Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 132

Văn bản gốc(Tây Tạng)

Trang 5 / 15 (50.000 ký tự/trang)
ན་ཡོན་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དང་། ཡང་དགེ་སློང་གི་དངོས་པོ་བཞི་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཏེ། དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བ་ནི་ཁ་དོག་དང་
རྟགས་དང་དབྱིབས་ཀྱི་དགེ་སློང་ཉིད་དང་། ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སློང་ཉིད་ལས་འདུན་པ་ཟློག་པར་བྱེད་པའོ། །ཤེས་རབ་དམ་པ་ཞེས་བྱ་བ་ནི་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་དགེ་སློང་ཉིད་ལ་འདུན་པ་ཟློག་པར་བྱེད་པའོ། །རྣམ་པར་གྲོལ་བའི་སྙིང་པོ་དང་དྲན་པའི་དབང་ཞེས་བྱ་

བ་དེས་ནི་ཡང་དག་པར་སྒྲུབ་པའི་དགེ་སློང་ཉིད་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འདི་ལྟར་གྲགས་པ་ལ་སོགས་པ་འདོད་པ་ནི་སོ་སོར་བརྟགས་ནས་ཐོས་པ་འཛིན་པར་བྱེད་ཀྱི། ཤེས་རབ་འཕེལ་བར་མི་བྱེད་པ་དང་། ཉེས་པ་སྔར་མ་སྤངས་པ་གང་ཡིན་པ་དེ་ནི་ཡང་དག་པའི་སྒྲུབ་པས་
བསྡུས་པའི་རྣམ་པར་གྲོལ་བ་ཡང་དག་པར་འཛིན་པར་བྱེད་པའི་ཕྱིར་རོ། །ཡང་དམན་པས་ཆོག་པར་འཛིན་པ་ལ་ཞུགས་པ་རྣམས་གོང་མ་བས་ཀྱང་ཆེས་གོང་མ་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་རོ། །འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་ཞིང་ལྷོད་པ་རྣམས་ལ་ནི་བསླབ་པའི་
ཕན་ཡོན་ཞེས་གསུངས་སོ། །ཚུལ་ཁྲིམས་དང་ལྡན་པ་ཐོས་པ་ལ་མི་ལྟོས་པ་རྣམས་ལ་ནི་ཤེས་རབ་དམ་པ་ཞེས་གསུངས་སོ། །ཐོས་པ་དང་བསམས་པ་ཙམ་གྱིས་ཆོག་པར་འཛིན་པ་རྣམས་ལ་ནི་རྣམ་པར་གྲོལ་བའི་སྙིང་པོ་ཞེས་གསུངས་སོ། །ཚུལ་ཁྲིམས་དང་ཤེས་རབ་དང་རྣམ་པར་གྲོལ་
བས་མངོན་པའི་ང་རྒྱལ་བྱེད་པ་རྣམས་ལ་ནི་དྲན་པའི་དབང་ཞེས་བྱ་བ་གསུངས་ཏེ། དེ་ལྟར་རྣམ་པ་དེ་ལྟ་བུ་དག་གིས་ཀུན་ནས་སློང་བ་བརྗོད་པར་བྱའོ། །དེ་ལ་བསྡུས་པའི་དོན་ནི་འདིར་ཡང་དག་པའི་སྒྲུབ་པ་དང་འབྲས་བུ་ཡིན་པར་བསྟན་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ལ་སོགས་པ་གསུམ་པོ་དེ་ཙམ་
གྱིས་ནི་བསླབ་པའི་མཐར་ཐུག་པ་ཡིན་ནོ། །དེ་ལྟར་གནས་པར་གྱིས་ཞེས་གསུངས་པས་ནི་ཡང་དག་པའི་སྦྱོར་བ་རྣལ་འབྱོར་རྣམ་པ་བཞིས་བསྡུས་པ་ཡོངས་སུ་བསྟན་ཏོ། །དེ་ལྟར་གནས་པ་རྣམས་ཀྱི་བསླབ་པ་གསུམ་ཞེས་གསུངས་པས་ནི་ཡང་དག་པར་སྒྲུབ་པའི་འབྲས་བུ་ཡོངས་སུ་བསྟན་ཏོ། །
དེ་ལ་དད་པ་དང་འདུན་པ་ནི་ཚུལ་ཁྲིམས་ཡང་དག་པར་བླང་བའི་སྔོན་དུ་འགྲོ་བ་ཡིན་ནོ། །ཐོས་པ་འཛིན་པའི་དུས་ན་ནི་བརྩོན་འགྲུས་སོ། །ཤེས་རབ་ལ་སོགས་པ་ནི་ཐབས་ཡིན་ནོ། །དེ་ལ་ཚིག་གི་དོན་ནི་བསླབ་པ་དང་། རྗེས་སུ་བརྩོན་པ་དང་། ཇི་ལྟར་གདམས་པ་བཞིན་སྒྲུབ་པ་དང་། གོམས་པ་དང་།
སྒོམ་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སྒྲུབ་པ་དེ་ནི་ལུས་དང་ངག་དང་འཚོ་བ་ཡོངས་སུ་དག་པར་ཀུན་ཏུ་སྦྱོར་བའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཀྱིས་རབ་ཏུ་ཕྱེ་བ་དང་བཟོད་པས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་བསླབ་པ་ཞེས་བྱའོ། །ཡང་ཞི་བའི་ཕྱིར་འགྲོ་བས་བསླབ་པ་ཞེས་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་

ནི་ངེས་པའི་ཚིག་ཡིན་ནོ། །རྟགས་དང་ངོ་བོ་ཉིད་དང་ལས་དང་ཆོས་དང་རྒྱུ་དང་འབྲས་བུ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བས་བསླབ་པའི་ཕན་ཡོན་ནི་ཚུལ་ཁྲིམས་རྣམ་པ་བདུན་དང་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་
བས་ནི་འདོད་པ་ན་སྤྱོད་པ་སོ་སོར་ཐར་པའི་སྡོམ་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསམ་གཏན་གྱི་སྡོམ་པ་དང་མི་ལྡན་པའི་ཟག་པ་མེད་པའི་སྡོམ་པའོ། །དུས་ཀྱི་རབ་ཏུ་དབྱེ་བས་ནི་འདས་པའི་དུས་སུ་ཡང་བསླབ་པའི་ཕན་ཡོན་འདི་ལྟ་བུ་ཁོ་ནར་གྱུར་ལ་མ་འོངས་པའི་དུས་སུ་ཡང་འདི་ལྟ་བུ་ཁོ་ནར་
འགྱུར་བ་དང་། ད་ལྟར་བྱུང་བའི་དུས་ན་ཡང་བསླབ་པའི་ཕན་ཡོན་འདི་ལྟ་བུ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ལ་གནས་སྐབས་ཀྱི་རབ་ཏུ་དབྱེ་བས་ནི་གང་ཟག་ཞུགས་པ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་བསླབ་པའི་ཕན་ཡོན་ནི་ཆུང་ངུའི་གནས་སྐབས་ཡིན་ནོ། །ཡོངས་སུ་སྨིན་པ་རྣམས་ཀྱི་ནི་འབྲིང་གི་
གནས་སྐབས་ཡིན་ནོ། །ཡོངས་སུ་སྨིན་པར་གྱུར་པ་རྣམས་ཀྱི་ནི་ཆེན་པོའི་གནས་སྐབས་ཡིན་ནོ། །སོ་སོར་བརྟགས་ནས་མངོན་པར་མི་དགའ་བཞིན་དུ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱི་བསླབ་པའི་ཕན་ཡོན་ནི་སྡུག་བསྔལ་བའི་གནས་སྐབས་ཡིན་ནོ། །མངོན་པར་དགའ་བ་རྣམས་ཀྱི་ནི་བདེ་
བའི་གནས་སྐབས་ཡིན་ནོ། །མངོན་པར་དགའ་བ་ཡང་མ་ཡིན་མངོན་པར་མི་དགའ་བ་ཡང་མ་ཡིན་པ་རྣམས་ཀྱི་བསླབ་པའི་ཕན་ཡོན་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཡིན་ནོ། །བསླབ་པའི་ཕན་ཡོན་དེ་དག་ཐམས་ཅད་ནི་དགེ་བའི་གནས་སྐབས་ཡིན་གྱི། མི་དགེ་
བའི་གནས་སྐབས་ཀྱང་མ་ཡིན་ནོ། །ལུང་དུ་མ་བསྟན་པའི་གནས་སྐབས་ཀྱང་མ་ཡིན་ནོ། །ཐོས་པ་གཟུང་བ་རྣམས་ཀྱི་ནི་ཐོས་པའི་གནས་སྐབས་ཡིན་ནོ། །བསམས་པ་རྣམས་ཀྱི་ནི་བསམས་པའི་གནས་སྐབས་ཡིན་ནོ། །བསྒོམས་པ་རྣམས་ཀྱི་ཡང་བསྒོམས་པའི་གནས་སྐབས་ཡིན་ནོ། །
ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་མ་ཐོབ་པ་རྣམས་ཀྱི་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་གནས་སྐབས་ཁོ་ན་ཡིན་ནོ། །དེ་དག་ཐོབ་པ་རྣམས་ཀྱི་ནི་དེ་དག་གི་གནས་སྐབས་ཀྱང་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་གནས་སྐབས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་གང་ཟག་གི་

རབ་ཏུ་དབྱེ་བ་ནི་འདིར་གང་ཟག་རབ་ཏུ་བྱུང་བ་ཡིན་པར་དགོངས་སོ། །དེ་ཡང་དབང་པོ་རྟུལ་པོ་ཡང་ཡོད། དབང་པོ་རྣོན་པོ་ཡང་ཡོད་དོ། །འདོད་ཆགས་ལ་སོགས་པ་སྤྱད་པ་ཡང་ཡོད། ཆ་མཉམ་པར་སྤྱད་པ་ཡང་ཡོད་དོ། །ཉོན་མོངས་པ་ཆུང་བ་ཡང་ཡོད་དོ། །ཉན་ཐོས་ཁོ་ནའི་
ཡིན་གྱི་རང་སངས་རྒྱས་ཀྱི་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་ཡང་མ་ཡིན་ཏེ། རང་སངས་རྒྱས་ནི་རང་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་ནི་རྣམ་པར་གྲོལ་བའི་སྙིང་པོ་འདི་ལ་གནས་པར་མི་སྟོན་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་
བའི་ཆོས་ཅན་ཁོ་ནའི་ཡིན་ཏེ། ཞུགས་པ་དང་མ་བསྒྲིབས་པ་དང་འཆིང་བ་མཐའ་དག་ཡོད་པ་དང་འཆིང་བ་མ་ཚང་བ་ཡང་ཡིན་གྱི། འཆིང་བ་མེད་པའི་ནི་མ་ཡིན་ནོ། །མིར་གྱུར་པ་ཡིན་གྱི། ལྷར་གྱུར་པའི་ནི་མ་ཡིན་ཏེ། དེ་ལྟར་དེ་ནི་གང་ཟག་གི་རབ་ཏུ་དབྱེ་བས་ཡིན་ནོ། །བསླབ་པའི་ཕན་ཡོན་
ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་དམ་པ་དང་རྣམ་པར་གྲོལ་བའི་སྙིང་པོ་དང་དྲན་པའི་དབང་ལ་ཡང་རབ་ཏུ་དབྱེ་བ་རྣམ་པ་ལྔ་པོ་དག་ཅི་རིགས་པ་རིག་པར་བྱའོ། །དེ་ལ་ཕན་ཡོན་དང་། ཡོན་ཏན་དང་། མཐོ་བ་དང་། ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཕན་ཡོན་བཅུ་ཡང་དག་པར་
གཟིགས་ནས་ཞེས་ཇི་སྐད་གསུངས་པ་ལ་ཆོས་འདི་ནི་ལུས་ལ་ཕན་འདོགས་པར་བྱེད་པ་དང་བསྟོད་པར་འོས་པས་ན་ཕན་ཡོན་ཡིན་ནོ། །ཡང་མཐུན་པར་སྐྱེས་པའི་སེམས་ཅན་རྣམས་འདིའི་རྗེས་སུ་འགྲོ་བར་འགྱུར་བས་ཕན་ཡོན་ནོ། །ཡང་ལེགས་སུ་སྨོན་པར་བྱ་བའི་རྗེས་སུ་འགྲོ་བའི་ཕྱིར་
ཡང་ཕན་ཡོན་ནོ། །རྣམ་པར་དབྱེ་བ་ནི་རྣམ་པ་བཅུར་དབྱེ་བས་རིག་པར་བྱ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དགེ་སློང་རྣམས་དང་། དགེ་སྦྱོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་མེད་པ་རྣམས་
ཞེས་བྱ་བ་ནི་རྣམ་གྲངས་སོ། དེའི་ཁ་དོག་དང་དབྱིབས་དང་བྲལ་བའི་ཕྱིར་དང་། བདག་ཉིད་ངན་སོང་ལས་སྲུང་ཞིང་མ་སྨས་པར་ཡོངས་སུ་སྐྱོང་བར་བྱེད་པའི་ཕྱིར་དགེ་སློང་ངོ་། །དེ་ལ་རྣམ་པར་རབ་ཏུ་དབྱེ་བ་ནི་རྒྱལ་རིགས་ལ་སོགས་པའི་དབྱེ་བ་དང་། རིགས་མཐོན་པོ་དང་། དམའ་

