས་པ་ལ་གདགས་པ་ཡིན་པའི་ཕྱིར་
རོ། །གཟུགས་སུ་བརྗོད་པ་ནི་སེམས་པ་དེའི་བྱེ་བྲག་གི་དབང་གིས་འབྱུང་བའི་རླུང་གི་ཁམས་ཀྱིས་ལུས་དང་ངག་བསྐྱོད་པ་ལ་བརྗོད་པའི་ཕྱིར་རོ། །ལྡན་པ་ཡང་མ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོར་མ་གཏོགས་པས་ས་བོན་རྣམས་ལོགས་ཤིག་ཏུ་བསྟན་པར་བྱ་བའི་ཕྱིར། ས་བོན་ཐམས་ཅད་ཅེས་བྱ་བ་སྨོས་

སོ། །སྔ་ན་མེད་པ་ལ་སོགས་པ་དང་། བུམ་པ་ལ་སོགས་པ་དག་ཀྱང་ཅིའི་ཕྱིར་མ་སྨོས་ཤེ་ན། དེ་དག་ནི་སེམས་དང་སེམས་ལས་བྱུང་བ་དག་ལས་ཐ་དད་པ་མ་ཡིན་པའི་ཕྱིར་ཏེ། སེམས་དང་སེམས་ལས་བྱུང་བ་དག་གི་གཟུགས་བརྙན་གྱི་མཚན་མ་ཙམ་ཡིན་པའི་ཕྱིར་རོ། །ཡང་ན་དེ་
དག་ནི་རྣམ་པར་རིག་བྱེད་བཞིན་དུ་ཡུལ་རྣམས་ལས་དོན་གཞན་མ་ཡིན་པའི་ཕྱིར་བརྗོད་པ་ཁོ་ན་ཡིན་ནོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ལ་བྱེད་པ་ལ་སོགས་པ་ལྔ་པོ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སའི་སྐབས་སུ་འཆད་པར་བྱས་ཟིན་ཏོ། །ལྷག་མ་རྣམས་ཀྱི་མངོན་སུམ་དང་རྟགས་
ཀྱང་སྔ་མ་བཞིན་ནོ། །ལུང་ནི་བརྗོད་པར་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་འདུན་པའི་རྩ་བ་ལས་བྱུང་བའོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་བདག་གི་སེམས་ནི་ཅི་ནས་ཀྱང་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་ལ་བདག་མེད་པར་མོས་སོ། །དེ་བཞིན་དུ་དྲན་པ་དང་། རྗེས་སུ་དྲན་པ་དང་།
རབ་ཏུ་དྲན་པ་དང་། ཉེ་བར་དྲན་པ་དང་། དྲན་པ་ཉིད་དང་། མི་བརྗེད་པ་མེད་པའི་ཆོས་ཉིད་དང་། སེམས་པའི་མངོན་པར་བརྗོད་པ་ཞེས་བྱའོ། །དེ་བཞིན་དུ་སེམས་གནས་པ་དང་། ཡང་དག་པར་གནས་པ་དང་། རབ་ཏུ་གནས་པ་དང་། ཉེ་བར་གནས་པ་དང་། ཤིན་ཏུ་གནས་པ་དང་། མི་གཡེང་བ་དང་། མི་འཕྱར་བ་
དང་། བསྡུས་པ་དང་། ཞི་གནས་དང་། ཏིང་ངེ་འཛིན་དང་། སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ་ཆོས་རྣམས་ལ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། ཡང་དག་པར་རྟོག་པ་དང་། ཉེ་བར་རྟོག་པ་དང་། སྟོན་པ་དང་།
རབ་ཏུ་རྟོག་པ་དང་། ཡོད་པར་འཛིན་པ་དང་། ཡིད་གཞུངས་པ་དང་། བློ་དང་། མཁས་པ་དང་། རྟོག་པ་དང་། ལྷག་མཐོང་གང་ཡིན་པ་དེ་ནི་ཤེས་རབ་ཅེས་བྱ་བའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དད་པས་ཞེན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཆོས་གཉིས་པོ་ནི་འཇིག་
རྟེན་སྐྱོང་བར་བྱེད་པ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །ཡང་ངོ་ཚ་བར་བྱ་བས་ན་ངོ་ཚ་བར་བྱེད་ལ། ཁྲེལ་བར་བྱ་བས་ཁྲེལ་ཡོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་ནི་དགེ་བའི་རྩ་བ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་

བརྩམས་པ་ལ་གནས་པ་ནི་མཐུ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པ་ཡིན་ནོ། །དེ་བཞིན་དུ་དགེ་བའི་ཆོས་གང་དག་ཇི་སྙེད་འབྱུང་བ་དེ་དག་ཐམས་ཅད་ནི་བག་ཡོད་པའི་རྩ་བ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་བརྣབ་སེམས་དང་ཡིད་མི་བདེ་བ་བསལ་
བའི་ཕྱིར་སེམས་བཏང་སྙོམས་སུ་བྱེད་དོ། །བཏང་སྙོམས་ལ་གནས་པ་ནི་དྲན་པ་དང་ཤེས་བཞིན་ཅན་ཡིན་ནོ། །དེ་བཞིན་དུ་མཁས་པ་ཉེ་བར་ཤེས་པ་ནི་རྣམ་པར་མི་འཚེ་བ་ཡིན་ནོ། །དེ་བཞིན་དུ་ཆགས་པས་ཆོས་རྣམས་མི་ཤེས་སོ་ཞེས་ཚིགས་སུ་བཅད་པ་དང་། དེ་བཞིན་དུ་ཞེ་སྡང་ཅན་ནི་ཞེ་སྡང་གིས་ཟིལ་གྱིས་
གནོན་པ་ཡིན་ནོ། །རྨོངས་པ་ནི་གཏི་མུག་གིས་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་བཞིན་དུ་གསུམ་པོ་འདི་དག་ནི་ང་རྒྱལ་གྱི་རྣམ་པ་ཡིན་ཏེ། བདག་ཆེའོ་སྙམ་པ་ལ་སོགས་པའོ། །དེ་བཞིན་དེས་ཀུན་ཏུ་སྤྱོད་པ་གསུམ་སྤངས་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་
པ་དང་། ཐེ་ཚོམ་མོ། །དེ་བཞིན་དུ་ཀཱ་ཏྱཱའི་བུ་འཇིག་རྟེན་འདི་ནི་གནས་ཏེ། འདི་ལྟ་སྟེ་ཡོད་པ་ཉིད་དང་། མེད་པ་ཉིད་ལ་གནས་པའོ་ཞེས་བྱ་བ་འདི་མཐར་འཛིན་པར་ལྟ་བ་ཡིན་པར་བསྟན་པ་དང་། ཡང་དེ་ནི་ཆད་པར་སྨྲ་བ་ཡིན་ནོ་ཞེས་གསུངས་པ་དང་། ཚངས་པའི་དྲ་བ་ལས་ཀྱང་རྟག་པར་སྨྲ་བ་ཡིན་ནོ། །དེ་
བཞིན་དུ་ཕྱིན་ཅི་ལོག་ཏུ་མཐོང་བ་ནི་ལོག་པར་ལྟ་བ་ཡིན་ནོ། །དེ་བཞིན་དུ་འཆལ་པར་འཛིན་པ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། སྒྱུ་དང་། གཡོའི་བར་དུ་འགྱུར་རོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་
པ་ནི་ཅི་ནད་མེད་པའི་རྒྱགས་པས་མྱོས་པ་དང་། ལང་ཚོའི་རྒྱགས་པས་མྱོས་པ་དང་། གསོན་པའི་རྒྱགས་པས་མྱོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་གཞན་དག་ལ་ཐོ་འཚམས་པའི་རང་བཞིན་ཅན་དེ་ནི་རྣམ་པར་འཚེ་བ་ཡིན་ནོ། །དེ་བཞིན་དུ་ངོ་ཚ་བར་བྱ་བས་ངོ་ཚ་མེད་པ་དང་། སྡིག་པ་མི་དགེ་
བའི་ཆོས་རྣམས་སྐྱེས་པས་ངོ་ཚ་བར་མི་བྱེད་དོ། །ཁྲེལ་བར་བྱ་བས་ཁྲེལ་མེད་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སྐྱེས་པས་ཁྲེལ་བར་མི་བྱེད་དོ། །དེ་བཞིན་དུ་དེའི་ལུས་ཀྱི་རྨུགས་པ་ཡང་འབྱང་བར་འགྱུར་རོ། །ཡང་རྨུགས་པ་དང་གཉིད་ཆེ་བ་ནི་ལུས་ལྕི་བར་འགྱུར་རོ། །དེ་བཞིན་པ་ནི་རྒོད་པ་ཡིན་ནོ། །

