Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 132
Văn bản gốc(Tây Tạng)
Trang 15 / 15 (50.000 ký tự/trang)
་སྤྱོད་པས་གཟིར་བ་ཞེས་བྱ་བ་ནི་མ་འཕྲད་ན་འཆི་བར་འགྱུར་ལ་བྱང་ཆུབ་སེམས་དཔའ་ཡང་ཁོན་གྱི་བསམ་པ་འཛིན་ཏེ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ རོ་སྙམ་དུ་དེ་ལྟར་རིག་ནས་བྱེད་དོ། །མགོ་གཙང་ཞེས་བྱ་བ་ནི་འདོད་པ་ལ་ལོག་པར་གཡེམ་པའི་ཉེས་པ་སྤང་བའི་ཕྱིར་ཏེ། དེ་ལྟར་བུད་མེད་དབང་དུ་གྱུར་ན་ནི་དགའ་མགུར་དགེ་བའི་རྩ་བ་ལ་ཡང་སྦྱར་དུ་ཡོད་ལ། མི་དགེ་བ་ལ་ཡང་སྤང་དུ་གཞུག་ཏུ་རུང་བའི་ཕྱིར་རོ། །དེ་ལྟ་བུའི་ ལས་མང་པོ་སེམས་ཅན་ལ་ཕན་པ་དག་མཐོང་ན་བདག་ལ་མི་ལྟ་ཞིང་སེམས་ཅན་གྱི་དོན་ལ་ལྟ་སྟེ་བྱེད་ན་ཉེས་པ་མེད་དོ། །མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་གནས་སྐབས་ལ་བབ་པའི་ཚེ་ཐབས་གཞན་མེད་པའི་ཕྱིར་ཕྲ་མས་མཛའ་བོའི་དབྱེན་ བྱས་ནས་བསྟན་པ་ལ་འཛུད་པར་བྱེད་ན་ཡང་ཉེས་པ་མེད་དོ། །ཚིག་རྩུབ་པོ་དྲག་པོའི་སྦྱོར་བ་དྲག་པོས་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་དགོད་པའི་ཕྱིར་སྨ་འབེབས་པར་བྱེད་ན་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པ་མེད་དོ། །ཚིག་ཀྱལ་པས་འདུལ་བའི་སེམས་ཅན་རྣམས་ དེའི་སྒོ་ནས་འདུལ་བ་ལ་ཡང་ཉེས་པ་མེད་པར་སྟོན་ཏོ། །ཉན་ཐོས་ཀྱང་ལོག་པར་འཚོ་བའི་སྦྱོར་བས་ཉེས་པ་དང་བཅས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ལོག་པར་འཚོ་བར་སེམས་བསྐྱེད་མ་ཐག་ཏུ་ཉེས་པར་ཡོངས་སུ་མ་ཤེས་ན་ཉེས་པར་འགྱུར་བར་སྟོན་ཏོ། །རྒོད་པས་ ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་བསྐྱེད་པའི་རྣམ་པར་མ་ཞི་བ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་མ་ཞི་བ་ཞེས་སྨོས་པ་མ་ཡིན་ནོ། །རྟ་གད་དུ་དགོད་པ་ཞེས་བྱ་བ་ནི་སྐད་ཆེར་དགོད་པའོ། །ཀུན་ཏུ་རྩེ་ཞེས་བྱ་བ་ནི་ལུས་ཀྱི་སྦྱོར་བའོ། །ཀུན་དུ་ཅ་ཅོ་འདོན་ཞེས་ བྱ་བ་ནི་ལུས་དང་ངག་གི་སྒོ་ནས་སོ། །དགའ་བཞིན་གྱིས་ནི་གང་གི་བསམ་པ་དག་པར་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ངས་རྟོགས་ཏེ། བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཉིད་དུ་གནས་པར་བྱ་བ་ཡིན་ནོ་ཞེས་མདོ་ལས་བྱུང་བ་ཁོ་ན་བཞིན་དུ་བྱང་ ཆུབ་སེམས་དཔའ་རྣམས་འཁོར་བ་ལ་མངོན་པར་དགའ་བར་གནས་ན་ཡང་ཉེས་པར་འགྱུར་བར་བསྟན་ཏེ། ཉན་ཐོས་ཤེས་རབ་རྟུལ་བས་ཀྱང་འཁོར་བའི་ཉེས་དམིགས་ཅན་གྱི་ཉོན་མོངས་པ་ཡོངས་སུ་ཤེས་པ་ཡང་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་འཁོར་བ་ལ་སྐྱོ་བར་བྱ་ དགོངས་ན་བྱང་ཆུབ་སེམས་དཔས་ལྟ་ཧ་ཅང་ཡང་བྱ་དགོས་པར་སྟོན་ཏོ། །དེ་ལས་ཁྱད་པར་དུ་འཕགས་པར་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཡེ་ཤེས་ཆེན་པོ་དང་། མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །དགེ་སློང་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ ནོ། །སྙན་པ་དང་མི་སྙན་པ་ཤིན་ཏུ་རྟོགས་པ་དེ་ཉིད་ནི། དྲི་ངས་ཞེས་བྱ་བ་ལ་སོགས་པས་བཤད་དོ། །མི་སྲུང་ཞེས་བྱ་བ་ནི་ཡོངས་སུ་མི་སྤོང་བ་སྟེ། མི་བདེན་པས་མི་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། བདེན་པའི་དངོས་པོ་དང་བདེན་པའི་དངོས་པོ་མ་ཡིན་པ་དང་གོ་རིམས་ སུ་སྦྱར་རོ། །མུ་སྟེགས་ཅན་ནི་ཤིན་ཏུ་མངོན་པར་ཞེན་ཏེ། དགའ་བར་བྱར་མི་ནུས་པའི་ཕྱིར་རོ། །བྱིས་པ་རྣམས་ཀྱིས་ཁ་ན་མ་ཐོ་བ་མ་ཡིན་པའི་སྒོ་ནས་གཞག་པའི་དྲི་ངས་ལ་དྲི་ངས་མ་ཡིན་པའི་འདུ་ཤེས་ཀྱིས་ཡོངས་སུ་སྤོང་བར་མི་བྱེད་ན་ཉེས་པ་མེད་དོ། །ཐབས་དྲག་པོ་ཞེས་བྱ་བ་ནི་ལུས་དང་ ངག་གི་སྤྱོད་པ་མི་སྡུག་པས་ཆད་པས་གདུལ་བ་རྣམས་ལ་བྱའོ། །ཡིད་མི་དགའ་བར་གྱུར་པ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི་བདག་གི་སེམས་ཀྱི་སྡུག་བསྔལ་བ་ཡོངས་སུ་སྤང་བའི་ཐ་ཚིག་གོ། །གཞན་དག་གི་དོན་ཆུང་ལ་བདག་ཉིད་ཀྱི་ཚེགས་ཆེན་པོར་གྱུར་ན་མ་བྱས་ཀྱང་ཉེས་པ་མེད་དོ། ། དགེ་སློང་གི་ཆོས་བཞི་དང་། བྲལ་བའི་ཉེས་པ་བསྟན་ཏེ། གཤེ་བ་ནི་ཁྲོས་ནས་སྤྱོ་བའི་ཐ་ཚིག་གོ། །ཁྲོ་བ་ནི་ཁྲོར་གཞུག་པའི་བསམ་པ་ཅན་གྱི་ངག་གི་སྤྱོད་པ་མི་སྡུག་པའོ། །རྡེག་པ་ནི་སྡུག་བསྔལ་བསྐྱེད་པའི་བསམ་པས་སྣུན་པར་བྱེད་པའོ། །མཚང་འབྲུ་བ་ནི་གཅིག་ལ་ གཅིག་ཉེས་པ་གླེང་བའོ། །ཉེས་པ་བྱས་པ་ཤད་ཀྱིས་བྱང་བར་མི་བྱེད་པའི་ཉེས་པ་བསྟན་ཏེ། ཉེས་པ་བྱས་སམ་མ་བྱས་པར་ཡང་ང་རྒྱལ་ན་བྱས་སུ་དོགས་པ་ནི་དེ་ལྟ་དེ་ལྟར་འཛིན་པའི་ཕྱིར་རོ། །ཀུན་ནས་མནར་སེམས་ཞེས་བྱ་བ་ནི་ཕྲག་དོག་ཤས་ཆེ་བའི་ཕྱིར་རོ། །ང་རྒྱལ་གྱིས་ ནོད་པ་ཞེས་བྱ་བ་ནི་དམན་པའི་ཚུལ་གྱིས་ངོ་ཚ་བའི་ཕྱིར་རོ། །ཉེས་པ་བྱས་ན་ཡང་ཤད་ཀྱིས་བྱང་བར་མི་བྱེད་པ་དང་། དགོས་པ་ལ་ཡལ་བར་འདོར་བའོ། །འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་ཤད་ཀྱིས་བྱང་བར་བྱས་ན་ཡང་འཁྲུག་པར་འགྱུར་བའོ། །རྩོད་པར་བྱེད་པ་ནི་དེའི་སྒོ་ནས་རྩོད་པར་ བྱེད་པའི་ཕྱིར་རོ། །བཟོད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི་འགྱུར་བ་མེད་པར་ཤེས་པ་སྟེ། ཤད་ཀྱིས་བྱང་བར་བྱས་ཀྱང་རུང་མ་བྱས་ཀྱང་རུང་དེའི་སེམས་འགྱུར་བ་མེད་པར་རིག་པའམ། ཤད་ཀྱིས་བྱང་བར་བྱེད་མི་འདོད་པའམ། ངོ་ཚ་བར་བྱེད་དེ་མི་མཐུན་པར་འདུ་ཤེས་པར་རིག་ པ་ན་ཤད་ཀྱིས་མ་སྦྱངས་ཀྱང་ཉེས་པ་མེད་དོ། །རྩོད་པ་ལ་ཉེས་པ་བྱུང་བ་དག་ཅེས་བྱ་བ་ནི་རྩོད་པ་བྱུང་བ་རྣམས་དང་། རྩོད་པ་ལ་ཞུགས་པ་རྣམས་ལ། ཤད་ཀྱིས་བྱང་བར་བྱེད་པའོ། །མི་ཉན་ཞེས་བྱ་བ་ནི་སེམས་མི་དགའ་བའམ། མི་བཟོད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། ། ཆོས་བཞིན་མ་ཡིན་པ་ཞེས་བྱ་བ་ནི་མི་རིགས་པའོ། །ཁྲོ་བའི་བསམ་པ་ཞེས་བྱ་བ་ནི་ཁྲོ་བའི་སེམས་ཏེ་རྒྱུན་མི་འཆད་པར་འབྱུང་བའོ། །འཛིན་པ་ནི་རྣམ་གྲངས་སོ། །ཚོགས་སྡུད་པའི་དབང་དུ་བྱས་ཏེ་སྨས་པ་ནི། རིམ་གྲོ་བྱ་བ་དང་བསྙེན་བཀུར་བྱ་བ་ཁོ་ནའི་དབང་དུ་བྱས་ནས་དེ་ཁོ་ ནའི་ཕྱིར་ཟང་ཟིང་མེད་པའི་ཕྱིར་སེམས་དང་ལྡན་པས་རིམ་གྲོ་བྱ་བ་དང་། བསྙེན་བཀུར་བྱ་བ་བདག་གིར་བྱེད་ན་ཉེས་པ་མེད་དེ། སྦྱོར་བ་ཡོངས་སུ་ཟིན་ཀྱང་བསམ་པ་དག་པའི་ཕྱིར་རོ། །བྲེ་མོ་གཏམ་ལ་ཀུན་དུ་ཆགས་པའི་སེམས་ཀྱིས་ནི་བྲེ་མོ་གཏམ་ལ་འདུས་པའི་ནང་དུ་རྒྱལ་པོ་དང་ ཆོམ་རྐུན་ལ་སོགས་པའི་གཏམ་ངན་པ་ལ་འཇུག་པའོ། །བརྗེད་པ་ཞེས་བྱ་བ་ནི་སེམས་རྣམ་པར་གཡེངས་པའོ། །དྲན་པ་ལ་གནས་ཀྱང་ཕ་རོལ་གྱི་ངོར་ཉན་པ་དང་། ཡ་མཚན་དུ་འཛིན་པ་དང་དྲིས་པའི་ལན་འདེབས་པ་ཙམ་ལ་ནི་ཉེས་པ་མེད་དེ། །སློབ་པ་ལ་བརྩོན་པ་དང་། འོག་ ནས་འབྱུང་བ་ལ་ནི་དེ་ཡང་ཉེས་པའི་གནས་ཡིན་ནོ། །སེམས་གནས་པ་ཉིད་ནི་སེམས་མཉམ་པར་འཇོག་པར་འདོད་ལ་ཞེས་བྱ་བས་སྟོན་ཏོ། །བསམ་གཏན་ལ་བརྩོན་པ་ཁོ་ནའི་སྒྲུབ་པའི་དབང་དུ་བྱས་ནས། །འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཏིང་ངེ་འཛིན་ཐོབ་པ་ན་ཡང་ བསམ་གཏན་ཙམ་གྱིས་ཆོག་པར་འཛིན་པ་ཉེས་པར་འགྱུར་བ་ནི། ཡོན་ཏན་དུ་ལྟ་ཞེས་བྱ་བས་སྟོན་ཏོ། །ཤེས་རབ་མངོན་པར་སྒྲུབ་པའི་སྦྱོར་བ་ལ་ཉེས་པར་འགྱུར་བའི་དབང་དུ་བྱས་ནས། །བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བསླབ་པར་ཡང་ མི་བྱའོ་ཞེས་བྱ་བ་ནི་ནན་ཏན་དུ་བསྒྲུབ་པར་མི་བྱ་བའི་ཐ་ཚིག་གོ། །དོན་མེད་པ་ནི་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །དེ་ཉིད་ལ་བྱེ་བྲག་ཏུ་བརྩོན་པར་བྱ་བ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གཅིག་ཏུ་ངེས་པར་དེ་ལ་བརྩོན་པའི་འདུན་པ་བཟློག་པའི་ཕྱིར་ན་ ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕལ་པོ་ཆེའི་ལམ་སྟོན་པར་བྱེད་པ་ཡིན་པས་ནི་དེ་ཉིད་ལ་བྱེ་བྲག་ཏུ་བསླབ་པར་བྱ་དགོས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུན་ཐུང་ངུས་ཀྱང་དྲན་པར་ ནུས་པ་དང་། སེམས་རྣོ་ཞིང་ཤེས་རབ་གསལ་བས་དོན་སེམས་པ་དང་རྟོགས་པར་བྱེད་ནུས་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་གསུང་རབ་རྟོགས་པར་ནུས་ཏེ། རྟོགས་པའི་ཤས་ཆེ་བ་ལ་ནི་ཉེས་པ་མེད་དོ། །དེ་ལས་ཉེས་འགྱུར་དུ་ཞེས་བྱ་བ་ནི་མྱུར་བ་ཁོ་ནར་རྒྱུན་དུ་ཆུད་པ་དང་། གུས་ པར་བརྩོན་ཞིང་གོམས་པར་བྱེད་དེ། རང་གི་གཞུང་ལ་བརྩོན་དུ་ཟིན་ཀྱང་ཉེས་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་དང་ཡང་མ་འགལ་བར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱས་སུ་ཟིན་ཀྱང་དེ་ལ་གནས་པའི་ལྟ་བ་ཅན་གྱི་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་སྦྱོར་བ་མ་གནང་སྟེ། དཔེར་ན་དགོས་པའི་དབང་ གིས་སྨན་ཚ་བ་བསྟན་པ་དེ་བཞིན་དུ་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་ཡང་དེ་དང་འདྲ་བར་བྱའོ། །མཆོག་ཏུ་ཟབ་པ་ནི་ཉན་ཐོས་ལ་སོགས་པའི་བློ་ལས་འདས་པའི་ཕྱིར་ཏེ། དེའི་ཕྱིར། དེ་ཁོ་ནའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དང་ལྡན་པ་མ་ཡིན་ཞེས་བྱ་བ་ནི་དོན་དང་འབྲེལ་པ་མ་ཡིན་ཞིང་ཤེས་རབ་ཀྱི་ཁྱད་པར་གྱི་རྟེན་ མ་ཡིན་པའི་ཕྱིར་རོ། །ཆོས་དང་ལྡན་པ་མ་ཡིན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཁྱད་པར་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །གཅིག་ཏུ་ན་དོན་བཟང་པོ་ཡང་མ་ཡིན་ལ་ཚིག་འབྲུ་བཟང་པོ་ཡང་མ་ཡིན་པ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །དེའི་ཕྱིར་ཕན་པ་དང་བདེ་བར་འགྱུར་བ་མ་ཡིན་ཞེས་སྨོས་སོ། །སྐུར་པ་འདེབས་པ་དང་ལྡན་པ་ནི་ བདག་ཉིད་ཀྱི་ཚུལ་བཞིན་མ་ཡིན་པར་བྱེད་པའམ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། རང་གི་སྟོབས་དང་རྒྱུའི་སྟོབས་སམ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གཞན་གྱི་སྟོབས་དང་སྦྱོར་བའི་སྟོབས་སོ། །གལ་ཏེ་ཟབ་མོ་ལས་སེམས་མི་འཇུག་པར་འགྱུར་ན། དེ་ལས་སྒྲུབ་པ་ནི་དེ་ལ་བྱང་ཆུབ་ སེམས་དཔའ་དད་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ལོང་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་མིག་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྱན་གྱིས་ཞེས་བྱ་བ་ནི་ཡིད་ཆེས་པའི་ལུང་གི་ཚད་མས་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་ཏེ་གསུངས་ཞེས་བྱ་བ་ནི་དོན་གཞན་ལ་ལྡེམ་པོར་དགོངས་པའི་ཚིག་ཡིན་པའི་ ཕྱིར་རོ། །མོས་པའི་དབང་ཁོ་ནས་སྤོང་བར་མི་བྱེད་ན་ནི་ཉེས་པ་མེད་དོ། །ལ་ལ་ནི་མོས་པ་མེད་དུ་ཟིན་ཀྱང་ཞེས་བརྗོད་དེ་དེ་དང་སྦྱར་ན་ནི་མ་མོས་སུ་ཟིན་ཀྱང་སྤོང་བར་མི་བྱེད་ན་ཉེས་པ་མེད་ཅེས་བྱའོ། །སྔར་ནི་རྙེད་པ་དང་། །བཀུར་སྟི་ལ་བརྐམ་པའི་དབང་དུ་བྱས་ནས་བདག་བསྟོད་པའི་ཕམ་པ་ལྟ་བུའི་གནས་བསྟན་ཏོ། །ད་ནི་བདག་ ལ་གཅེས་པར་འཛིན་པའི་སེམས་ཀྱིས་བདག་ལ་སྟོད་པར་བྱེད་པའི་ཉེས་པའི་གནས་གཞན་བསྟན་ཏེ། དེའི་ཕྱིར་ཟང་ཟིང་བཅས་པའི་སེམས་ཞེས་སྨོས་སོ། །བསྟན་པའི་དགྲ་ཡིན་པའི་ཕྱིར་མུ་སྟེགས་ཅན་ལ་སྨོད་པར་བྱེད་པ་ནི་ཉེས་པ་མེད་དོ། །མུ་སྟེགས་ཅན་རྣམས་ཟིལ་གྱིས་གནོན་པའི་དགོས་པ་ནི་བསྟན་པ་གནས་ པར་བྱ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་ཉིད་གཅེས་པར་བྱ་བ་བསྐྱེད་པའི་སྒོ་ནས་གཞན་དག་གིས་དད་པ་བསྐྱེད་པའི་ཕྱིར་བདག་བསྟོད་པ་ལ་ཉེས་པ་མེད་དོ། །མ་ཚོར་ན་ཞེས་བྱ་བ་ནི་ཆོས་སྒྲོགས་པ་ཡོད་པར་མི་ཤེས་པའོ། །གལ་ཏེ་དེ་ལྟར་འགྲོ་ན་ཆོས་སྨྲ་བ་མི་དགའ་བར་འགྱུར་བ་དང་། ལན་དུ་ མ་ཐོས་པ་དང་སྔོན་ཤེས་ཟིན་པའི་དོན་གྱི་གཏམ་ཡིན་པར་ཤེས་ན་ཉེས་པ་མེད་དོ། །ཐོས་པ་མཐར་ཕྱིན་པ་ནི་མང་དུ་ཐོས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྒྱུན་མི་ཆད་པར་བསམ་གཏན་ལ་བརྩོན་པ་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཤེས་རབ་རྟུལ་བ་དང་། ལུང་ནོད་པ་ལ་སོགས་པ་སློབ་ པ་ལ་བརྩོན་པ་ལ་ཡང་ཉེས་པ་མེད་དོ། །ཁྱད་དུ་གསོད་ཅེས་བྱ་བ་ནི་སྙིང་ནས་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་སྟོན་པ་ལ་སོགས་པའི་འདུ་ཤེས་མི་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ། །བཀུར་སྟི་མི་བྱེད་ཅེས་བྱ་བ་ནི་ལུས་ཀྱི་སྤྱོད་པའོ། །འཕྱ་ཞེས་བྱ་བ་ནི་སྨ་འབེབས་པ་དང་ལྡན་ པའི་ཐ་ཚིག་གོ། །སྟིང་ཞེས་བྱ་བ་ནི་ཚིག་བརླང་པོ་སྟེ། དེ་ལྟ་བུ་ནི་ཆོས་སྨྲ་བ་ལ་མ་གུས་པ་དང་ལྡན་པ་ཡིན་ནོ། །ཆོས་ལ་མ་གུས་པའི་དབང་དུ་བྱས་ནས་ཚིག་འབྲུ་ལ་རྟོན་གྱི་ཞེས་བྱ་བ་སྨོས་སོ། །སེམས་ཅན་གྱི་དོན་བྱ་བ་ལ་མི་བརྩོན་པའི་ཉེས་པ་ནི་སེམས་ཅན་གྱི་བྱ་བ་ཞེས་བྱ་བ་ལ་སོགས་ པས་བསྟན་ཏེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་བསྟན་པ་ལས་བྱུང་བའི་སེམས་ཅན་གྱི་བྱ་བ་རྣམ་པར་དབྱེ་བས་ལས་བརྩམས་ཏེ་གྲོགས་བྱ་བ་ཡིན་པར་རིག་པར་བྱའོ། །རྟེན་ཡོད་པ་ནི་བྱེད་པ་གཞན་ཡོད་པའོ། །ཆོས་མ་ཡིན་པའི་བྱ་བ་དག་ལ་ཉེས་པ་མེད་པ་ནི་གནོད་པ་ དང་ལྡན་པ་ཞེས་བྱ་བས་བསྟན་ཏོ། །གཞན་ལ་བཅོལ་ཞེས་བྱ་བ་ནི་གཞན་བྱེད་དུ་གཞུག་པའོ། །དེ་བས་ཆེས་ཁྱད་པར་དུ་འཕགས་པའི་དགེ་བའི་ཕྱོགས་ལ་བརྩོན་པ་དང་། རང་བཞིན་གྱིས་ཤེས་རབ་མེད་པ་དང་། སློབ་པ་ལ་བརྩོན་པ་དང་། སེམས་ཅན་ཆེས་མང་བ་དག་ གི་སེམས་སྲུང་བ་དང་། དགེ་འདུན་གྱིས་བཅས་པ་སྲུང་བ་ལ་ཡང་ཉེས་པ་མེད་དོ། །མགོན་ཡོད་པ་ཉིད་ཀྱི་ཕྱིར་ན་ནུས་པའོ། །དེའི་ཕྱིར་ཡང་རྟེན་ཡོད་པ་སྟེ། རྣམ་པ་གཞན་དུ་ཡང་ཚོལ་ནུས་པའི་ཕྱིར་རོ། །ཡང་ན་བདག་ཉིད་ཀྱིས་ནུས་པའི་ཕྱིར་རོ། །ནད་རྒྱུན་རིངས་ནི་ཡུན་རིང་དུ་ན་བ་ལ་ཡང་ཞེས་ བྱ་བའི་ཐ་ཚིག་གོ། །བསམ་གཏན་དང་ཁ་ཏོན་ལ་བརྩོན་པ་ནི་སྔ་མ་ཁོ་ན་བཞིན་ནོ། །རིགས་པའི་གདམས་ངག་མི་སྟོན་པའི་ཉེས་པ་བསྟན་ཏེ། རིགས་པ་ཞེས་བྱ་བ་ནི་སྐྱོན་མེད་པའོ། །མི་ཤེས་ཞེས་བྱ་བ་ནི་ཚུལ་སྟོན་མི་ཤེས་པའོ། །དེ་ཉིད་མཁས་སམ་སྟོན་པ་གཞན་ཡོད་པ་དང་། གལ་ ཏེ་མི་དགའ་བས་ཉན་པར་མི་འགྱུར་བའམ། བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང་། དགའ་ཞིང་གུས་པ་མེད་པས་གདུལ་དཀའ་བའི་ཕྱིར་དམུ་རྒོད་ཀྱི་རང་བཞིན་ཅན་དང་། ལན་དུ་ཕན་འདོགས་པ་ལ་བརྩོན་པར་བྱས་ཀྱང་མི་འདོད་ན་མ་བྱས་ཀྱང་ཉེས་པ་མེད་དོ། །ཡང་དག་པར་ སློང་བ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པའི་སློང་བ་པོ་སྟེ། སྡུག་བསྔལ་བར་གྱུར་པ་ལ་སོགས་པ་བསྡུས་སོ། །རུང་བ་མ་ཡིན་པའི་བསམ་པས་མ་བྱིན་པ་དང་། མི་འཕྲོད་པ་སློང་བ་དང་། རྒྱལ་པོ་ལ་གནོད་པར་སེམས་ཤིང་རྒྱལ་པོ་ལ་གློ་བ་རིང་བ་ལ་རྒྱལ་པོའི་སེམས་སྲུང་ན་ཉེས་པ་མེད་དོ། །འཁོར་ བསྡུས་པ་ཞེས་བྱ་བ་ནི་ཡོངས་སུ་བཟུང་ལ་བདག་ཉིད་གྲགས་ཤིང་བསོད་ནམས་ཆེ་བའི་ཕྱིར་གོས་ལ་སོགས་པ་རྙེད་པའམ། ཡང་ན་བདག་ཉིད་ཚོལ་ནུས་ཀྱང་རུང་སྟེ་མ་བྱིན་པའོ། །མི་རིགས་པ་ལ་ཞུགས་པའི་ཕྱིར་འདུལ་བའི་སྐལ་བ་མེད་པ་སྟེ། དེ་ལ་མ་བྱིན་ན་ཡང་ཉེས་པ་མེད་དོ། །མུ་སྟེགས་ཅན་ནི་ བསྟན་པའི་དགྲ་ཡིན་པའི་ཕྱིར་ཚར་བཅད་པར་བྱ་བ་ཡིན་ནོ། །ཡོན་ཏན་བརྗོད་པ་ཉིད་ནི་བསྔགས་པ་ཡིན་པར་ཤེས་པར་བྱའོ། །འདོད་པ་ཆུང་བ་ནི་བདག་ཉིད་ཀྱི་ཡོན་ཏན་རྣམས་གཞན་ཡང་བརྗོད་དུ་མི་འཇུག་པའི་ཕྱིར་རོ། །ཡོན་ཏན་གླེང་བའི་རྒྱུས་གང་ཟག་དེ་ཉིད་ཀྱི་རྒྱགས་པ་ལ་སོགས་པ་ཀུན་ ནས་ཉོན་མོངས་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ། །བསྐྲད་པ་དང་གཏན་དུ་མ་ཡིན་པའི་ཕྱིར་རོ། །བཅོས་སུ་མི་རུང་བའི་སྐབས་ཉིད་ནི་བཀའ་བློ་མི་བདེ་བ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །དུས་ལ་སྡོད་ཅེས་བྱ་བ་ནི་དུས་གཞན་ལ་སྡོད་པ་དང་། འཐབ་པ་ལ་སོགས་པའི་འཇིགས་པ་ལ་ལྟ་བའོ། ། དགེ་འདུན་འཁྲུག་ཅིང་དབྱེ་བ་ཞེས་བྱ་བ་ནི་དགེ་འདུན་ཁྲག་ཁྲུག་ཏུ་འགྱུར་བའམ། ཐ་དགུར་བྱེད་པར་འགྱུར་བ་དང་། དེ་ཉིད་གཡོ་མེད་པ་དང་། ཤས་ཆེར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པས་སྒྲུབ་སྟེ་ཉེས་པ་འཆགས་པར་བྱེད་པ་ལ་ནི་ཉེས་པ་མེད་དོ། །བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་དད་པས་ བྱིན་པའི་ལོངས་སྤྱོད་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་བས་ན། སྤོང་དུ་གཞུག་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །མངོན་པར་ཞེན་པ་ཞེས་བྱ་བ་ནི་སྔགས་སམ་སྨན་ནམ་ཆོ་འཕྲུལ་བྱེད་པ་ཡིན་གྱི། རྫུ་འཕྲུལ་གྱི་སྟོབས་ཀྱིས་ནི་མ་ཡིན་ནོ་ཞེས་སྒྲོགས་པའོ། །གནས་ཐམས་ཅད་ལ་ཡང་ཉེས་པ་མེད་ པ་ནི་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་ལྷག་པར་ཡང་ཉེས་པ་མེད་དེ། ཚོར་བས་ཉེན་པ་ནི་ཚོར་བ་དྲག་པོས་བརྒྱལ་བར་འགྱུར་བའོ། །སྡོམ་པ་མ་མནོས་པ་ནི་སྡོམ་པ་མ་བཟུང་བའོ། །དངོས་སུ་བྱུང་བ་ཤ་སྟག་སྟེ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་པ་སྟེ། དེ་དང་ དེར་དངོས་སུ་བསྟན་པ་རྣམས་སོ། །ཐོར་བུ་ཞེས་བྱ་བ་ནི་འཐོར་བ་རྣམས་སོ། །ཚང་བ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་བསྡུས་ཏེ་བསྟན་པའོ། །སློབ་པར་འདོད་པའི་བསམ་པས་ཞེས་བྱ་བ་ནི་སྡོམ་པའི་ཚུལ་ཁྲིམས་ལའོ། །བྱང་ཆུབ་འདོད་པའི་བསམ་པས་ཞེས་བྱ་བ་ནི་དགེ་བ་སྡུད་པའི་ཚུལ་ཁྲིམས་ལའོ། ། སེམས་ཅན་གྱི་དོན་བྱ་བའི་བསམ་པས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལའོ། །ཉེས་བྱས་སུ་བསྡུ་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་ནི་ཐ་དད་པ་མེད་དེ། བྱང་ཆུབ་སེམས་དཔའི་བྱ་བ་ལས་འགལ་བའི་ཕྱིར་ཉེས་བྱས་ཁོ་ནར་ཟད་དོ། །གང་སུ་ཡང་རུང་སྟེ། ཁོང་ དུ་ཆུད་པ་ལ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་ནི་སྐལ་བ་མེད་པ་མ་ཡིན་པར་སྟོན་ཏེ། ཉན་ཐོས་ལ་སོགས་པ་ཐམས་ཅད་ལས་འདས་པའི་སྡོམ་པའི་ཁྱད་པར་ལ་གནས་པ་ནི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་སྐལ་བ་མེད་པར་འགྱུར་བ་མེད་པའི་ཕྱིར་རོ། །ཕམ་པའི་གནས་ལྟ་བུའི་ ཉེས་པ་འབྲིད་ནི་ཚོགས་སམ་ཡང་ན་དགེ་འདུན་ལ་བཤགས་པར་བྱའོ་ཞེས་སྟོན་ཏེ། དེ་ཡང་གནས་ཀྱིས་ལྕི་བ་ཡིན་པའི་ཕྱིར་རོ། །ཐོག་མར་བརྗོད་དེ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་བདག་ཅག་ནི་དངོས་པོ་ཆེ་གེ་མོ་ཞིག་ལས་ཉེས་བྱས་ཀྱི་ནོངས་པ་བྱུང་བ་སྟེ་ཞེས་བཤགས་པའི་རིམ་པ་ སྟོན་ཏོ། །ལྷག་མ་ཞེས་བྱ་བ་ནི་ཉེས་བྱས་ཀྱི་ནོངས་པ་བྱུང་བ་དེ་དག་བཤགས་སོ་ཞེས་བྱ་བའོ། །ལེན་པ་པོས་ཀྱང་ཉེས་པ་དེ་དག་མཐོང་ངམ་ཞེས་བརྗོད་པར་བྱའོ། །དེས་ཀྱང་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཕྱི་ཆད་སྡོམ་པར་བྱེད་དམ། ལེགས་པར་སྡེམ་པར་བགྱིད་དོ་ཞེས་དེ་ལྟར་གསུམ་གྱི་བར་དུ་བྱའོ། །ལེན་པ་པོ་མེད་ ན་བྱིན་གྱིས་བརླབས་པའི་སྒོ་ནས་ཀྱང་ཉེས་པ་བཤགས་པར་བསྟན་ཏོ། །སྡོམ་པ་བླང་བའི་ཆོ་ག་གཞན་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་དེ་ཡང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདོད་ཆགས་ནི་འདིར་སེམས་ཅན་ལ་རྗེས་སུ་ཆགས་པ་ཡིན་པར་བསྟན་ཏེ། སེམས་ཅན་ལ་ བྱམས་པ་དེའི་སྒོ་ནས་བྱང་ཆུབ་སེམས་དཔའ་གང་ཅི་སྤྱོད་ཀྱང་རུང་བ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཉིད་ཡིན་ཏེ། སེམས་ཅན་གྱི་དོན་དུ་གཏོགས་པའི་ཕྱིར་བྱས་ན་ཡང་ཉེས་བྱས་སུ་ནི་མི་འགྱུར་གྱི། ཅིར་འགྱུར་ཞེ་ན། ལེགས་པར་བྱས་པ་ཉིད་དུ་འགྱུར་རོ། །དེ་བས་ན་འདོད་ཆགས་ལས་ འབྱུང་བ་ནི་ཉེས་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྡང་བ་ནི་བདག་དང་གཞན་ལ་ཕན་པར་སྤྱོད་པ་མ་ཡིན་ཏེ། བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་ཡང་མི་འགྱུར་ལ་སེམས་ཅན་ཡོངས་སུ་སྨིན་པར་ཡང་མི་འགྱུར་བས་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་མ་ཡིན་ཏེ། བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ། །དེ་བས་ན་ཞེ་སྡང་ལས་བྱུང་བའི་ཉེས་པའི་གནས་ལ་ཕལ་ཆེར་ཀུན་ནས་མནར་སེམས་ཀྱི་སེམས་ཞེས་འབྱུང་ངོ་། །འདི་ལྟ་སྟེ་གཞི་བསྡུ་བ་ལས་འབྱུང་བ་བཞིན་ཞེས་བྱ་བ་ནི་རྒྱུ་རྣམ་པ་ལྔ་སྟེ་ཆུང་ངུ་དང་ཆེན་པོ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། ། ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ཉན་ཐོས་རྣམས་ཀྱི་ཕུན་སུམ་ཚོགས་པ་དང་། ཉམས་པ་བཞི་བཞིར་རྣམ་པར་གཞག་སྟེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། འཚོ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་གཏན་གྱི་སྡོམ་པ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཉམས་པ་མེད་དོ། །དེ་ལྟ་བས་ན་རྣམ་པ་གཞན་དུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་བསྟན་པའི་ཕྱིར། རང་གི་འདུལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ལ་བརྟེན་པ་ནི་ཕུན་སུམ་ཚོགས་པ་དང་པོའོ། ། ཡང་དག་པར་རབ་ཏུ་བྱུང་བའི་བསྒྲུབ་པའི་བསམ་པས་ལེགས་པར་བརྗོད་པའི་གནས་པ་ལ་བརྟེན་པ་ནི་གཉིས་པའོ། །འཚོ་བའི་ཡོ་བྱད་རྣམས་ཀྱིས་ཕོངས་པ་མེད་པའི་མཆོག་ལ་བརྟེན་པ་ནི་གསུམ་པའོ། །འདྲལ་བར་མི་བྱེད་པ་ནི་བསླབ་པའི་བཞི་ལས་འགལ་བར་མི་བྱེད་པའི་ཕྱིར་རོ། །བསླབ་པར་གཏོགས་ པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པའི་ཕྱིར་ལུས་ལ་སོགས་པའི་ཀུན་དུ་སྤྱོད་པ་ཡོངས་སུ་དག་གོ། །བསླབ་པ་དག་ལ་གུས་པ་དང་། བག་ཡོད་པར་ཤས་ཆེར་གནས་པས་ན་ཉེས་པ་རྒྱུན་དུ་མི་བྱེད་དོ། །བརྒྱ་ལ་ཉེས་པ་ཞིག་བྱས་ན་ཡང་མཐོལ་བས་སྡིག་པ་འཆགས་པར་བྱེད་དེ། །རྣམ་པ་ གསུམ་པོ་འདི་དག་གིས་ཐོག་མ་དང་བར་དང་ཐ་མ་རྣམས་སུ་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་དག་པར་རབ་ཏུ་བྱང་བར་སྦྱོར་བ་ནི་ཆོས་ཀྱི་བསམ་པས་རབ་ཏུ་འབྱུང་བ་ཡིན་ནོ། །ཉན་ཐོས་རྣམས་ནི་བདག་འདུལ་བར་བྱ་བ་ལ་སོགས་པའི་དོན་རབ་ཏུ་བྱུང་བའི་ཕྱིར་ལེགས་པར་རབ་ཏུ་བྱུང་བ་ཞེས་བྱ་ བའོ། །བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་ལེགས་པར་རབ་ཏུ་བྱུང་བ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་ཞེས་སྨོས་སོ། །དོན་དུ་མི་གཉེར་བ་མ་ཡིན་ཞེས་བྱ་བ་ནི་དེ་གཅིག་པུར་ངེས་པར་བསྟན་པ་སྟེ། དེའི་ དོན་ཁོ་ནར་རབ་ཏུ་བྱུང་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སྦྱོང་གི་ཚུལ་དོན་དུ་གཉེར་བ་ཞེས་བྱ་བ་ནི་སྒྲུབ་པའི་སྦྱོར་བའི་འབྲས་བུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་དགེ་སྦྱོང་གི་ཚུལ་ནི་ས་བཅུ་པོ་དག་ལ་བསླབ་པ་གསུམ་གྱི་སྦྱོར་བར་གཏོགས་པའི་ལམ་མོ། །མྱ་ངན་ལས་འདས་པ་ནི་ཐེག་པ་ཆེན་པོའི་ ཡོངས་སུ་མྱ་ངན་ལས་འདས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་འཇུག་པའི་བསམ་པའི་དབང་གིས་བསམ་པ་ཕུན་སུམ་ཚོགས་པ་ཀུན་ནས་ཉོན་མོངས་པ་མེད་པར་བསྟན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པར་གནས་པའི་ཕྱིར་བསམ་པ་ཕུན་སུམ་ཚོགས་ པ་ནི་ལེ་ལོ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལེ་ལོ་མེད་པ་ཞེས་བྱ་བ་ནི་དགེ་བ་རྣམས་ལ་བརྩོན་འགྲུས་བརྩམས་པའི་ཕྱིར་རོ། །མ་འདྲེས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་བར་ཆད་པ་ཡོད་པ་དང་། བར་ཆད་མེད་པ་ཀུན་དུ་མི་སྤྱོད་པ་སྟེ། དེ་ལ་སྡིག་པ་ནི་སྨད་པ་ ཡིན་པའི་ཕྱིར་རོ། །མི་དགེ་བ་རྣམས་ནི་དགེ་བ་དང་མི་མཐུན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ནི་ཚེ་འདི་ཉིད་ལ་ཀུན་ནས་ཉོན་མོངས་པའི་ཕྱིར་ཞིང་འགྲུབ་པར་འགྱུར་བའི་ཕྱིར་རོ། །ཡང་འབྱུང་བས་ནི་ཚེ་ཕྱི་མ་ལ་ཡང་འབྱུང་བའི་སྡུག་བསྔལ་འགྲུབ་པའི་ཕྱིར་རོ། །རིམས་ནད་ནི་ཀུན་ནས་ཉོན་ མོངས་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་ཡང་འབྱུང་བར་འགྱུར་བའི་ཕྱིར་ཏེ། དེའི་ཉེས་དམིགས་ནི་ཚེ་འདི་ལ་ཉོན་མོངས་པ་ཀུན་དུ་སྤྱོད་པས་ལུས་དང་སེམས་ཡོངས་སུ་གདུང་བར་འགྱུར་བ་དང་། ཚེ་ཕྱི་མ་ལ་ངན་འགྲོ་འགྲུབ་པར་འགྱུར་བའི་ཕྱིར་ཡང་འབྱུང་བ་རྣམས་ སོ། །དེ་བས་ན་ཕྱི་མ་ལ་སྐྱེ་བ་དང་རྒ་ཤིར་འགྱུར་བ་དེ་ནི་ཉེས་དམིགས་ཡིན་ཏེ། ཡུན་རིང་པོར་སྐྱེ་བ་དང་རྒ་ཤི་འདྲེན་པའི་ཕྱིར་རོ། །བསོད་ནམས་བྱས་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཀུན་དུ་བསྟན་པའི་ཕྱིར་རོ། །དགེ་བ་བྱས་པས་ནི་ལོངས་སྤྱོད་ཆེན་པོའི་བར་དུ་ གཅོད་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །གཞན་ཡང་བསོད་ནམས་ནི་བསོད་ནམས་ཀྱི་དོན་གྱི་ཕྱིར་རོ། །དགེ་བ་ནི་ཁ་ན་མ་ཐོ་བ་མེད་པའི་དོན་གྱི་ཕྱིར་རོ། །ཕོངས་པར་མི་འགྱུར་ཞེས་བྱ་བ་ནི་མི་ལྡན་པ་མ་ཡིན་པ་སྟེ། དེ་དག་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །ཕུན་སུམ་ཚོགས་པ་དང་པོ་ཉིན་ མཚན་དུ་དགའ་ཞིང་མཆོག་ཏུ་དགའ་བའི་ཤས་ཆེ་བའི་ཕྱིར་བདེ་བ་ལ་རེག་པར་གནས་སོ། །གཉིས་པ་སྟེ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པའི་ཕྱིར་ཡང་བདེ་བ་ལ་རེག་པར་གནས་སོ། །གསུམ་པ་སྟེ་ཕོངས་པ་རྣམ་པར་སྤངས་པའི་ཕྱིར་ཡང་བདེ་བ་ལ་རེག་པར་གནས་སོ། །བསྡུས་ པ་དང་རྒྱས་པ་ཞེས་བྱ་བ་ལ་མདོ་ནི་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང་རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའོ། །ཡང་རྣམ་པ་གསུམ་སྟེ། སྡོམ་པ་ཡང་དག་པར་ལེན་པ་དང་དགེ་བ་སྡུད་པ་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །རྒྱས་པར་ནི་ཇི་སྐད་བསྟན་ པའི་རབ་ཏུ་དབྱེ་བ་བཞིན་ནོ། །དེ་ལས་གཞན་པ་འདིའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཐམས་ཅད་ཉིད་ཀྱི་ཕྱོགས་གཅིག་སྟེ། དཀའ་བའི་ཚུལ་ཁྲིམས་ནས་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་བར་རོ། །དེ་ལྟར་ན་བསྟན་པས་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་བསྟན་ཏོ། །བཤད་པས་ནི་ཚུལ་ ཁྲིམས་ཐམས་ཅད་བསྟན་ཏོ། །བཤད་པའི་རབ་ཏུ་དབྱེ་བས་ནི་དཀའ་བའི་ཚུལ་ཁྲིམས་ལ་སོགས་པ་བསྟན་ཏོ། །དཀའ་བའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་གྱིས་རྣམ་པར་གཞག་སྟེ། གཏང་དཀའ་བའི་དངོས་པོ་ཡོངས་སུ་གཏོང་བའི་ཚུལ་ཁྲིམས་ལེན་པས་ན་ཡང་དག་པར་ལེན་པ་དཀའ་བ་ ལ་བརྟེན་ཏོ། །བླངས་ན་ཉམ་ཐག་པར་གྱུར་ཀྱང་ཡོངས་སུ་མི་གཏོང་བས་ན་རྗེས་སུ་བསྲུང་བ་དཀའ་བ་ལ་བརྟེན་ཏོ། །རྒྱུ་བ་དང་གནས་པ་དག་ལ་ཤིན་ཏུ་དྲན་པ་ཉེ་བར་གནས་པས་ན་ཡོངས་སུ་དག་པ་དཀའ་པ་ལ་བརྟེན་ཏོ། །གཞན་དག་ནི་གཞན་དུ་ཡང་འཆད་དེ། ལེན་པ་དང་སྲུང་བའི་སྒོ་ནས་ དཀའ་བར་སྟོན་ཏོ། །དེ་ལ་སྲུང་བ་ནི་ཉམས་ལ་བབ་པར་གྱུར་ཀྱང་ཤིན་ཏུ་ཡོངས་སུ་སྐྱོང་བ་དང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ལོངས་སྤྱོད་ཆེན་པོ་ནི་རྣམ་པ་བཞི་དང་ལྔས་རིག་པར་བྱ་སྟེ། བཞི་ཞེས་བྱ་བ་ནི་གང་གིས་ལོངས་སྤྱོད་པར་བྱ་བའི་ལུས་ཀྱིས་ཏེ། ལུས་ཀྱི་འབྱོར་པར་འགྱུར་ བས་ན་ལོངས་སྤྱོད་ཆེ་བའོ། །གང་དག་དང་ལྷན་ཅིག་པ་སྟེ། གཉེན་འདབ་དང་རྩ་ལག་སྡུག་ཅིང་བྱམས་པ་ནས་ཡིད་དུ་འོང་བའི་བར་དག་དང་ངོ་། །དེ་དག་ཀྱང་མང་བ་དང་ཆེ་བའི་ཕྱིར་ན་ཆེ་བའོ། །གང་དག་གིས་བསྒྲུབ་པ་ནི་དྲན་པ་ལ་སོགས་པ་རྣམས་ཀྱིས་ཏེ། དེ་དག་ཀྱང་མང་བ་དང་། ཆེ་ བའི་ཕྱིར་ཆེ་བའོ། །གང་ལོངས་སྤྱོད་ནི་ཟས་དང་སྐོམ་ལ་སོགས་པ་སྟེ། དེ་ལྟར་ལུས་ཕུན་སུམ་ཚོགས་པ་དང་། ཕྱོགས་ཆེན་པོ་དང་འཁོར་ཆེན་པོ་དང་། ནོར་དང་ཡོ་བྱད་ཕལ་པོ་ཆེར་གྱུར་པའི་ལོངས་སྤྱོད་ཆེ་བར་བསྟན་ཏོ། །རྣམ་པ་ལྔས་ཇི་ལྟར་ཞེ་ན་ལུས་གང་གིས་ཅིའི་ཕྱིར་ལོངས་ སྤྱོད་པ་སྟེ། འཚོ་བའི་ཕྱིར་ཡིན་ལ་དེ་གཉིས་ཀྱང་ཆེ་བའི་ཕྱིར་ཆེ་བའོ། །ལྷག་མ་ནི་སྔ་མ་དང་འདྲའོ། །ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་ཕལ་པོ་ཆེ་སྤང་བའི་ཕྱིར་དཀའ་བའོ། །ནོར་དང་འབྲུ་མང་བས་ན་དབང་ཕྱུག་ཆེན་པོའོ། །དཀའ་བཙན་པས་དེ་དག་ལ་ཅི་དགའ་དགུར་ དབང་བྱེད་པའི་ཚུལ་གྱིས་ན་དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་སྟེ། གསུམ་པོ་འདི་དག་ནི་གཏང་བར་མི་ནུས་པ་ཡིན་ལ། དེ་བཏང་བས་ན་ཚུལ་ཁྲིམས་ཡང་དག་པར་ལེན་པ་དཀའ་བ་ཡིན་ཏེ། མདོ་གཞན་ལས་ཀྱང་འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་ བཞིའི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་བ་དེ་ལྟ་བུ་ཡང་འདོད་ན། སྐད་ཅིག་གཅིག་ཁོ་ནས་བཙུན་མོ་དང་ལོངས་སྤྱོད་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །ཉམས་ལ་བབ་པར་གྱུར་པ་ནི་སྲོག་ལ་ཐུག་ཀྱང་ཞེས་བྱ་བས་ བསྟན་ཏེ། འཆི་བ་ལ་ཐུག་པའི་སྡུག་བསྔལ་གྱིས་ཐེབས་ན་ཡང་སྲོག་གི་ཕྱིར་ཡང་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་བ་དང་གནས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ལ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པ་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པའི་ཕྱིར་དང་། ཡན་ལག་ལྔ་དང་ལྡན་པའི་བག་ཡོད་པར་ གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བསམ་པ་དང་སྦྱོར་བ་དག་པས་ན་བརྒྱ་ལམ་ན་གནས་སྐབས་འགའ་ཙམ་ལ་ཡང་དག་པར་བླངས་པའི་སྐད་ཅིག་ཕྱིན་ཆད་ནས་མ་ཤི་བའི་བར་དུ་ཡང་ཉེས་པ་མི་བྱེད་དེ། དེ་ལྟར་ན་རྗེས་སུ་བསྲུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་དཀའ་བ་ཡིན་ནོ། ། རྣམ་པ་བཞིའི་སྒོ་ནས་ཞུགས་པའི་ཚུལ་ཁྲིམས་ནི་ཐམས་ཅད་ཀྱི་སྒོའོ། །སྦྱོར་བའི་ཁྱད་པར་གྱིས་བསྒྲུབས་པས་ན་ཡང་དག་པར་བླང་བ་བྱས་པའོ། །སེམས་དང་མངོན་པར་འདུ་བྱེད་པ་དང་། སྨོན་པ་ལ་མི་ལྟ་བས་ན་རང་བཞིན་གྱིས་ཚུལ་ཁྲིམས་སོ། །ཡུན་རིང་པོ་དང་རྒྱུན་མི་འཆད་ པའི་དུས་ནས་ཞུགས་པས་ན་གོམས་པའོ། །བསྡུ་བའི་དངོས་པོས་ཡོངས་སུ་ཟིན་པས་ན་ཐབས་དང་ལྡན་པའོ། །རིགས་ལ་གནས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཕུལ་དུ་ཕྱིན་པའི་རྟགས་ཀུན་དུ་སྤྱོད་པའི་གནས་སྐབས་ཀྱིའོ། །ཁ་ན་མ་ཐོ་བ་མེད་པ་ནི་ལུས་དང་ངག་དང་ཡིད་ ཀྱི་ལས་ཏེ། དེ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འཐོབ་པའོ། །གོམས་པའི་ཁྱད་པར་གྱི་སྦྱོར་བས་གོང་མ་བས་ཀྱང་ཆེས་གོང་མ་དང་། གྱ་ནོམ་པ་བས་ཀྱང་ཆེས་གྱ་ནོམ་པར་ཚུལ་ཁྲིམས་ལ་གོམས་པར་གྱུར་ཏེ། དེ་བས་ན་སྔོན་གྱི་ཚེ་ རབས་གཞན་དག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དཔེར་ན་རང་བཞིན་གྱིས་གཙང་ཞིང་ཁྲུས་བྱས་ལ་ལུས་བྱུགས་པ་ནི་མི་གཙང་བ་དང་མི་མཐུན་ཞིང་མི་འདོད་པ་དེ་བཞིན་དུ་རང་བཞིན་གྱིས་སྡིག་པ་རྣམས་ལ་ཞེ་སྡང་ལ་དེའི་གཉེན་པོ་དགེ་བ་རྣམས་ལ་དགའ་ཞིང་དགེ་བ་འདོད་དོ། ། བསླབ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་སྒོ་ནས་ཞུགས་པའི་ལུས་ལ་སོགས་པའི་ལས་ནི་ཐབས་དང་ལྡན་པའི་ཚུལ་ཁྲིམས་ཏེ། བསྡུ་བའི་དངོས་པོ་བཞིའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །བདག་དང་གཞན་ལ་མི་གནོད་པར་སྒྲུབ་པའི་ཕྱིར་སྐྱེས་བུ་དམ་ པ་ཡིན་ཏེ། སྒྲུབ་པ་དེ་ཡང་བདག་ཉིད་དང་གཞན་དག་ཕན་འདོགས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པའི་ཕྱིར་རོ། །སྐྱེས་བུ་དམ་པའི་ཚུལ་ཁྲིམས་རྣམ་པར་གཞག་པ་ནི་བདག་ཉིད་ཀྱང་ཡང་དག་པར་ལེན་པ་དང་། ཡོངས་སུ་བསྲུང་བའི་ཡན་ལག་ཕུན་སུམ་ཚོགས་པས་ ཐོག་མ་དང་ཐ་མས་སྐྱེས་བུ་དམ་པའི་ཚུལ་ཁྲིམས་སུ་འགྱུར་བ་དང་། གཞན་ནི་ཐ་མལ་པ་དང་ཞེ་འགྲས་པ་དང་། ཡང་དག་པར་ཞུགས་པའི་བྱེ་བྲག་གིས་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་པའོ། །དེ་ལ་སྔ་མ་རྣམས་ནི་ཡང་དག་པར་ལེན་དུ་འཇུག་གོ། །ཞེ་འགྲས་པ་རྣམས་ལ་ནི་ བསྔགས་པ་བརྗོད་དོ། །དེ་དག་གིས་བསྔགས་པ་དང་ཕན་ཡོན་ཐོས་ན་ཀུན་ནས་མནར་སེམས་ཀྱི་སེམས་རྩེ་ཞིལ་བར་འགྱུར་དུ་རེ་བའི་ཕྱིར་རོ། །ཡང་དག་པར་ཞུགས་པ་རྣམས་མཐོང་ན་ནི་ཡིད་དགའ་བར་འགྱུར་ལ་འགྲན་པར་ཡང་མི་བྱེད་དེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་གཞན་ དག་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་ཁྱད་པར་དང་ལྡན་པའི་སྐྱེས་བུ་དམ་པའི་ཚུལ་ཁྲིམས་ཉིད་དུ་བསྟན་ཏོ། །རྣམ་གྲངས་གཅིག་གིས་རྣམ་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བས་ན་རྣམ་པ་དྲུག་གོ། །རྣམ་གྲངས་ཅིག་ཤོས་ཀྱིས་རྣམ་པ་བདུན་ཡོངས་སུ་རྫོགས་པར་འགྱུར་བས་ན་ རྣམ་པ་བདུན་ནོ། །གཉི་ག་བསྡོམས་པས་རྣམ་པ་བཅུ་གསུམ་ཡོངས་སུ་རྫོགས་པར་འགྱུར་བས་ན་རྣམ་པ་བཅུ་གསུམ་མོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་ནི་འབྲས་བུ་དང་ཕན་ཡོན་ཆེ་བ་སྟེ་དེ་བས་ན་འབྲས་བུ་ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པའོ། །རྒྱ་ཆེན་པོ་ལ་བསླབ་ པའི་གཞི་རྒྱས་པར་བླང་བའི་ཕྱིར་གནས་ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པའོ། །རྒྱ་ཆེ་བ་ནི་རྒྱ་ཆེན་དུ་བརྗོད་པར་བྱའོ། །འདོད་པའི་བསོད་ཉམས་ཀྱི་མཐའ་རྣམ་པར་སྤངས་པའི་ཕྱིར་ཉོན་མོངས་པ་ཅན་གྱི་བདེ་བ་དང་བྲལ་བ་ཡིན་ཏེ། དེ་བས་ན་ཁ་ན་མ་ཐོ་བ་མེད་པའོ། ། བདག་ཉིད་དུབ་པར་བྱེད་པའི་མཐའ་རྣམ་པར་སྤངས་པའི་ཕྱིར་དོན་མེད་པའི་སྡུག་བསྔལ་རྣམ་པར་སྤངས་ཏེ། དེ་བས་ན་རབ་ཏུ་དགའ་བའི་གནས་དང་མཐུན་པའོ། །བར་དུ་གཅོད་པ་ཡོངས་སུ་བཏང་བས་དེ་ཇི་སྲིད་འཚོའི་བར་གྱི་བསླབ་པ་དང་ལྡན་པས་ན་རྒྱུན་དུ་ཆུད་པའོ། །རྙེད་པ་དང་བཀུར་སྟི་ལ་ མི་བརྟེན་ཏེ། དེའི་སྒོ་ནས་ཉམས་པར་མི་བྱེད་པས་དེའི་ཕྱིར་ཟིལ་གྱིས་མི་ནོན་པའོ། །དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་ཕུལ་ནས་མུ་སྟེགས་ཅན་གྱི་གནས་རྣམས་སུ་སྡོམ་པ་ཡང་དག་པར་ལེན་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པས་ཟིལ་གྱིས་ནོན་པར་འགྱུར་ཏེ། དེ་མེད་པས་ན་དེ་ དག་གིས་ཟིལ་གྱིས་ནོན་པར་འགྱུར་བ་མ་ཡིན་ནོ། །དགེ་སློང་སར་པ་སར་པ་རྣམས་ནི་དགེ་སྦྱོང་གི་གནོད་པ་རྣམས་ཀྱིས་གཙེས་སོ་ཞེས་མདོ་ལས་གསུངས་པའི་ཕྱིར་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དེ་ལྟ་བུས་བསླབ་པ་ཕུལ་ནས་ཉམས་ཤིང་ལྡོག་པའི་ཕྱིར་དང་། བསླབ་པ་འདྲལ་བས་ཉེ་བའི་ ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ལ། །རྣམ་པ་དེ་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་བརྟན་པའོ། །རྒྱན་དང་ལྡན་པ་ཡིན་པས་ན། རྒྱན་དང་བཅས་པའོ། །འདི་ལྟ་སྟེ་ཉན་ཐོས་ཀྱི་ས་ལས་ཞེས་བྱ་བ་ནི་དད་པ་དང་ལྡན་པ་དང་། གཡོ་བ་མེད་པ་དང་ནད་ཉུང་བ་ དང་། བརྩོན་འགྲུས་བརྩམས་པ་ཉིད་དང་། ཤེས་རབ་ཅན་དང་འདོད་པ་ཆུང་བ་ལ་སོགས་པ་ནས་སྦྱངས་པའི་ཡོན་ཏན་ལ་ཐུག་པ་རྣམས་ནི་ཚུལ་ཁྲིམས་ཀྱི་རྒྱན་ཡིན་ནོ་ཞེས་དེ་ལས་བསྟན་ཏོ། །ཚུལ་ཁྲིམས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཏན་མི་བྱ་བ་ཁོ་ནས་ཉེས་པར་ མ་སྤྱོད་པ་སྤོང་བ་ཡང་དག་པར་ལེན་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང་། གཅིག་ཏུ་ངེས་པར་བྱ་བ་ཁོ་ནས་བསླབ་པ་སྟེ། འཇུག་པའི་ཚུལ་ཁྲིམས་དང་། དེ་གཉིས་རྟག་ཏུ་བག་ཡོད་པར་བསྲུང་བའི་ཕྱིར་ཀུན་ནས་བསྲུང་བའི་ཚུལ་ཁྲིམས་ཏེ་ དེ་ལྟར་རྣམ་པ་གསུམ་དང་རྣམ་པར་སྨིན་པའི་འབྲས་བུ་རབ་ཏུ་ཕྱེ་བས་ན། རྣམ་པར་སྨིན་པར་བྱེད་པ་སྟེ། དེ་ཡང་ས་རེ་རེ་ལ། ཇི་ལྟར་འཚམ་པའི་མཚན་འགྲུབ་པར་བྱེད་པའི་ཕྱིར་དང་། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲུབ་པར་ བྱེད་པའི་ཕྱིར་དང་། ལྷ་དང་མིའི་འགྲོ་བ་འགྲུབ་པར་བྱེད་པའི་ཕྱིར་དང་། སེམས་ཅན་གྱི་དོན་མང་པོའི་འབྲས་བུ་འགྲུབ་པར་བྱེད་པའི་ཕྱིར། རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལྟར་ན་རྣམ་པ་བདུན་དུ་འགྱུར་རོ། །བདག་དང་གཞན་མཉམ་པ་ཉིད་ཐོབ་ པའི་ཕྱིར་འདོད་པ་ཉིད་དང་། ཕོངས་པ་ཉིད་ལ་ལྟ་ཞིང་སོ་སོར་བརྟགས་ནས་བླངས་པ་ནི། ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་སོ། །དེ་ཡང་སྡུག་བསྔལ་རྣམ་པ་བརྒྱད་ཀྱི་གཉེན་པོའི་ཕྱིར་རྣམ་པ་བརྒྱད་དེ། སེམས་ཅན་ཐམས་ཅད་ནི། འཚོ་བ་འདོད་ ཀྱི་འཆི་བ་མི་འདོད་པའི་ཕྱིར། འཚོ་སྲོག་འདོད་པ་རྣམས་དང་། ལོངས་སྤྱོད་འདོད་པ་རྣམས་དང་། ཁ་མི་ཕྱིན་པའི་ཆུང་མ་འདོད་པ་རྣམས་དང་། མི་སླུ་བ་འདོད་པ་རྣམས་དང་། མི་ཕྱེད་པའི་གཡོག་འཁོར་འདོད་པ་རྣམས་དང་། སྒྲ་སྙན་ པར་ཐོས་པར་འདོད་པ་རྣམས་དང་། དོན་དང་ལྡན་པའི་འབེལ་བའི་གཏམ་འདོད་པ་རྣམས་དང་། སྡུག་པའི་འདུས་ཏེ་རེག་པ་འདོད་པ་རྣམས་སོ། །དེ་ལས་བཟློག་པ་ནི། སྡུག་བསྔལ་རྣམ་པ་བརྒྱད་དེ། ཕོངས་པར་བྱེད་པ་དང་། མི་སྡུག་པ་དང་། ཡིད་དུ་མི་འོང་བ་དེ་ལས་ལྡོག་པའི་སྒོ་ནས། ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་རྣམ་པར་གཞག་གོ། །སྡུག་བསྔལ་གྱི་རྒྱུ་ལ་འཇུག་པའི་དགའ་བའི་སྒོ་ནས་འདི་དང་། ཕྱི་མ་ལ་བདག་དང་གཞན་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་པས་ན། འགོག་པའི་ཚུལ་ཁྲིམས་སོ། །འདི་དང་ཕྱི་མ་ལ་བདེ་བ་སྟེ། བདེ་བའི་རྒྱུ་ལ་འཇུག་པ་གནང་བས་ན། གནང་བའི་ཚུལ་ཁྲིམས་སོ། །དེ་བཞིན་དུ་གཉི་གར་ཕན་འདོགས་པར་བྱེད་པའི་ཕྱིར། །དེ་གཉིས་ལ་ཡང་དག་པར་ཞུགས་པའི་སེམས་ཅན་སྡུད་པས་ ན། སྡུད་པའི་ཚུལ་ཁྲིམས་སོ། །གཞན་དག་གི་འདི་དང་ཕྱི་མའི་བདེ་བ་ལ་ལོག་པར་ཞུགས་པའི་སེམས་ཅན་ཚར་གཅོད་པར་བྱེད་པས་ན། ཚར་གཅོད་པའི་ཚུལ་ཁྲིམས་སོ། །སྦྱིན་པ་དང་ལྡན་པ་ཁོ་ནས། ཕྱི་མ་ལ་ལོངས་སྤྱོད་ ཆེན་པོའི་འབྲས་བུར་འགྱུར་བའི་ཕྱིར་དང་། བཟོད་པ་དང་ལྡན་པ་ནི། འདི་དང་ཕྱི་མ་ལ་བདག་དང་། གཞན་དག་གི་བདེ་བའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་བདག་ཉིད་ལ་གཡོག་འཁོར་དང་ལྡན་པའི་རྒྱུར་འགྱུར་བའི་ཕྱིར། འདི་དང་ཕྱི་མ་ལ་བདེ་ བ་དང་། བརྩོན་འགྲུས་དང་ལྡན་པ་ནི། ཚེ་འདི་ཉིད་ལ་བརྩོན་འགྲུས་བརྩམས་པས་སྡིག་པ་མི་དགེ་བའི་ཆོས་རྣམས་དང་། མི་འདྲེས་པའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་སྤྲོ་བ་ཆེན་པོའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་བདེ་བ་དང་། བསམ་གཏན་ དང་ལྡན་པ་ནི། འདི་ཉིད་ལ་བདེ་བ་ལ་རེག་པའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་རྣམ་པར་དག་པའི་ལྷར་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར། གཉི་ག་བདེ་བ་དང་། ཤེས་རབ་དང་ལྡན་པ་ནི། ཚེ་འདི་ལ་དེ་དང་དེ་དག་ལ་མཁས་པ་སྐྱེད་པའི་ཕྱིར་དང་། ཕྱི་ མ་ལ་ཤེས་རབ་ཀྱི་ཁྱད་པར་གྱི་རྒྱུར་འགྱུར་བའི་ཕྱིར། གཉི་གར་བདེ་བ་སྟེ། དེ་ལྟར་ན་ཚུལ་ཁྲིམས་རྣམ་པ་བཞི་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་ཏེ། ཅི་རིགས་པར་སྦྱར་རོ། །བདག་དང་ཕ་རོལ་རྣམས་ལ་གཉི་གར་ཕན་འདོགས་པས་ན། འདི་དང་ཕྱི་མ་ ལ་བདེ་བའོ། །ཉེས་པ་རྣམ་པ་བཅུའི་གཉེན་པོར་གྱུར་པས་ན། རྣམ་པར་དག་པ་སྟེ། རྣམ་པ་བཅུ་ནི་ཉེས་པ་རྣམ་པ་བཅུའོ། །བསམ་པ་ཉམས་པས་ན། ཡང་དག་པར་ལེན་པ་ཉམས་པའི་ཉེས་པའོ། །དེའི་གཉེན་པོར་དགེ་སྦྱོང་གི་ཚུལ་འདོད་པ་ནས། ཐ་མ་རྫོགས་པའི་བྱང་ཆུབ་འདོད་པ་ལ་ཐུག་པ་རྣམས་སྨོས་སོ། །བསླབ་པ་ལ་སྦྱོར་བའི་ཉེས་པ་ནི། དེ་བཞིན་གཤེགས་པས་བསླབ་པའི་གཞི་བཅས་པ་རྣམས་ལ་གུས་པར་མི་བྱེད་པས་ན། དེའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ་ཞེས་སྨོས་ཏེ། དེ་ཉིད་ནི་ འགལ་བར་བྱས་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་ཏོ། །བསླབ་པ་ནི་གཞི་མ་བཅས་པའི་རྗེས་སུ་འཇུག་པའི་ཉེས་པ་ཡིན་པས་ན། ཧ་ཅང་ཐལ་བ་ཉིད་དོ། །ཉེས་པ་དེ་གཉི་གའི་གཉེན་པོར། ཇི་ལྟར་བཅས་པ་རྣམས་ལ་ཡང་དག་པར་སློབ་ པས་ན་རྣམ་པར་དག་པའོ། །ལེ་ལོའི་ཉེས་པས་ཉམས་པར་འགྱུར་བ་དེའི་གཉེན་པོ་ལེ་ལོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེ་ལོ་དང་བྲལ་བ་ནི། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་ཞེས་བྱ་བས་བསྟན་ཏོ། །བག་མེད་པའི་ ཉེས་པའི་གཉེན་པོར་ནི། བག་ཡོད་པས་ཡོངས་སུ་ཟིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་པའི་ཉེས་པ་ནི། རྙེད་པ་དང་། བཀུར་སྟི་དང་། སྐྱེ་བའི་ཁྱད་པར་ལ་བརྟེན་པའི་ཕྱིར་ཏེ། དེའི་གཉེན་པོར་སྨོན་ལམ་ལེགས་པར་བཏབ་པ་ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །གཞན་དག་འདུན་པར་མི་བྱེད་པའི་ཉེས་པ་དེའི་གཉེན་པོར་ནི། ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོག་པར་འཚོ་བའི་ཉེས་པ་དེའི་གཉེན་པོར་ནི། འཚོ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ སྨོས་སོ། །མཐའ་གཉིས་སུ་ལྟུང་བའི་ཉེས་པ་དེའི་གཉེན་པོར་ནི། མཐའ་གཉིས་རྣམ་པར་སྤངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཆོག་ཏུ་འཛིན་པའི་ཉེས་པ་དེའི་གཉེན་པོར་ནི། ངེས་པར་འབྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉམས་ པར་བྱེད་པ་དེའི་ཉེས་པ་ནི། བསླབ་པ་ལས་འགལ་བར་བྱེད་པ་སྟེ། དེའི་གཉེན་པོར་ནི། མ་ཉམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་ནི། ཡངས་ཤིང་རྒྱ་ཆེ་ལ་བསོད་ནམས་ཆེ་བའི་ཕྱིར་རོ། །བྱང་ཆུབ་ཆེན་པོའི་འབྲས་བུ་ བསྐྱེད་པ་ནི། འབྲས་བུ་ཆེ་བའི་ཕྱིར་ཏེ། དེ་གཉིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་ཏོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་སློབ་པའི་ཕན་ཡོན། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། དེ་ལ་སློབ་པས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དགོངས་པར་འགྱུར་གྱི་ཉན་ཐོས་ཀྱི་སྡོམ་པ་ལ་སློབ་པ་མ་ཡིན་ནོ། །འཆི་བའི་ཚེ་འདི་ནས་ཤི་འཕོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་པ་ཡིད་ལ་བྱེད་པས་འཆི་བའི་ འཇིགས་པ་ལས་འདས་པའི་ཕྱིར་མཆོག་ཏུ་དགའ་བ་ཆེན་པོ་འཐོབ་པོ། །ཕྱི་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཕྲད་པ་ནི་ཕན་ཡོན་གསུམ་པའོ། །ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་བསོད་ནམས་ཡོངས་སུ་འཛིན་པའི་ཕྱིར་བཞི་པའོ། །གཏན་ དུ་བའི་ཚུལ་ཁྲིམས་ཡིན་པས་ཆོས་ཉིད་ཀྱི་ཚུལ་ཁྲིམས་འཐོབ་པའི་ཕྱིར་ལྔ་པའོ། །རྣམ་པ་རེ་རེ་ཡང་ཚུལ་ཁྲིམས་རྣམ་པ་གསུམ་དུ་བསྡུ་བ་ནི། དེ་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་ གསུམ་ལས་མི་ཉུང་མི་མང་ཞེས་རྒོལ་བའི་ལན་གྱི་སྒོ་ནས་ཚུལ་ཁྲིམས་རྣམ་པ་གསུམ་དུ་གཞག་པར་བསྟན་པའི་ཕྱིར་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སེམས་གནས་པ་བསྟན་ཏེ། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཀྱི་བདེ་བ་ལ་གནས་པའི་ཕྱིར་རོ། །ལུས་ དང་སེམས་ཀྱི་མངོན་པར་འདུས་བྱས་པ་ཡང་དེ་དང་འདྲའོ། །དགེ་བ་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྒོ་ནས་བདག་ལ་ཕན་པ་བསྒྲུབ་པོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་སྒོ་སྟེ། སེམས་ཅན་ཡོངས་སུ་སྨིན་ པར་བྱེད་པའི་སྒོ་ནས་ནི་གཞན་ལ་ཕན་པ་སྒྲུབ་པོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་འདི་དག་ཏུ་ཟད་དེ་འདི་ལྟ་སྟེ། བདག་ཉིད་ཀྱི་སྣོད་དུ་གྱུར་པར་བྱ་བ་དང་གཉི་ག་ལ་ཕན་པར་བསྒྲུབ་པའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་ པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།