བའི་དབྱེ་བ་དང་། གསར་བུ་དང་། བར་མ་དང་། གནས་བརྟན་གྱི་དབྱེ་བས་རིག་པར་བྱའོ། །གནས་པར་གྱིས་ཤིག་ཅེས་བྱ་བ་དང་། དུས་ཡོལ་བར་གྱིས་ཤིག་ཅེས་བྱ་བ་དང་། སྒོམས་ཤིག་ཅེས་བྱ་བ་དང་། གོམས་པར་གྱིས་ཤིག་ཅེས་བྱ་བ་ནི་རྣམ་གྲངས་སོ། །དེའི་ལུས་ནི་བསླབ་པ་ལེགས་པར་
བཤད་པ་ལས་གུད་ན་མེད་དོ། །ངེས་པའི་ཚིག་ནི་སྤྱོད་ལམ་སྣ་ཚོགས་ཀྱི་དུས་ཡོལ་བར་གནས་སོ། །དེ་ལ་རྣམ་པ་རབ་ཏུ་དབྱེ་བ་ནི་སྤྱོད་ལམ་གྱི་དབྱེ་བ་དང་། སྔ་དྲོ་དང་གུང་ཚིགས་དང་ཕྱི་དྲོ་དང་། མཚན་མོ་གནས་པས་དབྱེ་བས་བལྟ་བར་བྱའོ། །དེ་ལ་ཤེས་རབ་དང་། ཡེ་ཤེས་དང་། མཐོང་བ་དང་། སྣང་
བ་དང་། མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ཡང་རབ་ཏུ་དབྱེ་བའི་མཚན་ཉིད་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །ངེས་པའི་ཚིག་ནི་རབ་ཏུ་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་དང་། མི་ཤེས་པའི་གཉེན་པོ་ཡིན་པའི་ཕྱིར་ཤེས་རབ་པོ། །ཡང་རྣམ་པ་ལས་ཤེས་པས་ན་ཤེས་རབ་
ཡིན་ནོ། །ཡང་མཁས་པ་རྣམས་ཀྱི་མཁས་པ་ནི་ངེས་པར་རབ་ཏུ་ཕྱེ་བའི་ཕྱིར་ཤེས་རབ་པོ། །དེ་ལ་རབ་ཏུ་དབྱེ་བ་ནི་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་རྣམ་པར་གྲོལ་བ་དང་སྤངས་པ་དང་མི་ལྡན་པ་དང་རྣམ་པར་དག་པ་དང་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་
གྲངས་སོ། །དེ་ལ་ངོ་བོ་ཉིད་ནི་གནས་ངན་ལེན་ཡང་དག་པར་བཅོམ་པ་དང་ཉོན་མོངས་པ་སྤངས་པ་ཡིན་ནོ། །ངེས་པའི་ཚིག་ནི་འདོད་ཆགས་ལ་སོགས་པའི་འཆིང་བ་རྣམ་པ་སྣ་ཚོགས་ལས་གྲོལ་བའི་ཕྱིར་རྣམ་པར་གྲོལ་བའོ། །ཡང་བཅོམ་ལྡན་འདས་ཀྱིས་ཐུབ་པ་རྣམ་པ་གཉིས་ཀྱི་དངོས་པོའི་ཕྱིར་
གསུངས་པས་རྣམ་པར་གྲོལ་བའོ། །དེ་ལ་རབ་ཏུ་དབྱེ་བ་ནི་དུས་དང་སྦྱོར་བ་དང་། མི་གཡོ་བ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བ་དང་།
དེ་ལྟར་དེ་ལྟ་བུ་དང་མཐུན་པ་སྔ་མ་ལྟ་བུ་དག་ནི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་དྲན་པ་དང་སེམས་ཀྱིས་མི་བརྗེད་པ་དང་མངོན་པར་བརྗོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ལ་ངོ་བོ་ཉིད་ནི་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །ངེས་པའི་ཚིག་ནི་ཆོས་རྗེས་སུ་དྲན་པའི་ཕྱིར་དྲན་པའོ། །ཡང་

ཇི་ལྟར་འདྲིས་པའི་དངོས་པོ་ཡིད་ལ་བྱེད་པ་འདིས་མངོན་པར་རྗོད་པར་བྱེད་པའི་ཕྱིར་དྲན་པའོ། །དྲན་པའི་རབ་ཏུ་དབྱེ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་ལ་སོགས་པ་རྗེས་སུ་དྲན་པ་དྲུག་པོ་དག་ཡིན་པར་རིག་པར་
བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པའི་དབྱེ་བས་ཀྱང་རབ་ཏུ་དབྱེ་བར་རིག་པར་བྱའོ། །རྒྱས་པར་ནི་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བའི་དོན་གང་ཡིན་ཞེས་རྒོལ་ན་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོན་ཏན་དུ་བལྟ་ཞིང་གནས་པར་ཡོངས་
སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །ཤེས་རབ་དམ་པ་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། དེ་ནི་དེ་ལས་གཞན་པའི་དབང་པོ་ཐམས་ཅད་པས་ཤེས་རབ་ཀྱི་དབང་པོ་མཆོག་ཉིད་དུ་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །རྣམ་པར་གྲོལ་བའི་སྙིང་པོ་ཞེས་བྱ་བའི་དོན་གང་ཞེ་ན། དེ་ནི་མཐོང་བ་དང་
བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །དྲན་པའི་དབང་པོ་ཞེས་བྱ་བའི་དོན་གང་ཞེ་ན། དེ་ནི་ཆུང་ངུ་དང་ངན་ངོན་ཙམ་གྱིས་ཆོག་མི་ཤེས་པར་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་
དག་ཏུ་བསླབ་པ་གསུམ་གོ་རིམས་བཞིན་དུ་བསྟན་ན། འདིར་ཅིའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པའི་ཕན་ཡོན་མ་གསུངས་པར་ལྷག་པའི་ཚུལ་ཁྲིམས་ཀྱི་མཇུག་ཐོགས་སུ་ལྷག་པའི་ཤེས་རབ་བསྟན་ཅེ་ན། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཀྱིས་ཡོངས་སུ་བསྡུས་པ་བསྟན་པ་
འདི་ཉིད་ཀྱིས་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ཡོངས་སུ་བསྟན་པས་ལྷག་པའི་སེམས་ཀྱི་བསླབ་པ་ཡང་ཡོངས་སུ་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དབང་པོ་ལྔ་པོ་འདི་དག་གི་ནང་ནས་སྡུད་པར་བྱེད་པ་ནི་འདི་ཡིན། འདུས་པར་བྱེད་པ་ནི་འདི་ཡིན་ཏེ། འདི་
ལྟ་སྟེ། ཤེས་རབ་ཀྱི་དབང་པོའོ། །ཤེས་རབ་ཀྱི་དབང་པོ་དང་ལྡན་པའི་དགེ་སློང་ནི་ཏིང་ངེ་འཛིན་གྱི་དབང་པོའི་བར་དུ་སྒོམ་པར་བྱེད་དེ། དེ་ལྟར་ན་དེ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་དབང་པོས་ཏིང་ངེ་འཛིན་གྱི་དབང་པོའི་བར་དང་ཡང་ལྡན་པར་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་བས་

ན་མདོ་སྡེ་དེར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འདྲེན་པའི་རྒྱུ་གང་ཡིན་པ་དང་ཉོན་མོངས་པ་སྤོང་བ་འདྲེན་པའི་རྒྱུ་གང་ཡིན་པ་དེ་ཡོངས་སུ་བསྟན་ཏོ། །ལྷག་པའི་སེམས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཁོ་ན་དང་ལྷན་ཅིག་བསྟན་པ་ཡིན་ནོ། །གང་གི་ཚེ་བསླབ་པ་གསུམ་གྱི་བསྒོམ་པ་ཡོངས་སུ་རྫོགས་པར་
འགྱུར་རོ་ཞེས་གསུངས་ན། ཅིའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པའི་བསྒོམ་པ་མ་བསྟན་ཅེ་ན། འདིར་ཡང་ཚུལ་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །ཅིའི་ཕྱིར་བསླབ་པའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་གསུངས་ལ་ཤེས་རབ་ཀྱི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་ཀྱང་མ་གསུངས་རྣམ་
པར་གྲོལ་བའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་ཀྱང་མ་གསུངས་ཤེ་ན། དམན་པ་ལ་ཕན་ཡོན་སྨོས་པས་གདུལ་བ་རྣམས་གྱ་ནོམ་པ་ལ་ཡང་ཕན་ཡོན་འཛིན་དུ་བཅུག་པར་འགྱུར་བ་དང་། ཕན་ཡོན་བཅུ་པོ་དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་
སོགས་པ་གསལ་བར་ཡོངས་སུ་བསྟན་པ་ཕན་ཡོན་དེ་དག་ལ་འཇུག་པར་བསླབ་པའི་ཕྱིར་རོ། །གང་གི་ཚེ་རྣམ་པར་གྲོལ་བ་ནི་ཐམས་ཅད་པས་བླ་ན་མེད་པའི་ཆོས་ཡིན་ནོ། ཅིའི་ཕྱིར་ཤེས་རབ་དམ་པ་ལ་གནས་པར་གྱིས་ཤིག་ཅེས་གསུངས་ལ་རྣམ་པར་གྲོལ་བ་དམ་པ་ལ་གནས་པར་གྱིས་ཤིག་
ཅེས་མ་གསུངས་ཤེ་ན། དམན་པ་ལ་དམ་པ་སྨོས་པས་གདུལ་བ་རྣམས་གྱ་ནོམ་པ་ལ་ཡང་འཛིན་དུ་བཅུག་པར་འགྱུར་བ་དང་། རྣམ་པར་གྲོལ་བའི་ཁྱད་པར་ཐུན་མོང་མ་ཡིན་པ་དེ་ཡང་ཡོངས་སུ་བསྟན་པར་འགྱུར་བའི་ཕྱིར་རོ། །འདིར་ཁྱད་པར་གང་ཡིན་ཞེ་ན། བླ་ན་མེད་པའི་ཤེས་རབ་མི་
རྟག་པ་གང་ཡིན་པ་དེ་བས་རྣམ་པར་གྲོལ་བ་ནི་རྟག་པས་སྙིང་པོ་ཉིད་ཡིན་པའོ། །དེ་ལ་བསླབ་པའི་ཕན་ཡོན་ལ་གནས་པ་གང་ཞེ་ན། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལ་ཕན་ཡོན་བཅུ་ཡང་དག་པར་མཐོང་བའི་ངེས་པའི་ཚུལ་ཁྲིམས་ཉིད་དང་། བསྟན་པའི་ཚུལ་ཁྲིམས་ཉིད་དང་། རྟག་ཏུ་
བྱེད་པ་ཉིད་དང་། རྟག་ཏུ་འཇུག་པ་ཉིད་གང་ཡིན་པ་དེ་ནི་བསླབ་པའི་ཕན་ཡོན་ལ་གནས་པ་ཡིན་ནོ། །དེ་ལ་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་གང་ཞེ་ན། དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་ཡིན་ནོ། །དགེ་འདུན་ལེགས་པར་

བྱ་བའི་ཕྱིར་ཞེས་བྱ་བ་ནི་འདོད་པའི་བསོད་ནམས་ཀྱིས་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །མངོན་པར་མ་དད་པ་རྣམས་མངོན་པར་དད་
པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མ་ཞུགས་པ་རྣམས་ཞུགས་པའི་ཕྱིར་རོ། །མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་རྣམས་ལ་
ནན་ཏུར་དུ་བྱ་བའི་ཕྱིར་རོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་འགྱོད་པ་མེད་པར་བྱ་བའི་ཕྱིར་རོ། །ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་རྗེས་སུ་མཐུན་
པར་བྱ་བའི་ཕྱིར་རོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་གསལ་བར་བྱ་བའི་ཕྱིར་དང་། ཉོན་མོངས་པའི་བག་ལ་ཉལ་སྤང་བ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་
གྱུར་པ་ལྷ་དང་མི་རྣམས་ཀྱི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བསྟན་པའི་རྒྱུན་མི་འཆད་པར་བྱ་བའི་ཕྱིར་རོ། །ཕན་ཡོན་བཅུ་པོ་དེ་དག་གིས་མདོར་བསྡུ་ན་ཕན་ཡོན་གསུམ་བསྡུས་པ་ཡིན་ལ་གསུམ་གྱིས་ཀྱང་བཅུ་བསྡུས་པ་ཡིན་ཏེ། དགེ་འདུན་ཀུན་
ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་ཉིད་དང་། བདེ་བ་ལ་རེག་པར་གནས་པ་ཉིད་དང་། དུས་ཡུན་རིང་དུ་རྗེས་སུ་འཇུག་པ་ཉིད་དོ། །དེ་ལ་རྗེས་སུ་སྲུང་བ་རྣམ་པ་བདུན་གྱིས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་ཉིད་དང་། བདེ་བ་ལ་རེག་པར་གནས་པ་ཉིད་ཡོངས་སུ་བསྟན་
ཏེ། རྙེད་པ་དང་བཀུར་སྟི་རྗེས་སུ་སྲུང་བ་དང་། དཀའ་ཐུབ་དྲག་པོས་གདུང་བ་རྗེས་སུ་སྲུང་བ་དང་། ཡོ་བྱད་ཀྱིས་ཕོངས་པ་རྗེས་སུ་སྲུང་བ་དང་། ཕན་ཚུན་གནོད་པ་རྗེས་སུ་སྲུང་བ་དང་། སེམས་ལ་འགྱོད་པ་རྗེས་སུ་སྲུང་བ་དང་། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྗེས་སུ་སྲུང་བ་དང་། ལོག་

པར་སྨོན་པ་རྗེས་སུ་སྲུང་བས་སོ། །ཚིག་ཐ་མས་ནི་བསྟན་པ་ཡུན་རིང་དུ་འཇུག་པ་ཉིད་ཡོངས་སུ་བསྟན་ཏོ། །དེ་ལ་ཇི་ལྟར་ན་ངེས་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་གཞི་མི་འབུལ་བའི་ཕྱིར་རོ། །ཇི་ལྟར་ན་བརྟན་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་གཞི་ཉམས་པར་མི་བྱེད་པའི་ཕྱིར་
རོ། །ཇི་ལྟར་ན་རྟག་ཏུ་བྱེད་པ་ཡིན་ཞེ་ན། བསླབ་པའི་གཞི་འདྲལ་བར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་རྟག་ཏུ་འཇུག་པ་ཡིན་ཞེ་ན། རལ་ན་ཡང་ཕྱིར་གསོ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་ཡིན་ཞེ་ན། བསླབ་པ་མཐའ་དག་རྗེས་སུ་སྲུང་བའི་ཕྱིར་
རོ། །དེ་ལྟར་ངེས་པའི་ཚུལ་ཁྲིམས་ཅན་དང་། བརྟན་པའི་ཚུལ་ཁྲིམས་ཅན་དེ་ཆོས་ཐོས་ནས་གཅིག་པུ་དབེན་པར་སོང་སྟེ་འདི་ལྟ་སྟེ། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལས་བརྩམས་ནས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་ཅིང་། དེ་ཐོས་པ་དང་བསམས་པ་དང་
བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བརྟན་ནས་རྣམ་པར་གྲོལ་བ་ལ་རེག་པར་བྱེད་དེ། རྣམ་པར་གྲོལ་བ་དེ་ཡང་ཡོངས་སུ་མི་མཉམ་པའི་ཆོས་ཉིད་ཡིན་པའི་ཕྱིར་སྙིང་པོ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པ་དེ་དྲན་པའི་སྟོབས་ཀྱིས་བདག་གི་
ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་སམ་འོན་ཏེ་མ་རྫོགས། བདག་གི་ཤེས་རབ་ཀྱིས་ཆོས་འདི་དག་ཤིན་ཏུ་ལེགས་པར་རྟོགས་སམ་འོན་ཏེ་མ་རྟོགས། བདག་གི་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་རེག་གམ་འོན་ཏེ་མ་རེག་ཅེས་དེ་ལྟར་དྲན་པའི་སྟོབས་སྐྱེད་པ་ཉིད་ལ་བརྟེན་ནས་བསླབ་པའི་
ཕན་ཡོན་དང་། ཤེས་རབ་དམ་པ་དང་རྣམ་པར་གྲོལ་བའི་སྙིང་པོར་འགྱུར་བས་དེའི་ཕྱིར་དྲན་པའི་དབང་པོ་ཡིན་ནོ། །དྲན་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། ཆོས་བསྟན་པ་ལ་བརྟེན་པ་དང་། གདམས་ངག་ལ་བརྟེན་པ་དང་། བྱས་པ་དང་མ་བྱས་པ་ལ་སོ་སོར་རྟོག་པ་ལ་བརྟེན་
པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ནི་དགེ་བསྙེན་གྱི་ཚུལ་ཁྲིམས་དང་། དགེ་སློང་གི་ཚུལ་ཁྲིམས་དང་། བསྙེན་གནས་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་ཚུལ་ཁྲིམས་དང་། སྙོམས་པར་འཇུག་པའི་ཚུལ་ཁྲིམས་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་སོགས་པ་

རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་ཚུལ་ཁྲིམས་གང་ལས་བརྩམས་ནས་བསླབ་པའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་གསུངས་ཤེ་ན། གཙོ་ཆེར་དགེ་སློང་གི་ཚུལ་ཁྲིམས་ལས་སོ། །བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱང་འདི་ལྟ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་
པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ལ་སོགས་པ་རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་ཤེས་རབ་གང་ལས་བརྩམས་ནས་ཤེས་རབ་དམ་པ་ལ་གནས་པར་གྱིས་ཤིག་ཅེས་གསུངས་ཤེ་ན། རྣམ་པ་གསུམ་ཆར་ལས་སོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བ་ཡང་འཇིག་རྟེན་པ་དང་།
འཇིག་རྟེན་ལས་འདས་པ་དང་། སློབ་པ་དང་མི་སློབ་པ་དང་གཡོ་བ་དང་མི་གཡོ་བའི་རྣམ་པར་གྲོལ་བ་ལ་སོགས་པ་རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་རྣམ་པར་གྲོལ་བ་གང་ལས་བརྩམས་ནས་རྣམ་པར་གྲོལ་བའི་སྙིང་པོ་ལ་གནས་པར་གྱིས་ཤིག་ཅེས་གསུངས་ཤེ་ན། འཇིག་རྟེན་ལས་འདས་པ་དང་མི་
གཡོ་བ་ལས་སོ། །བཅོམ་ལྡན་འདས་ཀྱིས་དྲན་པ་ཡང་ལུས་དྲན་པ་ཉེ་བར་གཞག་པ་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་དང་། བྱས་ནས་ཡུན་རིང་དུ་ལོན་པ་དང་། སྨྲས་ནས་ཡུན་རིང་དུ་ལོན་པ་རྗེས་སུ་དྲན་པ་དང་། དེ་བཞིན་དུ་ཆོས་བསྟན་པ་རྣམས་དྲན་པ་དང་གདམས་
ངག་རྗེས་སུ་དྲན་པ་དང་། བྱས་པ་དང་མ་བྱས་པ་རྗེས་སུ་དྲན་པ་དང་། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་དྲན་པ་རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་དྲན་པ་གང་ལས་བརྩམས་ནས་དྲན་པའི་དབང་ཞེས་གསུངས་ཤེ་ན། གཙོ་ཆེར་བྱས་པ་དང་མ་བྱས་པ་ལ་སོ་སོར་རྟོགས་པ་རྗེས་སུ་དྲན་པ་
ལས་སོ། །དེ་ལ་མཚམས་སྦྱར་བ་ནི་འདི་ན་དགེ་སློང་ཚུལ་ཁྲིམས་ལ་བརྟེན་ནས་ཐོས་པ་འཛིན་པར་བྱེད་ཅིང་དེ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །ཚུལ་ཁྲིམས་དང་ལྡན་པ་དེ་ལ་ནི་འགྱོད་པ་མེད་པར་འགྱུར་ཏེ། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཐབས་ཀྱིས་ཡོངས་སུ་བསྡུས་པའི་ཤེས་རབ་
ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་དེ་ལྟར་དེ་དག་ནི་ལྷག་པའི་སེམས་ཡོངས་སུ་འགྲུབ་པ་ཡིན་ནོ། །ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་ནི་འདི་ཡིན་ཏེ། གོང་ནས་གོང་དུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་བསླབ་པའི་ཕན་ཡོན་ནི་ཤེས་རབ་དམ་པའི་ཕྱིར་ཡིན་ལ་ཤེས་

རབ་དམ་པ་ནི་རྣམ་པར་གྲོལ་བའི་སྙིང་པོའི་ཕྱིར་ཡིན་པའོ། །ཇི་ལྟར་བསླབ་པའི་ཕན་ཡོན་ཡིན་པ་ནས་རྣམ་པར་གྲོལ་བའི་སྙིང་པོའི་བར་དུ་ཡིན་ཞེ་ན། སྨྲས་པ། དྲན་པའི་དབང་གིས་སོ་ཞེས་བྱ་བ་དེ་ནི་བསྒྲུབ་པའི་མཚམས་སྦྱར་བ་ཡིན་ནོ། །དེ་ལྟར་གནས་པའི་བསླབ་པ་གསུམ་པོ་དེ་དག་བསྒོམ་པ་ཡོངས་སུ་
རྫོགས་པར་འགྱུར་རོ་ཞེས་བྱ་བ་དེ་ཡང་བསྒྲུབ་པའི་མཚམས་སྦྱར་བ་ཡིན་ནོ། །ཉན་ཐོས་རྣམས་ལ་བྱ་བ་དང་བྱ་བ་མ་ཡིན་པའི་བསྒྲུབ་པ་རྗེས་སུ་སྟོན་པར་མཛད་པར་སྟོན་པའོ། །ཡང་སྐྱེ་བོ་མང་པོའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྟོན་པར་མཛད་པས་སྟོན་པའོ། །ཡང་མུ་སྟེགས་ཅན་རོ་དང་འདྲ་བར་ནུབ་པར་
བྱ་བའི་ཕྱིར་འདི་ཤར་བས་སྟོན་པའོ། །དེ་ལས་གཞན་ལས་ཉན་ཅིང་རྗེས་སུ་སྒྲོགས་པར་བྱེད་པས་ཉན་ཐོས་རྣམས་སོ། །ཅིའི་ཕྱིར་ཉན་ཐོས་རྣམས་ཁོ་ན་ལས་བརྩམས་ཤེ་ན། འདི་ལྟར་ཉན་ཐོས་རྣམས་ནི་བཅོམ་ལྡན་འདས་ཀྱི་སྲས་སུ་གྱུར་པ་ཡིན་པས་བསླབ་པ་རྣམས་ལས་བརྩམས་ནས་སོ། །དེ་ལ་ཆོས་ནི་
མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཞེས་བྱ་བ་ཡིན་པར་བལྟ་བར་བྱའོ། །དེ་ལ་བསླབ་པའི་གཞི་ནི་འདི་ལྟ་སྟེ་ལྟུང་བ་སྡེ་ལྔ་བསྟན་པ་ཡིན་ནོ། །དེ་ལ་རྗེས་སུ་ཐུགས་བརྩེ་བ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་བྱམས་པ་ལ་སོགས་པ་ཚད་མེད་པས་གནས་པའི་ཕྱིར་རོ། །ཐུགས་རྗེ་དང་ལྡན་
པ་ནི་སྡུག་བསྔལ་གྱི་ཆོས་མང་པོ་རྣམས་སེལ་བར་མཛད་པའི་ཕྱིར་རོ། །དོན་དུ་བཞེད་པ་ནི་བདེ་བའི་ཆོས་མང་པོ་སྒྲུབ་པའི་ཕྱིར་རོ། །ཕན་པར་བཞེད་པ་ནི་དགེ་བའི་ཆོས་རྣམ་པ་དུ་མ་ཉེ་བར་སྒྲུབ་པའི་ཕྱིར་རོ། །ཐུགས་རྗེ་བར་མཛད་པ་ནི་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་
བར་མཛད་པའི་ཕྱིར་རོ། །དེ་ལ་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་རིགས་དང་རུས་རྣམས་ཀྱི་ཕྱིར་རོ། །ཡངས་པར་གྱུར་པ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དེ་དག་ཉིད་གོང་དུ་འཕེལ་བར་འགྱུར་བ་ལས་བརྩམས་ནས་སོ། །ལྷ་དང་མི་རྣམས་ཀྱི་
བར་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལ་མཐུ་ཡོད་པའི་ཕྱིར་ཡིན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚེ་བར་འགྱུར་བ་ནི་མ་ཡིན་ནོ། །ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་། ཇི་སྙེད་ཡོད་པ་ཉིད་ཀྱིས་སོ། །དེ་ལ་ཆོས་སྟོན་ཞེས་བྱ་བ་ནི་གསུང་རབ་ཏུ་གཏོགས་པ་ཡན་

ལག་བཅུ་གཉིས་སོ། །བཟུང་ཞིང་ཀུན་ཆུབ་པར་བྱས་ནས་བཅང་བར་བྱ། མན་ངག་ཏུ་བྱ་ཞེས་བྱ་བ་ནི་ཚིག་དང་དབེན་པར་སོང་ནས་སོ། །ངེས་པར་བརྟག་པར་བྱ་ཞེས་བྱ་བ་ནི་ཆོས་སོ། །འདི་ནི་ཁྱེད་ལ་ཕན་པའི་ཕྱིར་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་གང་ཡིན་
པའོ། །འདི་ནི་བདེ་བའི་ཕྱིར་ཞེས་བྱ་བ་ནི་མྱ་ངན་དང་མི་དགའ་བ་རང་ལ་རག་ལུས་པའི་སྤྱོད་པའོ། །འདི་ནི་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་སྤྱོད་པའོ། །དེ་ཡང་དགེ་བའི་ཕྱིར་ནི་ཕན་པ་ཡིན་ལ་ཕན་འདོགས་ཕྱིར་ནི་
བདེ་བ་ཡིན་ནོ། །ཡང་འདི་ནི་ཕན་པའི་ཕྱིར་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་རྣམས་བསྔགས་པའོ། །འདི་ནི་བདེ་བའི་ཕྱིར་ཞེས་བྱ་བ་ནི་གང་དུ་རོ་བརྒྱ་དང་ལྡན་པའི་ཟས་དང་གོས་འབུམ་རི་བ་རྗེས་སུ་གནང་བར་མཛད་པའོ། །འདི་ནི་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་གང་ལ་
བསླབ་པ་གསུམ་བཅས་པའོ། །དེ་བཞིན་གཤེགས་པས་དེ་དང་དེར་ཆོས་དེ་དག་ཤེས་རབ་ཀྱིས་ལེགས་པར་རྟོགས་པ་ཡིན་ཞེས་བྱ་བ་ནི་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་གང་དག་ཡིན་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་ནས་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་
གང་ཡིན་པའོ། །དེས་རྒྱུ་གཉིས་ཀྱིས་ན་ལེགས་པར་རྟོགས་པ་ཡིན་ཏེ། ཡུན་རིང་པོ་ནས་གོམས་པ་དང་ཕྱིན་ཅི་མ་ལོག་པར་རྟོགས་པས་སོ། །དེ་དང་དེར་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་རེག་ཅེས་བྱ་བ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལས་བརྩམས་ནས་སོ། །དེ་ལ་རྒྱུ་
གཉིས་ཀྱིས་ནི་ཤིན་ཏུ་ལེགས་པར་རེག་པ་ཡིན་ཏེ། མཐར་ཐུག་པར་འགྲོ་བ་དང་། ཕྱིར་མི་ལྡོག་པའི་ཆོས་ཉིད་ཀྱིས་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་ཞེས་བྱ་བ་ནི་ཚུལ་ཁྲིམས་དེ་ཉིད་ལ་ཕྱོགས་གཅིག་བྱེད་པའི་ཕྱིར་རམ།
དེས་ཚུལ་ཁྲིམས་ལ་བརྟེན་ནས་མཉམ་པར་གཞག་པའི་ས་པའི་ཚུལ་ཁྲིམས་དག་ཡོངས་སུ་རྫོགས་པར་མ་གྱུར་པའོ། །བདག་གིས་ཆོས་འདི་དག་ཤིན་ཏུ་ལེགས་པར་མ་རྟོགས་ཞེས་བྱ་བ་ནི་མཚན་ཉིད་རྣམ་པ་གཉིས་ཀྱིས་ཏེ་སྔ་མ་བཞིན་ནོ། །ཤིན་ཏུ་ལེགས་པར་མ་རེག་ཅེས་བྱ་བ་ནི་རྣམ་པ་གཉིས་

ཀྱིས་ཏེ་སྔ་མ་བཞིན་ནོ། །དེ་ལྟར་ན་ངས་སྨྲས་པ་གང་ཡིན་པ་དེ་སོ་སོར་བཤད་པ་ཡིན་ནོ་ཞེས་གང་གསུངས་པ་ནི་དེ་ལྟར་མདོར་བསྟན་པ་རྣམ་པར་དབྱེ་བའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་མདོ་སྡེ་རྣམ་པར་བཤད་པ་ནི་རྣམ་པ་དྲུག་པོ་འདི་དག་གིས་སྦྱར་བར་བྱ་སྟེ། དངོས་
པོ་ཡོངས་སུ་ཤེས་པ་དང་། ཉེས་པར་སྤྱད་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྤང་བ་དང་། ལེགས་པར་སྤྱད་པ་ཡང་དག་པར་བླང་བ་དང་། ནད་ལ་སོགས་པའི་རྣམ་པ་དག་གིས་ཤེས་པ་དང་། ཡོངས་སུ་ཤེས་པ་རབ་ཏུ་རྟོགས་པ་དང་། དེའི་འབྲས་བུ་དང་། བདག་ཉིད་དང་། གཞན་དག་
གིས་དེའི་འབྲས་བུ་རྟོགས་པ་སྟེ། དེ་ལྟར་རྣམ་པ་དེ་དག་དང་། སྔར་ཇི་ལྟར་རྣམ་པར་གཞག་པ་དག་གིས་མདོ་སྡེ་རྣམ་པར་བཤད་པ་སྦྱར་བར་བྱའོ། །དེ་ལ་དངོས་པོ་ནི་འདི་ལྟ་སྟེ། ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་
དང་། །ཡང་དག་པར་སྤོང་བ་རྣམས་དང་། དེ་ལ་སོགས་པའོ། །དེའི་འབྲས་བུ་ནི་འདི་ལྟ་སྟེ། སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་དང་། ཡོངས་སུ་གྲོལ་བའོ། །དེ་ལ་བདག་ཉིད་དང་གཞན་དག་གིས་དེའི་འབྲས་བུ་རྟོགས་པ་ནི་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནི་རྣམ་པར་བཤད་པ་
བསྡུ་བ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ་རྫོགས་ཏེ། རྣལ་འབྱོར་སྤྱོད་པའི་ས་ཐམས་ཅད་རྫོགས་སོ།། །།རྣལ་འབྱོར་སྤྱོད་པའི་ས་འདི་ནི་འཕགས་པ་ཐོགས་མེད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བྱང་
བར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པད་མ་རྙོག་པ་མེད་པའི་ཟེའུའི་འབྲུ་སྤྱི་བོས་ལེན་པར་མཛད་པ་སྟེ། རྣལ་འབྱོར་པ་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་རྣམས་ཀྱིས་དང་དུ་བླང་བར་བྱའོ།། །།
རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤློ་ཀ་ལྔ་བརྒྱ་བདུན་ཅུ་རྩ་ལྔ་ཡོད་དོ། །སྤྱིར་ཤ་ལོ་ཀ་བཞི་ཁྲི་ལྔ་སྟོང་ཡོད་དོ། །བམ་པོ་ནི་བརྒྱ་དང་ལྔ་བཅུ་ཡོད་དོ།། །།