དེ་བཞིན་དུ་འདི་ལ་ཁ་ཅིག་ཇི་སྲིད་དུ་མ་དད་པས་སེམས་ལ་ཁྱད་པར་བྱས་ཏེ་མི་གནས་པ་དེ་སྲིད་དུ་དེས་དགེ་བའི་ཆོས་རྣམས་སྤོང་བར་མི་འགྱུར་རོ། །དེ་བཞིན་དུ་བརྩོན་འགྲུས་ཞན་པ་ནི་ལེ་ལོ་ཅན་ཡིན་ནོ། །དེ་བཞིན་དུ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་འཆི་བའི་
གནས་ཡིན་ནོ། །ཞེས་ཚིགས་སུ་བཅད་པ་དང་། དེ་བཞིན་དུ་ཤེས་བཞིན་མ་ཡིན་པར་གནས་པ་ནི་བརྗེད་ངས་པར་འགྱུར་རོ། །དེ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ལ་རྗེས་སུ་མཐུན་པར་ཞུགས་པ་ནི་སེམས་རྣམ་པར་གཡེང་བ་ཡིན་ནོ་ཞེས་བྱ་བས་རྣམ་པར་གཡེང་བ་བསྟན་པ་དང་། འགྱོད་པས་འཆི་བའི་དུས་བྱེད་པ་དེ་
ནི་ལུས་ཞིག་ནས་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་མང་དུ་ཟ་བ་དེ་ནི་གཉིད་དང་ལྡན་པར་འགྱུར་ཞེས་ཚིགས་སུ་བཅད་པ་དང་། རྟོག་པ་དང་དཔྱོད་པ་དང་ལྡན་པ་ནི་ཚིག་སྨྲ་པར་བྱེད་ཀྱི་རྟོག་པ་དང་དཔྱོད་པ་མེད་པ་ནི་མ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཡིད་ལ་བྱེད་པ་ལ་སོགས་པའི་མཚན་ཉིད་ནི་
ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་དང་འདྲ་བས་མ་སྨྲས་སོ། །ཉོན་མོངས་པའི་རྩ་བ་རྣམས་ཀྱི་ཡང་འོག་ནས་རྟོག་པ་དང་བཅས་པ་ལ་སོགས་པའི་ས་དག་ལ་ཉོན་མོངས་པ་རབ་ཏུ་འབྱེད་པའི་སྐབས་ནས་འབྱུང་ངོ་། །ལྷག་མ་རྣམས་ཀྱི་མཚན་ཉིད་ཀྱི་ཁྱད་པར་བརྗོད་པར་བྱ་སྟེ། དེ་ལ་ཁྲོ་བ་ནི་གཟུ་
ལུམས་སུ་སྨྲ་བ་སྟེ། ཁོང་ཁྲོ་བས་ཀུན་ནས་དཀྲིས་པའོ། །འཁོན་དུ་འཛིན་པ་ནི་དེ་ཉིད་ལས་ནང་གི་བསམ་པས་དགྲའི་དངོས་པོར་འཛིན་པའོ། །འཆབ་པ་ནི་སྡིག་པ་མཁྱུད་པའོ། །འཚིག་པ་ནི་ཉོན་མོངས་པ་ཅན་ཏེ་ཡོངས་སུ་གདུང་བའོ། །ཕྲག་དོག་ནི་ཕ་རོལ་འབྱོར་པ་ལ་མངོན་པར་དགའ་བའི་མི་མཐུན་པའི་
ཕྱོགས་ཏེ་མི་བཟོད་པའོ། །སེར་སྣ་ནི་ཡོ་བྱད་རྣམས་ལ་ཀུན་ཏུ་འཛིན་པའོ། །སྒྱུ་ནི་སླུ་བའི་བསམ་པས་གཞན་དུ་གནས་ལ་གཞན་དུ་སྟོན་པའོ། །གཡོ་ནི་སེམས་དྲང་པོ་མ་ཡིན་པས་མི་གསལ་ཞིང་གསལ་བ་མ་ཡིན་པར་སྒྲུབ་པའོ། །རྒྱགས་པ་ནི་ཕུན་སུམ་ཚོགས་པ་གང་ཡང་རུང་བས་ཁེངས་པས་ཉོན་མོངས་
པ་ཅན་གྱི་སེམས་གང་ཡིན་པའོ། །རྣམ་པར་འཚེ་བ་ནི་སེམས་ཅན་བྲེད་ངས་པ་ལ་ཐོ་འཚམས་པར་རྩོམ་པ་སྟེ་སྙིང་རྗེ་མེད་པའོ། །ངོ་ཚ་མེད་པ་ནི་བདག་ལ་མི་ལྟོས་པའི་ཕྱིར་ཁ་ན་མ་ཐོ་བས་མི་འཛེམ་པའོ། །ཁྲེལ་མེད་པ་ནི་གཞན་ལ་མི་ལྟོས་པས་སོ། །རྨུགས་པ་ནི་ལུས་དང་སེམས་བློང་བའོ། །རྒོད་པ་ནི་ཉེ་དུའི་རྣམ་

པར་རྟོག་པ་ལ་སོགས་པ་ལ་བརྟེན་ནས་ཉེ་བར་མ་ཞི་ཞིང་འཕྱང་བའོ། །མ་དད་པ་ནི་དད་པ་དང་མི་མཐུན་པ་སྟེ། དགེ་བ་ལ་སེམས་མངོན་པར་ཡིད་མི་ཆེས་པའོ། །ལེ་ལོ་ནི་འདོད་པའི་བསོད་ཉམས་ལ་ཕན་ཡོན་དུ་ལྟ་ཞིང་དགེ་བ་ལ་སེམས་མངོན་བར་མི་སྤྲོ་བའོ། །བག་མེད་པ་ནི་ཀུན་ནས་ཉོན་མོངས་པ་ལས་སེམས་
མི་སྲུང་བ་དང་། རྣམ་པར་བྱང་བ་མི་བསྒོམ་པའོ། །བརྗེད་ངས་པ་ནི་ཉོན་མོངས་པ་དང་ལྡན་པའི་དྲན་པའོ། །རྣམ་པར་གཡེང་བ་ནི་ལུས་དང་ངག་གི་སྤྱོད་པ་མི་རྟོག་པའི་རྒྱུ་སྟེ། སེམས་རྣམ་པར་འཕྲོ་བའོ། །ཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་ལྡན་པའི་ཤེས་རབ་བོ། །འགྱོད་པ་ནི་འདོད་པ་དང་མི་འདོད་པ་མ་
བྱས་པ་ལ་སེམས་ཀྱིས་དམིགས་ནས་ཡིད་ལ་གཅགས་པའོ། །གཉིད་ནི་རྣམ་པར་ཤེས་པའི་ཚོགས་ལྔ་མངོན་པར་སྡུད་པར་བྱེད་པའོ། །རྟོག་པ་ནི་ཤེས་པ་དང་སེམས་པའི་རང་བཞིན་ཏེ་མངོན་པར་རྟོགས་པའི་དུས་ན་གོ་རིམས་བཞིན་དུ་ཤེས་རབ་དང་སེམས་ལ་བརྟེན་ནས་གོ་བར་བྱ་བ་དང་། བྱེ་བྲག་ཏུ་གོ་བར་བྱ་བའི་
རྣམ་པས་རགས་པ་ཡོངས་སུ་ཚོལ་བའི་ཡིད་ལ་བརྗོད་པའོ། །དཔྱོད་པ་ནི་དེ་བཞིན་དུ་སོ་སོར་རྟོག་པའི་རྣམ་པ་སྟེ། ཞིབ་མོར་རྗེས་སུ་དཔྱོད་པའི་ཡིད་ལ་བརྗོད་པའོ། །དེ་ལྟ་བུ་དང་མཐུན་པ་ཞེས་བྱ་བ་ནི་རུ་གདུག་དང་འཕྱ་སྨོད་ལ་སོགས་པ་དག་སྟེ། དེ་དག་མཚན་ཉིད་ཀྱང་གཞན་ལ་གནོད་པའི་ངང་ཚུལ་ནི་རུ་གདུག་
གོ། །འཕྱ་བའི་ངང་ཚུལ་ལ་སོགས་པ་ནི་འཕྱ་སྨོད་ཅེས་བྱ་སྟེ། གཞི་བསྡུ་བའི་སྐབས་ནས་གཟུང་བར་བྱའོ། །སེམས་ལས་བྱུང་བ་དེ་དག་ཀྱང་ཀུན་ཏུ་འགྲོ་བ་དང་། སོ་སོར་ངེས་པར་ཀུན་ཏུ་འགྲོ་བ་དང་། དགེ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སུ་རྣམ་པར་གཞག་གོ། །དེ་ལ་ཀུན་ཏུ་
འགྲོ་བ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སའི་སྐབས་སུ་རྣམ་པར་གཞག་པ་བྱས་ཟིན་ཏོ། །སོ་སོར་ངེས་པར་ཀུན་ཏུ་འགྲོ་བ་རྣམས་ནི་འདོད་པ་དང་། ངེས་པ་དང་། འདྲིས་པ་དང་། བརྟག་པ་དང་། དམིགས་པ་ལ་སོ་སོར་ངེས་པར་འཇུག་པ་ཉིད་ཡིན་ཏེ། གོ་རིམས་བཞིན་དུ་རྣམ་པར་གཞག་པར་
བྱའོ། །དགེ་བ་རྣམས་ཀྱི་རྣམ་པར་གཞག་པ་ནི་དུས་དྲུག་པོ་ངེས་པའི་དུས་དང་། སྡིག་པ་ལས་ལྡོག་པའི་དུས་དང་། དགེ་བའི་ཕྱོགས་བྱ་བའི་དུས་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་དང་། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་དུས་དང་། སེམས་ཅན་ལ་ཕན་འདོགས་པའི་

