Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 130
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
ྒྱས་ཀྱི་མིག་གོ། །རྡུལ་ཕྲ་རབ་དུ་ཞིག ། མིག་དུ་ཞིག་གི་སྤྱོད་ཡུལ་དང་ཡུལ་ཡིན་པར་བརྗོད་པར་བྱ་ཞེ་ན། རྡུལ་ཕྲ་རབ་ཐམས་ཅད་ནི་ཤའི་མིག་དང་། ལྷའི་མིག་མ་གཏོགས་པ་དེ་ལས་གཞན་པའི་མིག་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷའི་མིག་ནི་གཟུགས་འདུས་པ་ ནང་དང་ཕྱི་རོལ་དང་། འོག་དང་། སྟེང་དང་། མདུན་དང་། རྒྱབ་དང་། སྣང་བ་དང་། མུན་པ་དང་བཅས་པ་ཁོ་ན་འཛིན་པར་ཟད་ཀྱི་རྡུལ་ཕྲ་རབ་རབ་ཏུ་འབྱེད་པར་མི་བྱེད་དེ། རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ནི་ཤེས་རབ་ཀྱིས་ཡོངས་སུ་བཅད་ཅིང་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །དེ་ལ་ཅིའི་ ཕྱིར་ན་རྡུལ་ཕྲ་རབ་མ་སྐྱེས་པ་དང་། མ་འགགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དང་པོར་མཐའ་དག་འདུས་ཏེ་འབྱུང་བའི་ཕྱིར་དང་། ཐ་མར་ཡང་རྡུལ་ཕྲ་རབ་ཀྱི་གནས་སྐབས་སུ་མ་གྱུར་གྱི་བར་དུ་ཉེ་བར་སྦྱོར་བ་ཡོད་པའི་ཕྱིར་རོ། །ཆུའི་ཐིགས་པ་བཞིན་ནོ། །དེ་ལ་རྣམ་པ་ལྔས་ རྡུལ་ཕྲ་རབ་ལ་སེམས་པ་ནི་ཚུལ་བཞིན་མ་ཡིན་པར་རིག་པར་བྱ་སྟེ། གཟུགས་འདུས་པ་ལ་རྡུལ་ཕྲ་རབ་རང་གི་བདག་ཉིད་ཀྱིས་གནས་པར་འཛིན་པ་ནི་རྡུལ་ཕྲ་རབ་ལ་སེམས་པ་ཚུལ་བཞིན་མ་ཡིན་པར་རིག་པར་བྱའོ། །རྡུལ་ཕྲ་རབ་སྐྱེ་བ་དང་འགག་པར་འགྱུར་བར་འཛིན་པ་དང་། རྡུལ་ཕྲ་ རབ་དང་། རྡུལ་ཕྲ་རབ་ཕྲད་པ་དང་། བྲལ་བར་འཛིན་པ་དང་། གཟུགས་འདུས་པ་ནི་རྡུལ་ཕྲ་རབ་ཙམ་གྱི་གནས་སྐབས་ཡིན་པར་འཛིན་པ་དང་། རྡུལ་ཕྲ་རབ་རྣམས་ཚོགས་ནས་གཟུགས་འདུས་པ་དོན་གཞན་དུ་གྱུར་པ་བསྐྱེད་པར་འཛིན་པ་ཡང་རྡུལ་ཕྲ་རབ་ལ་སེམས་པ་ཚུལ་བཞིན་མ་ ཡིན་པར་རིག་པར་བྱའོ། །དེ་ལ་ཚུལ་བཞིན་ལ་རབ་ཏུ་བརྩོན་པས་ནི་ཚུལ་བཞིན་མ་ཡིན་པ་རྣམ་པ་ལྔ་པོ་དེ་དག་སྤངས་ཏེ་རྡུལ་ཕྲ་རབ་བསམ་པར་བྱའོ། །དེ་ལ་རྡུལ་ཕྲ་རབ་རྣམ་པར་གཞག་པ་ལས་ཕན་ཡོན་རྣམ་པ་ལྔ་ཡོད་དེ་རིལ་པོ་རབ་ཏུ་དབྱེ་བ་རྣམ་པར་གཞག་པས་ནི་རྣལ་འབྱོར་པ་ རྣམས་ཀྱི་དམིགས་པ་ལ་གསལ་བའི་རྒྱུ་བྱས་པར་འགྱུར་ཏེ་དེ་ནི་ཕན་ཡོན་དང་པོ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་སྤོང་བའི་རྒྱུ་བྱས་པར་འགྱུར་བ་ནི་ཕན་ཡོན་གཉིས་པའོ། །འཇིག་ཚོགས་ལ་ལྟ་བ་སྤོང་བ་ཇི་ལྟ་བ་དེ་བཞིན་དུ་ང་རྒྱལ་སྤོང་བའི་རྒྱུ་བྱས་ པར་འགྱུར་བ་ནི་ཕན་ཡོན་གསུམ་པའོ། །དེ་བཞིན་དུ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་རྒྱུ་བྱས་པར་འགྱུར་བ་ནི་ཕན་ཡོན་བཞི་པའོ། །མྱུར་དུ་མཚན་མ་རྣམ་པར་འཇིག་པའི་རྒྱུ་བྱས་པར་འགྱུར་བ་ནི་ཕན་ཡོན་ལྔ་པ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་རྡུལ་ཕྲ་རབ་ བསམ་པ་ཡིན་ནོ། །དེ་ལ་གཟུགས་ཅན་གྱི་རྫས་རྣམས་ཀྱི་སྐྱེ་བ་ནི་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ་འདི་ལྟ་སྟེ། གནས་ལས་སྐྱེ་བ་དང་། ས་བོན་ལས་སྐྱེ་བ་དང་། འཕེན་པ་ལས་སྐྱེ་བ་དང་། ཕན་འདོགས་པ་ལས་སྐྱེ་བ་དང་། གནོད་པ་བྱེད་པ་ལས་སྐྱེ་བའོ། །དེ་ལ་གནས་ ལས་སྐྱེ་བ་ནི་འབྱུང་བ་ཆེན་པོ་ལ་བརྟེན་ནས་འབྱུང་བ་ཆེན་པོའི་ཕྱོགས་སུ་དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས་སྐྱེ་བར་འགྱུར་བ་སྟེ། དེའི་ཕྱིར་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་རྒྱུར་བྱས་པའི་གཟུགས་ཞེས་བྱ་སྟེ། ཕྱོགས་གཅིག་ལས་ཉེ་བར་བླངས་བས་ཞེས་བྱ་བའི་དོན་ཏོ། ། དེ་ལ་གཟུགས་འདུས་པ་གང་ལས་འབྱུང་བ་དང་། རྒྱུར་བྱས་པའི་གཟུགས་རང་གི་མཚན་ཉིད་ལས་དམིགས་པ་གང་ཡིན་པ་དེ་ཉིད་ནི་དེ་ལ་ཡོད་པར་རིག་པར་བྱའོ། །དེ་གང་ལ་གང་མི་དམིགས་པ་དེ་ནི་དེ་ལ་མེད་པར་རིག་པར་བྱ་སྟེ། དེ་ལྟར་ན་དེ་ནི་ཡོད་པ་དང་མེད་པའི་མཚན་ཉིད་རྣམ་ པར་གཞག་པ་མདོར་བསྡུས་པ་ཡིན་ནོ། །གལ་ཏེ་གང་ལ་གང་མི་དམིགས་པ་དེ་ཡང་དེ་ལ་ཇི་ལྟར་དམིགས་པ་དེ་བཞིན་དུ་ཡོད་པར་གྱུར་ན། དེ་དེ་དང་རྫས་མཚུངས་པ་ཞིག་གམ། རྫས་མི་མཚུངས་པ་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་རྫས་མཚུངས་ཞེས་བྱར་ནི་མི་དམིགས་པས་མི་ རུང་ངོ་། །གལ་ཏེ་རྫས་མི་མཚུངས་པ་ཞིག་ཡིན་ན་ཡང་། རྫས་མི་མཚུངས་པ་དེ་དེ་ཙམ་ཞིག་གམ། མཐུ་ལས་ཡིན་གྲང་ན། གལ་ཏེ་དེ་ཙམ་ཞིག་ལས་ཞེས་བྱར་ནི། དེས་ན་ཅུང་ཟད་ཀྱང་དམིགས་སུ་མེད་པས་མི་རུང་ངོ་། །གལ་ཏེ་མཐུ་ལས་ཞེས་བྱར་ནི། དེས་ན་མཚན་ ཉིད་ལས་ཐ་དད་པའི་མཐུ་གཞན་མི་དམིགས་པས་མི་རུང་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གནས་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་ས་བོན་ལས་སྐྱེ་བ་ནི་རང་གི་ས་བོན་ལས་འབྱུང་བ་གང་ཡིན་པ་སྟེ། འདི་ལྟ་སྟེ་དཔེར་ན་འདུས་པ་སྲ་བ་ནི་ལན་འགའ་ནི་རྐྱེན་ཉེ་བར་གྱུར་བ་ན་ སླ་བར་གྱུར་ལ་སླ་བ་ཡང་ལན་འགའ་ནི་སྲ་བར་འགྱུར་བ་དང་། གྲང་བ་ཡང་དྲོ་བར་འགྱུར་ལ། དྲོ་བ་ཡང་གྲང་བར་འགྱུར་བ་དང་། མི་གཡོ་བ་ཡང་གཡོ་བར་འགྱུར་ལ། གཡོ་བ་ཡང་མི་གཡོ་བར་འགྱུར་བ་དང་། དེ་བཞིན་དུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་ལ་སོགས་པའི་དབྱེ་བ་ཡང་ རིག་པར་བྱ་སྟེ། དེ་ལྟར་ན་རང་གི་མཚན་ཉིད་མེད་ཀྱང་། ཁམས་ཡོད་ན་འདུས་པ་དེ་དང་དེ་ལས་ཆོས་གཟུགས་ཅན་བྱེ་བྲག་ཅན་དེ་དང་དེ་དག་འབྱུང་བར་འགྱུར་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་ས་བོན་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་འཕེན་པ་ལས་སྐྱེ་བ་ནི་འདི་ལྟ་སྟེ། ནང་གི་དབང་པོ་གཟུགས་ཅན་རྣམས་ཀྱི་དབང་གིས་ཕྱི་རོལ་གྱི་དངོས་པོ་བརྟན་པ་རྣམས་འབྱུང་བ་སྟེ། འདི་ལྟ་སྟེ་སྣོད་ཀྱི་འཇིག་རྟེན་རྣམས་སོ། །ནང་གི་སྐྱེ་མཆེད་རྣམས་ཀྱང་སྔོན་གྱི་ལས་ཀྱི་འཕེན་པ་ལས་འབྱུང་ངོ་། །དེ་ལ་འདོད་པ་ཉེ་བར་གནས་པའི་ལྷ་རྣམས་དང་། འདོད་པ་ཉེ་བར་ གནས་པ་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱི་ཡོ་བྱད་རྣམས་ནི་ཡང་དང་ཡང་འཕེན་པའི་སྐྱེ་བ་ལས་འབྱུང་བར་རིག་པར་བྱའོ། །མི་རྣམས་ཀྱི་ནི་སྣོད་བསྟན་པ་དག་ལས་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་འཕེན་པ་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་ཕན་འདོགས་པ་ལས་སྐྱེ་བ་ནི་ འདི་ལྟ་སྟེ། ཆོས་གཟུགས་ཅན་དེ་དང་དེ་དག་ཕན་འདོགས་པའི་རྐྱེན་དེ་དང་དེ་དག་ལ་བརྟེན་ནས་ཆེས་བརྟས་པ་དང་། ཤིན་ཏུ་བརྟས་པ་དང་། ཤིན་ཏུ་མཆོག་དང་། ཤིན་ཏུ་ཁྱད་པར་དུ་འཕགས་པར་སྐྱེ་བར་འགྱུར་བ་སྟེ། འདི་ལྟ་སྟེ་དཔེར་ན་ཆུ་ལ་སོགས་པས་བརླན་པ་རྣམས་ཀྱི་མྱུ་གུ་ ལ་སོགས་པ་ལྟ་བུ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་ཕན་འདོགས་པ་ལས་སྐྱེ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་གནོད་པ་བྱེད་པ་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་འདུས་པ་སྐྱེ་བ་ནས་རྫས་སྣ་ཚོགས་མཆིག་ལ་བཏགས་ཏེ་ཆུ་དང་སྦྱར་བ་རྣམ་པར་གཞག་པ་བཞིན་དུ་སྐྱེ་བ་ལ་བྱའི་ ཏིལ་དང་སྲན་ཆུང་དང་། མོན་སྲན་གྲེའུ་ལ་སོགས་པའི་ཕུང་པོ་རྣམ་པར་གཞག་པ་ལྟ་བུ་ལ་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བ་བྱེད་པའི་ཕྱིར་དེ་ལྟར་སྐྱེ་བའི་ཕྱིར་ཏེ། དེ་ལྟར་དེའི་སྐྱེ་བའི་རྒྱུ་ནི་དབང་ཡིན་པར་རིག་པར་བྱའོ། །གང་གི་ཚེ་འདུ་བྱེད་ཐམས་ཅད་རང་ གི་ས་བོན་ལས་སྐྱེ་བའི་ཚེ་ཅིའི་ཕྱིར་རྒྱུར་བྱས་པའི་གཟུགས་ལ་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཞེས་བྱ་ཞེ་ན། སྨྲས་པ། དེ་དག་འགྱུར་བས་འགྱུར་བ་དང་། གནས་པ་དང་འཛིན་པའི་ཕྱིར་རོ། །དེ་ལ་རྒྱུ་གསུམ་གྱིས་ན་འབྱུང་བ་ཆེན་པོ་གྱུར་པས་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་ སྟེ། སྐྱེས་བུའི་བྱེད་པ་དང་། ལས་དང་། སྙོམས་པར་འཇུག་པས་སོ། །དེ་ལ་སྐྱེས་བུའི་བྱེད་པ་ནི་སའི་མངོན་པར་གནོད་པའི་བྱེ་བྲག་དང་། སྣོད་ཀྱི་བྱེ་བྲག་དང་། ཞིང་གི་བྱེ་བྲག་ལས་རྒྱུར་བྱས་པའི་གཟུགས་དེ་འགྱུར་བར་སྣང་བ་དང་། ཆུའི་མངོན་པར་བརླན་པ་ལ་སོགས་པ་དང་། མེའི་ཡོངས་སུ་སྨིན་པ་ལ་སོགས་པ་དང་། རླུང་གི་ཡོངས་སུ་སྐམ་པ་ལ་སོགས་པས་རྒྱུར་བྱས་པའི་གཟུགས་འགྱུར་བར་སྣང་བ་སྟེ། དེ་ལྟར་ན་དེ་ནི་འབྱུང་བ་ཆེན་པོ་རྣམས་ལ་བརྟེན་ཏེ་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་སྐྱེས་བུའི་བྱེད་པས་བྱས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ལས་ནི་ ལས་དང་མཐུན་པར་དང་པོར་འབྱུང་བ་ཆེན་པོ་འབྱུང་ལ། དེའི་འོག་ཏུ་དེ་དང་མཐུན་པ་དེ་ལས་བྱུང་བའི་གཟུགས་འགྱུར་བ་འབྱུང་སྟེ། དེ་ལྟར་ན་དེ་ནི་འབྱུང་བ་ཆེན་པོ་རྣམས་ལ་བརྟེན་ཏེ་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་ལས་ཀྱིས་བྱས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་སྙོམས་པར་ འཇུག་པ་ནི་སྙོམས་པར་འཇུག་པ་ཡང་འབྱུང་བ་ཆེན་པོ་སྔོན་དུ་འགྲོ་བ་ཉིད་ཀྱིས་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་སྟེ། དེ་ལྟར་ན་དེ་ནི་འབྱུང་བ་ཆེན་པོ་རྣམས་ལ་བརྟེན་ཏེ་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་སྙོམས་པར་འཇུག་པས་བྱས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ མདོར་བསྡུ་ན་རྒྱུ་ལྔས་ནི་འབྱུང་བ་ཆེན་པོ་འབྲས་བུ་གཞན་དུ་གྱུར་པ་ལས་འབྲས་བུ་གཞན་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ་འབྱུང་བ་ཆེན་པོའི་སྟོབས་དང་། སྐྱེས་བུའི་བྱེད་པའི་སྟོབས་དང་། རིག་སྔགས་ཀྱི་སྟོབས་དང་། རྫུ་འཕྲུལ་གྱི་སྟོབས་དང་། ལས་ཀྱི་སྟོབས་ཀྱིས་སོ། །འདི་ནས་ཤི་ འཕོས་ཤིང་ཤི་བའི་དུས་བྱས་པའི་བར་མདོའི་སྲིད་པའི་གཟུགས་འདུས་པ་གང་ཡིན་པ་དེ་རྒྱུ་གང་དང་རྐྱེན་གང་གིས་འབྱུང་ཞེ་ན། སྨྲས་པ། རང་གི་ས་བོན་ནི་རྒྱུ་ཡིན་ལ་དེ་སྐྱེ་བར་འགྱུར་བའི་ལས་ནི་རྐྱེན་ཡིན་པར་བལྟ་བར་བྱའོ། །བར་མདོའི་སྲིད་པ་ཡོད་པར་རྒྱུ་གང་གིས་ཁོང་དུ་ ཆུད་པར་བྱ་ཞེ་ན། སྨྲས་པ། ཤི་འཕོས་ནས་སེམས་དང་སེམས་ལས་བྱུང་བ་གནས་མེད་པ་རྣམས་ཡུལ་གཞན་དུ་ཕྱིན་མི་སྲིད་པའི་ཕྱིར་དང་། རྣམ་པར་འཕྲུལ་པ་ཙམ་ཡིན་པས་བྲག་ཅ་ལྟ་བུར་ཡང་མི་རུང་བ་དང་། མ་འགགས་པའི་ཕྱིར་གཟུགས་བརྙན་ལྟ་བུར་ཡང་མི་རུང་བ་དང་། འགྲོ་ བ་མེད་པའི་ཕྱིར་དམིགས་པ་འཛིན་པ་ལྟ་བུར་ཡང་མི་རུང་སྟེ། གང་གི་ཕྱིར་དཔེ་དེ་དག་མི་རུང་བ་དེའི་ཕྱིར་བར་མདོའི་སྲིད་པ་ཡོད་པར་རིག་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་སྐྱེ་བ་བསམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡུལ་གནོན་ཅིང་ཡུལ་གང་དུ་ དེ་ལས་གཞན་པ་དག་ཀྱང་གནས་པར་འགྱུར་བར་གཟུགས་ཀྱི་ཕུང་པོ་སྐྱེས་པའི་སྔོན་དུ་འགྲོ་བ་གང་ཡིན་ཞེ་ན། སྨྲས་པ། འབྱུང་བ་ཆེན་པོ་དག་སྔོན་དུ་འགྲོ་ཞིང་དེ་དག་ཉིད་ཡུལ་གནོན་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས་དེ་ནི་འབྱུང་བ་དེ་ལ་ བརྟེན་ནས་ཡུལ་དེར་གནས་པར་འགྱུར་རོ། །དེ་ལ་འབྱུང་བ་རྣམས་ཁོ་ན་ཡུལ་དེ་ལ་སྒྲིབ་པའི་དོན་གྱིས་ཉེ་བར་གནས་པ་ཡིན་གྱི། དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས་ནི་རང་གི་མཚན་ཉིད་ཀྱིས་ཁྱབ་པའི་དོན་དང་། དེའི་དབང་གིས་ན་དེ་ཡང་ཡུལ་ལ་གནོན་པར་རིག་པར་བྱའོ། །ས་ ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི་གོ་རིམས་བཞིན་དུ་རགས་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ལ་སའི་ཁམས་འབྲས་བུ་དང་བཅས་པ་ནི་རྟེན་གྱི་དོན་གྱིས་གཙོ་བོ་ཡིན་ནོ། །ཆུ་དང་། མེ་དང་། རླུང་རྣམས་ཀྱི་ལས་ནི་རླན་པ་དང་། འབར་བ་དང་། གཡོ་བར་བྱེད་པ་ཡིན་ ཏེ། དེ་དག་ནི་དེ་ལ་བརྟེན་ནས་འཇུག་པར་འགྱུར་རོ། །དེ་ལ་སྒྲ་ནི་བརྗོད་མ་ཐག་ཏུ་འཇིག་པའི་ཕྱིར་གཟུགས་འདུས་པ་ལས་རྒྱུན་བརྟན་པ་མ་ཡིན་ཏེ། ཡུལ་དེ་དང་ཕྱི་རོལ་ལ་དམིགས་པ་ཡིན་ནོ། །དེ་ནི་དེ་ལ་བརྟེན་ཏེ་ལན་ཅིག་བྱུང་བ་ན་ཡུལ་གང་དུ་གྲག་པའི་ཡུལ་དེ་ཐམས་ཅད་ དུ་ཅིག་ཅར་ཁོ་ནར་ཁྱབ་པར་འབྱུང་སྟེ། མེའི་འོད་དང་འདྲ་བ་ཡིན་གྱི་ཆེས་ཆེ་བ་དང་ཆེ་བར་འབྱུང་ཞིང་འགྲོ་བ་ནི་མ་ཡིན་ནོ། །དེ་ལ་རླུང་ནི་རྣམ་པ་གཉིས་ཏེ། བརྟན་པ་དང་བརྟན་པ་མ་ཡིན་པའོ། །དེ་ལ་དཀྱིལ་འཁོར་ན་རྒྱུ་བ་ནི་བརྟན་པའོ། །ནམ་མཁའ་ལ་ རྒྱུ་བ་ནི་བརྟན་པ་མ་ཡིན་པ་ཁོ་ནའོ། །རྫས་ཀྱི་ནང་ན་རྒྱུ་བ་ནི་རྟག་ཏུ་ཕན་འདོགས་པ་ཡིན་ནོ། །འཁྲུལ་འཁོར་དེད་པ་ནི་བརྟན་པ་ཡིན་ནོ། །དེ་ལས་གཞན་པ་རྣམས་ནི་བརྟན་པ་མ་ཡིན་པར་བལྟ་བར་བྱའོ། །དེ་ལ་ནམ་མཁའི་ཁམས་ནི་སྣང་བ་དང་། མུན་པས་བསྡུས་པ་རྒྱུར་བྱས་པའི་ གཟུགས་ལ་ནམ་མཁའི་ཁམས་ཞེས་བྱའོ། །དེ་ཡང་བརྟན་པ་དང་བརྟན་པ་མ་ཡིན་པ་ཡིན་ཏེ། སེམས་ཅན་གང་དག་ལ་རྟག་ཏུ་མུན་པ་དང་། རྟག་ཏུ་སྣང་བ་ཡོད་པ་དེ་དག་ན་ནི་བརྟན་པ་ཡིན་ནོ། །གང་དག་ལ་དེ་ལྟ་མ་ཡིན་པ་དེ་དག་ན་ནི་བརྟན་པ་མ་ཡིན་པ་ཡིན་ཏེ། དེ་ཡང་གཟུགས་འདུས་ བ་ལ་བརྟེན་པ་ཡིན་པར་རིག་པར་བྱའོ། །དེ་ཡང་གསལ་བ་ནི་འོད་ཀྱིས་བསྡུས་པ་ཡིན་ནོ། །མི་གསལ་བ་ནི་བུ་གས་བསྡུས་པ་ཡིན་ནོ། །རིང་པོ་དང་ཐུང་ངུ་ཉིད་ལ་སོགས་པ་གང་དག་དབྱིབས་ཞེས་བྱ་བ་དེ་དག་ཀྱང་ཅི་རྫས་སུ་ཡོད་པའམ། བརྟགས་པའི་ཡོད་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བརྟགས་པའི་ཡོད་པ་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསགས་པ་ལས་གནས་པ་ནི་དབྱིབས་ཞེས་བྱ་བའི་ངེས་པའི་ཚིག་ཡིན་པ་དང་བསགས་པ་ཙམ་དམིགས་པ་དང་། མཚན་ཉིད་ལས་གཞན་པའི་དོན་མི་དམིགས་པ་དང་། ལྟོས་ཤིང་ལྟོས་ན་ངོ་བོ་ཉིད་ འདྲེས་པར་འགྱུར་བ་དང་། དེ་བློས་ཕྱེ་བས་ཤིང་རྟ་ལ་སོགས་པ་དང་འདྲ་བའི་ཕྱིར་རོ། །དེ་ལ་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སྙོམས་པར་འཇུག་པའི་འབྲས་བུ་ལ་ནི་ཁ་དོག་ཙམ་ཁོ་ན་ཡོད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་དྲི་ལ་སོགས་པའི་སྐྱེ་བའི་རྒྱུ་མེད་ པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའ་ལ་རྒྱུ་བའི་རླུང་ལ་ཡང་དྲི་ལ་སོགས་པ་ལྷན་ཅིག་སྐྱེས་པ་ནི་མེད་ལ། འདྲེས་པ་ལས་ནི་འབྱུང་བར་འགྱུར་རོ། །དཀྱིལ་འཁོར་ལས་ནི་ཕྱི་རོལ་དུ་བྱུང་བའི་སྣང་བ་ལ་ཡང་དེ་ལས་གཞན་པའི་འབྱུང་བ་རྣམས་དང་དྲི་ལ་ སོགས་པ་ནི་མི་དམིགས་སོ། །ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སྙོམས་པར་འཇུག་པའི་འབྲས་བུ་གང་ཡིན་པ་དེ་ཡང་སྙོམས་པར་འཇུག་པ་ལ་བརྟེན་པ་ཁོ་ན་ཡིན་པར་རིག་པར་བྱའོ། །འབྱུང་བ་ཆེན་པོ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་དང་རིགས་མཐུན་པའི་གཟུགས་ བརྙན་ལ་དམིགས་པའི་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱིར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཞེས་བྱའི་དེ་ལ་བརྟེན་ཏེ་སྐྱེས་པ་ནི་མ་ཡིན་ནོ། །གཟུགས་ཀྱི་ཕུང་པོ་ལས་ཆོས་དུ་ཞིག་ནི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པར་གནས་ལ། དུ་ཞིག་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པར་གནས་ ལ་དུ་ཞིག་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པར་གནས་ཤེ་ན། སྨྲས་པ། མིག་གི་སྤྱོད་ཡུལ་གང་ཡིན་པ་གཅིག་ནི་རྣམ་པ་གཉི་ག་ཡིན་ནོ། །ལྷག་མ་རྣམས་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ནི་མ་གཏོགས་ ཏེ་དེ་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་དབྱིབས་བསམ་པ་ཡིན་ནོ། །དེ་ལ་གང་དག་གིས་གཟུགས་ཀྱི་ཕུང་པོ་འཇུག་པར་འགྱུར་བའི་གཟུགས་ཀྱི་ཕུང་པོའི་རྒྱུན་དུ་ཡོད་ཅེ་ན། སྨྲས་པ་ གསུམ་སྟེ། རྒྱུ་མཐུན་པ་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་བྱུང་བའོ། །དེ་ལ་རྒྱུ་མཐུན་པ་ལས་བྱུང་བ་ནི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་རྒྱུ་མཐུན་པ་ལས་བྱུང་བ་དང་། རྒྱས་པའི་རྒྱུ་མཐུན་པ་ལས་བྱུང་བ་དང་། འགྱུར་བའི་རྒྱུ་མཐུན་པ་ ལས་བྱུང་བ་དང་། རང་བཞིན་གྱི་རྒྱུ་མཐུན་པ་ལས་བྱུང་བའོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་ནི་དང་པོ་དང་རྒྱུན་ལས་བྱུང་བ་སྟེ། འདི་ལྟ་སྟེ་ལས་ལས་སྐྱེས་པའི་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པའི་རྣམ་པར་སྨིན་པ་སྟེ། ལས་ཀྱི་འཕེན་པ་ཁོ་ནས་དེའི་རྣམ་པར་སྨིན་པ་ལས་ དུས་གཞན་ན་འབྱུང་བར་འགྱུར་བ་གང་ཡིན་པའོ། །དེ་ལ་རྒྱས་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ་ཡུལ་ལ་ཁྱབ་པའི་རྒྱས་པ་ལས་བྱུང་བ་དང་། མཚན་ཉིད་བརྟས་པར་བྱེད་པའི་རྒྱས་པ་ལས་བྱུང་བའོ། །དེ་ལ་རྒྱས་པ་ལས་བྱུང་བ་དང་པོ་ནི་གཟུགས་ཅན་ཟས་དང་གཉིད་དང་ཚངས་ པར་སྤྱོད་པ་དང་སྙོམས་པར་འཇུག་པ་དག་གིས་རྒྱས་པ་ཡིན་པར་བལྟ་བར་བྱའོ། །དེ་ལས་གཞན་པའི་ཟས་དང་། དེའི་གནས་དང་། ཡིད་ལ་བྱེད་པའི་ཁྱད་པར་བསྒོམ་པ་དང་། དུས་ཀྱིས་ཡོངས་སུ་སྨིན་པ་ལས་རིག་པར་བྱའོ། །དེ་ལ་ཆོས་གཟུགས་ ཅན་རྣམས་ནི་རྒྱས་པ་གཉིས་ཀྱིས་རྒྱས་པར་བྱེད་དོ། །གཟུགས་ཅན་མ་ཡིན་པ་རྣམས་ནི་མཚན་ཉིད་བརྟས་པར་བྱེད་པའི་རྒྱས་པ་འབའ་ཞིག་གིས་རྒྱས་པར་བྱེད་དོ། །འདོད་པ་ན་སྤྱོད་པའི་གཟུགས་ནི་ཟས་རྣམ་པ་བཞི་དང་། དེ་ལས་གཞན་པ་རྒྱས་པའི་རྒྱུ་ཐམས་ཅད་ཀྱིས་རྒྱས་པར་ བྱེད་དོ། །གཟུགས་ན་སྤྱོད་པའི་གཟུགས་ནི་ཁམ་གྱི་ཟས་ཀྱིས་ཀྱང་མ་ཡིན་ལ། གཉིད་ཀྱིས་ཀྱང་མ་ཡིན། ཚངས་པར་སྤྱོད་པས་ཀྱང་མ་ཡིན་ནོ། །དབང་པོ་གཟུགས་ཅན་རྣམས་ཀྱི་རྒྱུན་ནི་གཉིས་ཀྱིས་འཇུག་པར་རིག་པར་བྱ་སྟེ། དེ་དག་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་བྱུང་བའི་རྒྱུན་ལས་གཞན་པ་རྒྱུ་མཐུན་པའི་རྒྱུན་མེད་པའི་ཕྱིར་རོ། །གང་གི་ཚེ་རྣམ་པར་སྨིན་པའི་རྒྱུན་ལ་ཡང་འཕེལ་ཞིང་ཡངས་ལ་རྒྱས་ཤིང་རྒྱ་ཆེ་བ་དམིགས་པའི་ཚེ། རྣམ་པར་སྨིན་པས་བསྡུས་པ་ཡང་ཅིའི་ཕྱིར་རྒྱས་པ་ལས་བྱུང་བར་མི་འགྱུར་ཞེ་ན། སྨྲས་པ། རྒྱས་པ་ཐ་ དད་པའི་རྒྱུན་དེ་ལ་ཕན་འདོགས་པས་ཉེ་བར་བསྟན་པ་ནི་རྣམ་པར་སྨིན་པའི་རྒྱུ་མཐུན་པ་ལས་བྱུང་བའི་རྒྱུན་གྱིས་འཕེལ་བ་ཉིད་ཡིན་པའི་ཕྱིར་རོ། །དབང་པོས་མ་བསྡུས་པའི་གཟུགས་ལ་ནི་རྣམ་པ་གསུམ་ཆར་མེད་པར་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྒྱུ་མཐུན་པ་ ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་གཉིས་པས་རྒྱས་པ་ལས་བྱུང་བ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ལ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མེད་དེ་ལྷག་མ་ནི་སེམས་དང་སེམས་ལས་བྱུང་བ་བཞིན་དུ་རིག་པར་བྱའོ། །འདོད་པའི་ཁམས་ ན་ནི་ནང་དང་ཕྱི་རོལ་གྱི་གཟུགས་ཐམས་ཅད་རྣམ་པར་སྨིན་པར་འགྱུར་རོ། །གཟུགས་ཀྱི་ཁམས་ན་ནི་དྲི་དང་རོ་མེད་དོ། །འདོད་པའི་ཁམས་ན་ནི་དབང་པོ་གཟུགས་ཅན་རྣམས་མ་ཚང་བར་ཡང་རྣམ་པར་སྨིན་པར་འགྱུར་རོ། །གཟུགས་ཀྱི་ཁམས་ན་ནི་ཚང་བ་རྣམས་སོ། །སྒྲའི་ཁམས་ནི་ རྣམ་པར་སྨིན་པ་ཡིན་ལ་སྒྲ་ནི་མ་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་རྒྱུན་བསམ་པ་ཡིན་པར་རིག་པར་བྱའོ། །གཟུགས་ཀྱི་ཕུང་པོས་བསྡུས་པའི་སའི་ཁམས་ནི་ལས་དུ་དང་ལྡན་པ་ཡིན། རླུང་གི་ཁམས་ཀྱི་བར་དུ་ཡང་ལས་དུ་དང་ལྡན་པ་ཡིན་ཞེ་ན། སྨྲས་ པ། ཐམས་ཅད་ཀྱང་ལས་ལྔ་དང་ལྡན་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་སའི་ཁམས་ནི་མངོན་པར་གནོད་པས་དེ་ཡོངས་སུ་འགྱུར་བར་བྱེད་པའི་ལས་ཅན་དང་། རྟེན་གྱི་ལས་ཅན་དང་། གནས་བྱེད་པའི་ལས་ཅན་དང་། འཁྲུག་པའི་ལས་ཅན་དང་། ཕན་འདོགས་པའི་ལས་ཅན་ཡིན་ ནོ། །ཆུའི་ཁམས་ནི་འབབ་པ་དང་། སྡུད་པ་དང་། རླན་པ་དང་། འཁྲུག་པ་དང་། ཕན་འདོགས་པའི་ལས་ཅན་ཡིན་ནོ། །མེའི་ཁམས་ནི་གསལ་བ་དང་། སྨིན་པ་དང་། སྲེག་པ་དང་། འཁྲུག་པ་དང་། ཕན་འདོགས་པའི་ལས་ཅན་ཡིན་ནོ། །རླུང་གི་ཁམས་ནི་གཡོ་བ་དང་། བྱ་བའི་རྗེས་སུ་འཇུག་པ་དང་། སྐམ་པ་དང་། འཁྲུག་པ་དང་། ཕན་འདོགས་པའི་ལས་ཅན་ཡིན་ནོ། །ཡང་འབྱུང་བ་ཆེན་པོ་རྣམས་ནི་རྒྱུར་བྱས་པའི་གཟུགས་འཇུག་པ་ལས་ལྔ་དང་ལྡན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། སྐྱེས་པ་དང་། བརྟེན་པ་དང་། གནས་པ་དང་། རྟོན་པ་ དང་། འཕེལ་བར་བྱེད་པའི་ལས་ཅན་ཡིན་ནོ། །དེ་ལ་སྐྱེས་པ་ནི་འགྱུར་བ་སྐྱེ་བའི་སྔོན་དུ་འགྲོ་བ་དག་ཡིན་ནོ། །བརྟེན་པ་ནི་འགྱུར་བ་འབྱུང་བའི་ཡུལ་ཐ་མི་དད་པས་རྟེན་དུ་གྱུར་པ་དག་ཡིན་ནོ། །གནས་པ་ནི་ཕན་འདོགས་པ་དང་། གནོད་པ་བྱེད་པ་དག་གིས་གྲུབ་པ་དང་། བདེ་ བ་གཅིག་པའི་དོན་གྱི་གནས་སུ་གྱུར་པ་དག་ཡིན་ནོ། །རྟོན་པ་ནི་དེ་ཙམ་ལས་མི་ཉམས་ཤིང་ཀུན་ཏུ་འཛིན་པས་རྟོན་པར་གྱུར་པ་དག་ཡིན་ནོ། །འཕེལ་བར་བྱེད་པ་ནི་འཕེལ་ཞིང་རྒྱས་པར་འགྱུར་བས་འཕེལ་བར་བྱེད་པ་དག་ཡིན་ནོ། །མིག་དང་རྣ་བའི་སྤྱོད་ཡུལ་གྱི་གཟུགས་དགེ་བ་ དང་མི་དགེ་བ་གང་ཡིན་པ་དེ་ཅིའི་ཕྱིར་ན་དགེ་བ་དང་མི་དགེ་བ་ཉིད་ཡིན་པ་དེ་ལས་གཞན་པ་དག་མ་ཡིན་ཞེ་ན། སྨྲས་པ། མདོར་བསྡུ་ན་སེམས་པ་ནི་ཆུང་ངུ་དང་འབྲིང་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལུས་དང་ངག་གི་རྣམ་པར་རིག་བྱེད་དགེ་བ་དང་། མི་དགེ་བར་གདགས་པ་འཇུག་པ་ལ་མངོན་པར་འདུ་བྱེད་པའི་སེམས་པ་དང་། ངེས་པའི་སེམས་པ་དང་། ཀུན་ནས་སློང་བའི་སེམས་པའོ། །དེ་ནི་སེམས་པ་ཆེན་པོ་རྟེན་དུ་གྱུར་པ་དང་ལྡན་པ་ཡིན་པའི་ཕྱིར་དགེ་བ་དང་མི་དགེ་བར་བལྟ་བར་བྱའོ། །གཟུགས་ འདུས་པ་ལས་གཡོ་བ་ཐ་དད་པའམ། ཐ་མི་དད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཐ་མི་དད་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་དེར་སྐྱེས་ནས་སམ། མ་སྐྱེས་པར་རམ། ཞིགས་ནས་སམ། མ་ཞིགས་པར་གཡོ་བ་ལ་ཉེས་པ་མེད་པའི་ཕྱིར་རོ། །དེ་ལ་ཉེས་པ་ནི་འདི་དག་ ཡིན་ཏེ། གལ་ཏེ་སྐྱེས་ནས་གཡོ་ན་ནི་དེས་ན་མཚན་ཉིད་སྤངས་པར་འགྱུར་རོ། །གལ་ཏེ་མ་སྐྱེས་པར་གཡོ་ན་ནི་དེས་ན་གཡོ་བ་དང་མི་ལྡན་པར་འགྱུར་རོ། །གལ་ཏེ་ཞིགས་ནས་གཡོ་ན་ནི་དེས་ན་གོང་མ་དང་འདྲ་བ་ཉིད་དུ་འགྱུར་རོ། །གལ་ཏེ་མ་ཞིགས་པར་གཡོ་ན་ནི་དེས་ན་འདུ་ བྱེད་ཀྱི་མཚན་ཉིད་གསལ་བར་སྤངས་པར་འགྱུར་རོ། །དེ་ལས་གཞན་པ་ཡུལ་གཞན་དུ་སྐྱེ་བའི་རྒྱུ་དམིགས་པས་ན། གཡོ་བ་ཞེས་བྱ་བ་དོན་གཞན་དུ་གྱུར་པ་རྫས་སུ་ཡོད་པ་མ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་ལས་བསམ་པ་ཡིན་པར་ རིག་པར་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ཐམས་ཅད་ནི་སྐད་ཅིག་པ་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་ནས་འཇིག་པ་དམིགས་པའི་ཕྱིར་རོ། །སྐྱེ་བའི་རྒྱུ་ནི་འཇིག་པའི་རྒྱུ་ཡིན་པར་མི་རུང་སྟེ། མཚན་ཉིད་མི་འདྲ་བའི་ཕྱིར་རོ། །སྐྱེས་པ་གནས་པའི་རྒྱུ་དེ་ལས་ གཞན་པ་ཡང་མི་དམིགས་པས་དེའི་ཕྱིར་འདུ་བྱེད་ཐམས་ཅད་ནི་རང་གི་ངང་གིས་འཇིག་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་སྐད་ཅིག་པ་ཉིད་རབ་ཏུ་གྲུབ་བོ། །མེ་ལ་སོགས་པ་འཇིག་པའི་རྒྱུ་ཉིད་དུ་རྟོག་པ་ཡང་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མེ་ལ་སོགས་པ་དེ་དག་ནི་འདུ་བྱེད་དེ་ དང་ལྷན་ཅིག་ཏུ་སྐྱེ་བ་དང་འཇིག་པར་དམིགས་པའི་ཕྱིར་ཏེ། དེ་དག་ནི་མི་འདྲ་བ་སྐྱེ་བའི་རྐྱེན་བྱེད་པ་ཙམ་ཡོད་པར་ཟད་དོ། །འཇིག་པ་ཡང་འཇིག་པའི་རྒྱུར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དང་ལྷན་ཅིག་ཡོད་པར་མི་རུང་བའི་ཕྱིར་རོ། །སྐྱེས་ནས་དེ་འཇིག་པར་བྱེད་ཅེས་བྱར་ཡང་ དེའི་རྒྱུན་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཇིག་པ་དེ་ལ་འཇིག་པ་ཙམ་གྱི་ངོ་བོ་ཉིད་ཡིན་ན་ནི་འཇིག་པའི་རྒྱུ་ཡིན་པར་མི་རུང་ངོ་། །འོན་ཏེ་འཇིག་པ་དེ་ངོ་བོ་ཉིད་གཞན་པ་ཁོ་ན་ཞིག་ཡིན་ན་ནི། དེས་ན་འཇིག་པའི་མཚན་ཉིད་དོན་གཞན་དུ་གྱུར་པ་དེ་མི་དམིགས་པས་མི་རུང་ ངོ་། །གལ་ཏེ་མེ་ལ་སོགས་པ་དང་འཇིག་པ་བསྡོངས་ཏེ་འཇིག་པར་བྱེད་དོ་ཞེས་རྟོག་ན་ནི། དེས་ན་མར་མེ་ལ་སོགས་པ་དང་སེམས་དང་སེམས་ལས་བྱུང་བ་རྣམས་རང་གི་ངང་གིས་འཇིག་གོ་ཞེས་བྱ་བ་མི་འཐད་པར་མི་རུང་ངོ་། །གལ་ཏེ་དེ་སྐྱེ་བ་ལ་ནུས་པ་གཞན་དང་གཞན་ཡོད་པར་རྟོག་ ན་ནི་དེས་ན་བྱེ་བྲག་མི་དམིགས་པས་མི་རུང་ངོ་། །གལ་ཏེ་གཉི་གས་ཕྱོགས་གཅིག་འཇིག་པར་ནུས་སོ་ཞེས་རྟོག་ན་ནི། དེས་ན་གཉི་གས་ཆ་གཉི་ག་འཇིག་པར་ནུས་པའམ། ཆ་གཉི་ག་འཇིག་པར་མི་ནུས་པར་ཐལ་བར་འགྱུར་བས་མི་རུང་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་ པ་དེ་ནི་གཟུགས་ཀྱི་ཕུང་པོའི་སྐད་ཅིག་པ་ཉིད་བསམ་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་རང་གི་ངང་གིས་འཇིག་པའི་རྒྱུ་དང་། མེ་ལ་སོགས་པ་འཇིག་པའི་རྒྱུ་མ་ཡིན་པར་བཀག་པ་དང་། འཇིག་པ་འཇིག་པའི་རྒྱུ་མ་ཡིན་པར་བཀག་པ་དང་། དེ་གཉི་ག་འཇིག་པའི་ རྒྱུ་མ་ཡིན་པར་བཀག་པ་ལས་བལྟ་བར་བྱའོ། །ཡང་འདུ་བྱེད་ཐམས་ཅད་ནི་སེམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་སེམས་བཞིན་དུ་སྐད་ཅིག་པ་ཉིད་ཡིན་པར་རིག་པར་བྱའོ། །ཅི་འབྱུང་བ་ཆེན་པོ་རྣམས་ལས་རྒྱུར་བྱས་པའི་གཟུགས་རྣམས་མཚན་ཉིད་ཐ་དད་པའམ། ཐ་དད་པ་མ་ ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཐ་དད་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་མི་འདྲ་བ་དམིགས་པའི་ཕྱིར་རོ། །དེ་ལ་མཚན་ཉིད་མི་འདྲ་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དབང་པོ་གཞན་གྱིས་རྟོགས་པ་སྟེ། འདི་ལྟར་འབྱུང་བ་ཆེན་པོ་རྣམས་ནི་དབང་པོ་ གཞན་གྱིས་འཛིན་པར་བྱེད་ལ། རྒྱུར་བྱས་པའི་གཟུགས་རྣམས་ཀྱང་དབང་པོ་གཞན་གྱིས་འཛིན་པར་བྱེད་པ་དང་། དེ་བཞིན་དུ་འཕོ་བ་དང་མི་འཕོ་བ་ཡང་དམིགས་པའི་ཕྱིར་ཏེ། འདི་ལྟ་སྟེ། ཏིལ་མར་དག་གི་ནང་དུ་མེ་ཏོག་དག་གི་དྲི་འཕོ་བ་ནི་དམིགས་ལ། སྲ་བ་ལ་སོགས་ པ་ནི་མི་འཕོ་བ་དང་། དེ་བཞིན་དུ་འགྱུར་བ་དང་མི་འགྱུར་བ་ཡང་དམིགས་པའི་ཕྱིར་ཏེ། འདི་ལྟ་སྟེ། མར་བཞུ་བ་ལ་སོགས་པ་ལ་ཁ་དོག་དང་རོ་ལ་སོགས་པ་འགྱུར་བའི་བྱེ་བྲག་ནི་དམིགས་ལ། སྲ་བ་ལ་སོགས་པ་ནི་མི་དམིགས་ཏེ། དེ་ལྟ་བས་ན་འབྱུང་ བ་ཆེན་པོ་དག་རྒྱུར་བྱས་པའི་གཟུགས་དག་ནི་མཚན་ཉིད་མི་འདྲ་བར་རིག་པར་བྱའོ། །མཚན་ཉིད་མི་འདྲ་བ་དག་ལ་ཡང་གཅིག་པ་ཉིད་དུ་མངོན་པར་ཞེན་པར་བྱེད་ན་ནི། འབྱུང་བ་ཆེན་པོ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། འདི་ལྟ་སྟེ་འབྱུང་བ་ཆེན་པོ་རྣམས་ནི་ཕན་ཚུན་མཚན་ཉིད་མི་ འདྲ་བ་དག་ཡིན་པས། དེ་ལྟར་ན་འབྱུང་བ་ཆེན་པོ་ཡང་གཅིག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རྒྱུར་བྱས་པའི་གཟུགས་རྣམས་ནི་འབྱུང་བ་ཆེན་པོ་དག་ལས་མཚན་ཉིད་ཐ་དད་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་མ་འདྲེས་པ་ དང་འདྲེས་པ་བསམ་པ་ཡིན་པར་རིག་པར་བྱའོ། །གཟུགས་ཀྱིས་བསྡུས་པའི་ཆོས་རྣམས་ལས་དུ་ཞིག་ནི་དབང་པོར་གྱུར་པ་དག་ཡིན། དུ་ཞིག་ནི་སྤྱོད་ཡུལ་དུ་གྱུར་པ་དག་ཡིན་ཞེ་ན། སྨྲས་པ། ལྔ་ནི་དབང་པོར་གྱུར་པ་དག་ཡིན་ལ། དྲུག་ནི་སྤྱོད་ཡུལ་དུ་གྱུར་པ་དག་ཡིན་པར་རིག་ པར་བྱའོ། །དེ་ལ་དབང་པོར་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དག་ཇི་ལྟར་ན་སྤྱོད་ཡུལ་ཡིན་ཞེ་ན། དེ་ནི་འདི་ལྟ་སྟེ། སའི་དངོས་གཞིར་དེ་ལ་དམིགས་ཀྱང་ཡོངས་སུ་མ་ཉམས་ལ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པ་ཡིན་ནོ། །དེ་ལ་རྒྱུ་དུས་ན་དབང་པོ་ཡོངས་སུ་ཉམས་པ་ དང་ཡོངས་སུ་མ་ཉམས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྒྱུ་གཉིས་ཀྱིས་ཏེ། དམན་པར་གྱུར་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་པས་སོ། །དེ་ལས་བཟློག་པས་ནི་ཡོངས་སུ་མ་ཉམས་པར་བརྗོད་པར་བྱའོ། །གཞན་ཡང་མདོར་བསྡུ་ན་རྒྱུ་བཞིས་དབང་པོ་རྣམས་འགྱུར་བར་ བལྟ་བར་བྱ་སྟེ། ཕྱི་རོལ་གྱི་རྐྱེན་ལས་སྐྱེ་བ་ནི་འདི་ལྟ་སྟེ། ཕན་འདོགས་པ་དང་། གནོད་པར་བྱེད་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པ་དག་དང་། ཡུལ་དང་ཕན་འདོགས་པ་ཕ་རོལ་གྱི་གནོད་པ་དག་གིས་འགྱུར་བར་བྱེད་པའོ། །ནང་གི་རྐྱེན་ལས་སྐྱེ་བ་ནི་འདི་ལྟ་སྟེ། སོ་སོའི་ནང་གི་ ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལས་སྐྱེས་པའི་སྙོམས་པར་འཇུག་པ་ལ་སོགས་པས་འགྱུར་བར་བྱེད་པའོ། །ལས་ཀྱི་རྐྱེན་ལས་སྐྱེ་བ་ནི་འདི་ལྟ་སྟེ། སྔོན་གྱི་ལས་ཀྱི་དབང་གིས་གཟུགས་སྡུག་པ་དང་མི་སྡུག་པ་ལ་སོགས་པས་འགྱུར་བར་བྱེད་པའོ། །ངོ་བོ་ཉིད་ལས་འགྱུར་བ་སྐྱེ་བ་ནི་འདི་ལྟ་སྟེ། དབང་པོ་དེ་དག་ཉིད་ཀྱི་མཚན་ཉིད་ཐ་དད་པས་འགྱུར་བར་བྱེད་པའོ། །ཡིད་ཀྱི་དབང་པོའི་ཡོངས་སུ་ཉམས་པ་རྣམ་པ་དུར་བལྟ་བར་བྱ་ཞེ་ན་ སྨྲས་པ། རྣམ་པ་བཞི་སྟེ། སྒྲིབ་པས་བྱས་པ་ནི་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་དག་ལས་གང་ཡང་རུང་བས་སེམས་སྒྲིབ་པ་ལས་སོ། །གཡེང་བས་བྱས་པ་ནི་འདི་ལྟ་སྟེ་གདོན་གྱིས་བརླམས་པ་ལ་སོགས་པས་སེམས་གཡེང་བར་བྱས་པ་ལས་སོ། །མ་ཐོབ་པས་བྱས་པ་ནི་འདི་ལྟ་སྟེ། བསམ་གཏན་དང་གཟུགས་མེད་པའི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པའི་སེམས་དེ་ལ་རྩོལ་བར་བྱེད་པ་ལས་སོ། །མ་བྱང་བས་བྱས་པ་ནི་འདི་ལྟ་སྟེ། ཐོས་པ་དང་བཟོ་ལ་སོགས་པ་ལ་ཡོངས་སུ་བྱང་བར་མ་བྱས་པའི་སེམས་ལས་སོ། །གཟུགས་ལ་སོགས་པ་ཡུལ་རྣམས་དབང་པོ་ རྣམས་ལ་ཇི་ལྟར་སྣང་བར་འགྱུར་ཞེ་ན། སྨྲས་པ། གཟུགས་ནི་མིག་དང་མ་ཕྲད་པར་སྣང་བར་འགྱུར་རོ། །ཧ་ཅང་ཆ་ཕྲ་བ་མ་ཡིན་པ་སྣང་བར་འགྱུར་རོ། །བསྟན་དུ་ཡོད་པ་སྣང་བར་འགྱུར་རོ། །མ་བསྒྲིབས་པ་སྣང་བར་འགྱུར་རོ། །སྣང་བ་དང་བཅས་པར་སྣང་བར་འགྱུར་རོ། །ཧ་ཅང་ བསྐལ་པ་མ་ཡིན་པ་སྣང་བར་འགྱུར་རོ། །སྤྱོད་ཡུལ་ན་གནས་པ་སྣང་བར་འགྱུར་རོ། །གཞན་ཡང་ལ་ལའི་མིག་ལ་ནི་མུན་ཁྲོད་ན་ཡང་གཟུགས་སྣང་བར་འགྱུར་རོ། །སྒྲ་ནི་རྣ་བ་དང་མ་ཕྲད་པ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། སྣང་བ་དང་། མུན་ཁྲོད་དང་། ཧ་ཅང་ཆ་ཕྲ་བ་མ་ ཡིན་པ་དང་། ཧ་ཅང་བསྐལ་པ་མ་ཡིན་པ་དང་། སྤྱོད་ཡུལ་ན་གནས་པ་གྲག་པར་འགྱུར་རོ། །དྲི་དང་རོ་དང་རེག་བྱ་རྣམས་ནི་རང་རང་གི་དབང་པོ་རྣམས་དང་ཕྲད་པ་དང་། སྤྱོད་ཡུལ་ན་གནས་པ་དག་སྤྱོད་ཡུལ་དུ་འགྱུར་རོ། །ལྷའི་མིག་ལ་ནི་གཟུགས་བསྟན་དུ་ཡོད་པ་དང་། བསྒྲིབས་ པ་དང་། མུན་ཁྲོད་ན་འདུག་པ་དང་། བསྐལ་པ་དང་། སྤྱོད་ཡུལ་ན་གནས་པ་ཡང་སྣང་བར་འགྱུར་རོ། །འཕགས་པའི་ཤེས་རབ་ཀྱི་མིག་ལ་ནི་གཟུགས་རྣམ་པ་ཐམས་ཅད་སྤྱོད་ཡུལ་དུ་འགྱུར་རོ། །སའི་དངོས་གཞིར་སྤྱོད་ཡུལ་རྣམ་པ་དྲུག་ཅེས་ གང་སྨྲས་པ་དེའི་རབ་ཏུ་དབྱེ་བ་གང་ཞེ་ན། འདི་ལྟ་སྟེ། གནས་དང་། མཚན་ཉིད་དང་། ཕྱོགས་དང་དུས་དང་གསལ་བ་དང་། མི་གསལ་བ་དང་། ཕྱོགས་གཅིག་དང་། དངོས་པོ་ཐམས་ཅད་འཛིན་པ་སྟེ། དེ་ལ་དང་པོ་ནི་སེམས་ཅན་གྱི་འཇིག་རྟེན་དུ་གཏོགས་པ་དང་། སྣོད་ཀྱི་ འཇིག་རྟེན་དུ་གཏོགས་པའི་གཟུགས་སོ། །གཉིས་པ་ནི་ངོ་བོ་ཉིད་རྣམ་པ་གསུམ་གྱིས་ངོ་བོ་ཉིད་ཀྱི་བྱེ་བྲག་ལས་ཏེ། མཚན་ཉིད་ཀྱི་བྱེ་བྲག་དང་། བྱ་བའི་བྱེ་བྲག་དང་། གནས་སྐབས་ཀྱི་བྱེ་བྲག་གིས་སོ། །དེ་ལ་གཟུགས་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྔོན་པོ་དང་ སེར་པོ་དང་། དམར་པོ་དང་། དཀར་པོ་ཞེས་བྱ་བ་རྒྱ་ཆེར་བསྟན་པའོ། །དེ་ལ་བྱ་བའི་བྱེ་བྲག་ནི་འདི་ལྟ་སྟེ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་བསྡུས་པ་དག་ཡིན་པར་ བལྟ་བར་བྱའོ། །དེ་ལ་གནས་སྐབས་ཀྱི་བྱེ་བྲག་ནི་འདི་ལྟ་སྟེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཡིན་པར་བལྟ་བར་བྱའོ། །དེ་ལ་སྒྲ་རྣམས་ནི་མཚན་ཉིད་ཀྱི་བྱེ་བྲག་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྣམས་དང་། མ་ ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྣམས་དང་། ཟིན་པ་དང་། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྣམས་སོ། །བྱ་བའི་བྱེ་བྲག་ནི་ངག་གི་རྣམ་པར་རིག་བྱེད་དོ། །གནས་སྐབས་ཀྱི་བྱེ་བྲག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་དྲི་རྣམས་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ ནི་རྩ་བ་དང་སྡོང་བུ་དང་། ཤུན་པ་དང་། སྙིང་པོ་དང་། ལོ་མ་དང་། མེ་ཏོག་དང་འབྲས་བུའི་དྲི་དག་གོ། །དྲི་དང་རོ་དང་རེག་བྱ་རྣམས་ལ་བྱ་བའི་བྱེ་བྲག་ནི་མེད་དོ། །དེ་དག་གི་གནས་སྐབས་ཀྱི་བྱེ་བྲག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་རོའི་མཚན་ཉིད་ཀྱི་བྱེ་བྲག་ནི་ཁ་བ་ལ་ སོགས་པ་སྟེ་སྔ་མ་བཞིན་དུ་བལྟ་བར་བྱའོ། །རེག་བྱའི་མཚན་ཉིད་ཀྱི་བྱེ་བྲག་ཀྱང་རྣམ་པ་དུ་མ་སྟེ་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་སྤྱོད་ཡུལ་གསུམ་པ་ནི་ཤར་དང་ལྷོ་དང་ནུབ་དང་བྱང་ལ་སོགས་པའི་ཕྱོགས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་བཞི་པ་ནི་འདས་པ་དང་། མ་འོངས་ པ་དང་། ད་ལྟར་བྱུང་བའི་བྱེ་བྲག་ལས་བལྟ་བར་བྱའོ། །དེ་ལ་ལྔ་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་གཟུང་བའི་བྱེ་བྲག་ལས་བལྟ་བར་བྱའོ། །དེ་ལ་དྲུག་པ་ནི་ཕྱོགས་གཅིག་དང་། དངོས་པོ་མཐའ་དག་འཛིན་པའི་བྱེ་བྲག་ལས་བལྟ་བར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་ པ་དེ་ནི་གཟུགས་ཅན་རྣམས་ཀྱི་ཡུལ་རྣམས་སྣང་བར་འགྱུར་བའི་བྱེ་བྲག་ཡིན་པར་རིག་པར་བྱའོ། །དེ་དང་འབྱུང་བ་ཡིད་ལ་བྱེད་པ་གང་ཡིན་ཞེ་ན། གནས་ཡོངས་སུ་མ་ཉམས་པ་དེ་དང་ཡུལ་སྣང་བ་དང་ཕྲད་པ་དེ་དང་། དེས་སེམས་ཀྱི་འཇུག་པ་མངོན་པར་གྲུབ་པ་གང་ཡིན་པ་སྟེ། དེ་ ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཅན་རྣམས་ཀྱི་ཕུང་པོའི་སྤྱོད་ཡུལ་བསམ་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་འདོད་པ་ན་སྤྱོད་པའི་ལུས་ལ་གནས་པའི་ལུས་ལ་གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་གང་དག་མངོན་པར་འགྲུབ་པར་འགྱུར་བ་དེ་དག་འོག་མའི་གཟུགས་དང་ལྷན་ ཅིག་པ་ཡུལ་གཅིག་གམ་ཡུལ་ཐ་དད་དམ་ཇི་ལྟར་གནས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྱེ་མ་དང་ཆུ་བཞིན་དུ་ཡུལ་ཐ་དད་པ་མ་ཡིན་པར་གནས་པར་བརྗོད་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་ཕན་ཚུན་འདྲེས་པ་བསམ་པ་ཡིན་པར་བལྟ་བར་ བྱའོ། །གཟུགས་ཀྱི་ཕུང་པོའི་བསམ་པ་རྫོགས་སོ།། །།བམ་པོ་བདུན་པ། ད་འདི་མན་ཆད་ནི་མིང་གིས་བསྡུས་པའི་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་གི་རྣམ་པར་གཞག་པ་ཅི་རིགས་པར་བཤད་པར་བྱ་སྟེ། སའི་དངོས་གཞིར་སེམས་གཅིག་རྣམ་པར་ གཞག་པ་བཤད་པ་གང་ཡིན་པ་དེ་ལས་བརྩམས་ནས་དེ་ལ་དཔེ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པ་ནི་སྟོན་པའོ། །བདེ་བར་གཤེགས་པ་ནི་སྟོན་པའོ་ཞེས་སེམས་བསྐྱེད་ཅིང་ཚིག་ཏུ་ཡང་སྨྲ་ན། དེ་ལྟར་སེམས་སྐྱེད་པར་བྱེད་པ་ཡང་དགེ་བའི་ཆོས་ རྣམས་ལ་གཅེས་སྤྲས་བྱེད་པ་ཡིན་པར་ང་སྨྲ་ན། ལུས་དང་ངག་གིས་རྗེས་སུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་སེམས་འདི་སྙེད་ཀྱིས་མངོན་པར་རྟོགས་པར་བྱེད་པ་དང་། དེ་བཞིན་དུ་སེམས་དང་བ་གཅིག་གིས་ནི་བདེ་འགྲོར་འགྲོ་བར་འགྱུར་ རོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་སྟེ། དེ་ལ་འཇུག་པར་གཏོགས་པའི་སེམས་ཀྱི་རྒྱུན་གཅིག་གིས་ནི་ཐ་སྙད་དང་ལྡན་པའི་སེམས་གཅིག་ཀུན་ནས་སློང་བར་བྱེད་ལ། ཐ་སྙད་དང་ལྡན་པའི་རྒྱུན་གཅིག་གིས་ནི་ཚིག་གཅིག་རྗོད་པར་བྱེད་ཅིང་ལུས་ཀྱི་ལས་ཀྱང་ཀུན་ ནས་སློང་བར་བྱེད་དོ། །དེ་ལ་ཅི་རྣམ་པར་རྟོག་པ་ཅན་དང་རྣམ་པར་རྟོག་པ་མེད་པའི་སེམས་ད་ལྟར་བྱུང་བའི་ཡུལ་ཉིད་ཀྱིས་ཡུལ་མཚུངས་པའམ། ཡུལ་མི་མཚུངས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ་ཡུལ་མཚུངས་པར་བརྗོད་པར་བྱའོ། །རྒྱུ་གང་གིས་ཤེ་ན། སྨྲས་པ། རྒྱུ་ གསུམ་གྱིས་གསལ་བའི་ཕྱིར་དང་། དེ་ལ་རྩོལ་བའི་ཕྱིར་དང་། གནས་གཉིས་ཀྱིས་བརྟས་པར་བྱས་པའི་ཕྱིར་རོ། །སེམས་ཉོན་མོངས་པ་ཅན་དུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཅི་ངོ་བོ་ཉིད་ལས་ཉོན་མོངས་པ་ཅན་དུ་བརྗོད་པར་བྱའམ། འོན་ཏེ་མཚུངས་པར་ལྡན་པར་ ལས་སམ། འོན་ཏེ་བག་ལ་ཉལ་ལས་ཤེ་ན། སྨྲས་པ། མཚུངས་པར་ལྡན་པ་དང་བག་ལ་ཉལ་ལས་ཡིན་གྱི། ངོ་བོ་ཉིད་ལས་ནི་མ་ཡིན་ནོ། །གལ་ཏེ་ངོ་བོ་ཉིད་ལས་ཉོན་མོངས་པ་ཅན་དུ་གྱུར་ན་ནི་དེ་འདོད་ཆགས་ལ་སོགས་པ་བཞིན་དུ་གཏན་རྣམ་པར་མི་འདག་པའི་སྐྱོན་དུ་འགྱུར་ རོ། །དེ་ལྟ་བས་ན་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སྐྱེའོ། །དེ་ལ་ཀུན་ནས་དཀྲིས་པ་སེམས་ཀུན་ནས་ཉོན་མོངས་པ་དེ་གཉིས་ལས་གང་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ་མཚུངས་པར་ལྡན་པ་ཡིན་པར་ བརྗོད་པར་བྱའོ། །དེ་ལ་བག་ལ་ཉལ་གང་ཞེ་ན། ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གང་ཡིན་པ་སྟེ་འདུ་བྱེད་རྣམས་ཀྱི་ཉེས་པར་ཀུན་ཏུ་གནས་པ་ཉིད་དང་། ཉེས་པར་ཞུགས་པ་ཉིད་དོ། །འཕགས་པ་རྣམས་ཀྱིས་གང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ ཀྱིས་སྡུག་བསྔལ་བར་མངོན་པར་རྟོགས་ནས། འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་བར་གཟིགས་ཤིང་གནས་པ་དེ་ཡང་ཇི་ལྟར་གཟིགས་ཤེ་ན། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སའི་དངོས་གཞིར་འདི་ལྟ་སྟེ། ཡོངས་སུ་གདུང་བ་དང་བཅས་པ་དང་། འབྲས་བུ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་སེམས་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་ཐམས་ཅད་བསྡུས་པར་བལྟ་བར་བྱ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཚེའི་ཀུན་ནས་ཉོན་མོངས་པ་ དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་པོ་དང་གཉིས་པ་ནི་འདོད་པ་ན་སྤྱོད་པ་དག་ཡིན་ནོ། །ཐ་མ་ནི་ཁམས་གསུམ་ན་སྤྱོད་པ་ཡིན་ནོ། །དེ་ལ་སེམས་ཀྱི་ཀུན་ནས་ཉོན་མོངས་པའི་འཆིང་བ་གང་ཞེ་ན། སྨྲས་པ། བག་ལ་ཉལ་གང་ ཡིན་པའོ། །ལས་ཀྱི་འཆིང་བ་གང་ཞེ་ན། སྨྲས་པ། ལས་ལ་དགའ་བ་ཡང་ལས་ཀྱི་འཆིང་བ་ཡིན་ནོ། །གནས་གསུམ་པོ་འདི་ལྟ་སྟེ། ངེས་པར་འབྱུང་བའི་སེམས་དང་། ངེས་པར་བྱུང་ནས་དགའ་བ་ཐོབ་པ་དང་། ལམ་ལ་དགའ་བ་ཐོབ་པ་ལ་གགས་བྱེད་པའི་ལས་ཀྱང་ལས་ ཀྱི་འཆིང་བ་ཡིན་ནོ། །རྣམ་པར་སྨིན་པའི་སྒྲིབ་པ་དང་མཐུན་པའི་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ནོ། །ལོག་པར་སྨོན་པའི་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ཏེ། བཞི་པོ་དེ་དག་ཡོད་ན་དྲུག་ཏུ་འགྱུར་ལ། དྲུག་ཡོད་ན་ཡང་བཞིར་འགྱུར་རོ། །རྣམ་པར་ཤེས་པ་འབྱུང་བ་ན་སེམས་ལས་བྱུང་བའི་ཆོས་ ཀུན་ཏུ་འགྲོ་བ་དུ་འབྱུང་ཞེ་ན། སྨྲས་པ། ལྔ་སྟེ་ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའོ། །ཀུན་ཏུ་འགྲོ་བ་མ་ཡིན་པ་དུ་འབྱུང་ཞེ་ན། སྨྲས་པ། ཀུན་ཏུ་འགྲོ་བ་མ་ཡིན་པ་ནི་མང་མོད་ཀྱི་གཙོ་བོ་ནི་ལྔ་སྟེ། འདི་ལྟ་སྟེ། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་ འཛིན་དང་། ཤེས་རབ་བོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་རྩོལ་བ་གང་ཡིན་པའོ། །རེག་པ་གང་ཞེ་ན། གསུམ་འདུས་པ་ལས་དོན་འཛིན་པ་གང་ཡིན་པའོ། །ཚོར་བ་གང་ཞེ་ན། གསུམ་འདུས་པ་ལས་དོན་སོ་སོར་མྱོང་བ་གང་ཡིན་པའོ། །འདུ་ཤེས་གང་ཞེ་ན། གསུམ་འདུས་པ་ཉིད་ ལས་དམིགས་པར་འདོགས་པ་ལ་བརྡར་འཛིན་པ་གང་ཡིན་པ་སྟེ། དེ་ཡང་རྗེས་སུ་སད་པ་དང་། ཐ་སྙད་བག་ལ་ཉལ་བའོ། །དེ་ལ་རྗེས་སུ་སད་པ་ནི་འདི་ལྟ་སྟེ། ལྷ་དང་མི་ཐ་སྙད་ལ་མཁས་པ་རྣམས་ཀྱིའོ། །ཐ་སྙད་བག་ལ་ཉལ་བ་ནི་འདི་ལྟ་སྟེ། བྱིས་པ་ཐ་ སྙད་ལ་མི་མཁས་པ་རྣམས་དང་། ཐ་ན་རི་དྭགས་དང་བྱ་རྣམས་ཀྱིའོ། །སེམས་པ་གང་ཞེ་ན། གསུམ་འདུས་པ་ལས་དམིགས་པ་དེ་ལ་ཚོར་བ་དང་། ཕྲད་པ་དང་། འབྲལ་བའི་ཕྱིར་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །འདུན་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་ དང་། དེ་འདོད་པ་ཉིད་གང་ཡིན་པའོ། །མོས་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། དེ་ལ་ངེས་པར་འཛིན་འདོད་པ་གང་ཡིན་པའོ། །དྲན་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། མངོན་པར་བརྗོད་པ་ཉིད་གང་ཡིན་པའོ། །ཏིང་ངེ་འཛིན་གང་ ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། ངེས་པར་སེམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་གང་ཡིན་པའོ། །ཤེས་རབ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། ཆོས་རྣམས་རབ་ཏུ་འབྱེད་པ་གང་ཡིན་པ་སྟེ། དེ་ཡང་རིགས་པས་བསྐྱེད་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པ་ཡང་མ་ཡིན་རིགས་པ་མ་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའོ། །དེ་ལ་ཡིད་ལ་བྱེད་པ་ལས་གང་དང་ལྡན་ཞེ་ན། སྨྲས་པ། དམིགས་པ་ལ་སེམས་གཏོད་པའི་ལས་ཅན་ཡིན་ནོ། །རེག་པ་ལས་གང་དང་ལྡན་ཞེ་ན། ཚོར་བ་ དང་། འདུ་ཤེས་དང་། སེམས་པ་རྣམས་ཀྱི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཚོར་བ་ལས་གང་དང་ལྡན་ཞེ་ན། སྲེད་པ་སྐྱེད་པ་དང་། བཏང་སྙོམས་སུ་འཇོག་པའི་ལས་ཅན་ཡིན་ནོ། །འདུ་ཤེས་ལས་གང་དང་ལྡན་ཞེ་ན། དམིགས་པ་ལ་སེམས་ཀྱིས་མཚན་མར་འཛིན་པ་དང་། ཐ་སྙད་འདོགས་པའི་ལས་ཅན་ཡིན་ནོ། །སེམས་པ་ལས་གང་དང་ལྡན་ཞེ་ན། རྣམ་པར་རྟོག་པ་དང་། ལུས་དང་ངག་གི་ལས་ཀུན་ནས་སློང་བའི་ལས་ཅན་ཡིན་ནོ། །འདུན་པ་ལས་གང་དང་ལྡན་ཞེ་ན། བརྩོན་འགྲུས་རྩོམ་པ་སྐྱེད་པའི་ལས་ཅན་ཡིན་ནོ། །མོས་པ་ལས་གང་ དང་ལྡན་ཞེ་ན། དམིགས་པ་ལ་ཡོན་ཏན་ནམ། སྐྱོན་ནམ། གཉི་ག་མ་ཡིན་པ་ལ་མོས་པའི་ལས་ཅན་ཡིན་ནོ། །དྲན་པ་ལས་གང་དང་ལྡན་ཞེ་ན། ཡུན་རིང་པོ་ནས་བསམས་པ་དང་། བྱམས་པ་དང་། སྨྲས་པ་དྲན་པ་རྗེས་སུ་དྲན་པར་བྱེད་པའི་ལས་ཅན་ཡིན་ནོ། །ཏིང་ངེ་འཛིན་ལས་ གང་དང་ལྡན་ཞེ་ན། ཤེས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཤེས་རབ་ལས་གང་དང་ལྡན་ཞེ་ན། སྤྲོས་པ་དང་། རྒྱུ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྗེས་སུ་མཐུན་པར་ཀུན་ཏུ་རྟོག་པའི་ལས་ཅན་ཡིན་ནོ། །ཀུན་ཏུ་འགྲོ་བ་མ་ཡིན་པ་གང་དག་ ཡིན་པ་དེ་དག་དངོས་པོ་སོ་སོར་ངེས་པ་གང་ལ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། རྣམ་པ་བཞི་པོ་འདོད་པ་དང་། ངེས་པ་དང་། འདྲིས་པ་དང་། ཉེ་བར་བརྟགས་པ་ལ་གོ་རིམས་བཞིན་དུ་སྟེ། དེ་ལ་ཏིང་ངེ་འཛིན་དང་ཤེས་རབ་ནི་ཐ་མ་ལའོ། །ལྷག་མ་རྣམས་ནི་གོ་རིམས་བཞིན་དུ་གོང་མ་ གསུམ་ལའོ། །དེ་ལ་དེ་ལས་གཞན་པའི་ཕུང་པོ་གང་དག་མིང་གིས་བསྡུས་པ། སེམས་དང་མཚུངས་པར་ལྡན་པ་དེ་དག་ཉེ་བར་གནས་པ་ལས་བྱུང་བ་ཡིན་པར་བརྗོད་པར་བྱའམ། ཚོར་བ་པའམ། ངེས་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དེ་དང་རིགས་མཐུན་པའི་ སེམས་ལ་དེ་དང་རིགས་མཐུན་པ་ཉིད་ཡིན་པར་བརྗོད་པར་བྱའོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་འདི་དག་ནི་འདྲེས་པར་བརྗོད་པར་བྱའི། མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་དག་ནི་སོ་སོར་ཕྱེ་ན་བྱེ་བྲག་དམིགས་པར་བརྗོད་པར་མི་ནུས་སོ་ཞེས་གང་གསུངས་པ་དེ་ཅིའི་ཕྱིར་ མཚན་ཉིད་ཐ་དད་པར་གྲུབ་པ་རྣམས་འདྲེས་པས་བྱེ་བྲག་མེད་ཅེས་གསུངས་ཤེ་ན། སྨྲས་པ། འདུས་ནས་དམིགས་པ་ལ་ཉེ་བར་སྤྱོད་པ་དང་། དོན་རྟོགས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། གཞན་དུ་ན་གང་ཡང་རུང་བ་ཞིག་མེད་ན་དོན་དེ་ཡོངས་སུ་རྫོགས་པར་མི་འགྱུར་ བ་ཁོ་ནའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་ལ་མིང་གི་རྣམ་གྲངས་དུ་ཡོད་ཅེ་ན། སྨྲས་པ། རབ་ཏུ་མང་སྟེ་འདི་ལྟ་སྟེ། དམིགས་པ་དང་བཅས་པ་དང་། མཚུངས་པ་དང་ལྡན་པ་དང་། རྣམ་པ་དང་བཅས་པ་དང་། གནས་དང་བཅས་པ་ཞེས་བྱ་བ་དང་། དེ་ ལྟ་བུ་དང་མཐུན་པ་རྣམས་སོ། །མིག་ལ་སོགས་པ་ཡང་ཡུལ་ཡོད་པ་ཡིན་ན། ཅིའི་ཕྱིར་དེ་དག་ཉིད་དམིགས་པ་དང་བཅས་པ་ཡིན་ལ། མིག་ལ་སོགས་པ་མ་ཡིན་ཞེ་ན། སྨྲས་པ། དེ་དག་ནི་ཡུལ་མེད་ཀྱང་སྐྱེ་བར་འགྱུར་གྱི། སེམས་དང་སེམས་ལས་ བྱུང་བ་རྣམས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་པར་ལྡན་པ་དག་ཅེས་བྱ་ཞེ་ན། སྨྲས་པ། རྫས་མཚུངས་པ་དང་། ཡུལ་མཚུངས་པ་དང་། དུས་མཚུངས་པ་དང་། བྱ་བ་བྱེད་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པ་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ། དམིགས་པ་གཅིག་ལ་རྣམ་པ་དུ་མ་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་གནས་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ། གནས་སྣ་ཚོགས་ལ་འཇུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་ནི་འགའ་ཡང་གནས་པ་མེད་པ་མ་ཡིན་ནོ་ཞེ་ན། དོན་གྱི་སྐབས་འདིར་ བསྟན་པའི་གནས་ཀྱི་ཚད་མ་ནི་མི་བྱེད་དོ། །ཅིའི་ཕྱིར་བདེ་བའི་ཚོར་བའི་ཆ་མི་མཐུན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱ། སྡུག་བསྔལ་གྱི་ཚོར་བའི་ཆ་མི་མཐུན་པ་དེ་ནི་བདེ་བའི་ཚོར་བ་ཞེས་བྱ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བའི་ཆ་མི་མཐུན་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་ མ་ཡིན་པའི་ཚོར་བ་ཞེས་བྱ་ཞེ་ན། སྨྲས་པ། རང་གི་རིགས་དང་ཆ་མི་མཐུན་པས་ཆ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་ཆ་མཐུན་པ་མ་རིག་པ་ཞེས་བྱ་ཞེ་ན། སྨྲས་པ། ཚོར་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ ཅད་ཀྱི་གྲོགས་ཡིན་པས་ཆ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པའི་གཉེན་པོ་རིག་པ་ཞེས་བྱ་ཞེ་ན། སྨྲས་པ། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱིས་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རིག་པའི་ཉེ་བའི་ཆ་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་དང་འབྲས་བུར་འབྲེལ་པས་ཉེ་བའི་ཆ་ཉིད་ཡིན་པའི་ཕྱིར་རོ། །ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དེ་དག་གི་དགེ་བར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། མི་དགེ་བར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། ལུང་དུ་མ་བསྟན་པར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་དག་ ཐམས་ཅད་བྱེ་བྲག་མེད་པའི་སྡོམ་ནི། གནས་དང་ངོ་བོ་ཉིད་དང་ནི། །མཚུངས་པར་ལྡན་དང་ཀུན་རྫོབ་དང་། །ཆུང་ངུ་ལ་སོགས་གཞི་དབྱེ་དང་། །ཡོན་ཏན་སྐྱོན་དང་མི་མཐུན་ཕྱོགས། །དེ་ལ་དགེ་བའི་གནས་དག་ནི་དུ་ཞེ་ན། མདོར་བསྡུ་ན་དྲུག་སྟེ། འདི་ལྟ་སྟེ། ངེས་པའི་དུས་ དང་ལྡོག་པའི་དུས་དང་། ལས་ཀྱི་དུས་དང་། འཇིག་རྟེན་པའི་རྣམ་པར་དག་པའི་དུས་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་དུས་དང་། སེམས་ཅན་ལ་ཕན་འདོགས་པའི་དུས་སོ། །ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་ པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ། དེ་ལྟར་དེ་དག་ནི་དགེ་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཆོས་དེ་དག་ཇི་ལྟར་ཕན་ཚུན་ མཚུངས་པར་ལྡན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། ངེས་པའི་དུས་ན་ནི་ཐ་དད་པ་དང་མཚུངས་པར་ལྡན་ནོ། །ཀུན་ནས་ཉོན་མོངས་པ་ལས་ལྡོག་པའི་དུས་ན་ནི་བདག་དང་གཞན་ལ་བརྟེན་ནས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ངོ་། །དགེ་བའི་ཕྱོགས་ཀྱི་ལས་ལ་འཇུག་པའི་དུས་ན་ནི་མ་ ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་ངོ་། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་ན་ནི་ཤིན་ཏུ་སྦྱངས་པ་དང་ངོ་། །འཇིག་རྟེན་ལས་འདས་པ་འདོད་ཆགས་དང་བྲལ་བའི་དུས་ན་ནི། བག་ཡོད་པ་དང་། བཏང་སྙོམས་དང་ངོ་། ། སེམས་ཅན་ལ་ཕན་འདོགས་པའི་དུས་ན་ནི་རྣམ་པར་མི་འཚེ་བ་དང་སྟེ་དེ་ནི་སྙིང་རྗེས་བསྡུས་པ་ཡིན་པའི་ཕྱིར་རོ། །དགེ་བའི་ཆོས་དེ་དག་ལས་དུ་ཞིག་ནི་ཀུན་རྫོབ་ཏུ་ཡོད། དུ་ཞིག་ནི་རྫས་སུ་ཡོད་ཅེ་ན། སྨྲས་པ། གསུམ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། བག་ཡོད་པ་དང་། བཏང་སྙོམས་ དང་། རྣམ་པར་མི་འཚེ་བའོ། །བག་ཡོད་པ་དང་བཏང་སྙོམས་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་ཀྱི་ཆ་ཡིན་པའི་ཕྱིར་ཏེ། ཆོས་དེ་དག་ནི་ཀུན་ནས་ཉོན་མོངས་པ་མེད་པའི་དོན་གྱིས་བཏང་སྙོམས་ཡིན་པ་དང་། ཀུན་ནས་ཉོན་མོངས་ པའི་གཉེན་པོའི་དོན་གྱིས་བག་ཡོད་པ་ཡིན་པར་རྣམ་པར་གཞག་གོ། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པའི་ཆ་ཡིན་པའི་ཕྱིར་རོ། །དེ་ལ་དགེ་བའི་རྩ་བ་ཆུང་ངུ་གང་ཡིན་ཞེ་ན། སྨྲས་པ། མཉམ་པར་མ་བཞག་པའི་ས་པའམ། མཉམ་པར་གཞག་པའི་ས་པ་ཉོན་ མོངས་པའི་རྣམ་པ་ཆེན་པོའི་གཉེན་པོ་གང་ཡིན་པའོ། །འབྲིང་གང་ཞེ་ན། སྨྲས་པ། འཇིག་རྟེན་པའི་མཉམ་པར་གཞག་པའི་ས་པའམ། ཉོན་མོངས་པའི་རྣམ་པ་འབྲིང་གི་གཉེན་པོ་གང་ཡིན་པའོ། །ཆེན་པོ་གང་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པའམ། ཉོན་མོངས་པའི་ རྣམ་པ་ཆུང་ངུའི་གཉེན་པོ་གང་ཡིན་པའོ། །ཡང་དགེ་བ་མངོན་པར་འདུ་བྱེད་པ་ལས་ཀྱང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །གོམས་པ་དང་། ངོ་བོ་ཉིད་དང་། ཞིང་དང་། དངོས་པོ་དང་། རྣམ་པར་དག་པ་ལས་ཀྱང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །དགེ་བའི་རྩ་བ་སྐྱེ་བ་ན་ གཞི་དུ་དག་ལས་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། མདོར་བསྡུ་ན་བརྒྱད་ལས་ཏེ། འདི་ལྟ་སྟེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། དེ་ ལས་གཞན་པ་བསྒོམས་པ་ལས་བྱུང་བ་དང་། སོ་སོར་རྟོགས་པ་ལས་བྱུང་བ་དང་། སེམས་ཅན་ལ་ཕན་འདོགས་པའི་དངོས་པོ་ལས་སོ། །དེ་ལ་ཇི་སྐད་བསྟན་པའི་གཞི་དེ་དག་ལ་ཅི་རིགས་པ་ཚེ་འདི་དང་། ཚེ་ཕྱི་མ་ལ་འདོད་པ་དང་ཞེ་སྡང་དང་ལྟ་བ་ངན་པ་དག་ལས་གང་ཡང་རུང་བས་སྔོན་ ཀུན་ཏུ་སུན་ཕྱུང་བའི་སེམས་ཀྱི་རྒྱུད་ལ་གང་གིས་ཀུན་ཏུ་སུན་ཕྱུང་བ་དེའི་གཉེན་པོས་དེ་དང་མཚུངས་པར་མི་ལྡན་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་དགེ་བའི་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། སའི་དངོས་གཞིར་རྣམ་པ་གཅིག་ནས་རྣམ་པ་བཅུའི་བར་དུ་བསྟན་པའོ། །ཡང་ དགེ་བ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ལས་ཀྱང་ཡོད་དོ། །ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བ་ལས་ཀྱང་ཡོད་དོ། །འདོད་པའི་འབྲས་བུ་ཡོངས་སུ་འཛིན་པ་ལས་ཀྱང་ཡོད་དོ། །སེམས་ནི་རྒྱུད་དག་པ་ལས་ཀྱང་ཡོད་དོ། །མཆོད་རྟེན་བྱེད་པ་ལས་ཀྱང་ཡོད་དོ། །སེམས་ཅན་ལ་ཕན་ འདོགས་པ་ལས་ཀྱང་ཡོད་དོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་དག་ནི་དགེ་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་དགེ་བ་ལ་ཉེས་དམིགས་ནི་མེད་དོ། །དེའི་ཕན་ཡོན་གང་ཞེ་ན། སྨྲས་པ། དགེ་བའི་ཕན་ཡོན་ནི་མང་སྟེ། འདི་ལྟ་སྟེ་ཉོན་མོངས་པའི་ཀུན་ནས་དཀྲིས་ པ་དང་བག་ལ་ཉལ་ལ་སེམས་རྣམ་པར་སྦྱོང་བར་བྱེད་པ་དང་། དམིགས་པ་ལ་ཕྱིན་ཅི་ལོག་མེད་པར་བྱེད་པ་དང་། དགེ་བའི་རྩ་བ་བརྟན་པར་བྱེད་པ་དང་། རྒྱུ་མཐུན་པ་ལས་བྱུང་བའི་འདུ་ཤེས་ཀྱི་རྒྱུད་ལ་འཇུག་པར་བྱེད་པ་དང་། བདག་ལ་གནོད་པར་མི་འགྱུར་བ་དང་། གཞན་ལ་ གནོད་པར་མི་འགྱུར་བ་དང་། གཉི་ག་ལ་གནོད་པར་མི་འགྱུར་བ་དང་། ཚེ་འདིའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། ཚེ་འདི་དང་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། དེ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་སོ་ སོར་མྱོང་བར་བྱེད་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཟད་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་མོས་པ་འཕེལ་བར་བྱེད་པ་དང་། དེ་ལ་ཡང་སྦྱོར་བར་བྱེད་པ་དང་། ལོངས་སྤྱོད་ཉམས་པར་མི་འགྱུར་བ་དང་། འཁོར་གྱི་ནང་དུ་བག་འཁུམས་པ་མེད་དེ་སྲོ་བཟང་བ་དང་། འཇིགས་པ་མེད་པར་འགྲོ་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པ་རྒྱ་ཆེན་པོ་གྲགས་པར་འགྱུར་བ་དང་། དམ་པ་རྣམས་ཀྱིས་བསྔགས་པར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནས་ཀྱང་བདེ་འགྲོར་སྐྱེ་བར་འགྱུར་ བ་དང་། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། བདག་གི་དོན་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་དགེ་བའི་ཕན་ཡོན་མང་པོ་དག་ཡིན་པར་བལྟ་བར་བྱའོ། །དེ་ལ་དགེ་བའི་གཉེན་པོ་ལས་ཇི་ལྟར་རྣམ་པར་གཞག་ཅེ་ན། སྨྲས་པ། རྣམ་པ་བཅོ་ལྔ་སྟེ། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་གཉེན་པོ་དང་། སྤོང་བ་གཉེན་པོ་དང་། ཀུན་ཏུ་འཛིན་པ་གཉེན་པོ་དང་། ཐག་བསྲིངས་པ་གཉེན་པོ་དང་། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང་། འདོད་ཅིང་ཁས་བླངས་པ་མེད་པའི་ ཀུན་ནས་དཀྲིས་པའི་གཉེན་པོ་དང་། བག་ལ་ཉལ་གྱི་གཉེན་པོ་དང་། ཉོན་མོངས་པ་ཆུང་ངུའི་གཉེན་པོ་དང་། ཉོན་མོངས་པ་འབྲིང་གི་གཉེན་པོ་དང་། ཉོན་མོངས་པ་ཆེན་པོའི་གཉེན་པོ་དང་། རྣམ་པར་གཡེང་བའི་གཉེན་པོ་དང་། གཞན་འདེབས་ པའི་གཉེན་པོ་དང་། རྩེ་འཇིལ་བའི་གཉེན་པོ་དང་། རྣམ་པར་གནོན་པའི་གཉེན་པོ་དང་། བྲལ་བའི་གཉེན་པོ་ལས་སོ། །དེ་ལ་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ནི་གནས་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཉོན་མོངས་པ་རྣམས་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་སོ། །དེ་ལ་རེ་ ཞིག་ཉོན་མོངས་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། དེའི་འོག་ཏུ་ནི་ཉེ་བའི་ཉོན་མོངས་པ་རྣམས་བཤད་པར་བྱའོ། །ཉོན་མོངས་པ་རྣམས་ཀྱི་གནས་དུ་ཡོད་ཅེ་ན། སྨྲས་པ། དྲུག་སྟེ། མ་རིག་པ་དང་བཅས་ཤིང་ཡིད་དུ་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། མ་ རིག་པ་དང་བཅས་ཤིང་ཡིད་དུ་མི་འོང་བ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བཅས་ཤིང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། མ་རིག་པ་དང་བཅས་ཤིང་རང་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་དང་། སེམས་ཅན་དམན་པ་དང་། མཚུངས་པ་དང་ཁྱད་པར་དུ་འཕགས་པ་རྣམས་དང་ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་། ཡོན་ཏན་ལ་ཕྱིན་ཅི་ལོག་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་ལེ་ལོའོ། །དེ་ལ་དང་པོ་ནི་ཕྲད་པར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི་འབྲལ་བར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་ཡུལ་ལ་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ། །བཞི་པ་ནི་འགྲན་ཅིང་མངོན་པའི་ང་རྒྱལ་ བྱེད་པའི་ཕྱིར་རོ། །ལྔ་པ་ནི་ལོག་པའི་ཆོས་ལ་མངོན་པར་ཞེན་ཅིང་སྒྲུབ་པའི་ཕྱིར་རོ། །དྲུག་པ་ནི་སྒྲུབ་པ་དང་ལྡོག་པར་མི་བྱེད་པའི་ཕྱིར་གནས་ཡིན་པར་རིག་པར་བྱའོ། །ཉོན་མོངས་པའི་ངོ་བོ་ཉིད་གང་ཞེ་ན། དེ་ཡང་རྣམ་པ་དྲུག་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། མ་རིག་པ་དང་། ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་མོ། །ཉོན་མོངས་པ་གང་དང་ཉོན་མོངས་པ་གང་མཚུངས་པར་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མ་རིག་པ་ནི་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ། །ཐེ་ཚོམ་ནི་གང་དང་ཡང་མ་ཡིན་ནོ། །འདོད་ཆགས་དང་ཁོང་ཁྲོ་བ་ནི་ཕན་ཚུན་མ་ཡིན་ ནོ། །འདོད་ཆགས་དང་ཁོང་ཁྲོ་བ་ཉིད་ནི་ང་རྒྱལ་དང་ལྟ་བ་དང་སྟེ། ལན་འགའ་གང་གི་ཚེ་ཆགས་པར་གྱུར་པ་ན་རློམ་པར་བྱེད་པའམ་རྟོག་པར་བྱེད་པའི་ཕྱིར་རོ། །ཆགས་པར་གྱུར་པ་ཇི་ལྟ་བ་བཞིན་དུ་ཞེ་སྡང་བར་འགྱུར་བ་ཡང་དེ་བཞིན་ནོ། །ང་རྒྱལ་དང་ལྟ་བ་ཡང་ལན་འགའ་ཕན་ ཚུན་མཚུངས་པར་ལྡན་པར་འགྱུར་ཏེ། གང་གི་ཚེ་རློམ་པར་གྱུར་པ་ན་རྟོག་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ལས་དུ་ཞིག་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན། དུ་ཞིག་ནི་རྫས་སུ་ཡོད་པ་ཡིན་ཞེ་ན། སྨྲས་པ། ལྟ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། ཤེས་རབ་ཀྱི་ཆ་ཡིན་པའི་ཕྱིར་རོ། ། ལྷག་མ་རྣམས་ནི་རྫས་སུ་ཡོད་པ་དང་སེམས་དང་སེམས་ལས་བྱུང་བ་དག་ཡིན་ནོ། །དེ་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། གང་དག་ཐམས་ཅད་ཀྱི་ཐ་མར་སྤོང་བར་འགྱུར་བ་དེ་དག་ནི་ཆུང་ངུ་དག་ཡིན་ནོ། །གང་དག་བར་དུ་སྤོང་བར་ འགྱུར་བ་དེ་དག་ནི་འབྲིང་དག་ཡིན་ནོ། །གང་དག་དང་པོར་སྤོང་བར་འགྱུར་བ་དེ་དག་ནི་ཆེན་པོ་དག་ཡིན་ནོ། །ཡང་ཉོན་མོངས་པ་རྣམས་ཀྱི་ཆེན་པོ་ཉིད་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་པ་ན་སྐྱེས་པའི་ཉོན་མོངས་པ་ནི་རང་བཞིན་གྱིས་ཆེན་པོ་ཡིན་པར་རིག་པར་བྱ་བ་ དང་། དེ་བཞིན་དུ་སྔོན་གོམས་པ་དང་། དེ་བཞིན་དུ་གནས་ལ་གནས་པ་སྟེ། དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱི་གང་ཡིན་པ་དང་། དེ་བཞིན་དུ་བསྒྲུབ་ཏུ་མི་རུང་བ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་གང་ཡིན་པ་དང་། དེ་བཞིན་དུ་གནས་མ་ཡིན་པ་ བླ་མ་དང་སྦྱིན་གནས་ལ་སོགས་པ་དག་ལ་འཇུག་པ་གང་ཡིན་པ་དང་། ལས་དང་བཅས་པ་སྟེ། ལས་ཀུན་ནས་སློང་བའི་ཕྱིར་ཉེ་བར་གནས་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ། །ཉོན་མོངས་པ་སྐྱེ་བ་ན་གང་ལས་སྐྱེ་བར་འགྱུར་བའི་ཉོན་མོངས་པ་ རྣམས་ཀྱི་གཞི་གང་ཞེ་ན། སྨྲས་པ། འདོད་ཆགས་ཀྱི་གཞི་ནི་བཅུ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་རྣམས་དང་། ལྟ་བ་རྣམས་དང་། མ་ཐོབ་པའི་ཡུལ་དང་། ཐོབ་པའི་ཡུལ་དང་། སྤྱད་ནས་འདས་པའི་ཡུལ་དང་། ཉེས་པར་སྤྱད་པ་དང་། བུ་དང་འདྲིས་པ་དང་། ཡོ་བྱད་དང་། ཡང་འབྱུང་བ་དང་། འཇིག་པ་རྣམས་སོ། །གཞི་གང་ལས་འདོད་ཆགས་ཅི་འདྲ་བ་འབྱུང་ཞེ་ན། སྨྲས་པ། བཅུ་པོ་དག་ལས་བཅུ་པོ་རྣམས་གོ་རིམས་བཞིན་ཏེ། འདི་ལྟ་སྟེ། དངོས་པོའི་འདོད་ཆགས་དང་། ལྟ་བའི་འདོད་ཆགས་དང་། ཆགས་པའི་འདོད་ཆགས་དང་། སེར་ སྣའི་འདོད་ཆགས་དང་། སྒྲིབ་པའི་འདོད་ཆགས་དང་། ཉེས་པར་སྤྱོད་པའི་འདོད་ཆགས་དང་། བུ་ཚའི་འདོད་ཆགས་དང་། ཕྱོགས་དང་འཁོར་གྱི་འདོད་ཆགས་དང་། ཡོ་བྱད་ཀྱི་འདོད་ཆགས་དང་། ཡང་འབྱུང་བ་དང་། འཇིག་པའི་འདོད་ཆགས་སོ། །ཁོང་ཁྲོ་བའི་གཞི་ཡང་བཅུ་སྟེ། བདག་ཉིད་དང་སེམས་ཅན་སྡུག་པ་རྣམས་དང་། སེམས་ཅན་མི་སྡུག་པ་རྣམས་དང་། འདས་པ་ན་གནོད་པ་དང་། ཕན་པ་བྱས་པ་དང་། མ་འོངས་པ་ན་གནོད་པ་དང་། ཕན་པ་བྱེད་པར་འགྱུར་བ་དང་། ད་ལྟར་བྱུང་བ་ན་གནོད་པ་དང་། ཕན་པ་བྱེད་པ་དང་། ཡུལ་ཡིད་དུ་མི་འོང་བ་དང་། ཕྲག་ དོག་དང་། སྔོན་གོམས་པ་དང་། གཞན་དུ་བལྟ་བ་སྟེ། དེ་དག་ལས་ཁོང་ཁྲོ་བ་རྣམ་པ་བཅུ་རིམ་བཞིན་དུ་སྐྱེ་བར་བལྟ་བར་བྱའོ། །དེ་ལ་གཞི་དྲུག་ལས་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་དག་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཁོང་ཁྲོ་ བ་ཤ་སྟག་ཡིན་ནོ། །དེ་ལས་གཞན་པ་དག་ལས་ནི་ཡུལ་ལ་ཁོང་ཁྲོ་བའོ། །མི་བཟོད་པ་སྔོན་དུ་འགྲོ་བ་སེམས་ཅན་ལ་ཁོང་ཁྲོ་བ་དང་། གོམས་པ་སྔོན་དུ་འགྲོ་བ་དང་། དེ་བཞིན་དུ་བལྟ་བས་ཁོང་ཁྲོ་བ་དེ་དག་ནི་མདོར་བསྡུ་ན་ཁོང་ཁྲོ་བ་རྣམ་པ་གསུམ་དུ་འགྱུར་ཏེ། སེམས་ཅན་ལ་ཁོང་ ཁྲོ་བ་དང་། ཡུལ་ལ་ཁོང་ཁྲོ་བ་དང་། ལྟ་བ་ལ་ཁོང་ཁྲོ་བའོ། །མ་རིག་པ་སྐྱེ་བའི་གཞི་ནི་བདུན་ཏེ། འདི་ལྟ་སྟེ། དུས་ཀྱི་གཞི་དང་། འཇིག་རྟེན་གནས་པའི་གཞི་དང་། འཕོ་བའི་གཞི་དང་། མཆོག་གི་གཞི་དང་། དེ་ཁོ་ནའི་གཞི་དང་། ཀུན་ནས་ཉོན་མོངས་པའི་གཞི་དང་རྣམ་ པར་བྱང་བའི་གཞི་དང་། མངོན་པའི་ང་རྒྱལ་གྱི་གཞིའོ། །གཞི་དེ་དག་ལས་མི་ཤེས་པ་རྣམ་པ་བདུན་ནམ། རྣམ་པ་བཅུ་དགུར་བལྟ་བར་བྱའོ། །དེ་ལ་དང་པོ་ནི་སྒོ་གསུམ་ནས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི་སོ་སོ་ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་དང་། གཉི་ག་ལ་བདག་ དང་། བདག་གི་དང་། མཛའ་བཤེས་ལ་སོགས་པའི་ཕྱོགས་སུ་ལྟ་བ་སྐྱེ་བའི་ཕྱིར་རོ། །གསུམ་པ་ནི་ལས་དང་རྣམ་པར་སྨིན་པ་དང་། དེ་གཉི་ག་ལ་བྱེད་པ་པོ་དང་། ཚོར་བ་པ་པོ་དང་། རྒྱུ་མེད་པ་དང་། མི་མཐུན་པ་རྒྱུར་ལྟ་བ་སྐྱེ་བའི་ཕྱིར་རོ། །བཞི་པ་ནི་དཀོན་མཆོག་གསུམ་ལ་ སྐུར་པ་འདེབས་པའི་ཕྱིར་རོ། །ལྔ་པ་ནི་བདེན་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །དྲུག་པ་ནི་ལོག་པར་བསྒྲུབ་པའི་ཕྱིར་རོ། །བདུན་པ་ནི་བདག་གི་དོན་མ་ཐོབ་པ་ལ་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །ང་རྒྱལ་སྐྱེ་བའི་གཞི་ནི་དྲུག་སྟེ། སེམས་ཅན་དམན་པ་རྣམས་དང་། སེམས་ཅན་ མཚུངས་པ་རྣམས་དང་། སེམས་ཅན་ཁྱད་པར་དུ་འཕགས་པ་རྣམས་དང་། སོ་སོ་ནང་གི་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་། ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་། ཡོན་ཏན་ལ་ཕྱིན་ཅི་ལོག་པ་སྟེ། དེ་དག་ལས་ང་རྒྱལ་ལས་ཀྱང་ང་རྒྱལ་ལ་སོགས་པ་ང་རྒྱལ་རྣམ་པ་བདུན་ སྐྱེའོ། །དེ་ལ་སེམས་ཅན་ཁྱད་པར་དུ་འཕགས་པའི་གཞི་ལས་ནི་ང་རྒྱལ་རྣམ་པ་གཉིས་སྐྱེའོ། །གཞི་ལྷག་མ་རྣམས་ལས་ནི་ང་རྒྱལ་རེ་རེ་སྐྱེའོ། །ལྟ་བ་རྣམས་སྐྱེ་བའི་གཞི་ནི་གཉིས་ཏེ། སྒྲོ་འདོགས་པའི་གཞི་དང་། སྐུར་པ་འདེབས་པའི་གཞིའོ། །དེ་ལ་སྒྲོ་འདོགས་པའི་གཞི་ནི་ རྣམ་པ་བཞི་སྟེ། བདག་ཡོད་པར་སྒྲོ་འདོགས་པ་དང་། རྟག་པ་དང་། མི་རྟག་པ་ཉིད་དུ་སྒྲོ་འདོགས་པ་དང་། མངོན་པར་མཐོ་བའི་ཐབས་སུ་སྒྲོ་འདོགས་པ་དང་། ཐར་པའི་ཐབས་སུ་སྒྲོ་འདོགས་པའོ། །སྐུར་པ་འདེབས་པ་ཡང་རྣམ་པ་བཞི་སྟེ། རྒྱུ་ལ་སྐུར་པ་འདེབས་པ་དང་། འབྲས་བུ་ལ་སྐུར་པ་འདེབས་པ་དང་། བྱེད་པ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །དེ་ལ་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་བར་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །ལེགས་པར་སྤྱད་པ་ དང་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནས། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི་བར་ནི་བྱེད་པ་ལ་སྐུར་པ་འདེབས་པ་ཡིན་པར་བལྟ་ བར་བྱ་སྟེ། འདི་ལྟར་བྱེད་པ་ཞེས་བྱ་བ་ནི་དོན་གྱི་སྐབས་འདིར་སྐྱེས་བུའི་བྱེད་པ་ལ་བྱ་སྟེ། དེ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འོང་བ་དང་། འགྲོ་བ་དང་། ས་བོན་འདེབས་པ་དང་། མངལ་འཛིན་པ་དང་། ཡང་འབྱུང་བའི་ལས་སྐྱེས་བུའི་བྱེད་པའོ། །འཇིག་རྟེན་ན་དགྲ་བཅོམ་པ་ དག་མེད་དོ་ཞེས་སྐུར་པ་འདེབས་པ་དེ་དག་ལ་སོགས་པ་ནི་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ཞེས་བྱ་སྟེ། གཞི་བརྒྱད་དམ་གཉིས་པོ་དེ་དག་ལ་ལྟ་བ་ལྔ་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལོག་པར་ལྟ་བའོ། །གཞན་ཡང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་སྐྱེ་བའི་གཞི་ནི་སྔོན་གྱི་མཐར་རྟོག་པ་རྣམས་དང་། ཕྱི་མའི་མཐར་རྟོག་པ་རྣམས་ཀྱི་གཞི་དྲུག་ཅུ་རྩ་གཉིས་ཡིན་ཏེ། དེ་དག་ནི་མདོ་ལས་ འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། གཞི་དེ་དག་གི་བྱེ་བྲག་ཉིད་ཀྱི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །ཐེ་ཚོམ་སྐྱེ་བའི་གཞི་ནི་དྲུག་སྟེ། འདི་ལྟ་སྟེ། དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། སྟོན་པ་ལོག་པར་བསྒྲུབ་པ་མཐོང་བ་དང་། སྐུར་པ་རྣམས་དང་། ཡིད་ཆེས་པ་རྣམས་ ཀྱིས་ལུགས་ཐ་དད་པ་མཐོང་བ་དང་། རང་བཞིན་གྱིས་དམན་ཞིང་མོང་རྟུལ་བ་ཉིད་དང་། རང་བཞིན་གྱིས་ཟབ་པ་ཉིད་ཀྱི་ཆོས་རྣམས་དང་། ཆོས་རྒྱ་ཆེན་པོ་རབ་ཏུ་བསྟན་པ་ཉིད་དོ། །ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་དག་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་བཅོ་ ལྔ་སྟེ། འདི་ལྟ་སྟེ། ཉོན་མོངས་པ་ནང་དུ་བལྟས་པ་དང་། ཕྱིར་བལྟས་པ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་དང་། འདོད་ཅིང་ཁས་བླངས་པ་མེད་པའི་ཀུན་ནས་དཀྲིས་པ་ དང་ལྡན་པ་དང་། བག་ལ་ཉལ་དང་ལྡན་པ་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། རྣམ་པར་གཡེང་བའི་གནས་སྐབས་དང་། གཞན་འདེབས་པའི་གནས་སྐབས་དང་། རྩེ་འཇིལ་བའི་གནས་སྐབས་དང་། རྣམ་པར་གནོན་པའི་གནས་སྐབས་དང་། བྲལ་བའི་གནས་སྐབས་ སོ། །ཉོན་མོངས་པ་རྣམས་ལ་ཕན་ཡོན་ནི་མེད་དོ། །ཉེས་དམིགས་མང་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སའི་དངོས་གཞིར་འདི་ལྟ་སྟེ། ཀུན་ནས་དཀྲིས་པ་ལ་སེམས་ཀྱི་རྒྱུད་ཀུན་ནས་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ ཆེར་བསྟན་པའོ། །ཉོན་མོངས་པ་ནི་གང་གི་གཉེན་པོ་ཡང་མ་ཡིན་པར་རིག་པར་བྱའོ། །འོ་ན་སྲེད་པ་ལ་བརྟེན་ཏེ་སྲེད་པ་སྤོང་བར་བྱེད་དོ། །ང་རྒྱལ་ལ་བརྟེན་ཏེ་ང་རྒྱལ་སྤོང་བར་བྱེད་དོ་ཞེས་གང་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ཉོན་མོངས་པ་མ་ཡིན་གྱི། སེམས་མངོན་པར་འདུ་ བྱེད་པ་ནི་དགེ་བ་ཡིན་ཏེ། དེ་ནི་འདོད་པ་དང་ཁེངས་པའི་རྣམ་པ་དང་ཆོས་མཐུན་པའི་ཕྱིར་སྲེད་པ་དང་ང་རྒྱལ་ཞེས་བྱ་བར་ཟད་དེ། སེམས་ཀུན་ནས་ཉོན་མོངས་པའི་གཉེན་པོ་བཅོ་ལྔ་སྔར་ཇི་སྐད་བསྟན་པ་དག་གི་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་བཅོ་ལྔ་པོ་དག་ཡིན་པར་བལྟ་བར་ བྱའོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གནས་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་ཕན་ཚུན་ལྷན་ཅིག་གནས་པ་དང་། གཅིག་ལ་གཅིག་གླེང་བ་དང་། རྙེད་པ་དང་། བཀུར་སྟི་དང་། འཚོ་བ་ཉམས་པ་དང་། བླ་མ་རྣམས་ལ་མི་འདུད་པ་དང་། མི་བཟོད་པ་ དང་། ལྷག་པའི་ཚུལ་ཁྲིམས་ཉམས་པ་དང་། ལྷག་པའི་སེམས་ཉམས་པ་དང་། ལྷག་པའི་ཤེས་རབ་ཉམས་པའོ། །ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཁོང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་དང་། དེ་ལྟར་དེ་ལྟ་བུ་དང་མཐུན་པ་འདི་ལྟ་སྟེ། སའི་དངོས་གཞིར་རྒྱ་ཆེར་བསྟན་པ་དག་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་དང་པོ་དང་གཉིས་པ་ནི་གནས་དང་པོ་ལས་སྐྱེ་བར་རིག་པར་བྱའོ། །གསུམ་པ་དང་བཞི་པ་ནི་གནས་གཉིས་ པ་ལས་སོ། །ལྔ་པ་དང་དྲུག་པ་ནི་གནས་གསུམ་པ་ལས་སོ། །བདུན་པ་དང་བརྒྱད་པ་ནི་གནས་བཞི་པ་ལས་སོ། །དགུ་པ་ནི་གནས་ལྔ་པ་ལས་སོ། །བཅུ་པ་ནི་གནས་དྲུག་པ་ལས་སོ། །བཅུ་གཅིག་པ་དང་བཅུ་གཉིས་པ་ནི་གནས་བདུན་པ་ལས་སོ། །གཞན་བཅུ་གཉིས་པོ་ནི་གནས་ཐ་མ་ གཉིས་ལས་སྐྱེ་བར་འགྱུར་རོ། །དེ་ལ་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་སྒོ་གསུམ་གྱིས་ཉམས་པར་འགྱུར་ཏེ། ཞི་གནས་ཀྱི་མཚན་མ་ཉམས་པའི་སྒོ་དང་། རབ་ཏུ་འཛིན་པའི་མཚན་མ་ཉམས་པའི་སྒོ་དང་། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་སྒོ་ནས་སོ། །དེ་ལ་དང་པོས་ནི་རྨུགས་པ་དང་གཉིད་བསྐྱེད་དོ། ། གཉིས་པས་ནི་རྒོད་པ་དང་འགྱོད་པའོ། །གནས་གསུམ་པས་ནི་མ་དད་པ་ལ་སོགས་པ་རྟོག་པ་དང་དཔྱོད་པའི་མཐར་ཐུག་པ་རྣམས་བསྐྱེད་དོ། །དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་འགྱུར་ཞེ་ན། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་པ་ ཡིན་ནོ། །མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་དང་མཚུངས་པར་ལྡན་ནོ། །གཉིད་དང་འགྱོད་པ་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཐམས་ཅད་དང་ཡང་ མཚུངས་པར་ལྡན་ནོ། །ལྷག་མ་རྣམས་ནི་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་པར་བལྟ་བར་བྱའོ། །ཉེ་བའི་ཉོན་མོངས་པ་དེ་དག་ལས་དུ་ཞིག་ནི་བརྟགས་པའི་ཡོད་པ་ཡིན། དུ་ཞིག་ནི་རྫས་སུ་ཡོད་པ་ཡིན་ཞེ་ན། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཚིག་པ་དང་། ཕྲག་དོག་དང་། རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་ཆར་གཏོགས་པའི་ཕྱིར་བརྟགས་པའི་ཡོད་པ་ཡིན་ནོ། །སེར་སྣ་དང་། རྒྱགས་པ་དང་། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་ཕྱིར་དེ་དག་ཀྱང་བརྟགས་པའི་ཡོད་པ་ཡིན་ནོ། །འཆབ་པ་དང་། སྒྱུ་དང་། གཡོ་དང་། རྨུགས་པ་དང་། གཉིད་དང་ འགྱོད་པ་ནི་གཏི་མུག་གི་ཆར་གཏོགས་པའི་ཕྱིར་དེ་དག་ཀྱང་བརྟགས་པའི་ཡོད་པ་ཡིན་ནོ། །ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལོ་ནི་རྫས་སུ་ཡོད་པ་ཡིན་ནོ། །བག་མེད་པ་ནི་སྔ་མ་བཞིན་དུ་བརྟགས་པའི་ཡོད་པ་ཡིན་ནོ། །བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་ནི་གཏི་མུག་གི་ཆར་གཏོགས་པ་ཁོ་ནའི་ཕྱིར། ཐམས་ཅད་བརྟགས་པའི་ཡོད་པ་ཡིན་ནོ། །རྟོག་པ་དང་། དཔྱོད་པ་ནི་ངག་ཀུན་ནས་སློང་བའི་སེམས་མངོན་པར་འདུ་བྱེད་པའི་ཆར་གཏོགས་པ་དང་། ཤེས་རབ་ཀྱི་ཆར་གཏོགས་པའི་ཕྱིར་བརྟགས་པའི་ཡོད་པ་ཡིན་ནོ། །ཉེ་བའི་ ཉོན་མོངས་པ་དེ་དག་ནི་ཆུང་ངུ་དང་འབྲིང་དང་། ཆེན་པོ་ཉིད་ཇི་ལྟར་བལྟ་བར་བྱ་ཞེ་ན། འདི་ལྟ་སྟེ། དེ་དག་ནི་ཉོན་མོངས་པ་རྣམས་ཇི་ལྟ་བ་བཞིན་ནོ། །དེ་དག་གི་གཞི་ཡང་ཉོན་མོངས་པ་རྣམས་ཀྱི་གང་ཡིན་པ་དེ་དག་ཉིད་ཡིན་ནོ། །རབ་ཏུ་དབྱེ་བ་དང་། ཉེས་དམིགས་དང་། མི་མཐུན་པའི་ཕྱོགས་ཀྱང་ འདི་ལྟ་སྟེ། ཉོན་མོངས་པ་རྣམས་ཀྱི་བཞིན་དུ་བལྟ་བར་བྱ་སྟེ། དེ་ཡང་ཅི་རིགས་པར་སྦྱར་རོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་གནས་གང་ཞེ་ན། དེ་དག་ནི་བཞི་སྟེ། འདི་ལྟ་སྟེ། ལས་ཀྱིས་འཕངས་ཏེ། མངོན་པར་གྲུབ་པ་དང་མངོན་པར་གྲུབ་པའི་རྒྱུ་དང་། གནས་པ་དང་། འཚོ་བ་དང་། ཏིང་ངེ་འཛིན་གྱི་བྱེ་བྲག་གོ། །ངོ་བོ་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཕུང་པོ་རྣམས་དང་། ཐ་མལ་དུ་འདུག་པ་དང་། མངོན་པར་འདུ་བྱེད་པས་ཡོངས་སུ་བསྡུ་བའི་སྤྱོད་ལམ་དང་། དེ་བཞིན་དུ་བཟོའི་གནས་དང་རྩེད་མོ་མངོན་པར་འདུ་བྱེད་པས་ཡོངས་སུ་བསྡུས་པའི་སྤྲུལ་ པའོ། །དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། སྤྱོད་ལམ་བྱེད་པ་དང་། བཟོའི་གནས་བྱེད་པ་ནི་ལན་འགའ་མཚུངས་པར་ལྡན་པ་ཡང་ཡོད་དེ། མདོ་ལས་ལས་ཀྱི་མཐའ་གང་དག་འགྲོ་བའི་ཚེ་ན་བླ་ལ། སྡོད་པ་ན་ཡང་མ་ཡིན། འདུག་པ་ན་ཡང་མ་ ཡིན། ཉལ་བ་ན་ཡང་མ་ཡིན་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ལས་ཀྱི་མཐའ་གང་དག་འགྲོ་བའི་ཚེ་ན་ཡང་བླ་ལ། སྡོད་པ་ན་ཡང་བླ། འདུག་པ་ན་ཡང་བླ། ཉལ་བ་ན་ཡང་བླ་བ་སྟེ། དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལས་གཞན་པ་དག་ནི་ ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་ནོ། །དེ་དག་ལས་དུ་ནི་རྫས་སུ་ཡོད་པ་ཡིན། དུ་ནི་བརྟགས་པའི་ཡོད་པ་ཡིན་ཞེ་ན། སྨྲས་པ། དེ་དག་ནི་རྣམ་པར་སྨིན་པས་བསྡུས་པའི་ཕུང་པོ་རྣམས་དང་། སེམས་མངོན་པར་འདུ་བྱེད་པའི་ཁྱད་པར་ལ་གདགས་པ་ཡིན་པའི་ཕྱིར་ བརྟགས་པའི་ཡོད་པ་ཡིན་པར་བརྗོད་པར་བྱའོ། །དེ་དག་གི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་བྱེད་པ་ནི་གསལ་བའི་ཕྱིར་ཆུང་ངུ་ཡིན་ནོ། །བཟོའི་གནས་བྱེད་པ་ནི་ཆེས་གསལ་བའི་ཕྱིར་འབྲིང་ཡིན་ནོ། །སྤྲུལ་པ་ནི་རང་ བཞིན་གྱི་ས་ཆེས་ཤིན་ཏུ་གསལ་བའི་ཕྱིར་ཆེན་པོ་ཡིན་པར་བལྟ་བར་བྱའོ། །ཡང་རང་བཞིན་གྱི་བྱེ་བྲག་གིས་རྣམ་གྲངས་གཞན་ནི་གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་སྨིན་པ་ནི་ཆུང་ངུ་ཡིན་ནོ། །གཟུགས་ན་སྤྱོད་པ་ནི་འབྲིང་ཡིན་ནོ། །འདོད་པ་ན་སྤྱོད་པ་ནི་ཆེན་པོ་ཡིན་ནོ། །སྤྱོད་ལམ་འདུག་ པ་དང་ཉལ་བ་ནི་ཆུང་ངུ་ཡིན་ནོ། །འགྲེང་བ་ནི་འབྲིང་ཡིན་ནོ། །འཆག་པ་ནི་ཆེན་པོ་ཡིན་ནོ། །ལས་དང་པོ་པའི་བཟོའི་གནས་བྱེད་པ་ནི་ཆུང་ངུ་ཡིན་ནོ། །བསླབ་པའི་ནི་འབྲིང་ཡིན་ནོ། །སློབ་དཔོན་གྱི་ནི་ཆེན་པོ་ཡིན་ནོ། །ཏིང་ངེ་འཛིན་མཐུ་ཆུང་ངུ་དང་ལྡན་པ་ཐོབ་པའི་སྤྲུལ་པ་ནི་ཆུང་ངུ་ཡིན་ནོ། ། ཏིང་ངེ་འཛིན་མཐུ་འབྲིང