༄༅༅། །རྒྱ་གར་སྐད་དུ། ཡོ་ག་ཙརྱ་བྷཱུ་མི་བྱཱ་ཁྱ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ། ཚིག་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བས། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་
དྲངས་པ་བདུད་རྩིའི་ཆོས། །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །འཕགས་པ་ཐོགས་མེད་ཐུབ་པ་དཔག་བསམ་ཤིང་གྱུར་ལས། །ཚིག་གི་ཡལ་ག་འཁྲུངས་པ་ཡི་གེའི་མེ་ཏོག་གི། །ཆར་པས་རྣ་བརྒྱན་བློ་གཏེར་གྱུར་པ་
དཔལ་ཡོན་ཅན། །དེ་ཡི་གཅུང་པོ་དཔལ་ལྡན་དེ་ལ་ཕྱག་འཚལ་ལོ། །ཐེག་པ་གསུམ་པོ་མཐའ་དག་སྟོན་པས་དོན་ཆེ་ལ་རྣམ་པར་མ་བཤད་པས་ཐ་བར་གྱུར་པ་རྣལ་འབྱོར་སྤྱོད་པའི་ས་འདི་བདག་པས་ཀྱང་བློ་ངན་པ་རྣམས་ལ་ཕན་གདགས་པའི་ཕྱིར་སྐབས་སྐབས་ནས་རྣམ་པར་གྲོལ་བའི་
ཐིགས་པ་རྣམས་བསྡུ་བར་བྱའོ། །དེ་ལ་བསྟན་པ་འདི་ནི་རྣམ་པ་གཉིས་ཀྱི་ཕྱིར་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལ་མཁས་པ་བསྐྱེད་པར་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་ཀྱང་འདི་ཉིད་ལ་བསླབས་ནས་རང་གི་ཐེག་པས་རང་ངེས་པར་འབྱུང་བར་བྱ་
བའི་ཕྱིར་རོ། །ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། སངས་རྒྱས་ཀྱི་བཀའ་ཉམས་པ་དབྱེ་བར་བྱ་བ་དང་། མ་ཉམས་པ་རྒྱས་པར་བྱ་བའི་ཕྱིར་རོ། །ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་དང་། མི་ཤེས་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པས་མ་ཞུགས་པའི་སེམས་ཅན་དག་ཀྱང་
ཡོད་དེ། དེ་དག་ལ་ཆོས་མཚན་ཉིད་མ་ནོར་བ་བསྟན་པས་གཅིག་ཏུ་ངེས་པར་རྟོགས་པར་བྱ་ཞིང་ཚར་བཅད་ནས་ཁོང་དུ་ཆུད་པར་བྱས་པར་འགྱུར་བ་དང་། ཁ་ཅིག་ཞུགས་སུ་ཟིན་ཀྱང་དགོངས་པ་སྣ་ཚོགས་ཅན་གྱི་མདོ་སྡེ་མཉན་ན་བློ་རྣམ་པར་རྨོངས་པ་དག་ཀྱང་ཡོད་དེ། དེ་དག་ལ་ཡང་ཕན་
བཏགས་པར་བྱས་པར་འགྱུར་བའི་ཕྱིར་རོ། །ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། དྲང་བའི་དོན་གྱི་མདོ་སྡེ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་རྣམས་མཚན་ཉིད་ཀྱི་རྗེས་སུ་འབྲང་བས་མདོ་སྡེའི་ལྡེམ་པོར་དགོངས་པ་ལ་འཇུག་པའི་ཕྱིར་བྱིས་པའི་ལྟ་བ་ཐམས་ཅད་སྤང་བར་བྱ་བ་དང་། དེ་ཉིད་ཀྱི་ཕྱིར་སྟོང་

པ་ཉིད་ཀྱིས་སྐྲག་པ་རྣམས་ཀྱི་ལྟ་བ་སྤང་བར་བྱ་བའི་ཕྱིར་རོ། །ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། བསྡུས་པ་ལ་དགའ་བ་རྣམས་ལ་ཕན་གདགས་པའི་ཕྱིར་མདོ་སྡེ་དག་ལས་མཚན་ཉིད་རྒྱས་པར་བཤད་པ་བསྡུ་བར་བྱ་བ་དང་། རྒྱས་པར་དགའ་བ་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་སྒྲོགས་པ་ལ་ཆོས་ཀྱི་
རབ་ཏུ་དབྱེ་བ་མཐའ་ཡས་པའི་ཕྱོགས་བསྟན་པར་བྱ་བའི་ཕྱིར་ཏེ། དགོངས་པ་དེ་དག་ལ་སོགས་པ་མདོ་སྡེ་དེ་དང་དེ་དག་ལས་གསུངས་པ་གང་ཡིན་པ་དེ་ནི་རྣལ་འབྱོར་སྤྱོད་པའི་ས་གང་ཞེ་ན་ཞེས་བྱ་བ་དང་སྦྱར་ཏེ། འདི་ལྟར་རྣལ་འབྱོར་སྤྱོད་པའི་ས་བསྟན་པ་ཞེས་བྱ་བའི་མདོ་ལས། ཡང་དང་ཡང་དུ་རྣལ་
འབྱོར་སྤྱོད་པའི་ས་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་བཞིན་དུ་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། ཡང་དག་པར་ཞུགས་པ་ནི་རྣལ་འབྱོར་སྤྱོད་པའི་ས་ཞེས་འབྱུང་ངོ་། །འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་ཀྱང་རྣལ་འབྱོར་སྤྱོད་པའི་ས་གང་
ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པའི་སའོ་ཞེས་འབྱུང་ངོ་། །ཚངས་པས་ཞུས་པ་ཆེན་པོའི་མདོ་ལས་ཀྱང་། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པའི་ས་ལ་ཡང་དག་པར་ཞུགས་པ་ནི་ཆོས་གང་ཡང་སྐྱེ་བའམ་འགག་པར་མི་བགྱིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
ཡང་ན་བསྟན་བཅོས་མཛད་པས། བསྟན་བཅོས་ཀྱི་ལུས་སུ་འགྱུར་བ་གཞི་ལྔ་སེམས་ལ་གཞག་པ་རྣམས་བསྟན་པར་འདོད་པ་དང་། དེ་བསྟན་པ་ཙམ་ཐོས་པའི་སློབ་མ་ལ་དེ་རྣམ་པར་དབྱེ་ཞིང་ལན་གདགས་པའི་ཚིག་ཡང་དག་པར་འབྱུང་བའི་རྒྱུར་གྱུར་པའི་དྲི་བ་བརྗོད་པའི་ཕྱིར། རྣལ་འབྱོར་
སྤྱོད་པའི་ས་གང་ཞེ་ན་ཞེས་བྱ་བ་སྨོས་སོ། །དེ་ལ་གཞི་ལྔ་ནི་འདི་དག་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ས་དང་། དེ་གཏན་ལ་དབབ་པ་དང་། སྡེ་སྣོད་གསུམ་བསྡུས་པའི་གཞི་དང་། དེ་རྣམ་པར་བཤད་པའི་སྒོའི་གཞི་དང་། རྣམ་གྲངས་ལ་མཁས་པའི་གཞིའོ། །དེ་ལྟ་མ་ཡིན་ན་སྔར་མ་བསྟན་
པར་གང་ཞེ་ན་ཞེས་བྱ་བ་ནི་དྲི་བའི་ཚིག་དེ་འབྱུང་བར་མི་འགྱུར་རོ། །དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་སྟེ། སྐྱེ་མཆེད་དྲུག་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ་ལས། དེའི་ཞི་གནས་དང་ལྷག་མཐོང་མཉམ་པར་ཟུང་དུ་འཇུག་གོ་ཞེས་བྱ་བ་ལ་སོགས་

པ་གསུངས་པ་ལྟ་བུའོ། །ཡང་ན་ཏིང་ངེ་འཛིན་ལ་རྣལ་འབྱོར་ཞེས་བྱ་སྟེ། མཉམ་པར་གཞག་པའི་ས་ལས་ཡང་དག་པའི་རྩོལ་བ་དང་དྲན་པ་ནི་རྣལ་འབྱོར་ཡིད་ལ་བྱེད་པ་དང་མཐུན་པར་སྡུད་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལྟ་བུའོ། །ཡང་ན་དད་པ་དང་། འདུན་པ་
པ་དང་། ཐབས་དང་། བརྩོན་འགྲུས་ལ་རྣལ་འབྱོར་ཞེས་བྱ་སྟེ། དེ་དག་གི་སྦྱོར་བ་བཤད་པའི་ཕྱིར་རོ། །དེ་ཡང་ཐོས་པ་ལས་བྱུང་བའི་ས་ལས་རྣལ་འབྱོར་གང་ཞེ་ན། དེ་ནི་རྣམ་པ་བཞི་སྟེ། དད་པ་ལ་སོགས་པའོ་ཞེས་ཇི་སྐད་སྨོས་པ་ལྟ་བུའོ། །ཡང་ན་ཐབས་ཉིད་ལ་རྣལ་འབྱོར་ཞེས་བྱའོ། །ཡང་ན་
ལྡན་པ་མ་ཡིན་པའི་འདུ་བྱེད་དེ། དེ་ཡང་རིགས་པ་བཞིའོ། །དེ་གཉིས་ནི་གཏན་ལ་དབབ་པ་བསྡུ་བ་ལས་ལྡན་པ་མ་ཡིན་པ་དག་བཤད་པའི་སྐབས་ནས་འབྱུང་ངོ་། །ཡང་ན་ཡང་དག་པར་སྒྲུབ་པ་ལ་བྱ་སྟེ། དགོངས་པ་ཅན་གྱི་དོན་གྱི་ཚིགས་སུ་བཅད་པ་ལས། རྣལ་འབྱོར་གང་གིས་བསླབ་པ་དེ་དག་
སྒྲུབ་པར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཡང་ན་དབྱེ་བ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ལམ་ནི་རྣལ་འབྱོར་ཞེས་བྱ་སྟེ། ཐོས་པ་ལས་བྱུང་བའི་ས་
ལས་རྣལ་འབྱོར་གང་ཞེ་ན། དེ་ནི་རྣམ་པ་དགུ་སྟེ་ཇི་སྐད་རྒྱ་ཆེར་སྨོས་པ་ལྟ་བུའོ། །བསྡུ་ན་གཉེན་པོའི་རྣལ་འབྱོར་ཞེས་བྱ་སྟེ། བསྒོམས་པ་ལས་བྱུང་བའི་ས་ལས་གཉེན་པོ་སྒོམ་པ་གང་ཡིན་པ་དེ་ནི་རྣལ་འབྱོར་བསྒོམ་པ་ཡིན་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་སྨོས་པ་ལྟ་བུ་སྟེ། དེ་ནི་ཉན་
ཐོས་དང་ཐུན་མོང་བའི་རྣལ་འབྱོར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཤེས་རབ་དང་སྙིང་རྗེའི་ཁྱད་པར་ཟུང་དུ་འབྲེལ་བར་འཇུག་པ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ནི་ཐུན་མོང་མ་ཡིན་པའི་རྣལ་འབྱོར་རོ། །ཡང་ན་གཉིས་ཀྱིས་མི་གཡོས་པ་དང་ལྡན་པའི་ཕྱིར་སས་བསྡུས་པའི་ཡེ་
ཤེས་ནི་རྣལ་འབྱོར་ཞེས་བྱའོ། །ཡང་ན་ཐབས་ལ་མཁས་པ་ལ་བྱ་སྟེ། རིགས་པའི་ཕྱིར་རྣལ་འབྱོར་ཞེས་བྱའོ། །ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པ་ལ་བྱ་སྟེ། ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་ལེའུ་ཞེས་བྱ་བའི་མདོ་ལས་རྣལ་འབྱོར་སྤྱོད་པ་ཇི་ལྟ་བུ་ལགས་ཞེས་ཞུས་པ་དང་།

རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱ་ཆེར་བསྟན་པ་ལྟ་བུའོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་ངོ་བོ་ཉིད་མེད་པ་ལ་བྱ་སྟེ། དེ་ལ་སྦྱོར་བའི་ཕྱིར་རོ། །དེ་ཡང་ཚངས་པ་ཆེན་པོས་ཞུས་པའི་མདོ་ལས། རྣལ་འབྱོར་སྤྱོད་པའི་ཆོས་གང་ཡང་སྐྱེད་པར་མི་བྱེད་འགོག་པར་མི་བྱེད་ཅིང་།
ཆོས་གང་ཡང་གྲུབ་པར་མི་འདོད་ལ། མངོན་པར་རྟོགས་པར་མི་འདོད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ངོ་བོ་ཉིད་མེད་པའི་རྣལ་འབྱོར་སྤྱོད་པ་ནི་ཆོས་གང་ཡང་སྐྱེ་བའམ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་བྱང་བ་ངོ་བོ་ཉིད་མེད་པའི་རྣལ་འབྱོར་ལ་སྤྱོད་པ་ནི་ཆོས་
གང་ཡང་ཐོབ་པར་མི་འདོད་ཅིང་མངོན་པར་རྟོགས་པར་མི་འདོད་པའི་ཕྱིར་རོ། །ཡང་ན་ཡོངས་སུ་དག་པའི་དེ་བཞིན་ཉིད་ལ་རྣལ་འབྱོར་ཞེས་བྱ་སྟེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཡང་དག་ཚོལ་བ་མི་གཏོང་ཞིང་། །སྣང་བ་མེད་པ་གང་གི་ཚེ། །གཟུང་བ་དང་ནི་འཛིན་པ་དང་། །གྲོལ་
དང་བཅིངས་པ་མི་མཐོང་བ། །དེ་ཚེ་རྣལ་འབྱོར་སྙོམས་ཞུགས་པ། །ང་མཐོང་འགྱུར་བར་དོགས་པ་མེད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་སྟོང་པ་ཉིད་ཡིད་ལ་བྱེད་པ་ལ་རྣལ་འབྱོར་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་ཆེན་པོ་ནི་འདི་
ཡིན་ཏེ། འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་རྣལ་འབྱོར་རོ། །ཤཱ་རིའི་བུ་སྟོང་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་སར་མི་ལྟུང་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་བར་དུ་ཡང་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཉིད་རྣལ་འབྱོར་གྱི་མཆོག་ཡིན་ཏེ། དེ་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་གང་ཇི་སྙེད་པ་དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་མཆོག་ཅེས་བྱའོ། །གཙོ་བོ་དང་མི་མཉམ་པ་དང་མཉམ་པའི་བར་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་རྣལ་འབྱོར་འདི་ནི་གོང་ན་མེད་པ་ཡིན་པའི་ཕྱིར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་དེས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བྱ་སྟེ། བསྟན་པ་ལ་ཁྱབ་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣལ་འབྱོར་ཡིན་ཏེ། དེ་ལ་བསྒོམ་པ་ནི་རྣལ་འབྱོར་བསྒོམ་པ་ཡིན་ནོ་ཞེས་ཇི་སྐད་