དུས་སུ་འཇུག་པ་ལས་བརྩམས་ནས། གཅིག་དང་། གཉིས་དང་། བཞི་དང་། གཅིག་དང་། གཉིས་དང་། གཅིག་དང་གོ་རིམས་བཞིན་ནོ། །ཉོན་མོངས་པ་རྣམས་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཞི་ཡིན་པས་གཙོ་བོ་ཡིན་པའི་ཕྱིར་ཉེ་བའི་ཉོན་མོངས་པ་རྣམ་པས་སྔར་སྨོས་ཤིང་
ལོགས་ཤིག་ཏུ་བསྟན་ཏེ། དེ་དག་ཀྱང་བཟའ་བར་བྱ་བ་གང་ཡིན་པ་དང་། ཟབ་མོ་གང་ཡིན་པ་དང་། དེ་ལ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་དག་ལ་ལོག་པར་སྒྲུབ་པའི་ཕྱིར་རྣམ་པར་གཞག་གོ། །དེ་ལ་བཟའ་བར་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་
བ་རྣམས་ཏེ། དེ་དག་ལ་ལོག་པར་སྒྲུབ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཏེ་གོ་རིམས་བཞིན་ནོ། །ཟ་བ་པོ་ནི་སེམས་ཅན་ཏེ། དེ་ལ་བདག་ཏུ་རབ་ཏུ་འཛིན་ཅིང་ལོག་པར་སྒྲུབ་པ་ནི་ང་རྒྱལ་ཡིན་ནོ། །དེ་ལ་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པར་ངེས་པ་སྟེ། དེ་ལ་ལོག་པར་སྒྲུབ་པ་ནི་ལོག་པར་
ངེས་པ་དང་མ་ངེས་པའོ། །དེ་གཉིས་ཀྱང་ལྟ་བ་རྣམས་དང་ཐེ་ཚོམ་སྟེ་གོ་རིམས་བཞིན་ནོ། །ཉེ་བའི་ཉོན་མོངས་པ་རྣམས་ནི་གཞི་རྣམ་པ་དྲུག་གི་ཕྱིར་རྣམ་པར་གཞག་སྟེ། ཐབ་མོ་དང་རྩོད་པ་ལ་སོགས་པའི་གཞི་དང་། རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་ཀྱི་གཞི་དང་། ཚུལ་ཁྲིམས་ལ་གནོད་
པའི་གཞི་དང་། ཞི་གནས་དང་མི་མཐུན་པའི་ཕྱོགས་ཀྱི་གཞི་དང་། དབང་པོ་ལྔ་ནི་མི་མཐུན་པའི་ཕྱོགས་འབྲས་བུ་དང་བཅས་པའི་གཞི་དང་། བསླབ་པ་གསུམ་གྱི་དྲི་མའི་གཞི་རྣམས་ཏེ། དེ་དག་ཀྱང་བཞི་དང་། དྲུག་དང་། གཉིས་དང་། གཉིས་དང་། དྲུག་དང་། བཞི་དང་། གོ་རིམས་བཞིན་ནོ། །
དེ་ལ་དད་པ་ལ་སོགས་པ་དབང་པོ་ལྔ་པོ་དག་ནི་མི་མཐུན་པའི་ཕྱོགས་ནི་མ་དད་པ་ལ་སོགས་པའོ། །དེ་དག་གི་འབྲས་བུ་ནི་བག་མེད་པ་སྟེ། དེ་དག་གིས་དགེ་བའི་ཆོས་རྣམས་སྒོམ་པར་མི་བྱེད་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་དྲི་མ་ནི་འགྱོད་པ་ཡིན་ཏེ། ཤིན་ཏུ་འགྱོད་པ་དང་ལྡན་པ་ནི་ཚུལ་ཁྲིམས་རྣམ་
པར་མ་དག་པར་ཤེས་པ་ན་རྒྱུན་དུ་འགྱོད་པའི་དྲི་མས་གོང་དུ་མི་རྩོལ་བའི་ཕྱིར་ཏེ། དེའི་ཕྱིར་དེ་ནི་འདིར་ཉེ་བའི་ཉོན་མོངས་པ་ཡིན་པར་འདོད་དོ། །གང་ཉེས་པ་བྱུང་ན་སྐད་ཅིག་ཉིད་དུ་འགྱོད་པར་བྱེད་པ་དེ་ནི་དགེ་བ་ཡིན་པའི་ཕྱིར་ཉེ་བའི་ཉོན་མོངས་པ་མ་ཡིན་ནོ། །དེ་བཞིན་དུ་གཉིད་ཀྱང་ཏིང་ངེ་འཛིན་གྱི་དྲི་

མ་ཡིན་པས་བརྗོད་པར་བྱའོ། །ཤེས་རབ་ཀྱི་དྲི་མ་ནི་རྟོག་པ་དང་དཔྱོད་པ་གཉིས་ཏེ། འདི་ལྟར་ཤིན་ཏུ་ཡུན་རིང་པོར་ངེས་པར་རྟོག་པ་དྲན་པ་རྨོངས་པ་དང་བློ་འཁྲུགས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། དེ་གཉིས་ཉེ་བའི་ཉོན་མོངས་པ་ཉིད་ཡིན་པར་བརྗོད་
པར་བྱའོ། །དེ་ལྟ་མ་ཡིན་ན་དགེ་བ་ལ་སོགས་པར་དགེ་བའི་ཆོས་མ་ཕྱེ་བས་ཉེ་བའི་ཉོན་མོངས་པ་ཉིད་ཡིན་པར་རྟོགས་དཀའ་བར་འགྱུར་རོ། །ཡང་རྣམ་གྲངས་གཞན་དུ་ན་དེ་དག་ནི་མཚུངས་པར་ལྡན་པ་རྣམ་པ་བཞིའི་ཕྱིར་རྣམ་པར་གཞག་སྟེ། རེ་རེ་ཡང་མི་དགེ་བ་དང་ཉོན་མོངས་པ་ཅན་གྱི་སེམས་དང་
མཚུངས་པར་ལྡན་པའི་ཕྱིར་ཁྲོ་བ་ལ་སོགས་པ་བཅུ་སྟེ། གང་དུ་གཅིག་འབྱུང་བ་དེར་གཉིས་པ་མི་འབྱུང་བའི་ཕྱིར་རོ། །མི་དགེ་བའི་སེམས་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་སོ། །ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་སེམས་ཅན་ཐམས་ཅད་དང་མཚུངས་པར་
ལྡན་པའི་ཕྱིར་རྨུགས་པ་ལ་སོགས་པ་བརྒྱད་དོ། །ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་མཚུངས་པར་ལྡན་པའི་ཕྱིར་འགྱོད་པ་ལ་སོགས་པའོ། །འཇུག་པ་རྗེས་སུ་འཇུག་པར་བྱེད་དོ་ཞེས་བྱ་བ་ནི་རྒྱུས་ཀུན་ནས་བསླང་བ་དང་དེའི་སྐད་ཅིག་མས་ཀུན་ནས་བསླང་བ་དག་གིས་སོ། །དེའི་
རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཀུན་ནས་སློང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དགེ་བ་དང་མི་དགེ་བ་དག་གོ། །དེའི་ཀུན་ནས་སློང་བ་ནི་དགེ་བ་དང་མི་དགེ་བ་ཉིད་དུ་འབྱུང་ངོ་། །ཁྱད་པར་གྱུར་པའི་ལས་ཞེས་བྱ་བ་ནི་ལས་སྔ་
མ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ར་རོ་བར་བྱེད་པ་ཞེས་བྱ་བ་ནི་ཆང་འཐུངས་ཏེ་འཁྲུགས་པར་བྱས་པས་འབྱུང་བ་འཁྲུགས་པར་གྱུར་པའི་ཕྱིར་ལུས་འགྱུར་བ་དང་སེམས་འགྱུར་བར་གྱུར་པའོ། །རྣམ་པར་རྟོག་པ་བདུན་པོ་དག་རྣམ་པ་དང་། ངོ་བོ་ཉིད་དང་།
མཚུངས་པར་ལྡན་པས་རྣམ་པར་གཞག་སྟེ། གཉིས་དང་། གསུམ་དང་། གཉིས་དང་གོ་རིམས་བཞིན་ནོ། །འདས་པ་ལ་དམིགས་པའི་རྣམ་པར་རྟོག་པ་ནི་འདས་པ་གསལ་བར་མྱོང་བའི་མཚན་མ་ཡུལ་དུ་བྱས་པས་ན་དེའི་ཕྱིར་མཚན་མ་ཅན་ཞེས་བྱའོ། །མ་འོངས་པའི་ཡུལ་མཚན་མ་བཀྲ་བར་ཡོད་

ཀྱང་དམིགས་པ་མ་མྱོང་བའི་ཕྱིར་མཚན་མ་ཅན་ཡིན་པ་ཁོ་ན་ཞེས་བྱ་སྟེ། དེ་ནི་གསལ་བ་མ་ཡིན་པའི་ཕྱིར་རོ། །རང་གི་ངང་གིས་འཇིག་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་གནས་པ་ལས་བྱུང་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་དེ་ནི་རྣམ་པ་གསུམ་མོ། །མཚུངས་པར་ལྡན་པ་
ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །གཞན་དག་ནི་གཞན་དུ་རྣམ་པར་འཆད་དེ། སྔོན་ཉམས་སུ་མྱོང་བའི་དོན་རྣམས་ལ་ཞེས་བྱ་བ་ནི་སྔོན་ཉམས་སུ་མྱོང་བ་དེ་དང་འདྲ་བ་ད་ལྟར་བྱུང་བ་ཁོ་ན་དག་ལ་སྔོན་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བས་སྒྲོ་བཏགས་ཏེ་
མཚན་མར་བཟུང་ནས་འཇུག་པའི་ཕྱིར་མཚན་མ་ཅན་ཡིན་ཏེ། འདིར་ནི་གང་ཡོད་པ་ཉིད་དང་མངོན་པར་ཕྲད་པ་ནི་མཚན་མ་ཁྱད་པར་ཅན་ཡིན་པར་འདོད་དོ། །དེའི་ཕྱིར་མ་འོངས་པ་ལ་རྣམ་པར་རྟོག་པ་ནི་མཚན་མ་ཅན་མ་ཡིན་ཏེ། མཚན་མར་བྱ་བ་ཡོད་ཀྱང་ཡོད་པ་ཉིད་དང་མངོན་པར་ཕྲད་པ་མ་ཡིན་
པའི་ཕྱིར་རོ། །འདས་པ་ལ་དམིགས་པའི་རྣམ་པར་རྟོག་པ་ནི་ལྟོས་པས་གཉིས་ཀར་ཡང་བརྗོད་པར་མི་བྱ་སྟེ། མཚན་མར་བྱ་བ་མི་གསལ་བའི་ཕྱིར་དང་། ཡོད་པ་ཉིད་དང་མངོན་པར་ཕྲད་པ་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་འདིར་མ་བརྗོད་དོ་ཞེས་ཟེར་རོ། །དེ་ལྟར་ན་དེ་ནི་དམིགས་པ་ལ་རྣམ་པར་རྟོག་པ་མ་
ཡིན་པས་ཐམས་ཅད་འདུས་པར་མི་རུང་བར་འགྱུར་རོ། །ཡུལ་གྱི་སྟོབས་ཁོ་ནས་ཞེས་བྱ་བས་ནི་འདུན་པ་ལ་སོགས་པ་མེད་ཀྱང་ཡུལ་ཉེ་བར་གྱུར་ཅིང་ཉེ་བར་གནས་པ་ཙམ་ལས་སོ། །ངེས་པ་ཕན་ཆད་ནས་ཡང་དང་ཡང་དུ་རྣམ་པར་རྟོག་པ་ཐམས་ཅད་ནི་སོ་སོར་རྟོག་པ་ཁོ་ན་ཡིན་ནོ། །ལུང་དུ་མ་བསྟན་པ་
གང་ཡིན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་བསྟན་ཟིན་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལ་བྱའོ། །མེད་པ་ལ་སྒྲོ་འདོགས་པར་མི་བྱེད་ཅེས་བྱ་བ་ལ། ལུང་དུ་མ་བསྟན་པ་ཡང་རིགས་པ་ཡང་མ་ཡིན། རིགས་པ་མ་ཡིན་པ་ཡང་མ་ཡིན། རིགས་པ་མ་ཡིན་པར་བསྡུས་པ་ཡིན་པ་ལ་སྒྲོ་འདོགས་པ་མི་
བྱེད་པའི་ཕྱིར་དེ་ལ་ཡང་ཐལ་བར་མི་འགྱུར་རམ་ཞེ་ན། དགག་པ་ཙམ་བརྗོད་པར་འདོད་པའི་ཕྱིར་མཐའ་དེ་གཉིས་ཀའི་གཉེན་པོར་དབུ་མར་བསྒྲུབས་པ་གཟུང་བས་ན་ཐལ་བར་མི་འགྱུར་རོ། །ཡང་ན་ལུང་དུ་མ་བསྟན་པ་ཡང་བདག་གིས་སྤྱོད་ལམ་དང་བཟོ་བྱའོ་ཞེས་བྱ་བ་ལ་སོགས་པས་སྒྲོ་འདོགས་པར་བྱེད་པ་ཁོ་ན་