གསུངས་པ་ལྟ་བུའོ། །རྣལ་འབྱོར་ཞེས་བྱ་བའི་སྒྲ་ཉིད་ཀྱིས་ཀྱང་གསུང་རབ་མཐའ་དག་སྡུད་པར་ནུས་ན། རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཙམ་གྱིས་ཆོག་གོ། །དེ་ལ་སྤྱོད་པ་ཞེས་བྱ་བ་ནི་བསྟན་པའོ། །ཉན་པ་དང་སེམས་པ་ལ་སོགས་པའི་རིམ་
གྱིས་དེ་དག་གི་སྤྱོད་པ་མཚུངས་པ་ནི་འདུལ་བ་ཡིན་ཏེ། འདི་ལྟ་སྟེ་སྒྲུབ་པའི་རིམ་པ་ལ་སོགས་པའོ། །རྣལ་འབྱོར་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་སྟེ། ཅི་རིགས་སུ་སྦྱར་རོ། །དེ་དག་གིས་དེ་ནི་རྟའི་དཀྱུས་ལྟ་བུ་སྟེ་འགྲོ་བའི་ཡུལ་ཡིན་ནོ། །དེ་ནི་འདི་ལས་ཕྱི་རོལ་པ་རྣམས་ལ་མེད་དོ། །ཡང་ན་རྣལ་འབྱོར་
སྤྱོད་པ་དག་འདི་ལ་བརྟེན་ནས་རང་གིས་ཆོས་བརྟས་པས་མངོན་པར་འཕེལ་བ་སྟེ། ལོ་ཏོག་གིས་དང་འདྲ་བ་དེ་ནི་དེ་དག་གི་ས་ཡིན་ནོ། །ཡང་ན་ཇི་སྐད་སྨོས་པའི་བར་བསྡུས་པའི་ཡེ་ཤེས་ཀྱི་སྤྱོད་པ་མངོན་སུམ་དུ་བྱེད་པ་དེ་སྐྱེད་པའི་གནས་དང་མཐུན་པ་སྟེ། ས་དང་འདྲ་བས་ན་སའོ། །ཡང་ན་རྣལ་འབྱོར་སྤྱོད་པ་དག་
ས་འདི་ལ་སྤྱོད་པར་བྱེད་ཅིང་རང་གི་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་བྱེད་པས་བ་ལང་གི་ས་དང་འདྲ་བར་དེ་ནི་དེ་དག་གི་ས་ཡིན་ནོ། །ཡང་ན་རྣལ་འབྱོར་སྤྱོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་རྣལ་འབྱོར་ལ་སྤྱོད་པའི་
ཕྱིར་རོ། །དེ་དག་གི་ཡུལ་རྣམ་པ་ཐམས་ཅད་དུ་སྤྲོས་པ་མེད་པའི་དབྱིངས་གང་ཡིན་པ་དེ་ནི་རྣལ་འབྱོར་སྤྱོད་པའི་སའོ། །དེ་ཐོབ་པར་བྱེད་པའི་བསྟན་བཅོས་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། ཆོས་མངོན་པ་བཞིན་ནོ། །ཡང་ན་རྣལ་འབྱོར་སྤྱོད་པའི་གནས་སྐབས་སྟོན་པའི་བསྟན་པ་དེ་ལ་ཡང་ས་ཞེས་
བྱ་བ་ས་བཅུ་དང་འདྲ་སྟེ་ཕྱོགས་ནི་དེ་ལྟ་བུའོ། །ས་རེ་རེ་ལ་ཡང་དོན་མང་དུ་ཡོད་པས། ས་རྣམ་པར་གཞག་པ་མཐའ་ཡས་པར་འགྱུར་བའི་ཉེས་པ་མཐོང་ནས། མདོར་ན་ཞེས་བྱ་བ་སྨྲས་སོ། །ས་རྣམས་ཀྱི་རྣམ་པར་གཞག་པ་ནི། རང་བཞིན་གང་དང་ཇི་ལྟར་འཇུག །དེ་ལ་དེ་ཡི་གནས་སྐབས་དང་། །གོ་རིམས་
གང་དང་གང་འཐོབ་དང་། །ཐ་མར་དེ་ཡི་འགྲོ་བ་སྟེ། །གཉིས་དང་གསུམ་དང་བཞི་པོ་དང་། །གསུམ་པོ་དག་དང་གསུམ་དག་དང་། །གཉིས་པོ་དག་གི་ས་རྣམས་ཀྱི། །བསྡུ་བ་ཡོངས་སུ་བསྟན་པ་ཡིན། །དེ་ལ་རྣམ་པར་ཤེས་པ་འཁོར་དང་བཅས་པའི་རང་བཞིན་གྱི་གང་ཟག་རྟོག་པ་དང་བཅས་པ་ལ་

སོགས་པའི་རྣམ་པ་ལ་འཇུག་པའི་ཚེ་མཉམ་པར་གཞག་པ་ལ་སོགས་པའི་གནས་སྐབས་ན་ཐོས་པ་དང་། སེམས་པ་དང་། བསྒོམ་པའི་རིམ་གྱིས་བྱང་ཆུབ་གསུམ་པོ་གང་ཡང་རུང་བ་འཐོབ་པོ། །བྱང་ཆུབ་འཐོབ་པ་དེའི་འགྲོ་བ་ནི་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་
གནས་སྐབས་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །རྣམ་གྲངས་གཞན་དུ་ན་འཇུག་པ་ལས་བརྩམས་ནས་ཆོས་ཐམས་ཅད་སྡུད་པ་དང་། དེ་རབ་ཏུ་དབྱེ་བ་དང་། དེའི་གནས་སྐབས་སྟོན་པ་ནི་ས་གཉིས་དང་། གསུམ་དང་། བཞི་པོ་དག་གིས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་བཞིན་དུ་ལྡོག་
པ་ལས་བརྩམས་ནས་ས་གསུམ་དང་། གསུམ་དང་། གཉིས་དང་། བསྡུ་བའི་ཚིགས་སུ་བཅད་པ་ནི། འཇུག་པ་དང་ནི་ལྡོག་པ་ཡིས། །བསྡུ་དང་དེ་ཡི་དབྱེ་བ་དང་། །དེ་ཡི་གནས་སྐབས་བཤད་པ་ནི། །ས་རྣམས་ཀྱིས་ནི་ཡོངས་སུ་བསྟན། །དེ་ཡང་རྣམ་གྲངས་གཞན་དུ་ན། འཇིག་རྟེན་པ་ཡི་ས་
དང་ནི། །དེ་བཞིན་འཇིག་རྟེན་འདས་པའི་ས། །གནས་དང་ལམ་དང་གནས་སྐབས་ནི། །དགུ་དང་བརྒྱད་ཀྱིས་ཡོངས་སུ་བསྟན། །ཡང་རྣམ་གྲངས་གཞན་དུ་ན། །སེམས་ཅན་ཇི་ལྟར་འཇུག་པ་དང་། །དེ་ལ་དེ་ཡི་གནས་སྐབས་དང་། །དེ་དག་དེ་ལྟར་ལྡོག་པ་དང་། །དེ་ལ་དེ་ཡི་གནས་སྐབས་སོ། །
རྣམ་གྲངས་དང་པོ་གཉིས་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཟུང་བར་བྱ་སྟེ། ས་རྣམས་ཀྱི་གོ་རིམས་ཀྱང་དེ་ཉིད་ཀྱིས་བསྟན་ཏོ། །འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྟོགས་པར་འདོད་པའི་རྣལ་འབྱོར་སྤྱོད་པས་ནི་དང་པོ་ཁོ་ནར་འཁོར་བར་འཇུག་པ་དང་། དེ་ལས་
ལྡོག་པ་གང་ཡིན་པ་དང་། ཇི་ལྟར་འཇུག་པ་དང་། འཇུག་པའི་གནས་སྐབས་གང་ཡིན་པ་དང་། དེ་ལ་ཇི་ལྟར་ལྡོག་པ་དང་། ལྡོག་པའི་གནས་སྐབས་གང་ཡིན་ཞེས་དེའི་གཞིའི་དངོས་པོ་སེམས་ཅན་གྱི་རྫས་བཙལ་བར་བྱའོ། །ཉོན་མོངས་པ་སྤོང་བ་དང་མི་སྤོང་བའི་གནས་སྐབས་ཀྱང་ཤེས་
པར་བྱ་སྟེ། ཡིད་ཆེས་པ་སྐྱེ་བར་འགྱུར་བས་དེའི་ཕྱིར་གནས་སྐབས་ཀྱང་བཙལ་བར་བྱའོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ལས་བརྩམས་པ་སྟེ། ཇི་ལྟར་འདུལ་བ་ལས་རྒྱལ་པོ་དང་རྐུན་པོ་ལས་བརྩམས་པ་ནི་རྒྱལ་པོ་དང་ལྡན་པ་དང་།

རྐུན་པོ་དང་ལྡན་པའི་གཏམ་ཡིན་པར་ཤེས་སོ་ཞེས་འབྱུང་བ་ལྟ་བུའོ། །ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ས་གཅིག་ཏུ་བསྟན་ཅིང་དེ་ཡང་ཡིད་ཀྱི་ས་པས་སྔར་བསྟན་ཞེ་ན། དམིགས་པ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ལས་ཀྱི་ཁྱད་པར་ལྟ་བུ་
མེད་ཅིང་རིགས་གཅིག་པའི་ཕྱིར་གཅིག་ཏུ་བྱས་སོ། །དེའི་ཕྱིར་བརྗོད་པར་བྱ་བ་ཉུང་བས་ན་སྔར་བསྟན་ཏོ། །ཡིད་ཀྱི་ས་ནི་དེ་ལས་བཟློག་པ་ཡིན་པས་ན་ལོག་པ་གཅིག་ཏུ་བསྟན་ལ་བརྗོད་པར་བྱ་བའི་ཕྱིར་ཕྱིས་བསྟན་ཏོ། །ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་ཕྱིར་དགེ་བ་ལ་སོགས་པ་གཞན་དག་
མི་སྨོས་པར་ངོ་བོ་ཉིད་ལ་སོགས་པ་དོན་ལྔ་པོ་དག་ཉིད་བརྗོད་ཅེ་ན། དེ་དག་གི་ངོ་བོ་ཡིན་པ་དང་། དེ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། འདི་ལྟར་དེའི་རང་གི་ངོ་བོ་ཉིད་ཡིན་པ་དང་། དེ་གང་ལས་འབྱུང་བ་དང་། དོན་གང་ཡིན་ཞེས་བྱ་བས་ཀྱང་ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། གྲོགས་
དང་། ལས་ཡོངས་སུ་ཤེས་པར་འགྱུར་བས་ན་དེའི་ཕྱིར་དོན་ལྔ་པོ་དེ་དག་བསྟན་པས་གཞན་ཡང་བསྡུས་པ་ཡིན་ནོ། །དགེ་བ་ལ་སོགས་པ་ཉིད་ཀྱང་གྲོགས་ལ་སོགས་པ་ཡིན་པའི་ཕྱིར་དགེ་བ་ལ་སོགས་པའི་རབ་ཏུ་དབྱེ་བ་ཡང་འདི་ཉིད་དུ་འདུས་པས་ན་ལོགས་ཤིག་ཏུ་མ་བསྟན་ཏེ། དེའི་ཕྱིར་དེ་དག་གིས་
ཐམས་ཅད་བསྡུས་པ་ཡིན་ནོ། །དེའི་ཕྱིར་ལོག་ནས་ཀྱང་ཆོས་ལྔ་པོ་འདི་དག་གིས་ནི་ཕུང་པོ་ལ་མཁས་པ་ཡང་བསྡུས་ལ་སངས་རྒྱས་ཀྱི་བཀའི་དངོས་པོ་དགུའི་བར་དུ་ཡང་བསྡུས་སོ་ཞེས་འབྱུང་ངོ་། །མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་མིག་ནི་རྒྱུར་བྱས་པའི་གཟུགས་ཏེ། ནམ་
མཁའ་ཕྱོགས་གཅིག་པས་ན་རྫས་དྲུག་པོ་ལུས་དང་། ས་དང་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་དང་ཐ་དད་པར་མི་གནས་སོ། །ཡང་ན་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་མ་བཞག་ཀྱང་ས་བོན་བཅུ་གཅིག་དང་ལྡན་ཏེ། ཡུལ་ལྔ་དང་། འབྱུང་བ་ཆེན་པོ་བཞི་དང་། ལུས་དང་། མིག་གིའོ། །
ངེས་པའི་ཚིག་གི་ཚིགས་སུ་བཅད་པ་ནི། མ་ཟད་བར་དུ་གཟུགས་སྤྱོད་དང་། །གཡོ་ཞིང་སྐད་ཅིག་པ་ཉིད་དང་། །རྣམ་པ་བཞི་པོར་གྲགས་པ་དང་། །མཛེས་པའི་ལས་ལས་གྱུར་པ་ཡིན། །རྣམ་པར་ཤེས་པ་ཞེས་བྱ་བ་ནི། དངོས་པོ་དང་། བྱེད་པ་དང་། གཞི་ཞེས་བྱ་བར་གྲགས་སོ། །