ཡིན་ཏེ། བདག་རྟག་གོ་ཞེས་བྱ་བ་ལ་སོགས་པར་སྒྲོ་འདོགས་པ་ལ་མངོན་པར་ཞེན་པར་མི་བྱེད་དོ། །རིགས་པས་བསྐྱེད་པ་རྣམ་པར་བཤད་པའི་རྣམ་གྲངས་དག་གིས་ནི་གོ་རིམས་བཞིན་དུ་རང་གི་རྟོག་པ་ལས་བྱུང་བ་དང་། ལུང་ལས་བྱུང་བ་དང་། རྟོགས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་བསྟན་ཏོ། །ཆོས་གནས་
པའི་ཞེས་བྱ་བ་ནི་ཆོས་རྣམས་རང་རང་གི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པས་རྣམ་པར་གནས་པ་ལ་བྱའོ། །རྟོག་པ་དང་ཞེས་བྱ་བ་ནི་སྦྱོར་བའི་གནས་སྐབས་ལ་མཚན་མར་འཛིན་པས་སོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་དེ་ལས་ངེས་པར་འཐོབ་པར་འགྱུར་བའོ། །ར་རོ་བར་བྱེད་ཅེས་བྱ་བ་ལ། འདིར་ཚིག་
གཉིས་ཀྱིས་ནི་ལས་ཀྱི་ཉེས་པ་བསྟན་ཏོ། །སྐྲག་ཅིང་འཇིགས་པ་ཞེས་བྱ་བ་ལ། མཆོག་ཏུ་སྐྲག་པ་ནི་སྐྲག་པ་ཞེས་བྱའོ། །ཁྱད་པར་སྨྲ་བར་མི་འདོད་པ་ནི་འཇིགས་པ་ཞེས་བྱའོ། །འབྱུང་པོས་བརླབས་པ་ཞེས་བྱ་བ་ནི་མི་མ་ཡིན་པས་བྱིན་གྱིས་བརླབས་པ་སྟེ། སྐྲག་པ་མེད་ཀྱང་དེ་སེམས་རྣམ་པར་
གཡེང་བའི་རྒྱུ་ཡིན་པའི་ཕྱིར་རོ། །མུན་པའི་མཚན་མ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་སྣང་བ་ཡོད་དམ་མེད་ཀྱང་རུང་སྟེ། མུན་པའི་མཚན་མ་ལ་ཡིད་འཇུག་པར་བྱེད་པའོ། །དེའི་ཀུན་ནས་དཀྲིས་པ་མི་བཟོད་པ་ཞེས་བྱ་བ་ལ། འདིར་དེའི་ཞེས་བྱ་བ་ནི་གཉིད་ལ་བྱའོ། །གཉིད་ཀྱིས་ཀུན་ནས་དཀྲིས་
པ་ཡང་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །ཆུང་ངུས་ནི་དམིགས་པ་རྣམས་ལ་མི་གསལ་བར་འཇུག་གོ། །འབྲིང་གིས་ནི་སེམས་དང་བཅས་བཞིན་དུ་གཉིད་ལོག་གོ། །ཆེན་པོས་ནི་རང་གི་སེམས་རྒྱུན་ཆད་པའམ་ཤུགས་ཀྱིས་སད་པར་བྱེད་དེ། དེའི་ཕྱིར་དེའི་ཀུན་ནས་དཀྲིས་པ་མི་
བཟོད་པ་ཞེས་བྱའོ། །རླུང་དང་མཁྲིས་པས་དཀྲུགས་པ་ཞེས་བྱ་བ་ལ། མཁྲིས་པ་ནི་རྒྱུའི་གཙོ་བོའི་དངོས་པོ་ཡིན་ནོ། །རླུང་ནི་གྲོགས་པོ་ཙམ་ཉིད་དུ་ཟད་དོ། །བརྒྱལ་བའི་ཀུན་ནས་དཀྲིས་པ་ཞེས་བྱ་བ་ལ། ཀུན་ནས་དཀྲིས་པ་ཞེས་བྱ་བའི་སྒྲས་ནི་བརྒྱལ་བས་ཟིན་གྱིས་ནོན་པ་ཡང་ཀུན་ནས་
དཀྲིས་པ་གཞན་དང་འདྲ་བར་སྟོན་ཏོ། །བརྒྱལ་བའི་དུས་ཀྱི་འོག་ཏུ་རང་གི་ལུས་སོ་སོར་རིག་པའི་ངོ་བོའི་ཡིད་ཀྱི་རྣམ་པར་ཤེས་པ་གདོན་མི་ཟ་བར་འབྱུང་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་བརྒྱལ་བ་ལས་ལྡང་བར་བྱེད་པའི་ལས་ཁོ་ན་ཡིན་ནོ། །ལུས་དང་ངག་གི་ལས་ཀྱི་གནས་ལྟ་བུའི་ཤེས་པ་ཞེས་བྱ་

བ་ནི་སྤྱོད་ལམ་འདི་ལྟ་བུ་ཞིག་བྱའོ། །ཚིག་འདི་ལྟ་བུ་ཞིག་བརྗོད་དོ་ཞེས་ལུས་དང་ངག་གི་ལས་ཀྱི་རྒྱུར་གྱུར་པའི་འདུན་པ་སྐྱེད་པར་བྱེད་པའོ། །གནས་ལྟ་བུ་ཞེས་བྱ་བའི་སྒྲ་རྒྱུ་ཡིན་པར་བརྗོད་པ་ནི་འདི་སྐད་དུ་ཉེ་བར་གནས་པའི་ཆོས་རྣམས་ནི་འདོད་པ་ལ་འདོད་ཆགས་ཀྱི་གནས་ལྟ་
བུ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་རྣམ་པ་དང་རྟགས་དང་མཚན་མ་ཡིད་ལ་མི་བྱེད་པ་ཞེས་བྱ་བ་ནི་རྣམ་པ་དང་རྟགས་དང་མཚན་མ་གང་ཡིན་པ་དག་ཡིད་ལ་མ་བྱས་པས་ཡོངས་སུ་ཉམས་པར་འགྱུར་བ་སྟེ། རྣམ་པར་དག་པ་ནི་ཇི་ལྟར་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་འདོད་པའི་ཁམས་
སུན་འབྱིན་པའི་རིགས་པ་ལ་སོགས་པ་དང་། བསམ་གཏན་དང་པོ་ལ་མངོན་པར་དགའ་བའི་གཞི་ལ་སོགས་པའོ། །རྟགས་རྣམས་ནི་གང་དག་གིས་བདག་རིང་པོ་མི་ཐོགས་པར་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའམ། སྙོམས་པར་ཞུགས་སོ་ཞེས་བྱ་བའམ། ལྡང་ངོ་ཞེས་བྱ་བར་
ཤེས་པར་འགྱུར་བ་སྟེ། གྲོང་དུ་འཇུག་པའི་རྟགས་ཡིན་ནོ། །མཚན་མ་ནི་རྣམ་པ་གཉིས་ཏེ། དམིགས་པ་དང་གཞིའོ། །ཡང་ན་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ལ་བྱའོ། །ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ཞེས་བྱ་བ་ལ། ཡོངས་སུ་ཉམས་པར་འགྱུར་བའི་ཆོས་རྣམས་ནི་
འདོད་པ་ལ་རྣམ་པར་རྟོག་པ་ལ་སོགས་པ་སྟེ། ཇི་སྐད་དུ་སྐྱེད་མཆེད་དྲུག་གི་མདོ་ལས་ཀྱང་དགེ་སློང་དག་ངས་ཁྱེད་ཅག་ལ་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་རྣམས་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང་། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་འདོད་པ་ལ་ཀུན་ཏུ་
རྟོག་པ་རྣམས་དང་། སྦྱོར་བར་འགྱུར་བ་རྣམས་དང་། ཆགས་པར་གྱུར་པ་རྣམས་འབྱུང་བར་འགྱུར་ཏེ། དགེ་སློང་དག་གལ་ཏེ་དེ་དག་ལ་མངོན་པར་དགའ་བར་བྱེད་ན་དགེ་བ་དག་ལ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཉོན་མོངས་པས་
བསྒྲིབས་པ་ཞེས་བྱ་བ་ནི་སྲེད་པ་ལ་སོགས་པ་ཤས་ཆེ་བའི་བསམ་གཏན་པའོ། །སྡིག་པའི་བསམ་པ་ཤས་ཆེན་པོ་ལྷག་པར་སྤྱོད་པའི་ཆོས་དང་ལྡན་པ་ཞེས་བྱ་བ་ནི་སྡིག་པའི་བསམ་པ་དང་སྡིག་པ་ལ་ལྷག་པར་སྤྱོད་པའི་ཆོས་དེ་གཉིས་ཀ་དང་ལྡན་པ་སྟེ། དེས་ནི་བསམ་པ་དང་སྦྱོར་བ་རྒུད་པར་སྟོན་

ཏོ། །ལྷུན་སྟུག་པར་བྱེད་པས་མཐར་ཐུག་པར་འགྲོ་བ་ཞེས་བྱ་བ་ལ། ལྷུན་སྟུག་པར་བྱེད་པ་ཞེས་བྱ་བ་ནི་རྒྱུན་དུ་བསྟན་པ་སྟེ། དེས་ཆད་པའི་མཐར་ཐུག་པར་འགྲོ་བར་འགྱུར་བའི་ཕྱིར་རོ། །འགྱོད་པར་མི་བྱེད་པས་ཞེས་བྱ་བ་ནི་སྙིང་རྗེ་མེད་པར་གྱུར་པས་ཕྱིར་བླང་བའི་རྒྱུར་གྱུར་པ་ཡིད་ལ་གཅིགས་པའི་
གནས་མེད་པར་སྟོན་ཏོ། །ཐེ་ཚོམ་སྐྱེ་ཞིང་ངེས་པར་རྟོགས་པས་ཞེས་བྱ་བ་ནི་ལོག་པར་ལྟ་བ་ངེས་པར་བཅོམ་ནས་ཐེ་ཚོམ་སྐྱེ་བའམ། ཡང་དག་པའི་ལྟ་བ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚེའི་ཚད་ཡོད་པས་ཞེས་བྱ་བ་ནི་གཉིས་ཀ་ཡང་འཆི་བའི་རྒྱུ་ཡིན་པར་བསམས་ནས་
ཚད་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དག་སེམས་ཅན་ཐམས་ཅད་ནི་ཚེ་དཔག་ཏུ་མེད་པ་ཁོ་ནས་འཕགས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་མདོ་སྡེ་ལས་ཚེ་ཟད་པས་འཆི་བར་འགྱུར་གྱི་བསོད་ནམས་ཟད་པས་ནི་མ་ཡིན་པ་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་འགལ་ལོ། །མ་ཞུ་
བ་རྩ་བ་འབྱིན་པར་བྱེད་པ་ཞེས་བྱ་བ་ལ། འབྱིན་པ་ཞེས་བྱ་བ་ནི་གསད་པའི་དོན་དེ་དགྲ་བསད་པ་དང་འདྲའོ། །མི་ཚངས་པར་སྤྱོད་པའོ་ཞེས་བྱ་བ་ནི་ཤིན་ཏུ་བསྟེན་པས་ཁམས་ཟད་པར་འགྱུར་བའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་སེམས་སུ་གནས་ཏེ་ཞེས་བྱ་བ་ལ། ཉན་ཐོས་ཀྱིས་རྣམ་པར་གཏན་ལ་
དབབ་པ་ལས་སྐྱེ་བ་ན་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ས་གོང་མའི་ཉོན་མོངས་པ་ཅན་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ་ཞེ་ན། ཇི་ལྟར་དགེ་བཞིན་དུ་འཆི་བ་བསྟན་པ་དེ་ལྟར་སྐྱེ་བའི་ཡང་ཡིན་པས་ཉེས་པ་མེད་དོ། །གཟུགས་མཐོང་བ་འཁྲུལ་པར་འགྱུར་རོ་ཞེས་བྱ་བ་
ནི་མཛའ་བཤེས་དང་ཉེ་དུ་ལ་སོགས་པ་ངོ་མི་ཤེས་པས་ལོག་པར་མཐོང་བའི་ཕྱིར་རོ། །དེ་མ་བྱས་ཀྱང་རུང་སྟེ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་མཆོག་མ་བྱས་པའམ་མང་དུ་མ་བྱས་པའོ། །གང་ལན་མང་དུ་གོམས་པར་བྱས་པ་ཞེས་བྱ་བ་ནི་དཔེར་ན་བྱ་རོག་དག་ལས་ཞོ་བསྲུང་ངོ་ཞེས་བྱ་བ་བཞིན་དུ་ཉེ་
བར་མཚོན་པའི་དོན་ཏོ། །ཤིན་ཏུ་ལྕི་བ་དང་ཉེ་བ་ནི་དེའི་ཚེ་ན་ཆེས་སྟོབས་དང་ལྡན་པ་ཉིད་དོ། །དེ་སྤྱད་ན་ཞེས་བྱ་བ་ནི་ཕལ་ཆེར་སྤྱད་པ་ལ་བྱའོ། །འདིར་ཞེས་བྱ་བ་ནི་སྔ་ལྟས་རྣམས་མྱོང་བར་འགྱུར་ཞེས་བྱ་བ་འདི་དང་སྦྱར་གྱི་སྔར་བྱས་པ་འདི་དང་སྦྱར་བ་ནི་མ་ཡིན་ནོ། །ཕྱེ་མ་རེད་ཀྱི་དུས་སྨོས་པ་ནི་ཕྱེ་མ་རེད་ཀྱི་

དུས་ན་གྲིབ་མ་ཆེ་བ་བཞིན་དུ་དེས་འདས་པའི་ལས་སྔོན་རབ་ཏུ་ཉལ་བ་ཡང་དེའི་ཚེ་ན་ལྟས་འབྱིན་པ་ལ་སོགས་པའི་བྱ་བས་རྣམ་པར་མཆེད་པར་འགྱུར་བའི་ཕྱིར་རོ། །འབབ་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ནི་གོ་རིམས་བཞིན་དུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་
ཡིན་ཏེ། ཚིག་ཕྲ་བ་རྣམས་ཀྱི་དོན་ཆུང་བ་དང་། ལྷག་པ་དང་། མངོན་དུ་ཤས་ཆེ་བའི་དོན་ཡིན་པའི་ཕྱིར་རོ། །མི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་ལ་ཞེས་བྱ་བ་ནི་གདོལ་པ་ལ་སོགས་པ་དག་ཉིད་མུན་པ་ཡིན་ཏེ། ཆོས་ནག་པོ་དང་མཐུན་པའི་ཕྱིར་རོ། །བདག་ནི་མེད་པར་འགྱུར་རོ་སྙམ་ནས་ཞེས་བྱ་བ་ནི་བདག་
ཆད་པར་འགྱུར་རམ་འོན་ཏེ་ཆད་པར་མི་འགྱུར་ཞིང་སྐྱེ་བར་འགྱུར་རོ་སྙམ་དུ་སེམས་ཤིང་མ་འོངས་པའི་ལུས་ལ་མངོན་པར་དགའ་བར་བྱེད་པའོ། །མངོན་པར་སྤོང་བར་བྱེད་ཀྱི་ཞེས་བྱ་བ་ནི་འཇུག་བཅོམ་པའི་ཕྱིར་ཏེ། བག་མེད་པར་སྤྱོད་པ་ཉམ་ཆུང་བའི་ཕྱིར་རོ། །བདག་ནི་མེད་པར་འགྱུར་རོ་ཞེས་བདག་ཏུ་
ལྟ་བ་དེ་གང་ཡིན། རེ་ཞིག་ཀུན་བརྟགས་པ་ནི་མ་ཡིན་ཏེ། རྒྱུན་དུ་ཞུགས་པ་ལ་སོགས་པ་དག་གིས་དེ་སྤང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ཡང་མ་ཡིན་ཏེ། རྒྱུ་བ་བསལ་བའི་ཕྱིར་རོ། །ཕྱིར་མི་འོང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་ཏུ་འབྱུང་བ་མེད་དོ་ཞེས་བྱ་བར་འགལ་
ཏེ་འདི་ལྟར་དེ་ནི་རྟག་ཏུ་ཀུན་ཏུ་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ནི་ཀུན་བརྟགས་པ་ཡང་མ་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་ལ་བརྟེན་པ་ཡང་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ཅན་ལྷན་ཅིག་སྐྱེས་པ་བསྒོམ་པས་སྤང་བར་བྱ་བ་གཞན་ཞིག་ཡིན་ཏེ། འོག་ནས་ཁོང་དུ་ཆུད་པར་བྱའོ། །ཕྱིར་མི་འོང་བ་རྣམས་
ནི་དེའི་ཚེ་བདག་ལ་ཆགས་པ་དེ་ཀུན་སྤྱོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་གཉེན་པོའི་སྟོབས་བསྐྱེད་པར་གྱུར་པ་དང་། གྲོགས་ཕལ་ཆེར་མ་ཚང་བའི་ཕྱིར་རོ། །སེམས་ཅན་དམྱལ་བ་པ་རྣམས་ནི་འཆི་བ་ལ་མངོན་པར་དགའ་བའི་ཕྱིར་མ་གཏོགས་སོ་ཞེས་སྨོས་སོ། །དབང་པོ་ཉམས་པ་རྣམས་ནི་རིམ་
གྱིས་ཤི་བ་ཡིན་ནོ། །ལུས་འདོད་པ་ནི་ལུས་གྲུབ་པའི་རྟེན་ཡིན་ཏེ། གནས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་དེའི་ཕྱིར་དེ་ལུས་ལ་ཆགས་པ་སྐྱེས་པ་དང་ཞེས་བྱ་བ་སྨོས་སོ། །རྒྱུ་དེ་གཉིས་ཞེས་བྱ་བ་ནི་སྨྲས་མ་ཐག་པའོ། །རང་གི་ས་བོན་ལས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ། ཡང་