དེ་ནི་བྱེད་པ་པོར་ཡང་སྣང་སྟེ། ཟས་ལྟ་བུ་ཞེས་བྱ་བའི་མདོ་ལས། རྣམ་པར་ཤེས་པར་བྱེད་ཅིང་རྣམ་པར་ཤེས་པར་བྱེད་པས་ན་དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་སྟེ། ཅི་ཞིག་རྣམ་པར་ཤེས་ཤེ་ན། གཟུགས་རྣམས་དང་སྒྲ་རྣམས་ལ་སོགས་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མིག་གི་
རྣམ་པར་ཤེས་པ་ཞེས་བྱ་བ་ནི་མིག་ལ་བརྟེན་པའི་རྣམ་པར་ཤེས་པ་ཡིན་པས་ན་མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །ཡང་ན་རྣམ་པར་ཤེས་པ་གང་གིས་མིག་ལ་ཕན་འདོགས་པ་དང་གནོད་པ་བྱེད་པ་ལ་བྱ་སྟེ། འདི་ལྟར་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བས་དབང་པོ་ལ་ཕན་པ་དང་གནོད་པར་
འགྱུར་བའི་ཕྱིར་རོ། །ཡང་ན་མིག་གི་རྣམ་པར་ཤེས་པ་འགྱུར་བར་བྱེད་པའི་ཕྱིར་ཏེ། མིག་སེར་གྱི་ནད་ལ་སོགས་པས་བཏབ་པ་རྣམས་ཀྱི་མིག་གི་དབང་གིས་རྣམ་པར་ཤེས་པར་ཡང་འགྱུར་བའི་ཕྱིར་རོ། །ཡང་ན་གང་མིག་གི་ཕྱིར་མཐུན་པ་ལ་བྱ་སྟེ། མིག་ཉམས་པ་ལ་སོགས་པའི་རྗེས་སུ་འཇུག་པར་བྱེད་པའི་
ཕྱིར་རོ། །ཡང་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རང་གི་ས་བོན་དང་རྗེས་སུ་འབྲེལ་པའི་ཕྱིར་དེའི་དབང་གིས་མིག་ལས་མངོན་པར་འགྲུབ་པར་བྱའོ། །ཡང་ན་རྣ་བ་ལ་སོགས་པ་རྣམ་པར་བཅད་པའི་ཕྱིར་དེ་ནི་མིག་གི་ཞེས་བརྗོད་དོ། །ཡང་ན་གནས་ཀྱི་ཕྱོགས་ལ་རྣམ་པར་ཤེས་པ་སྐྱེ་བ་ཡོད་པའི་ཕྱིར་
མིག་ལ་ཞེས་བྱའོ། །ཅིའི་ཕྱིར་རྣམ་པར་ཤེས་པའི་ཁམས་ཁོ་ན་ངོ་བོ་ཉིད་ཀྱིས་བསྟན་ལ་དེ་ལས་གཞན་པ་མིག་ལ་སོགས་པའི་ཁམས་དག་ནི་མ་བསྟན་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པ་དུ་མས་བྱེད་པས་སྐད་ཅིག་རེ་རེ་ལ་ངོ་བོ་ཉིད་ཐ་དད་པ་སྤང་བར་མི་བྱ་བའི་ཕྱིར་ཏེ། དེ་ནི་སྤྲེའུ་ལྟ་བུ་ཞེས་བྱ་བའི་
མདོ་ལས་བསྟན་པ་ཡིན་ནོ། །རྣམ་པ་དེ་དག་ཀྱང་གང་གིས་བྱས་ཤེ་ན། དེའི་ཕྱིར་གནས་དང་དམིགས་པ་ལ་སོགས་པ་བསྟན་ཏོ། །མིག་ལ་སོགས་པ་ནི་དང་པོར་སྐྱེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་དུ་འཇུག་པའི་ཕྱིར་ཁོང་དུ་ཆུད་པར་སླ་བས་ན་དེ་དག་གི་ངོ་བོ་ཉིད་ནི་ངེས་པར་བསྟན་མི་དགོས་སོ། །
ཡང་རྣམ་པ་གཅིག་ཏུ་ན་སེམས་ནི་རྩེ་བའི་བདག་གི་རྫས་ཀྱི་གཞི་ཡིན་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། དེས་དེ་ལས་གཞན་པའི་ཆོས་རྣམས་རྣམ་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་དག་གིས་ནི་མ་བསྟན་གྱི་མིག་ལ་སོགས་པས་ནི་མ་ཡིན་ནོ། །གང་མིག་ལ་བརྟེན་ནས་གཟུགས་

སོ་སོར་རྣམ་པར་རིག་པའོ་ཞེས་བྱ་བ་ལ། གང་མིག་ལ་བརྟེན་ནས་སོ་སོར་རྣམ་པར་རིག་པ་ཞེས་བྱ་བས་ཀྱང་གྲུབ་མོད་ཀྱི་གཟུགས་སྨོས་པ་ནི་གཟུགས་བརྙན་གྱི་རྣམ་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་རོ། །ཡང་ན་བརྟེན་ནས་ཞེས་བྱ་བའི་སྒྲ་ནི་དམིགས་པ་ལ་ཡང་སྙེགས་པས་ཡིད་ཀྱི་
རྣམ་པར་ཤེས་པ་དང་མཚན་ཉིད་འདྲེས་པར་འགྱུར་བ་རྣམ་པར་བཅད་པའི་ཕྱིར་ཏེ། འདི་ལྟར་འོག་ནས་རྐྱེན་གྱི་མཚན་ཉིད་བཤད་པའི་སྐབས་ནས་ཁ་དོག་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ནི་འཛིན་པ་ཙམ་དུ་གྲགས་པའི་ཤེས་པའི་རྟེན་ཡིན་ནོ་ཞེས་འབྱུང་ངོ་། །ངེས་པར་འབྱིན་པའི་སྐབས་ནས་
ཀྱང་ཡུལ་རྣམས་དམིགས་པར་འདོད་པ་ཞེས་སྨྲས་ནས། རྟེན་དེས་ཉོན་མོངས་པ་ཅན་གྱི་ཚོར་བ་ཀུན་དུ་འབྱུང་ངོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གཞན་དག་ལ་མེད་པའི་ཁྱད་པར་གྱིས་བྱེ་བྲག་ཏུ་བསྟན་པའི་ཕྱིར། ས་བོན་ཐམས་ཅད་པ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་མ་ཡིན་ཏེ། དེ་མེད་ཀྱང་དྲི་ལ་སོགས་པ་བཞིན་དུ་མིག་ལ་སོགས་པ་འབྱུང་བར་སྣང་བའི་ཕྱིར་རོ། །ལུས་ལེན་པར་བྱེད་པ་ཡང་མ་ཡིན་ཏེ། དེ་མ་སྐྱེས་ན་ལུས་གསོན་པོ་ཡང་རོ་བཞིན་དུ་རུལ་བར་ཐལ་བར་
འགྱུར་བ་དང་། དེ་ཡོད་ཀྱང་རྣ་བ་ལ་སོགས་པ་མི་ཟིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་སྨིན་པར་བསྡུས་པ་ཡང་མ་ཡིན་ཏེ། དུས་ཐམས་ཅད་དུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ཀུན་གཞི་རྣམ་
པར་ཤེས་པ་ནི་དེ་ལས་བཟློག་པའི་ཁྱད་པར་བཤད་པ་དང་ལྡན་པ་ཡིན་ནོ། །ཅི་གཞན་དགག་པ་ཙམ་གྱི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་དེ་སྐད་སྨོས་པར་ཟད་དམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ལུང་དང་རིགས་པ་ཡང་ཡོད་དེ། དེ་ནི་འོག་ནས་ཡིད་ཀྱི་ས་བཤད་པའི་སྐབས་ནས་ཤེས་པར་བྱའོ། །དེ་ལ་
ས་བོན་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ནི་མདོར་ན་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་དང་འབྲས་བུའི་དངོས་པོར་བསྟན་ཏེ། དེ་ལ་རྒྱུའི་དངོས་པོ་ལ་སྐྱེད་པའི་རྒྱུ་ནི། ས་བོན་ཐམས་ཅད་པ་ཞེས་གང་སྨོས་པའོ། །གནས་པའི་རྒྱུ་ཉིད་ནི། ལུས་ལེན་པར་བྱེད་པ་ཞེས་སྨོས་པ་སྟེ། འདི་ལྟར་དེས་

ཟིན་ན་ལུས་རུལ་བར་མི་འགྱུར་བའི་ཕྱིར་རོ། །འབྲས་བུའི་དངོས་པོ་ནི་རྣམ་པར་སྨིན་པ་བསྡུས་པ་ཞེས་གང་སྨོས་པའོ། །ཡང་གཅིག་ཏུ་ན་སྒྲོ་འདོགས་པ་དང་། སྐུར་པའི་མཐའི་གཉེན་པོར་བསྟན་ཏེ། དེ་ལ་སྐུར་པ་ནི་འདི་དག་ཐམས་ཅད་རྒྱུ་མེད་པ་ལས་བྱུང་ངོ་ཞེས་ཟེར་བ་སྟེ། དེའི་གཉེན་པོར་ས་བོན་ཐམས་
ཅད་པ་ཞེས་བྱ་བ་བསྟན་ཏོ། །སྒྲོ་འདོགས་པ་ནི་རྣམ་པ་གཉིས་ཏེ། བདག་ཏུ་ངོ་བོ་ཉིད་ཡོད་པར་སྒྲོ་འདོགས་པ་དེའི་གཉེན་པོར་ནི། ལུས་ལེན་པར་བྱེད་པ་ཞེས་བྱ་བ་བསྟན་ཏོ། །དེ་ཉིད་ལ་རྟག་པ་ཉིད་དོ་ཞེས་བྱེ་བྲག་ཏུ་སྒྲོ་འདོགས་པ་དེའི་གཉེན་པོར་ནི། རྣམ་པར་སྨིན་པ་བསྡུས་པ་ཞེས་བྱ་བ་བསྟན་ཏེ། འདི་ལྟར་རྣམ་
པར་སྨིན་པ་ནི་ལས་དང་ཉོན་མོངས་པའི་དུས་ན་མ་བྱུང་བ་ལས་ཕྱིས་བྱུང་བ་ཡིན་པའི་ཕྱིར་རོ། །གང་འབྱུང་བ་ཆེན་པོ་བཞི་པོ་དག་ཅེས་བྱ་བ་ལ་སོགས་པ་ནི་མིག་གི་འབྲས་བུའི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་བསྟན་ཏོ། ཚིག་རེ་རེ་དང་གཉིས་ཀྱིས་
ཡོངས་སུ་བསྟན་ཏོ། །རྒྱུར་བྱས་པ་ཞེས་བྱ་བ་ལ། རྒྱུར་བྱས་པའི་དོན་ནི་རྒྱུ་ལས་བྱུང་བའི་དོན་ཏོ། །མདོ་སྡེ་ལས་གཟུགས་རྒྱུར་བྱས་ནས་ངའོ་སྙམ་པ་འབྱུང་བར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ངའོ་སྙམ་པའི་ང་རྒྱལ་གྱི་རྒྱུ་ནི་གཟུགས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་དུ་མེད་ལ་ཞེས་
བྱ་བ་ནི་སྟོན་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་མི་མཐོང་བའི་ཕྱིར་རོ། །ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ལ། གཅིག་ལ་གཅིག་མི་རེག་པར་ཡུལ་གནོད་པར་བྱེད་པའི་དོན་ནི་ཐོགས་པ་དང་བཅས་པའི་དོན་ཡིན་ན། མིག་ནི་ཐོགས་པ་དང་བཅས་པ་མ་ཡིན་ཏེ། འདི་ལྟར་ནམ་མཁའ་ལ་
དྲི་ལ་སོགས་པ་དང་ཡུལ་གཅིག་པའི་ཕྱིར་མིག་ལ་ནི་དེ་གཉིས་ཀ་མེད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་དུ་ཟིན་ཀྱང་མིག་གི་རང་གི་འབྱུང་བ་ཆེན་པོ་ཐོགས་པ་དང་བཅས་པ་དེ་དག་གི་ནམ་མཁའ་ཡུལ་གཅིག་པ་ལ་ཁྱབ་པས་ན་དེ་དག་གིས་བྱས་པའི་ཐོགས་པ་ཡང་རྒྱུར་བྱས་པའི་གཟུགས་རྣམས་
ལ་བསྟན་ཏོ། །གང་མིག་གི་རྣམ་པར་ཤེས་པའི་སྔ་རོལ་དུ་འདས་མ་ཐག་པའི་རྣམ་པར་ཤེས་པའོ་ཞེས་བྱ་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་སྟེ། འོག་ནས་རྣམ་པར་ཤེས་པའི་ཚོགས་ལྔའི་སྐད་ཅིག་གཉིས་ལྷན་ཅིག་ཏུ་འབྱུང་བ་ཡང་མེད་ལ་ཕན་ཚུན་གྱི་མཇུག་ཐོགས་སུ་ཕན་ཚུན་འབྱུང་བར་འགྱུར་

བར་ཡང་ལྔ་པོ་གཞན་དང་གཞན་འགགས་མ་ཐག་པ་ལས་གཅིག་འབྱུང་བ་ཁོ་ནར་མ་ངེས་སོ་ཞེས་འབྱུང་ངོ་། །སྔོན་གྱི་སྤྲོས་པ་དགའ་བ་རྒྱུར་གྱུར་པ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་དེ་དག་ནི་
གཅིག་རྒྱུ་ཡིན་ནོ་ཞེས་སྟོན་ཏོ། །སྔོན་གྱི་སྤྲོས་པ་དགའ་བ་རྒྱུར་གྱུར་པ་ཞེས་བྱ་བས་ནི་འཇུག་པའི་རྣམ་པར་ཤེས་པ་དང་སེམས་ལས་བྱུང་བ་དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཡིན་པར་བསྟན་ཏོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་གཞན་དག་གི་རྒྱུ་ཡིན་པར་བསྟན་ཏེ།
འདི་ལྟར་ཆོས་འདི་པ་དག་གི་ཐོས་པ་ལས་བྱུང་བ་ལ་སོགས་པའི་རྣམ་པར་ཤེས་པ་འཁོར་དང་བཅས་པ་དག་མ་གཏོགས་པ་གཞན་དག་ནི་སྤྲོས་པ་ཞེས་བྱའོ། །དེ་དག་ཉིད་དགའ་བ་ཡང་ཡིན་ཏེ། འཁོར་བ་ལ་མངོན་པར་དགའ་བའི་ཕྱིར་རོ། །དེ་དག་ཉིད་རྒྱུ་ཡང་ཡིན་ཏེ། དེ་དག་གི་དབང་གིས་འགྲོ་བ་རྣམས་
སུ་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །ཡང་དོན་གཞན་དུ་སྤྲོས་པ་ཞེས་བྱ་བ་ནི་ནང་གི་ཕུང་པོ་རྣམས་ལ་བྱ་སྟེ། འདི་ལྟར་འོག་ནས་ཀྱང་སྤྲོས་པ་དང་འཇིག་ཚོགས་ཀྱི་དངོས་པོ་རྣམས་ནི་དོན་གཅིག་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་དགའ་བ་ནི་བདག་ལ་ཆགས་པ་ཡིན་ནོ། །དེ་ནི་ཀུན་
གཞི་རྣམ་པར་ཤེས་པ་མངོན་པར་གྲུབ་པའི་རྒྱུ་ཡིན་ཏེ། འདི་ལྟར་བདག་བདེ་བར་འགྱུར་བར་བྱའོ་ཞེས་ལས་བྱེད་པ་དེ་ཡང་རྣམ་པར་སྨིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་སྐྱེ་བའི་ཚེ་བདག་ལ་ཆགས་པ་ཀུན་ཏུ་འབྱུང་བ་ནི་ཉིང་མཚམས་སྦྱོར་བའི་རྒྱུ་ཡིན་པས་ན་དེའི་ཕྱིར་སྤྲོས་པ་ལ་དགའ་བ་ནི་མངོན་
སུམ་གྱི་རྒྱུ་ཡིན་ཏེ། འདི་ལྟར་འོག་ནས་ཐམས་ཅད་འཆི་བའི་ཚེ་མི་གསལ་བའི་འདུ་ཤེས་ཀྱི་གནས་སྐབས་སུ་མ་གྱུར་པས་ན་ཡུན་རིང་པོ་ནས་གོམས་པས་བདག་ལ་ཆགས་པ་འབྱུང་བར་འགྱུར་ཏེ། དེའི་དབང་གིས་བདག་འཆི་བར་འགྱུར་རོ་སྙམ་ནས་ལུས་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ནི་
དེའི་མངོན་པར་འགྲུབ་པའི་གཞི་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཡང་གཅིག་ཏུ་མ་སྤྲོས་པ་ཞེས་བྱ་བ་ནི་ས་བོན་ལ་བྱ་སྟེ། འདི་ལྟར་འོག་ནས་ས་བོན་གྱི་རྣམ་གྲངས་བཤད་པའི་སྐབས་ནས་ཀྱང་ས་བོན་དང་། བག་ཆགས་དང་། སྤྲོས་པ་དང་། རྒྱུ་ཞེས་བྱ་བ་ལ་སོགས་པ་ནི་ས་བོན་གྱི་