དང་ཡང་དུ་རང་གི་འབྲས་བུར་གྱུར་པ་བར་མ་དོའི་སྲིད་པ་ཀུན་ཏུ་འབྱུང་བ་འཐོབ་པའི་སྟོབས་སྐྱེད་པར་བྱེད་པའི་ས་བོན་ལས་སོ། །ཕྱར་བ་ནག་པོ་ཞེས་བྱ་བ་ནི་ར་བལ་ལས་བྱས་པ་སྟེ་མི་ཕལ་པའི་གོས་ཡིན་ནོ། །དེ་རིགས་ནི་མཐུན་པའི་མིག་ཇི་ལྟ་བུའི་སྤྱོད་ཡུལ་དུ་འགྱུར་རོ་ཞེ་ན། དེ་ནི་ལྷའི་མིག་ཤིན་
ཏུ་རྣམ་པར་དག་པའི་སྤྱོད་ཡུལ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །བདག་དང་སྐལ་བ་མཉམ་པ་རྣམས་ཞེས་བྱ་བ་ནི་སྐྱེས་པས་སྐྱེས་པའི་ལྟ་བུའོ། །མིག་ནི་ཐུར་དུ་གསལ་ཏེ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་པ་དག་གི་དབང་དུ་བྱས་པ་ཡིན་ནོ། །དུད་འགྲོ་རྣམས་ནི་གང་དུ་སྐྱེས་པ་དེ་དང་མཐུན་པར་
འཇིག་རྟེན་གྱི་ཁམས་འོག་མར་རོ། །བསོད་ནམས་བརྟེན་པ་ནི་ལས་ཀྱི་དབང་གིས་འགྲོ་བ་གོང་མའི་འདུ་ཤེས་ཀྱིས་འགྲོའོ། །ངེས་པ་མེད་དོ་ཞེས་བྱ་བ་ནི་དེ་མངོན་དུ་གྱུར་པའི་ཕྱིར་རོ། །ཡང་ཞག་བདུན་དུ་གནས་སོ་ཞེས་བྱ་བ་ནི་ཚེ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །བདུན་ཕྲག་བདུན་
གྱི་བར་དུ་ཡང་གནས་སོ་ཞེས་བྱ་བ་ནི་དེ་ཙམ་གྱིས་ན་བར་མ་དོའི་སྲིད་པའི་ལས་ཀྱི་ཤུགས་ཟད་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་དེའི་ཚེ་ན་ལས་གཞན་གྱིས་ཟིལ་གྱིས་ནོན་པས་ན་རིགས་མི་མཐུན་པ་གཞན་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལས་གཞན་གྱི་བྱ་བ་ཡོངས་སུ་གྱུར་པས་ཞེས་བྱ་བ་
ནི་གལ་ཏེ་སྔོན་བྱས་པའི་ལས་གཞན་མངོན་དུ་གྱུར་པས་བར་མ་དོའི་སྲིད་པ་ལ་གནས་པའི་རྣམ་པར་སྨིན་པས་གང་བྱས་པ་དེས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཁ་ཅིག་ན་རེ་དགྲ་བཅོམ་པ་མངོན་པའི་ང་རྒྱལ་ཅན་སེམས་ཅན་དམྱལ་བར་སྐྱེ་བ་འཆི་བའི་སྲིད་པ་ལ་གནས་པ་ཁོ་
ན་ནི་སྐྱེ་བའི་མཚན་མ་མཐོང་བའི་ཕྱིར་ལོག་པར་ལྟ་བས་དེར་སྐྱེ་བ་ཡོད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ལས་འདས་པ་ཕན་ཆད་ནི་ཞེས་བྱ་བ་ནི་དེའི་ཚེ་ན་ལས་རྣམས་ཀྱི་ཆོགས་པ་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་བདུན་པ་དང་པོ་ཉིད་ནས་ཀྱང་ཅིའི་ཕྱིར་མི་བྱེད་ཅེ་ན། དེ་ཙམ་
གྱིས་ན་ལས་ཀྱི་ནུས་པ་ཡོངས་སུ་སྨིན་པ་རབ་མཐར་ཕྱིན་པ་ཐོབ་པའི་ཕྱིར་དེས་གཟུང་བར་དཀའ་བའི་སྟོབས་ཀྱི་རྐྱེན་འདྲེན་པར་བྱེད་པའི་ཕྱིར་རོ། །ཞག་བདུན་གྱིས་ཤི་འཕོས་པ་དེ་ཡང་ཞེས་བྱ་བ་ནི་ཞག་བདུན་ཕྲག་བདུན་པོ་གང་ཡང་རུང་བ་དག་གིས་དེ་ནས་ཤི་འཕོས་ནས་བར་མ་དོའི་སྲིད་པ་གཞན་དུ་སྐྱེ་

བར་འགྱུར་བ་སྟེ། འདིར་བར་མ་དོའི་སྲིད་པ་དེ་ཉིད་དུ་བྱས་པའི་ལས་ཀྱིས་སམ་གཞན་གྱིས་ཡིན་པ་ནི་གཅིག་ཏུ་མ་ངེས་སོ། །བར་མ་དོའི་སྲིད་པའི་ལས་ཡོངས་སུ་རྫོགས་པར་བྱེད་པ་ཁོ་ན་དང་། ཚེ་འདི་ཉིད་ལ་མྱོང་བར་འགྱུར་རོ་ཞེས་བྱ་བའི་གྲུབ་པའི་མཐའ་འདི་ནི་
ཁོ་བོ་ཅག་གི་མ་ཡིན་ནོ། །སྔར་བཤད་པ་རྣམས་ནི་ཕལ་ཆེར་ཡོད་པར་སྨྲ་བར་ཆོས་མངོན་པ་ལ་འདྲིས་པ་ལས་འོངས་པ་ཡིན་ནོ། །དྲིའི་ཕྱིར་འགྲོ་བས་ན་དྲི་ཟ་ཞེས་ཀྱང་བྱའོ་ཞེས་བྱ་བ་ལ། ཨརྷཱ་ཞེས་བྱ་བ་ནི་འགྲོ་བའི་དོན་ཡིན་པའི་ཕྱིར་རོ། །དྲིས་བརྟས་པར་འགྱུར་བཞེས་བྱ་བ་ནི་དེ་ཉིད་དེའི་ཟས་
ཡིན་པར་སྟོན་ཏོ། །ལུས་ཀྱི་འགྲོ་བས་འགྲོའི་དམིགས་པའི་འགྲོ་བས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གཞན་དུ་འབྱུང་བ་དང་ལྡན་པའང་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་ལུས་ཀྱིས་འགྲོ་བ་ཡིན་གྱི། གཟུགས་མེད་པའི་རྣམ་པར་ཤེས་པ་ཙམ་ནི་ཡུལ་རྒྱུ་བ་མེད་པའི་ཕྱིར་དམིགས་པ་ལ་འཛིན་པ་ལྟ་
བུས་འགྲོ་བ་ནི་མ་ཡིན་ནོ། །སེམས་ཅན་གྱི་རྒྱུད་ནི་རྒྱུན་ཆད་ཅིང་མི་རིགས་ཏེ། འབྲུ་ལ་སོགས་པ་བཞིན་དུ་རྒྱུན་གྱིས་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འདིས་ནི་སྐྱེ་བའི་གནས་སུ་འབྱུང་བ་ནི་དམིགས་པ་ཙམ་དུ་ཟད་དོ་ཞེས་ཟེར་བ་བཀག་པ་ཡིན་ནོ། །འོ་ན་ཐེག་པ་ཆེན་པོའི་མདོ་རྣམ་པར་ཤེས་པ་འཕོ་བ་
ཞེས་བྱ་བ་ལས། བཟང་སྐྱོང་གང་ཁྱོད་འདི་སྐད་དུ་ཇི་ལྟར་ན་རྣམ་པར་ཤེས་པ་འདིས་ལུས་བོར་ནས་འཕོ་ཞིང་འགྲོ་བར་འགྱུར་ཞེས་ཟེར་བ་ནི་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། རྒྱའི་འབུར་ལྟ་བུར་འགྲོ་བར་འགྱུར་རོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། བསྟན་པ་དེ་ནི་བྱིས་པ་ལ་སོགས་པ་གང་འཇིག་
རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོའོ་ཞེས་ཡུན་རིང་པོ་ནས་རྣམ་པར་ཤེས་པ་ལ་བདག་ཉིད་དང་། རྟག་པ་ཉིད་དུ་འཛིན་པར་གོམས་པའི་སེམས་ཅན་དེ་ཡོད་པས། དེ་དགག་པའི་ཕྱིར་ཕུང་པོ་འདི་དག་ལ་བརྟེན་ནས་ཕུང་པོ་གཞན་དག་རྒྱའི་འབུར་ཁོ་ན་བཞིན་དུ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་གྱི།
བར་མ་དོའི་སྲིད་པ་དགག་པའི་ཕྱིར་ནི་མ་ཡིན་པས་ན་དེ་ལ་འགལ་བ་ཅི་ཞིག་ཡོད། མདོ་སྡེ་དེའི་དོན་དེ་ཁོ་ན་ཡིན་གྱི་གཞན་དུ་མི་བཞེད་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། དོན་གཞན་དུ་རྟོགས་པར་བྱ་སྟེ། ཇི་ག་འགལ་བ་མེད་དོ་ཞེས་སྨྲའོ། །གལ་ཏེ་དེ་ལྟར་ཡི་གེ་བསྒྱུར་བ་ཙམ་གྱིས་མདོ་སྡེ་རྣམས་

གཞན་དུ་དྲང་དུ་རུང་ན་ནི་མདོ་སྡེ་ཐམས་ཅད་འཆོལ་བས་ན་ཡིད་བརྟན་དུ་ནི་མི་རུང་ངོ་ཞེ་ན། ཅིའི་ཕྱིར་དེ་ལྟར་འགྱུར་ཏེ། ལུང་དང་རིགས་པ་ཡོད་པས་ན་དེ་དག་གིས་བར་མ་དོའི་སྲིད་པའི་ལུས་སུ་གྲུབ་པའི་ཕྱིར་མདོ་སྡེ་དེའི་དོན་དེ་ལྟར་དྲང་དུ་རུང་ངོ་། །དེ་ལ་རིགས་པ་ནི་སྨྲས་ཟིན་ཏོ། །ལུང་ཡང་
ཉན་ཐོས་ཀྱི་ཐེག་པ་ནི་འོག་ནས་བརྗོད་པར་བྱའོ། །ཐེག་པ་ཆེན་པོ་བརྗོད་པར་བྱ་སྟེ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་སེམས་ཅན་དམྱལ་བ་མནར་མེད་པ་ལས་བརྩམས་ནས་དེ་ཡང་མཐོང་བ་རྣམ་པར་འཁྲུལ་ཅིང་སྣུམ་ཟད་པའི་མར་མེ་བཞིན་དུ་དེའི་བར་མ་དོའི་
སྲིད་པའི་གཟུགས་ཐོགས་པ་མེད་པའི་བྱིས་པ་ལོ་བརྒྱད་ལོན་པ་ཙམ་དུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་མངལ་དུ་འཇུག་པའི་མདོ་ལས་ཀྱང་དགའ་བོ་འདི་ལ་ཕ་དང་མ་ཆགས་པར་གྱུར་པ་དང་དྲི་ཟ་ཉེ་བར་གནས་པའི་བར་དུ་གྱུར་ན། དགའ་བོ་དེ་ལྟར་འཇུག་པར་འདོད་པའི་
དྲི་ཟ་ནི་བར་མ་དོའི་སྲིད་པའོ་ཞེས་བྱ་བ་འབྱུང་ངོ་། །རྣམ་གྲངས་ཀྱི་ལུང་དག་ལས་ཀྱང་བར་མ་དོའི་སྲིད་པ་ཞེས་བྱ་བ་འབྱུང་སྟེ། ཇི་སྐད་དུ་སྲིད་པ་བདུན་པ་ཞེས་པའི་མདོ་ལས་ཀྱང་སྲིད་པ་བདུན་པ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། བར་མ་དོའི་སྲིད་པའི་
བར་དག་སྟེ། དྲི་ཟ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཇི་སྐད་དུ་གནས་གསུམ་མངོན་དུ་གྱུར་ན་མངལ་དུ་འཇུག་པར་འགྱུར་ཏེ། མ་ཉམས་བདེ་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་དང་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་པའོ་ཞེས་ཀྱང་
གསུངས་པ་ལྟ་བུའོ། །སྐྱེ་བ་དང་འགག་པའི་ཚུལ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་སྲང་གི་མགོ་མཇུག་མཐོན་དམན་དུ་འགྱུར་བའི་ཚུལ་བཞིན་དུའོ། །དེ་དེར་ལོག་པར་ཞེས་བྱ་བ་ནི་རི་དགས་བཤོར་བར་བྱའོ། །རྩེད་མོ་བྱའོ་སྙམ་པ་ལས་དེའི་འོག་ཏུ་བརྡེག་པ་དང་དུ་བར་
འགྱུར་བའོ། །ཡོངས་སུ་ཚ་བ་ཆེན་པོས་ཀྱང་ཞེས་བྱ་བ་ནི་སེམས་ཅན་དམྱལ་བའི་མེས་སོ། །དེ་ནས་སྔ་མ་བཞིན་དུ་དེར་དགའ་བ་དང་ཞེས་བྱ་བ་ནི་སྔོན་གོམས་པ་བཞིན་དུའོ། །མ་ཉམས་བདེ་ཞིང་ཞེས་བྱ་བ་ནི་མངལ་གྱིས་འཛིན་ནུས་པའི་ལུས་ཀྱི་གནས་སྐབས་སུ་གྱུར་པ་སྟེ། ཅི་འདྲ་ཞེ་

ན། ཟླ་མཚན་དང་ལྡན་པ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཕ་ཉམས་བདེ་ཞིང་ཞེས་བྱ་བ་ནི་མ་སྨོས་སོ། །དེ་ཇི་སྐད་དུ་མངལ་དུ་འཇུག་པའི་མདོ་ལས་ཀྱང་དགའ་བོ་ཟླ་མཚན་ཞེས་བྱ་བ་ནི་དུས་དང་དུས་ཚོད་ལ་བྱ་སྟེ། དེ་ལ་བུད་མེད་ཁ་ཅིག་ནི་ཞག་གསུམ་ནའོ་ཞེས་
གསུངས་སོ། །དེ་ལ་སྐྱེ་གནས་ཀྱི་ཉེས་པ་གང་ཞེ་ན་ཞེས་བྱ་བ་ལ། སྐྱེ་གནས་ཀྱི་ཉེས་པ་ནི་གློ་བུར་དང་། ལྷན་ཅིག་སྐྱེས་པའོ། །གློ་བུར་ནི་རླུང་གིས་མ་རུང་བར་བྱས་པ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པ་དག་ནི་དབྱིབས་གྱུར་པ་དང་། དབྱིབས་མ་གྱུར་ན་ཡང་པགས་ཤུན་ལ་
སྐྱོན་ཡོད་པའོ། །དེ་ལ་དབྱིབས