རྣམ་གྲངས་སུ་བཏགས་སོ་ཞེས་འབྱུང་ངོ་། །དགའ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་བྱ་སྟེ། དེ་གཉིས་ཀ་ཡང་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་ཏེ། འདི་ལྟར་སྲེད་པས་བསྡུས་པའི་ས་བོན་ནི་སྲིད་པ་ཡིན་ལ། སྲེད་པའི་རྐྱེན་གྱིས་ནི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །ཡང་
དོན་གཞན་དུ་སྤྲོས་པ་ཞེས་བྱ་བ་ནི་ནང་གི་རྣམ་པར་སྨིན་པའི་འབྲས་བུ་རྨོངས་པའི་ཐ་སྙད་ཀྱི་གཞི་སྟེ་ངར་འཛིན་པའོ། །འདི་ལྟར་འོག་ནས་ཚིགས་སུ་བཅད་པ་རྣམ་པར་བཤད་པའི་སྐབས་ནས། འབྱུང་བར་འགྱུར་རམ་མི་འགྱུར་ཞེས། །དེའི་ཕྱིར་སྤྲོས་པ་ཁས་ལེན་ཏོ་ཞེས་བྱ་བ་འབྱུང་ངོ་། །
དེ་ལ་དགའ་བ་ནི་བདག་ལ་བདེ་བའི་དབང་དུ་བྱས་ཏེ། དེ་ལ་མངོན་པར་དགའ་བ་སྔོན་དུ་བཏང་བས་སྤྲོས་པ་ལ་མང་དུ་གནས་པའོ། །དེ་ལྟར་ལས་གནས་པའི་ལས་གང་ཡིན་པ་དེས་བསྐྱེད་པའི་བག་ཆགས་ནི་སྤྲོས་པ་ལ་དགའ་བ་རྒྱུར་གྱུར་པ་ཡིན་ཏེ། རྒྱུ་ཞེས་བྱ་བའི་སྒྲ་ནི་ས་བོན་གྱི་རྣམ་གྲངས་སུ་
རྟོགས་སོ་ཞེས་སྔར་སྨྲས་པའི་ཕྱིར་རོ། །དེ་ནི་བདག་ཏུ་འཛིན་པ་གཞིར་གྱུར་པ་ཀུན་གཞི་རྣམ་པར་ཤེས་པ་ཚེ་རབས་གཞན་ན་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་ནང་རྨོངས་པ་གང་ཡིན་པ་དང་། ངར་འཛིན་པའི་བར་དེས་ནི་མ་རིག་པ་བསྟན་ཏོ། །དེ་ལ་དགའ་བའི་ལས་ཀྱི་བག་ཆགས་བསྐྱེད་པ་གང་ཡིན་པ་དེ་ནི་
མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་ནི་རྣམ་པར་ཤེས་པ་སྟེ། ཡན་ལག་བཞིའི་ས་བོན་གྱི་གནས་ཡིན་ནོ། །བག་ཆགས་དེས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྐྱེད་དོ། །རྣམ་པར་ཤེས་པའི་རྐྱེན་ལ་འབྲས་བུར་གྱུར་པ་ད་ལྟར་བྱུང་བའི་དུས་ཀྱི་མིང་དང་གཟུགས་ལ་སོགས་པ་འདི་འབྱུང་
སྟེ། དེ་ལྟར་སྔོན་གྱི་མཐའ་ལས་བར་གྱི་མཐའི་རྣམ་པར་སྨིན་པར་མངོན་པར་གྲུབ་པས་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་མངོན་པར་འགྲུབ་པར་འགྱུར་བ་དེ་བསྟན་ཏོ། །ཡང་དོན་གཞན་དུ་ན་སྤྲོས་པ་ཞེས་བྱ་བ་ནི་སྤྲོས་པའི་བག་ཆགས་ལ་བྱ་སྟེ་དེ་ཉིད་རྒྱུ་ཡིན་ནོ། །དགའ་བ་ནི་སྲེད་པའི་རྐྱེན་གྱིས་སྲིད་
པ་ཞེས་བྱ་བའི་རྒྱུ་ཡིན་ཏེ། སྤྲོས་པ་དང་དགའ་བ་དེ་གཉིས་ཀ་ཡང་རྒྱུ་ཡིན་ནོ། །བག་ཆགས་ལ་རྣམ་པ་གཉིས་ཏེ། སྲིད་པའི་ཡན་ལག་གི་བག་ཆགས་ནི་ལས་ཀྱི་ས་བོན་གང་གིས་རྣམ་པར་སྨིན་པའི་དངོས་པོ་གཞན་སྐྱེ་བར་བྱེད་པའོ། །སྤྲོས་པའི་བག་ཆགས་ནི་ངོ་བོ་ཉིད་ཀྱི་ས་བོན་ནོ། །འདིར་

དེ་གཉིས་ཀ་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་བསྟན་པས་ནི་རྐྱེན་གྱི་ཚོགས་མཐའ་དག་སྨྲས་པ་ཡིན་ཏེ། རང་གི་ས་བོན་དང་ལས་ལས་བྱུང་བར་བསྟན་པའི་ཕྱིར་རོ། །འདི་ལྟར་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་གཞན་དང་ལྷན་ཅིག་ཏུ་སྐྱེ་བ་དང་འགག་པ་མེད་པས་ན་དེ་བག་
ཆགས་དེ་དག་ལ་ཡོད། སྔོན་མེད་པའི་བག་ཆགས་བསྒོམ་པ་ཡང་མེད་དོ། །རྐྱེན་རྣམས་ཀྱིས་ས་བོན་རྣམས་བརྟས་པར་བྱེད་དོ། །དེ་ལས་སྲིད་པ་འབྱུང་སྟེ། ཇི་ལྟར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ཁ་ཅིག་སེམས་ཅན་གྱི་དངོས་པོར་བགྲང་བ་དང་། ཁ་ཅིག་དེ་ལ་མ་ཡིན་པ་དང་། དེ་ལ་ཡང་ཁ་ཅིག་ཉན་
ཐོས་ཀྱི་རིས་ཁོ་ནར་གྱུར་པ་ལ་སོགས་པ་བཞིན་དུ་ས་བོན་འདི་ཡང་ངོ་བོ་ཉིད་དུ་གྲུབ་སྟེ། འོག་ནས་བྱུང་བའི་ཚད་མ་དག་གིས་རྟོགས་པར་བྱའོ། །དེ་ཡང་རྣམ་པ་དུ་མ་ཡོད་དེ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །ནམ་མཁའ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བཻ་ཌཱུརྱ་ལྟར་སྣང་བ་མ་གཏོགས་པ་རྒྱུར་བྱས་པའི་
གཟུགས་གཞན་དག་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་དེ་ཉིད་ཀྱི་གནས་སྐབས་ཀྱང་གཏོགས་སོ་ཞེས་ཟེར་རོ། །ཁ་དོག་གཅིག་པའོ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་སྣ་ཚོགས་མ་ཡིན་པ་ལ་ཟེར་རོ། །ཡང་ཁ་ཅིག་ན་རེ་གཞན་དུ་མི་འགྱུར་བ་ལ་བྱ་སྟེ། ཇི་ལྟར་བུམ་པ་ལ་སོགས་པའི་ཁ་དོག་གཞན་དུ་འགྱུར་
བ་ལྟར་ནམ་མཁའ་དེ་དེ་ལྟ་མ་ཡིན་ཏེ། འབྱུང་བ་ཆེན་པོ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་དེ་ལ་ཁ་དོག་གཅིག་པུར་ཟད་དེ། ཏིང་ངེ་འཛིན་གྱི་གཟུགས་བཞིན་ནོ་ཞེས་ཟེར་རོ། །ཡང་ཁ་དོག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་ཁ་དོག་རྣམས་ཀྱི་ངོ་བོ་ཉིད་གཏན་ལ་འབེབས་ཏེ། སྔར་
ནི་གྲངས་ཙམ་ཞིག་བསྟན་པའི་ཕྱིར་རོ། །གང་གཟུགས་དང་འདྲ་བ་ཞེས་བྱ་བ་ནི་དབྱིབས་ལ་མ་ལྟོས་པའི་དངོས་པོ་ཙམ་ལ་བྱའོ། །དབྱིབས་པ་གང་ཞེ་ན། གང་གཟུགས་རྒྱས་པ་ཞེས་བྱ་བ་ནི་ཁ་དོག་གི་རྡུལ་ཕྲ་རབ་རྣམས་བསགས་པ་ཁོ་ནའི་གནས་སྐབས་ལ་དབྱིབས་པ་ཞེས་བརྗོད་པ་ཡིན་ཏེ། དེའི་ཕྱིར་
དེ་ནི་བཏགས་པའི་ཡོད་པར་བརྗོད་པ་ཡིན་ནོ། །གཟུགས་ཀྱི་སྐྱེ་མཆེད་དུ་བསྡུས་པའི་ཕྱིར་སྔོན་པོ་ལ་སོགས་པ་བཞིན་དུ་དེ་ཡང་རྫས་ཉིད་དུ་སྣང་བ་ཡིན་ནམ་ཞེ་ན། གང་གི་ཚེ་ཆོས་ཅན་གྱི་བྱེ་བྲག་ལོག་པར་སྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་དེའི་ཚེ་ཇི་ལྟར་སྣང་སྟེ། འདི་ལྟར་འཁྲུལ་པ་མེད་པས་སྔོན་པོ་

ལ་སོགས་པ་བཞིན་དུ་ཁ་དོག་ལས་དོན་གཞན་མ་ཡིན་པ་ཉིད་དང་། རིང་པོ་དང་ཐུང་ངུའི་ངོ་བོ་ཉིད་ལ་སོགས་པ་ཡང་མེད་པར་སྒྲུབ་པའི་ཕྱིར་རོ། །འགལ་བར་འཁྲུལ་པ་མེད་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་ཏེ། འདི་ལྟར་སྒྲ་ལ་སོགས་པའི་ཁམས་ཀྱིས་མ་བསྡུས་པ་ཁ་དོག་མེད་པའི་བུམ་པ་ལ་སོགས་པ་བཏགས་པའི་
ཡོད་པའི་ཕྱིར་རོ། །གང་དེ་དག་ལས་གུད་ན་བུམ་པ་ཅི་ཡང་མེད་དེ། དེའི་ཕྱིར་སྒྲུབ་དང་ལྡན་ནོ་ཞེས་ཟེར་བ་དེ་ཡང་རྩིང་ཞིང་སླ་སྟེ་ཁོ་བོས་ཀྱང་བརྗོད་ནུས་སོ། །ཁ་དོག་ནི་དབྱིབས་ལས་གུད་ན་མེད་པའི་ཕྱིར་དཔེ་མེད་པར་གྱུར་ཏོ། །ཡང་གཞི་མེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ། །དེ་བཞིན་དུ་མིག་གི་རྣམ་པར་
ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་གཏན་ཚིགས་ཀྱི་སྐྱོན་གསུམ་སྦྱང་བར་བྱའོ། །གཟུགས་རྒྱས་པ་རིང་པོ་ལ་སོགས་པའི་རྣམ་པར་ཡོངས་སུ་གཅད་པའི་རྣམ་པའོ་ཞེས་བྱ་བ་ལ་རིང་པོར་འཛིན་པའི་བློ་ནི་རིང་པོར་ཡོངས་སུ་གཅོད་པའོ། །དེས་གཟུང་བར་བྱ་བ་གང་ཡིན་པ་དེ་ནི་རིང་
པོའོ། །དེ་ཉིད་ཅེས་བྱ་བའི་ཚིག་གིས་ནི་རྣམ་པར་རིག་བྱེད་ཀྱང་བཏགས་པའི་ཡོད་པ་ཉིད་ཡིན་པར་སྟོན་ཏོ། །རྒྱུར་བྱས་པ་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང་བུམ་པ་བཞིན་དུ་ལུང་དུ་མ་བསྟན་པ་ཉིད་དུ་ཐལ་བར་མི་འགྱུར་རམ་ཞེ་ན། དེ་ཀུན་ནས་སློང་བར་བྱེད་པ་སེམས་པའི་དབང་གིས་
དགེ་བ་ལ་སོགས་པར་རྣམ་པར་གཞག་པའི་ཕྱིར་ཐལ་བར་འགྱུར་བ་མེད་དོ། །ཡང་གཅིག་ཏུ་ན་གདགས་པ་རྣམས་ནི་བཏགས་པའི་ཆོས་ཀྱི་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་མ་ངེས་པས་ན་དེ་ནི་གྱི་ནའོ། །གང་གི་ཚེ་བཏགས་པ་དགེ་བ་དང་མི་དགེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་འཕེན་པར་བྱེད་
པ་ཡང་མ་ཡིན་ན། ཅིའི་ཕྱིར་དེ་ལས་ཉིད་དུ་རྣམ་པར་གཞག་ཅེ་ན། ཇི་སྐད་དུ་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་མདོ་ནི་ལུང་ལས་མིང་དང་གཟུགས་ལ་བརྟེན་ནས་རྙོག་པ་ཅན་གཏི་མུག་ལས་བྱུང་བའི་ཡིད་ལ་བྱེད་པ་སྐྱེའོ། །དེ་ལ་མ་རིག་པ་གང་ཡིན་པ་དེ་ནི་གཏི་མུག་གོ། །རྨོངས་
པའི་འདོད་པ་གང་ཡིན་པ་དེ་ནི་སྲེད་པའོ། །སྲེད་པ་ཅན་གྱི་རྣམ་པར་རིག་བྱེད་གང་ཡིན་པ་དེ་ནི་ལས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་ལས་སུ་གསུངས་པའི་ཕྱིར་འདི་ཉིད་རིག་པ་ཡང་ཡིན་ཏེ་སེམས་པ་བཞིན་ནོ། །ཡང་ན་འཇིག་རྟེན་གྱི་རྗེས་སུ་ཞུགས་པ་ནི་ཚུལ་ཡིན་

པའི་ཕྱིར་རོ། །སྐྱེས་པ་འགགས་པ་ཞེས་བྱ་བའི་ཚིག་ནི་ཆོས་འདི་པ་ཁ་ཅིག་རྣམ་པར་རིག་བྱེད་ཀྱི་གནས་གཟུགས་ནི་དུས་གཞན་དུ་ཡང་གནས་པར་འཛིན་ཅིང་དེ་ལྟར་རྟོག་པ་དག་ཡོད་པ་བསལ་བའི་ཕྱིར་རོ། །མི་མཐུན་པའི་རྒྱུས་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པར་ངེས་པའི་སེམས་
པ་གཅིག་ལས་གཅིག་བྱུང་བ་ལས་ཀུན་ནས་སློང་བའི་སེམས་ལས་བསླང་བའི་རྩོལ་བས་བསྐྱེད་ནས་ཕྱོགས་དེ་ཉིད་དུ་གཟུགས་འབྱུང་བ་དང་མི་མཐུན་པའི་རླུང་གིས་སོ། །བར་དུ་མ་ཆོད་པའམ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་དབྱིབས་དེ་ཉིད་རྣམ་པར་མ་འཁྲུགས་པར་ཡུལ་གཞན་དུ་འགྲོ་བའོ། །བར་དུ་ཆོད་པ་དང་
བཅས་པའམ་ཞེས་བྱ་བ་ནི་ཡང་དང་ཡང་དུ་རྣམ་པར་འཁྲུགས་པས་སོ། །འབྱུང་བ་དང་ཞེས་བྱ་བ་ནི་བྱ་བའི་ངོ་བོ་ཉིད་སྟོན་ཏོ། །ཕྱོགས་དེ་ཉིད་དུ་ཡང་མི་འགྱུར་བ་འབྱུང་བ་ནི་ཞེས་བྱ་བས་ནི་རྣམ་པར་རིག་བྱེད་གཡོ་བ་མེད་ཀྱང་བྱ་བའི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །རྣམ་གྲངས་སུ་གཏོགས་པའོ་ཞེས་བྱ་བས་ནི་སྤྱི་དང་
བྱེ་བྲག་སྟོན་ཏེ། དེ་ལ་སྤྱི་ནི་ཁ་དོག་དང་དབྱིབས་དང་རྒྱས་པ་དང་རྣམ་པར་རིག་བྱེད་དང་ལས་དང་བྱེད་པ་ཞེས་བྱ་བ་དག་གོ། །བྱེ་བྲག་ནི་སྣང་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྣང་བ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱུང་བའི་ཁ་དོག་གསོལ་བའོ། །བསལ་བ་ཞེས་བྱ་བ་ནི་ཀུན་ནས་སོ། །རིང་པོ་ཞེས་བྱ་བ་ནི་དབྱིབས་
རྒྱས་པ་ཕྱོགས་གཅིག་ཏུ་ཤས་ཆེར་འབྱུང་བའོ། །ཐུང་ངུ་ཞེས་བྱ་བ་ནི་དེ་བས་ཐུང་བའོ། །སྤྱོད་པ་ཞེས་བྱ་བ་ནི་ཐོབ་པའི་དོན་རྣམས་ལ་ཉེས་པར་སྤྱོད་པའི་ལུས་ཀྱི་ལས་གང་ཡིན་པའོ། །གཡོ་བ་ཞེས་བྱ་བ་ནི་མ་ཐོབ་པ་རྣམས་ལ་རྩོལ་ཞིང་གཡོ་བར་བྱེད་པའི་ལུས་ཀྱི་ལས་གང་ཡིན་པ་སྟེ། དེ་ནི་གཡོ་
བ་ཞེས་བྱའོ། །རྒྱུར་བསྟན་པའི་ཕྱིར་རི་མོ་ལས་བཞིན་ནོ། །ཡོངས་སུ་གཡོ་བ་ཞེས་བྱ་བ་ནི་དེ་གཉིས་ཀ་ལ་བརྩོན་འགྲུས་ཆེར་རྩོམ་པའི་ལུས་ཀྱི་ལས་སོ། །སྤྱོད་ཡུལ་དང་། ཡུལ་དང་། དམིགས་པ་ཞེས་བྱ་བ་རྣམས་ཀྱི་དོན་གྱི་བྱེ་བྲག་ནི་གང་གི་བྱ་བ་ལ་གནོད་པ་མེད་པ་དེ་ནི་དེའི་སྤྱོད་ཡུལ་ལོ། །ཡང་གང་
གི་བློ་གང་ལ་སྤྱོད་པ་ལ་བྱའོ། །ཉོན་མོངས་པ་སྣ་ཚོགས་ཀྱིས་འཆིང་བར་བྱེད་པའི་དོན་ནི་ཡུལ་ཞེས་བྱ་སྟེ། སྣ་ཚོགས་ཀྱིས་འཆིང་བར་བྱེད་པའི་ཕྱིར་རོ། །ཡང་ན་བྱ་བ་ལ་གནོད་པ་མེད་པ་སྟེ་སྔ་མ་བཞིན་ནོ། །བདག་ཏུ་སྣང་བའི་འཛིན་པ་བསྐྱེད་པའི་དོན་ནི་དམིགས་པའི་དོན་ཏོ། །ཁ་དོག་ལྟ་བུའོ་ཞེས་བྱ་བ་

ནི་དུ་བ་དང་ཁུག་རྣ་ལ་སོགས་པའོ། །དེ་ལྟར་ན་དམིགས་པ་དེ་ནི་བསྟན་པ་དང་། བཤད་པ་དང་། བཤད་པའི་བར་དུ་དབྱེ་བ་དང་། ངོ་བོ་ཉིད་དང་། རྣམ་གྲངས་དང་། བསྡུ་བ་རྣམས་ཀྱིས་བསྟན་ཏེ། གཟུགས་གང་ཞེས་བྱ་བ་ལ་སོགས་པ་དང་། མདོར་ན་ཁ་དོག་དང་ཞེས་བྱ་བ་ལ་སོགས་པ་དང་། སྔོན་པོ་དང་ཞེས་བྱ་
བ་ལ་སོགས་པ་དང་། ཡང་ཁ་དོག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དང་། དེ་ལ་ཁ་དོག་ནི་ཞེས་བྱ་བ་ལ་སོགས་པ་དང་། ཡང་དེ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་གི་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་དབྱིབས་དང་རྣམ་པར་རིག་བྱེད་ནི་ཁ་དོག་ལས་གུད་ན་མེད་པའི་ཕྱིར། ཡང་དེ་ཉིད་ཅེས་བྱ་བ་ལ་སོགས་
པས་ཁ་དོག་ཉིད་ཀྱི་བསྡུ་བ་བསྟན་ཏོ། །དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཏེ་ཞེས་བྱ་བ་ལ། མཚུངས་པར་ལྡན་པ་ཞེས་བྱ་བ་གཟུང་བ་ཁོ་ནས་ཀྱང་ལྷན་ཅིག་བྱུང་བ་དང་སེམས་ལས་བྱུང་བ་ཉིད་གྲུབ་པོ་ཞེ་ན། ལྷན་ཅིག་འབྱུང་བ་ཁོ་ན་ཡིན་ནོ་ཞེས་ངེས་པར་བྱ་
བའི་ཕྱིར་དང་། སེམས་ལས་བྱུང་བའི་སྒྲ་བརྗོད་པས་སེམས་ལ་བརྟེན་པ་ཉིད་དུ་བསྟན་པས་སེམས་གཙོ་བོ་ཡིན་པར་ཤེས་པར་བྱ་བའི་ཚིག་གཞན་ཡང་སྨོས་ཏེ། དེའི་ཕྱིར་དེ་དག་ནི་གྲོགས་ཀྱི་དོན་དུ་བཤད་པ་ཡིན་ནོ། །ཡང་ན་སྤྱི་དང་བྱེ་བྲག་གི་སྒྲ་ཡིན་ཏེ། གཞན་དང་མི་འཁྲུལ་པའི་བྱེ་བྲག་ཡིན་པས་ཉེས་
པ་མེད་དོ། །རེག་པ་ཞེས་བྱ་བ་ནི་ཡུལ་སྡུག་པ་དང་། མི་སྡུག་པ་དང་། གཉིས་ཀ་ལས་བཟློག་པ་ཉིད་དུ་གཟུང་བའི་རྣམ་པ་སྟེ། གོ་རིམས་བཞིན་དུ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་རྟེན་པོ་ཡིན་ལ། དབང་པོ་ཡང་དེ་བཞིན་དུ་འགྱུར་བའི་རྒྱུའོ། །
འདི་ལྟར་སེམས་ལས་འབྱུང་བར་བརྗོད་པར་སྣང་བ་ཡིད་ལ་བྱེད་པ་ལ་སོགས་པ་དེ་བཞིན་དུ་དེ་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་བས་དེའི་ཕྱིར་དེ་ནི་རྫས་སུ་ཡོད་དོ། །ཡང་གཅིག་ཏུ་ན་ཡིད་ལ་བྱེད་པ་ལ་སོགས་པ་ཐམས་ཅད་ཀྱང་ཚད་མ་གསུམ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། དེ་ལ་ལུས་ནི་སྐྱེ་མཆེད་དྲུག་
བསྟན་པ་དེ་དང་དེ་དག་ལས་བཅོམ་ལྡན་འདས་ཀྱིས་ཡིད་ལ་བྱེད་པ་ཉེ་བར་གནས་པར་གྱུར་ན་ཞེས་ཇི་སྐད་གསུངས་པ་དང་། དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། གསུམ་འདུས་པ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བ་དང་འདུ་ཤེས་དང་སེམས་པའོ་ཞེས་ཇི་སྐད་

གསུངས་པ་ལྟ་བུའོ། །ཚོར་བ་ལ་སོགས་པ་གསལ་བ་རྣམས་ནི་མངོན་སུམ་སྟེ། རང་གིས་རིག་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ལྟར་ན་ཡུལ་སོ་སོར་རྣམ་པར་རིག་པ་དང་། ལས་ཐ་དད་པའི་ཕྱིར་གཟུགས་བཞིན་དུ་རྣམ་པར་ཤེས་པ་ལས་གཞན་ཡིན་ནོ། །མདོ་སྡེ་པ་ཁ་ཅིག་
གི་ཕྱིར་ཚོར་བ་བཞིན་དུ་སེམས་ལས་བྱུང་བ་དག་ཡོད་པར་བརྗོད་པའི་ཕྱིར་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་དག་ཀྱང་གཞན་པ་ཡིན་ནོ། །ཡང་ན་དེ་ལས་ཕུང་པོ་གཞན་ཞིག་ཡིན་པའི་ཕྱིར་གཟུགས་བཞིན་ཏེ། རིགས་པ་ནི་དེ་དག་ལ་སོགས་པའོ། །ལྔ་པོ་དེ་དག་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་བརྗོད་དོ། །ཅིའི་
ཕྱིར་ལྔ་ཁོ་ན་ཞེ་ན། དེ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡུལ་གྱི་ལོངས་སྤྱོད་ཀྱི་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཕྱིར་ཉུང་བར་ཡང་མ་ཡིན་ལ་དྲན་པ་དང་། འདུན་པ་ལ་སོགས་པ་ནི་འཁྲུལ་པ་ཡོད་པའི་ཕྱིར་མང་བ་ཡང་མ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་མེད་ན་རྣམ་པར་ཤེས་པ་མི་འབྱུང་བ་ཁོ་ནར་
འགྱུར་ཏེ། ཚོགས་པ་མ་ཚང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཡིད་ལ་བྱེད་པ་ཉེ་བར་གནས་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་གཅིག་ཏུ་ཡིད་ལ་བྱེད་པ་དང་། སེམས་པ་མེད་ན་མ་བསྒྲུབས་ཤིང་མངོན་པར་འདུས་མ་བྱས་པར་རྣམ་པར་ཤེས་པ་
ཇི་ལྟར་འབྱུང་བར་འགྱུར། འདུ་ཤེས་དང་ཚོར་བ་མེད་ན་ཡུལ་མཚན་མར་འཛིན་པ་དང་། མྱོང་བ་མེད་པ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་འབྱུང་བ་ནི་དོན་མེད་པ་ཉིད་དུ་འགྱུར་རོ། །རེག་པ་མེད་ན་ཚོར་བ་དང་འདུ་ཤེས་དང་། སེམས་པ་དག་ཀྱང་མི་འབྱུང་བ་ཁོ་ནར་འགྱུར་ཏེ། རྟེན་པོ་མེད་པའི་
ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་འབྱུང་བ་དང་འཇིག་པ་བསྟན་པའི་མདོ་ལས། རེག་པ་བྱུང་ན་ཚོར་བ་འབྱུང་ལ། ཚོར་བ་བྱུང་ན་འདུ་ཤེས་དང་འདུ་བྱེད་འབྱུང་ངོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་དག་ཐམས་ཅད་ནི་རེག་
པ་ལ་བརྟེན་པ་ཡིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་གནས་བརྟན་ཤཱ་རིའི་བུའི་མདོ་ལས་ཀྱང་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་སྟེ། རེག་པ་མེད་ན་ཚོར་བ་མི་འབྱུང་ངོ་ཞེས་གསུངས་ཏེ། དེའི་ཕྱིར་དེ་དག་ནི་གདོན་མི་ཟ་བར་འབྱུང་བར་འགྱུར་བ་ཡིན་ནོ། །འདུན་པ་ནི་འདོད་པའི་དངོས་པོ་ཁོ་ན་ལ་འབྱུང་བར་འགྱུར་ཏེ།

གཞན་ལ་མ་ཡིན་ནོ། །དྲན་པ་ཡང་དྲིས་པའི་དངོས་པོ་ཁོ་ན་ལ་སྟེ། གཞན་ལ་མ་ཡིན་ལ། དེ་དག་ལ་སོགས་པ་གཞན་ཡང་འཁྲུལ་པ་ཡོད་པའི་ཕྱིར་མ་ངེས་པས་དེའི་ཕྱིར་ཀུན་ཏུ་འགྲོ་བ་ནི་ལྔ་ཁོ་ནར་ཟད་དོ། །སེམས་ལས་བྱུང་བའི་ཆོས་གཞན་གང་དག་ཅེས་བྱ་བ་ནི་དྲན་པ་དང་། དད་པ་དང་། འདོད་ཆགས་ལ་སོགས་པའོ། །
རྣམ་པ་དུ་མ་ཡོད་པར་རྟོགས་པ་དེ་ལས་གཞན་པའི་སེམས་ལས་བྱུང་བ་དག་བཞིན་དུ་དེ་དག་དམིགས་པ་ཡང་ཐ་དད་པར་དོགས་པ་བསལ་བའི་ཕྱིར། དམིགས་པ་གཅིག་ལ་ཞེས་བྱ་བ