Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 130
Văn bản gốc(Tây Tạng)
Trang 3 / 19 (50.000 ký tự/trang)
པ་ཡིན་པར་བསྟན་ལ། ཚེགས་ཆུང་ངུས་འཚོ་བར་བྱའོ་སྙམ་སྟེ། བསམ་པ་དེ་ལྟ་བུ་ཁོ་ནས་རབ་ཏུ་བྱུང་ནས་ཀྱང་འདི་ལྟ་སྟེ། བདག་དགེ་སློང་ཚོགས་ཤིང་འདུས་པ་རྣམས་ཀྱིས་ཚུལ་ཁྲིམས་འཆལ་པ་ཡིན་པར་རིག་ནས་བསྐྲད་པར་གྱུར་ན་མི་རུང་ངོ་སྙམ་སྟེ། འཇིགས་པས་བསླབ་པའི་གཞི་ཁ་ཅིག་ལ་བསྡམས་ཏེ། སྤྱོད་པར་བྱེད་དུ་ཟིན་ ཀྱང་དེ་བསམ་པ་ཉམས་པ་ཡིན་པའི་ཕྱིར། བསྙེན་པར་རྫོགས་པ་མ་ཡིན་པ་ཁོ་ནར་བརྗོད་པར་བྱ་སྟེ། དེ་ནི་བསམ་པ་ཉམས་པ་ཞེས་བྱའོ། །གལ་ཏེ་འདི་སྙམ་དུ་སེམས་ཏེ། བདག་ཁྱིམ་འདི་ན་གནས་ན་དཀའ་བས་འཚོ་བར་འགྱུར་བས་མ་ལ་བདག་རབ་ཏུ་བྱུང་ལ་ཚེགས་ཆུང་ ངུས་འཚོ་བར་བྱ། ཇི་ལྟར་དགེ་སློང་འདི་དག་ཚངས་པར་སྤྱད་པ་སྤྱོད་པ་ལྟར་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་སྙམ་ནས་དེ་ལྟར་རབ་ཏུ་བྱུང་བ་ནི་བསམ་པ་ཉམས་པ་མ་ཡིན་པ་ཞེས་ནི་བརྗོད་དེ། གཅིག་ཏུ་ཡོངས་སུ་དག་པ་ནི་མ་ཡིན་ཞིང་དེ་ནི་བསྙེན་པར་རྫོགས་པ་མ་ ཡིན་པར་ཡང་བརྗོད་པར་མི་བྱའོ། །འབྲས་དང་ཕོལ་མིག་ལ་སོགས་པ་བར་ཆད་ཀྱི་ཆོས་ལས་ཇི་སྐད་གསུངས་པའི་ནད་རྣམས་དང་ལྡན་པ་ནི་ལུས་ཉམས་པ་ཞེས་བྱ་བ་སྟེ། ལུས་ཉམས་པར་རབ་ཏུ་བྱུང་བ་དེ་ནི་བླ་མ་རྣམས་ལ་བསྙེན་བཀུར་བྱེད་པར་ཡང་མི་ནུས་པས། དེ་ལྟར་མི་ནུས་ པ་དེ་ནི་བླ་མ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་བསྙེན་བཀུར་གྱི་ལས་གང་ཡིན་པ་བདག་གིར་བྱེད་ཅིང་། སྦྱིན་བདག་དད་པ་ཅན་རྣམས་ལས་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་དད་པས་བྱིན་པ་ཡང་བདག་གིར་བྱེད་དེ། དེའི་ དད་པས་བྱིན་པ་རྣམ་པ་དེ་གཉི་ག་ཡང་ཡོངས་སུ་ལོངས་སྤྱོད་པ་ལ་ལྕི་བ་དང་རུང་བ་མ་ཡིན་ལ། དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པར་ཡང་འགྱུར་བ་ཡིན་པས། དེའི་ཕྱིར་ལུས་ཉམས་པ་ཡང་བསྙེན་པར་རྫོགས་པར་མི་བྱའོ། །ཟ་མ་དང་མ་ནིང་སྐྱེས་པ་ཉིད་ཉམས་པ་དག་ ཀྱང་བསྙེན་པར་རྫོགས་པར་མི་བྱ་སྟེ། དེ་ལ་རྒྱུ་ནི་སྔར་བསྟན་པ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མ་ནིང་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཡོངས་མ་ནིང་དང་། ཕྱོགས་གཅིག་གི་མ་ནིང་དང་། ཉམས་པའི་མ་ནིང་ངོ་། །དེ་ལ་སྐྱེས་པའི་ དབང་པོ་དང་མི་ལྡན་པ་ཁོ་ནར་བཙས་པ་གང་ཡིན་པ་དེ་ནི་ཡོངས་མ་ནིང་ཞེས་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་སྐྱེས་པའི་སྤོབས་པ་སྐྱེ་བ་དང་། བདག་ཉིད་ལ་ཕ་རོལ་གྱིས་སུན་འབྱིན་པའམ། གཞན་དག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ཀུན་དུ་སྤྱོད་པ་མཐོང་བ་དེ་སྐྱེས་པའི་ སྤོབས་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་མ་ནིང་ཞེས་བྱའོ། །མཚོན་ལ་སོགས་པས་ཆོད་པའམ། ནད་དང་། དུག་དང་། མེ་དང་། གསང་སྔགས་ལ་སོགས་པའི་གནོད་པས་སྐྱེས་པའི་དབང་པོ་སྔོན་ཐོབ་པ་ཆད་པར་གྱུར་ཅིང་ཆད་ནས་ཀྱང་སྐྱེས་པའི་སྤོབས་ པ་མི་འབྱུང་བ་གང་ཡིན་པ་དེ་ནི་ཉམས་པའི་མ་ནིང་ཞེས་བྱའོ། །དེ་ལ་མ་ནིང་དང་པོ་ནི་ཟ་མ་ཡང་ཡིན་ལ་མ་ནིང་ཡང་ཡིན་ནོ། །གཉིས་པ་ནི་མ་ནིང་ཁོ་ན་ཡིན་གྱི་ཟ་མ་མ་ཡིན་ནོ། །གསུམ་པ་ནི་གལ་ཏེ་ཕ་རོལ་པོ་དག་གིས་བདག་ལ་སུན་འབྱིན་པར་མི་བྱེད་ན་ནི་ཟ་མ་ཁོ་ན་ཡིན་གྱི་མ་ནིང་ནི་མ་ཡིན་ནོ། ། གལ་ཏེ་སུན་འབྱིན་པར་བྱེད་ན་ནི་དེ་ཟ་མ་དང་མ་ནིང་ཡིན་པར་བརྗོད་པར་བྱའོ། །མཚམས་མེད་པའི་ལས་བྱེད་པ་དང་། དགེ་སློང་མ་སུན་འབྱིན་པ་དང་། མུ་སྟེགས་ཅན་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་དག་ནི་དགེ་བའི་ཆོས་ཉམས་ པ་ཡིན་པས་བསྙེན་པར་རྫོགས་པར་མི་བྱ་སྟེ། འདི་ལྟར་དེ་དག་ནི་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པའི་ཆོས་དྲི་མ་ཅན་ཆེན་པོས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ཆོས་དཀར་པོ་ཤིན་ཏུ་སྲབ་མོར་བྱས་ཤིང་ཆུང་ངུར་བྱས་པའི་ཕྱིར་རོ། །རྒྱལ་པོས་བཀྲབས་པ་དང་། རྒྱལ་པོ་ལ་གནོད་ པ་བྱེད་པ་དང་། རྒྱལ་པོ་དང་མི་མཐུན་པའི་ལས་བྱེད་པ་དང་། བུ་ལོན་གཞལ་དགོས་པ་དང་། བྲན་དང་། ཕྲོགས་པ་དང་། མཆུ་ཐོགས་པ་དང་། བརྗོད་པ་ཡོད་པ་དང་། ཕ་མས་མ་གནང་བ་དག་ནི་གཞན་གྱི་དབང་དུ་གྱུར་པ་ཡིན་པས་བསྙེན་པར་རྫོགས་པར་མི་བྱའོ། །སྤྲུལ་པ་ དག་ནི་གཞན་རྗེས་སུ་བསྲུང་བས་བསྙེན་པར་རྫོགས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀླུར་གྱུར་པ་ལས་ཆོས་རྣམས་གཟུང་བའི་ཕྱིར། དགེ་སློང་གི་ལུས་སུ་སྤྲུལ་ནས་བསྙེན་པར་རྫོགས་པ་ཚོལ་བར་བྱེད་པ་ཡིན་ཏེ། གལ་ཏེ་ཀླུ་དེ་བསྙེན་པར་རྫོགས་པར་གྱུར་ན། དགེ་སློང་དུ་གྱུར་པ་དེ་གཉིད་ལོག་ན་ནི་རང་གི་གཟུགས་སུ་གནས་པས། ཀུན་དགའི་ར་བ་སྲུང་བའམ། དགེ་བསྙེན་དག་དགེ་སློང་གི་འདུ་ཤེས་ཀྱིས་ཚམ་ཚོམ་མེད་པར་དྲུང་དུ་འོངས་ཏེ། གཟུགས་མི་སྡུག་པ་མཐོང་ན་འདི་སྙམ་དུ་དགེ་སློང་ཐམས་ཅད་ནི་མི་མ་ཡིན་པ་ཡིན་པས་སུ་ ཞིག་འདི་དག་ལ་བསོད་སྙོམས་འབུལ་བ་དང་བྱ་བར་སེམས་ཞེས། དགེ་སློང་ཐམས་ཅད་ལ་ཞེ་སྡང་གི་སེམས་སྐྱེད་ཅིང་སྡིག་པ་ཅན་གྱི་ལྟ་བ་ཐོབ་པར་གྱུར་པས། དེའི་ཕྱིར་གཞན་རྗེས་སུ་བསྲུང་བས་དེ་དག་ཀྱང་བསྙེན་པར་རྫོགས་པར་མི་བྱའོ། །དེ་ལྟར་ན་ལས་བྱེད་པའི་སློབ་ དཔོན་མེད་པ་དང་། མཁན་པོ་མེད་པ་དང་དགེ་འདུན་ཚུལ་ལ་གནས་པ་ཚང་བར་མེད་པ་མ་གཏོགས་པར་རྒྱུ་དྲུག་པོ་དེ་དག་གིས་ན་དགེ་སློང་གི་སྡོམ་པ་ལེན་པར་མི་འགྱུར་རོ། །རྒྱུ་དུས་ནི་དགེ་བསྙེན་གྱི་སྡོམ་པ་ལེན་པར་མི་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ཏེ། བསམ་པ་ཉམས་པ་དང་། སྐྱེས་པ་ཉིད་ཉམས་པས་སོ། །དེ་ལ་བསམ་པ་ཉམས་པས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ལེན་པར་མི་འགྱུར་བ་ཁོ་ནར་ཁོང་དུ་ཆུད་པར་བྱའོ། །སྐྱེས་པ་ཉིད་ཉམས་པས་ནི་ལེན་པ་ཡོད་དུ་ཟིན་ཀྱང་སྔར་བསྟན་པའི་རྒྱུ་ཉིད་ཀྱིས་ན་དེ་དགེ་བསྙེན་དུ་ནི་བརྗོད་པར་མི་བྱའོ། །བསྙེན་གནས་ པའི་སྡོམ་པ་ནི་བསམ་པ་ཉམས་པ་ཁོ་ནས་ལེན་པར་མི་འགྱུར་བར་ཁོང་དུ་ཆུད་པར་བྱ་སྟེ། གང་ལ་ལ་དག་གཞན་གྱི་རྗེས་སུ་འཇུག་པའམ། རྙེད་པ་དང་བཀུར་སྟིའི་ཕྱིར་བསྙེན་གནས་པའི་སྡོམ་པ་ཡང་དག་པར་ལེན་པར་དམ་འཆའ་བ་དེ་དག་ཀྱང་དེ་ལ་བླང་ བའི་བསམ་པ་མེད་པ་ཡིན་ཏེ། དེ་ལྟར་ན་དེ་ནི་དེའི་བསམ་པ་ཉམས་པ་ཡིན་པར་རིག་པར་བྱའོ། །ལེན་པར་མི་འགྱུར་བའི་རྒྱུ་ཉིད་ཇི་སྐད་བསྟན་པ་དེ་དག་མེད་པས་ནི་སྡོམ་པ་ཇི་སྐད་བསྟན་པ་དེ་དག་ལེན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྒྱུ་དུས་ན་དགེ་སློང་གི་སྡོམ་པ་བླངས་ཀྱང་ གཏོང་བར་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་ལྔས་ཏེ་བསླབ་པའི་གཞི་འབུལ་བ་དང་། ལྟུང་བའི་རྩ་བ་ལྷག་པར་སྤྱོད་པ་དང་། མཚན་ནུབ་ཅིང་མཚན་གཉིས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། རིགས་མཐུན་པ་སྤངས་པས་ཀྱང་དགེ་སློང་གི་སྡོམ་པ་བླངས་བ་གཏོང་བར་འགྱུར་ རོ། །དམ་པའི་ཆོས་རབ་ཏུ་རྣམ་པར་ཞིག་ཅིང་དམ་པའི་ཆོས་ནུབ་ན་ནི་དགེ་སློང་གི་སྡོམ་པ་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱ་སྟེ། འདི་ལྟར་དེའི་ཚེ་དུས་ངན་པ་བྱུང་བ་དེའི་ཚེ་ན་སེམས་ཅན་འགའ་ཡང་བསམ་པ་ཉམས་པས་བསྙེན་པར་ རྫོགས་པར་འགྱུར་བ་ཡང་མེད་ན། དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དགེ་བསྙེན་གྱི་སྡོམ་པ་ནི་མི་མཐུན་པའི་སེམས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། རིས་མཐུན་པ་སྤངས་པས་ཡོངས་སུ་གཏོང་བར་རིག་པར་བྱའོ། ། དམ་པའི་ཆོས་ནུབ་པས་ནི་དགེ་སློང་གི་སྡོམ་པ་ཇི་ལྟ་བ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་དང་། བསྙེན་གནས་པའི་སྡོམ་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །བསྙེན་གནས་པའི་སྡོམ་པ་གཏོང་བ་ནི་ཉི་མ་ཤར་བ་དང་། གལ་ཏེ་སེམས་མི་མཐུན་པ་བསྐྱེད་པ་དང་། སྔ་རོལ་དུ་རིགས་མཐུན་པ་ སྤོང་ཞིང་འཆི་བའི་དུས་བྱེད་པ་ལས་ཁོང་དུ་ཆུད་པར་བྱའོ།། །།བམ་པོ་ལྔ་པ། དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་འདོད་ཆགས་དང་མ་བྲལ་བའི་འབྱུང་བའི་འདུ་ཤེས་སྔོན་དུ་གཏོང་བའི་ཡིད་ལ་བྱེད་ པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་ཙམ་དང་། ཉེ་བར་ཞི་ཞིང་མི་འབྱུང་བ་ཙམ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ཡང་བརྟགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་ནོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆུང་ངུ་བསྒོམས་པ་དང་། འབྲིང་དུ་བསྒོམས་པ་དང་། ཆེར་བསྒོམས་པའོ། །དེ་ལ་ཆུང་ངུ་བསྒོམས་པས་ནི་ཚེ་འདི་ལས་ཡོངས་སུ་ཉམས་པར་འགྱུར་ཞིང་མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པར་ཡང་མི་ནུས་ལ། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་ ཇི་ལྟར་གཞན་དག་གི་ལུས་གཟུགས་ཡོངས་སུ་དག་པ། འོད་གསལ་བ་དང་རྒྱ་ཆེ་བ་དེ་ལྟར་མི་འགྱུར་ཞིང་ངེས་པར་བར་སྐབས་སུ་འཆི་བའི་དུས་བྱེད་པར་ཡང་འགྱུར་རོ། །འབྲིང་དུ་བསྒོམས་པས་ནི་ཡོངས་སུ་ཉམས་པར་འགྱུར་ཞིང་མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པར་མི་ནུས་ལ་ དེར་སྐྱེས་ནས་ཡང་ལུས་གཟུགས་ཡོངས་སུ་དག་པ་འོད་གསལ་བ་དང་། རྒྱ་ཆེ་བ་འགྲུབ་པ་ནི་འགྱུར་མོད་ཀྱི། མཐར་ཐུག་པ་ཤིན་ཏུ་ཡོངས་སུ་དག་པར་མི་འགྱུར་ཞིང་བར་སྐབས་སུ་འཆི་བའི་དུས་བྱེད་པར་ཡང་འགྱུར་ལ་ངེས་པ་ནི་མ་ཡིན་ནོ། །རྒྱ་ཆེར་བསྒོམས་པས་ནི་ཡོངས་ སུ་ཉམས་པར་མི་འགྱུར་ལ། དེར་སྐྱེས་ན་ཡང་ལུས་གཟུགས་ཡོངས་སུ་དག་པ་འོད་གསལ་བ་དང་རྒྱ་ཆེ་བ་ཡང་འགྲུབ་ཅིང་མཐར་ཐུག་པར་ཤིན་ཏུ་ཡོངས་སུ་དག་པར་ཡང་འགྱུར་ལ། བར་སྐབས་སུ་འཆི་བའི་དུས་བྱེད་པར་ཡང་མི་འགྱུར་ཞིང་། ཚེ་ཡོངས་སུ་རྫོགས་ནས་ ཟད་པར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་སྐྱེས་ནས་ཐོབ་པའི་སེམས་དང་སེམས་ལས་བྱུང་བ་འགོག་པ་དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱའོ། །དེ་ལ་འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་གོང་མའི་འདོད་ཆགས་དང་ མ་བྲལ་ཡང་རུང་། འདོད་ཆགས་དང་བྲལ་ཡང་རུང་བའི་གནས་པའི་འདུ་ཤེས་སྔོན་དུ་གཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་ཙམ་དང་། ཉེ་བར་ཞི་ཞིང་མི་འབྱུང་བ་ཙམ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་སྟེ། འཇུག་ པའི་རྣམ་པར་ཤེས་པ་ཙམ་ཉེ་བར་ཞི་བར་ཟད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ཞི་བ་ནི་མ་ཡིན་ནོ། །དེ་ཡང་བརྟགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་པར་རིག་པར་བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ་སྔ་མ་བཞིན་དུ་ཆུང་ངུ་བསྒོམས་པ་ལ་ སོགས་པའོ། །དེ་ལ་ཆུང་ངུ་བསྒོམས་པས་ནི་ཡོངས་སུ་ཉམས་པར་འགྱུར་ཞིང་མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པར་ཡང་མི་ནུས་སོ། །འབྲིང་དུ་བསྒོམས་པས་ནི་ཡོངས་སུ་ཉམས་པར་འགྱུར་ལ། མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པར་ནི་མི་ནུས་སོ། །ཆེར་བསྒོམས་པས་ནི་ ཡོངས་སུ་ཉམས་པར་མི་འགྱུར་བ་ཁོ་ན་ཡིན་ནོ། །དེ་ལ་ནི་སློབ་པ་ཕྱིར་མི་འོང་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། མི་སློབ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡང་སྙོམས་པར་འཇུག་གོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སློབ་པ་ཡང་སྙོམས་པར་མི་འཇུག་ལ་ མི་སློབ་པ་ཡང་མི་འཇུག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཤེས་རབ་ཀྱི་སྤྱོད་པ་མེད་ལ་དེའི་གོང་ན་ཆེས་ཞི་བའི་གནས་པ་ཡོད་པའི་ཕྱིར་ཏེ། སྐྱེ་བ་དེ་ནི་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བ་ལས་སླུ་བའི་གནས་ཡིན་ནོ། །དེ་ལ་ནམ་མཁའ་གང་ཞེ་ན། གཟུགས་མེད་པ་ ཙམ་གྱིས་རབ་ཏུ་ཕྱེ་བ་ནི་ནམ་མཁའ་ཡིན་ཏེ། འདི་ལྟར་གང་ལ་གཟུགས་ཀྱི་རྣམ་པ་མི་དམིགས་པ་དེ་ལ་ནམ་མཁའི་འདུ་ཤེས་འབྱུང་བར་འགྱུར་བས་དེའི་ཕྱིར་དེ་ཡང་བརྟགས་པའི་ཡོད་པ་ཡིན་པར་རིག་པར་བྱའི་རྫས་སུ་ནི་མ་ཡིན་ནོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། དེ་ལས་གཞན་པ་སྐྱེ་བའི་རྐྱེན་མངོན་དུ་གྱུར་པ་ན་དེ་ལས་གཞན་པ་སྐྱེ་བས། དེ་ལས་གཞན་པ་མི་སྐྱེ་ཞིང་ཉེ་བར་ཞི་བའི་འགོག་པ་ཙམ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བྱ་སྟེ། གང་དེའི་ཚེ་ན་མ་སྐྱེས་ཤིང་སྐྱེ་བའི་དུས་ལས་ཐལ་བ་དེ་ནི་དེའི་ཚེ་ནམ་ཡང་སྐྱེ་བར་མི་འགྱུར་ བས། དེའི་ཕྱིར་དེ་ཡང་བརྟགས་པའི་ཡོད་པ་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །དེའི་རང་གི་མཚན་ཉིད་ནི་གཞན་ཅུང་ཟད་ཀྱང་མི་དམིགས་སོ། །དེ་ཡང་ཆོས་ཀྱི་རྣམ་པ་དང་མ་བྲལ་བའི་ཕྱིར་དུས་གཞན་གྱི་ཚེ་རྐྱེན་དང་ཕྲད་ན་འབྱུང་བར་འགྱུར་བས་དེའི་ཕྱིར་སོ་སོར་བརྟགས་པ་མ་ ཡིན་པའི་འགོག་པ་དེ་ནི་གཏན་དུ་བ་མ་ཡིན་ནོ། །སློབ་པ་བཞི་མཐོང་བ་དེ་སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དང་། བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་། འདུ་ཤེས་མེད་པ་པའི་སེམས་ཅན་དུ་སྐྱེ་བ་དང་། བུད་མེད་དང་། ཟ་མ་དང་། མ་ནིང་དང་། མཚན་མེད་དང་། མཚན་གཉིས་པར་སྐྱེ་བ་དང་། ཡང་འབྱུང་བའི་སྲིད་པ་ལ་སྲེད་ཅིང་སྨོན་པ་དག་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པ་དེ་ནི་གཏན་དུ་བ་ཡིན་པར་རིག་པར་བྱའོ། །སློབ་པ་བཞི་མཐོང་བ་ནི་ནམ་ཡང་ཡང་འབྱུང་བའི་སྲིད་པ་ལ་མངོན་པར་འདོད་ཅིང་སྨོན་པའི་ཀུན་ནས་ དཀྲིས་པས་ཡང་འབྱུང་བའི་སྲིད་པ་མངོན་པར་སྒྲུབ་པར་མི་བྱེད་དེ། སྲིད་པའི་ས་བོན་ལྷག་མ་མ་ལུས་པར་ཡང་དག་པར་མ་བཅོམ་པ་ཁོ་ན་ཙམ་དུ་ཟད་དོ། །ཅིའི་ཕྱིར་སེམས་དང་མི་ལྡན་པ་རྣམས་ཞེས་བྱ་ཞེ་ན། དེ་དག་ནི་དེ་དག་ལ་མིང་དུ་བཏགས་པས་ཐ་སྙད་འདོགས་པར་ཟད་ པའི་ཕྱིར་ཏེ། དེ་དག་ཀྱང་གཟུགས་ཅན་རྣམས་ལ་ཡང་གཉི་ག་མ་ཡིན་པ་དང་། བསྟན་དུ་ཡོད་པ་རྣམས་ལ་ཡང་གཉི་ག་མ་ཡིན་པར་རྣམ་པར་གཞག་པའི་ཚུལ་རྒྱ་ཆེར་རིག་པར་བྱའོ། །མཁས་པ་དྲུག་པོ་འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་ནས་དབང་པོ་ལ་མཁས་པའི་ བར་དུ་གང་གསུངས་པའི་མཁས་པ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། སྡོམ་ནི། ངོ་བོ་ཉིད་དང་དོན་རྣམས་དབྱེ། །གོ་རིམས་དང་ནི་བསྡུ་དང་བརྟེན། །དེ་ལ་གཟུགས་གང་ཞེ་ན། དེ་ནི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། མིག་ལ་སོགས་པ་རེག་བྱའི་མཐར་ཐུག་ པའི་བར་གྱི་སྐྱེ་མཆེད་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སོ། །དེ་ཡང་མདོར་བསྡུ་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་སྟེ། ཐམས་ཅད་ཀྱང་གཟུགས་སུ་རུང་བའི་མཚན་ཉིད་ཡིན་ནོ། །ཚོར་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་བ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའོ། །དེ་ཡང་རྣམ་པ་གསུམ་དང་རྣམ་པ་གཉིས་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་གཟུགས་ཅན་ལ་བརྟེན་པ་ནི་ལུས་ཀྱིའོ། །གཟུགས་ཅན་མ་ཡིན་པ་ལ་བརྟེན་པ་ནི་སེམས་ཀྱིའོ། །དེ་ཅིའི་ ཕྱིར་ཞེ་ན། གལ་ཏེ་དབང་པོ་ལྔ་པོ་དག་ནི་གཟུགས་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལྔ་པོ་དག་གཟུགས་ཅན་ཡིན་པའི་ཕྱིར་མིག་ལ་སོགས་པ་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་པའི་ཚོར་བ་གང་ཡིན་པ་དེ་ལུས་ཀྱི་ཡིན་པར་གྱུར་ན། འོ་ན་ཅིའི་ཕྱིར་ མིག་ལ་སོགས་པའི་དབང་པོ་དེ་དག་ལུས་ཀྱི་མཚན་ཉིད་ཁོ་ན་ཡིན་པར་མི་འགྱུར་ཞེ་ན། སྨྲས་པ། མཚན་ཉིད་མི་འདྲ་བའི་ཕྱིར་ཏེ། འདི་ལྟར་དེ་དག་ནི་ཕན་ཚུན་མཚན་ཉིད་མི་འདྲ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་མི་འདྲ་བའི་ཕྱིར་ཡིན་ན་མཚན་ཉིད་མི་འདྲ་བའི་ཕྱིར་ལུས་ ཀྱི་མཚན་ཉིད་མ་ཡིན་པས། དེས་ན་དེ་ལ་བརྟེན་པའི་ཚོར་བ་གང་ཡིན་པ་དེ་ཡང་རྒྱུ་དེ་གཉིས་ཀྱིས་ན་ལུས་ཀྱི་མ་ཡིན་པར་མི་འགྱུར་རམ་ཞེ་ན། སྨྲས་པ། དེ་ལས་གཞན་པའི་དབང་པོ་གཟུགས་ཅན་རྣམས་ནི་ལུས་ལས་ཐ་མི་དད་པའི་ཕྱིར་དེ་ལ་ཉེ་བར་གདགས་པ་ལ་ཉེས་པ་མེད་དོ། ། གལ་ཏེ་ཐ་མི་དད་པས་ཉེས་པ་མེད་ན་དེ་ལྟ་ན་ཡིད་ཀྱང་ལུས་ལས་ཐ་མི་དད་པར་འབྱུང་བས་དེས་ན་ཡིད་ལ་བརྟེན་པའི་ཚོར་བ་གང་ཡིན་པ་དེ་ཡང་ལུས་ཀྱི་ཡིན་པར་འགྱུར་བས་དེའི་ཕྱིར་ལུས་ཀྱི་ཚོར་བ་ཁོ་ནར་འགྱུར་གྱི་སེམས་ཀྱི་ནི་མ་ཡིན་པར་འགྱུར་རོ་ཞེ་ན་སྨྲས་པ། ལུས་ནི་དབང་པོ་ གཟུགས་ཅན་རྣམས་ལས་གཏན་ཐ་དད་པ་མ་ཡིན་ལ། ཡིད་ནི་དེ་ལྟ་མ་ཡིན་པས་ཉེས་པ་མེད་དེ། འདི་ལྟར་གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ལ་ལུས་ལས་ཐ་དད་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་བས་དེའི་ཕྱིར་དབང་པོ་ལྔ་དང་ལྡན་པའི་ཚོར་བ་ནི་ལུས་ ཀྱི་ཁོ་ན་ཞེས་བྱ་ལ། ཡིད་ཀྱི་འབའ་ཞིག་སེམས་ཀྱི་ཞེས་བྱའོ། །དེ་ལྟ་བས་ན་ཚོར་བ་ནི་མདོར་བསྡུ་ན། ལུས་ཀྱི་དང་སེམས་ཀྱི་ཡིན་ལ་ཐམས་ཅད་ཀྱང་མྱོང་བའི་མཚན་ཉིད་ཡིན་ནོ། །འདུ་ཤེས་གང་ཞེ་ན། དེ་ཡང་སྔ་མ་བཞིན་དུ་རྣམ་པ་དྲུག་གོ། །དེ་ཡང་འདི་ལྟ་སྟེ། མཚན་མ་ དང་བཅས་པའི་འདུ་ཤེས་དང་། མཚན་མ་མེད་པའི་འདུ་ཤེས་དང་། ཆུང་ངུའི་འདུ་ཤེས་དང་། ཆེན་པོར་གྱུར་པའི་འདུ་ཤེས་དང་། ཚད་མེད་པའི་འདུ་ཤེས་དང་། ཅི་ཡང་མེད་པའི་འདུ་ཤེས་སོ། །དེ་ཡང་མདོར་བསྡུ་ན་འཇིག་རྟེན་པའི་དང་འཇིག་རྟེན་ལས་འདས་པའིའོ། །དེ་ ལ་ཆུང་ངུའི་འདུ་ཤེས་ནི་འདོད་པ་ན་སྤྱོད་པའིའོ། །ཆེན་པོར་གྱུར་པའི་འདུ་ཤེས་ནི་གཟུགས་ན་སྤྱོད་པའིའོ། །ཚད་མེད་པའི་འདུ་ཤེས་ནི་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་སྤྱོད་པའིའོ། །ཅི་ཡང་མེད་པའི་འདུ་ཤེས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ན་སྤྱོད་པའི་སྟེ། དེ་དག་ ཐམས་ཅད་ནི་མཚན་མ་དང་བཅས་པའི་འདུ་ཤེས་ཡིན་ནོ། །མཚན་མ་མེད་པའི་འདུ་ཤེས་ནི་སྲིད་པའི་རྩེ་མོའི་འདུ་ཤེས་གང་ཡིན་པ་དང་འཇིག་རྟེན་ལས་འདས་པ་སློབ་པ་དང་། མི་སློབ་པའི་ཐམས་ཅད་དེ་ཐམས་ཅད་ཀྱང་ཀུན་དུ་ཤེས་པར་བྱེད་པའི་མཚན་ཉིད་ཡིན་ནོ། །འདུ་བྱེད་ རྣམས་གང་ཞེ་ན། དེ་དག་ཀྱང་སྔ་མ་ཁོ་ན་བཞིན་དུ་རྣམ་པ་དྲུག་གོ། །དེ་ཡང་འདི་ལྟ་སྟེ་ཡུལ་དང་མཐུན་པར་བྱེད་པ་དང་། དེ་དང་ཕྲད་པར་བྱ་བ་དང་། དེ་དང་བྲལ་བར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་དང་། ལས་ཀུན་དུ་བླང་བར་བྱ་བ་དང་། སེམས་ཀྱིས་དབང་བསྒྱུར་བར་ བྱ་བའི་ཕྱིར་སེམས་མངོན་པར་འདུ་བྱེད་པ་རྣམ་པ་ལྔར་བལྟ་བར་བྱའོ། །འདུ་བྱེད་རྣམས་ནི་མདོར་བསྡུ་ན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་སྟེ་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ནོ། །རྣམ་པར་ཤེས་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་ བྱ་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཏེ། དེ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱི་དབྱེ་བ་ཡིན་ནོ། །གཞན་ཡང་དབྱེ་བ་རྣམ་པ་གསུམ་ཡོད་པར་བལྟ་བར་བྱ་སྟེ། མྱོང་བའི་དབྱེ་བ་དང་དམིགས་པ་ལ་མཚན་མར་འཛིན་པའི་དབྱེ་བ་དང་། གནས་སྐབས་ཀྱི་དབྱེ་བའོ། །དེ་ལ་མྱོང་བའི་དབྱེ་བ་ནི་རྣམ་པ་གསུམ་མོ། །དམིགས་པ་ལ་མཚན་མར་འཛིན་པའི་དབྱེ་བ་ནི་རྣམ་པ་དྲུག་གོ། །གནས་སྐབས་ཀྱི་དབྱེ་བ་ནི་རྣམ་པ་གསུམ་མོ། །དབྱེ་བ་དེ་དག་གཅིག་ཏུ་བསྡུས་ན་རྣམ་པར་ཤེས་པའི་ངོ་བོ་ཉིད་རྣམ་པ་བཅོ་བརྒྱད་ དུ་འགྱུར་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ལ་ཕུང་པོའི་དོན་ནི་གང་ཅིའི་ཕྱིར་ན་ཕུང་པོ་རྣམ་པར་གཞག་པ་ཡོངས་སུ་བསྟན་ཅེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནས་ཐག་རིང་བ་དང་། ཉེ་བའི་བར་དང་། གཟུགས་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་ཏེ། དེ་དག་གཅིག་ཏུ་བསྡུས་པ་ནི་རྣམ་པ་ཐམས་ཅད་དུ་བསྡུས་པ་ཡིན་པའི་ཕྱིར་བསྡུས་པའི་དོན་ནི་ཕུང་པོའི་དོན་ཏོ། །ཡང་ཕུང་པོ་དེ་དག་ནི་བདག་ཉིད་སྣ་ཚོགས་མང་པོ་ཡིན་པའི་ཕྱིར་ འདུ་བྱེད་ཙམ་སྟེ། དེ་ལས་དོན་གཞན་པའི་བདག་མེད་པར་ཡོངས་སུ་བསྟན་པའི་ཕྱིར་ཕུང་པོ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། དངོས་པོ་དང་མཚན་ཉིད་དང་། རྣམ་པར་ཤེས་པ་ གནས་པ་དང་མི་གནས་པ་དང་། རྣམ་པར་ཤེས་པ་ལས་དབེན་པ་དང་མི་དབེན་པ་དང་། འདུ་ཤེས་ཀྱི་སྤྱོད་ཡུལ་དང་མཐའོ། །དེ་ལ་གཟུགས་ཀྱི་དངོས་པོ་ནི་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་ པའོ། །དེ་ལ་གཟུགས་ཀྱི་རང་གི་མཚན་ཉིད་ནི་མདོར་བསྡུ་ན་དང་བ་དང་། དང་བའི་གཟུང་བ་དང་། ཡིད་ཀྱི་གཟུང་བའི་གཟུགས་སོ། །སྤྱིའི་མཚན་ཉིད་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །དེ་ལ་རྣམ་པར་ཤེས་པ་གནས་པ་དང་མི་གནས་པ་ནི་ཟིན་པའི་གཟུགས་གང་ཡིན་ པ་དེ་ནི་རྣམ་པར་ཤེས་པ་གནས་པ་ཞེས་བྱ་སྟེ། དེ་ཡང་རྣམ་པར་ཤེས་པ་དང་འདྲེས་པ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་འཇུག་པ་གང་ཡིན་པ་དང་། ཚོར་བ་རྣམས་སྐྱེ་བའི་དོན་དུ་གྱུར་པ་གང་ཡིན་པའོ། །དེ་ལས་བཟློག་པ་ནི་མ་ཟིན་པ་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་ ལས་དབེན་པ་དང་མི་དབེན་པ་ནི་རྣམ་པར་ཤེས་པ་ལས་མི་དབེན་པའི་གཟུགས་གང་ཡིན་པ་དེ་ནི་མཚུངས་པ་ཞེས་བྱ་སྟེ། རྣམ་པར་ཤེས་པ་དང་མཚུངས་པར་དོན་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་ཤེས་པ་ལས་དབེན་པའི་གཟུགས་གང་ཡིན་པ་དེ་ནི་དེ་དག་དང་མཚུངས་པ་ཞེས་བྱ་སྟེ་ རང་གི་རྒྱུད་དང་མཚུངས་པར་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་འདུ་ཤེས་ཀྱི་སྤྱོད་ཡུལ་ནི་འདུ་ཤེས་གསུམ་པོ་འདི་དག་ནི་གཟུགས་ལ་དམིགས་པ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་དང་། ཐོགས་པའི་འདུ་ཤེས་དང་། སྣ་ཚོགས་ཀྱི་འདུ་ཤེས་སོ། །གཟུགས་ཀྱང་མཚན་ཉིད་ གསུམ་སྟེ་སྣང་བ་དང་བཅས་པའི་མཚན་ཉིད་དང་། ཡུལ་གནོད་པའི་མཚན་ཉིད་དང་། རྒྱས་པར་གནས་པའི་མཚན་ཉིད་དེ། དེ་དག་ཀྱང་གོ་རིམས་བཞིན་དུ་འདུ་ཤེས་གསུམ་པོ་དེ་དག་གི་སྤྱོད་ཡུལ་དུ་གྱུར་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་སྔོན་པོ་ལ་སོགས་པའི་ཁ་དོག་ འཛིན་པར་བྱེད་པ་ནི་གཟུགས་ཀྱི་འདུ་ཤེས་སོ། །འགྲོ་བ་ཐོགས་པ་འཛིན་པར་བྱེད་པ་ནི་ཐོགས་པའི་འདུ་ཤེས་སོ། །བུད་མེད་དང་། སྐྱེས་པ་དང་། ཁང་ཁྱིམ་དང་། ཞིང་ལ་སོགས་པར་ཉེ་བར་འདོགས་པ་འཛིན་པར་བྱེད་པ་ནི་སྣ་ཚོགས་ཀྱི་འདུ་ཤེས་ཏེ། དེ་ནི་འདུ་ཤེས་ཀྱི་སྤྱོད་ ཡུལ་གྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་གཟུགས་ཀྱི་མཐའ་ནི་མདོར་བསྡུ་ན་གཟུགས་རྣམ་པ་གཉིས་ཏེ། ཁམས་འོག་མ་དང་ཁམས་བར་མར་གཏོགས་པ་སྟེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ། །དེ་ལ་གཟུགས་མེད་པ་རྣམས་ན་ནི་ལས་ཀྱི་དབང་གིས་གྲུབ་པ་ཉིད་ལ་ བརྟེན་ནས་གཟུགས་མེད་པ་ཞེས་བྱ་བར་ཟད་དེ། སྙོམས་པར་འཇུག་པའི་དབང་ལ་བརྟེན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་ལ་སྙོམས་པར་འཇུག་པས་མངོན་པར་འདུ་བྱ་བ་མངོན་དུ་གྱུར་པ་ལས་ཐམས་ཅད་ན་གཟུགས་ཀྱི་རྣམ་པ་ལ་དབང་བ་དམིགས་པའི་ཕྱིར་ཏེ་དེ་ཡང་སྙོམས་པར་ འཇུག་པའི་གཟུགས་ཆ་ཕྲ་བ་ཞེས་བྱའོ། །དེ་ལ་ཚོར་བའི་ཕུང་པོ་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། དངོས་པོ་དང་། མཚན་ཉིད་དང་། རབ་ཏུ་སྐྱེ་བ་དང་ཉེ་བར་བརྟགས་པ་དང་། ངེས་པར་འབྱུང་བའོ། །དེ་ལ་ཚོར་བའི་ཕུང་པོའི་དངོས་པོ་ནི་མྱོང་བ་ཉིད་དང་། མྱོང་བའི་གནས་དང་མཐུན་པའི་ཆོས་རྣམས་སོ། །དེ་ལ་རང་གི་མཚན་ཉིད་ནི་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་ཚོར་བའི་ཕུང་པོའི་སྤྱིའི་མཚན་ཉིད་ནི་བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ བ་དང་། སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའི་དབང་དུ་མཛད་ནས། གང་ཅི་ཚོར་བ་ཡང་རུང་སྟེ་དེ་ནི་འདིར་སྡུག་བསྔལ་བའོ། ། ཞེས་བྱ་བའོ། །དེ་ལ་རབ་ཏུ་སྐྱེ་བ་ནི་རེག་པ་བཅུ་དྲུག་ལས་ཚོར་བ་རྣམས་འབྱུང་བར་འགྱུར་བ་སྟེ། འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་རྣམས་དང་། ཐོགས་པའི་འདུས་ཏེ་རེག་པ་དང་། ཚིག་བླ་དགས་ ཀྱི་འདུས་ཏེ་རེག་པ་དང་། བདེ་བའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། སྡུག་བསྔལ་གྱི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། རྗེས་སུ་ཆགས་པའི་འདུས་ཏེ་རེག་ པ་དང་། ཁོང་ཁྲོ་བའི་འདུས་ཏེ་རེག་པ་དང་། རིག་པའི་འདུས་ཏེ་རེག་པ་དང་། མ་རིག་པའི་འདུས་ཏེ་རེག་པ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་ལས་སོ། །དེ་ལ་ཡུལ་འཛིན་པར་བྱེད་པ་ཉིད་ལ་བརྟེན་ནས་ནི་འདུས་ཏེ་རེག་པ་དྲུག་པོ་རྣམས་དང་། ཐོགས་པའི་འདུས་ཏེ་རེག་པ་རྣམ་པར་གཞག་གོ། །ཡུལ་ལ་རྣམ་པར་རྟོག་པ་ཉིད་ལ་བརྟེན་ནས་ནི་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་གཅིག་ཏུ་རྣམ་པར་གཞག་གོ། །ཡུལ་མྱོང་བར་བྱེད་པ་ཉིད་ལ་བརྟེན་ནས་ནི་བདེ་བ་ལ་སོགས་པའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་གསུམ་ རྣམ་པར་གཞག་གོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཉིད་ལ་བརྟེན་ནས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། མ་རིག་པའི་འདུས་ཏེ་རེག་པ་རྣམས་དང་། རིག་པ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་དག་རྣམ་པར་ གཞག་པར་རིག་པར་བྱ་སྟེ། དེ་ནི་ཚོར་བ་རྣམས་ཀྱི་རབ་ཏུ་སྐྱེ་བའི་རབ་ཏུ་དབྱེ་བ་ཡིན་ནོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཉག་གཅིག་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་འཇོག་ལ་བཞུགས་པ་ན། ཐུགས་ལ་ཐུགས་ཀྱིས་ཡོངས་སུ་རྟོག་པ་འདི་ལྟ་བུ་བྱུང་སྟེ། ཚོར་བ་ནི་གང་ཚོར་བ་ཀུན་འབྱུང་བ་ནི་གང་ཚོར་བ་འགོག་པ་ནི་གང་། ཚོར་བ་ཀུན་འབྱུང་བར་འགྱུར་བའི་ལམ་ནི་གང་། ཚོར་བ་འགོག་པར་འགྱུར་བའི་ལམ་ནི་གང་། ཚོར་བ་རོ་མྱང་བ་ནི་གང་། ཉེས་དམིགས་ནི་གང་། ངེས་པར་འབྱུང་བ་ནི་གང་ཡིན་སྙམ་ནས་དེ་འདི་སྙམ་དུ་ དགོངས་ཏེ། ཚོར་བ་ནི་གསུམ་པོ་འདི་དག་ཡིན་ཏེ། བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །རེག་པ་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་བའོ། །རེག་པ་འགགས་པས་ཚོར་བ་འགག་གོ། །ཚོར་བ་ལ་མངོན་པར་དགའ་བ་དང་། མངོན་ པར་བརྗོད་པ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་ཤིང་གནས་པ་གང་ཡིན་པ་འདི་ནི་ཚོར་བ་ཀུན་འབྱུང་བར་འགྱུར་བའི་ལམ་ཡིན་ནོ། །ཚོར་བ་ལ་མངོན་པར་དགའ་བ་མེད་པ་དང་། མངོན་པར་མི་བརྗོད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ ཆགས་ཤིང་མི་གནས་པ་གང་ཡིན་པ་འདི་ནི་ཚོར་བ་འགོག་པར་འགྱུར་བའི་ལམ་ཡིན་ནོ། །ཚོར་བ་ལ་བརྟེན་ཏེ། བདེ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ་གང་ཡིན་པ་འདི་ནི་ཚོར་བའི་རོ་མྱང་བ་ཡིན་ནོ། །ཚོར་བ་མི་རྟག་པ་དང་། སྡུག་བསྔལ་བ་དང་འགྱུར་བའི་ཆོས་ཅན་གང་ཡིན་པ་ འདི་ནི་ཚོར་བའི་ཉེས་དམིགས་ཡིན་ནོ། །ཚོར་བ་ལ་འདུན་པའི་འདོད་ཆགས་འདུལ་བ་དང་། འདུན་པའི་འདོད་ཆགས་སྤོང་བ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདའ་བ་གང་ཡིན་པ་འདི་ནི་ཚོར་བ་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་གསུངས་པ་ནི་དེ་ལ་ཉེ་བར་བརྟག་ པའི་རབ་ཏུ་དབྱེ་བ་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རྣམ་པར་བཤད་དེ། དེ་ལ་ཉེ་བར་བརྟག་པའི་རབ་ཏུ་དབྱེ་བ་ནི་ཚོར་བ་རྣམ་པ་བརྒྱད་པོ་དག་ལ་ཚོར་བ་ཉེ་བར་བརྟག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལས་བྱུང་ལ་འདི་ལྟ་སྟེ་ཚོར་བ་རྣམས་ནི་དུ། ཚོར་བ་རྣམས་ ཀྱི་ཀུན་འབྱུང་བ་ནི་གང་། ཚོར་བ་རྣམས་ཀྱི་འགོག་པ་ནི་གང་། ཚོར་བ་རྣམས་ཀྱི་ཀུན་འབྱུང་བར་འགྱུར་བའི་ལམ་ནི་གང་། ཚོར་བ་རྣམས་འགོག་པར་འགྱུར་བའི་ལམ་ནི་གང་། ཚོར་བ་རྣམས་ཀྱི་རོ་མྱང་བ་ནི་གང་། ཉེས་དམིགས་ནི་གང་། ངེས་པར་འབྱུང་བ་ནི་གང་ཞེས་བྱ་བ་ སྟེ། དེ་ལ་དེ་ལྟར་ཉེ་བར་རྟོག་པ་ན་ཡང་དག་པར་རྟོགས་པའི་ཚོར་བ་ནི་གསུམ་པོ་འདི་དག་ཡིན་ནོ། །རེག་པ་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་ངོ་ཞེས་བྱ་བ་རྒྱས་པར་ཇི་སྐད་མདོ་ལས་གསུངས་པ་བཞིན་རྣམ་པར་དབྱེ་བར་རིག་པར་བྱའོ། །ཚོར་བ་ཉེ་བར་བརྟག་པ་རྣམ་པ་བརྒྱད་པོ་དེ་ དག་ཀྱང་རང་གི་མཚན་ཉིད་ཉེ་བར་བརྟག་པ་དང་། ཚེ་འདི་ལ་འབྱུང་བའི་རྒྱུ་ཉེ་བར་བརྟག་པ་དང་། དེ་འགོག་པར་ཉེ་བར་བརྟག་པ་དང་། ཚེ་ཕྱི་མ་ལ་འབྱུང་བའི་རྒྱུ་ཉེ་བར་བརྟག་པ་དང་། དེ་འགོག་པ་ལ་ཉེ་བར་བརྟག་པ་དང་། དེ་གཉི་ག་ལ་འབྱུང་བའི་རྒྱུ་ ཉེ་བར་བརྟག་པ་དང་། དེ་གཉི་ག་ལ་འབྱུང་བ་འགོག་པ་ཉེ་བར་བརྟག་པ་དང་། རྣམ་པར་བྱང་བ་ཉེ་བར་བརྟག་པ་ཡོངས་སུ་བསྟན་པར་བལྟ་བར་བྱ་སྟེ། དེ་ནི་མདོ་བསྡུ་ན་ཉེ་བར་བརྟག་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་ཚོར་བ་རྣམས་ཀྱི་ངེས་པར་འབྱུང་བ་ནི་འདི་ལྟ་སྟེ། ཡིད་མི་བདེ་ བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་དང་པོའོ། །སྡུག་བསྔལ་གྱི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གཉིས་པའོ། །ཡིད་བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གསུམ་པའོ། །བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་ གཏན་བཞི་པའོ། །བཏང་སྙོམས་ཀྱི་དབང་པོ་ལས་ངེས་པར་འབྱུང་བ་ནི་མཚན་མ་མེད་པའི་དབྱིངས་ཏེ། དེ་ནི་ཚོར་བའི་ཕུང་པོའི་ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་འདུ་ཤེས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། དངོས་པོ་ དང་། མཚན་ཉིད་དང་། ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པ་དང་། ཡོངས་སུ་སྤྱོད་པའོ། །དེ་ལ་འདུ་ཤེས་ཀྱི་ཕུང་པོའི་དངོས་པོ་ནི་དམིགས་པ་ལ་མཚན་མར་འཛིན་པ་དང་། དེའི་གནས་ལྟ་བུའི་ཆོས་རྣམས་སོ། །དེ་ལ་རང་གི་མཚན་ཉིད་ནི་སྔ་མ་བཞིན་དུ་རྣམ་པ་དྲུག་ཏུ་བལྟ་བར་བྱའོ། ། དེ་ལ་སྤྱིའི་མཚན་ཉིད་ནི་ཀུན་དུ་ཤེས་པར་བྱེད་པའི་མཚན་ཉིད་དེ། དེ་ནི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་ཕྱིན་ཅི་ལོག་གི་རབ་ཏུ་དབྱེ་བ་ནི་བྱིས་པ་མི་མཁས་པ་མ་རིག་པ་དང་ལྡན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། དམིགས་པ་མི་རྟག་པ་ལ་རྟག་གོ་ཞེས་མཚན་མར་ འཛིན་པ་འབྱུང་བ་སྟེ། དེ་ནི་དེའི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ། །མི་རྟག་པ་ལ་རྟག་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་ལ་བདེ་བ་དང་། མི་སྡུག་པ་ལ་སྡུག་པ་དང་། བདག་མེད་པ་ལ་བདག་ཏུ་མཚན་མར་འཛིན་པ་ཡང་དེ་བཞིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་དེ་ཡང་ཁྱིམ་པ་རྣམས་ ལ་ནི་སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །རབ་ཏུ་བྱུང་བ་དེ་དག་ཁ་ཅིག་ལ་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་ལྟར་ན་དེ་ནི་ཕྱིན་ཅི་ལོག་གི་རབ་ཏུ་དབྱེ་བ་ཡིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་རྣམས་ཀྱི་རྣམ་གྲངས་གཞན་ཡང་དངོས་པོ་བཞི་པོ་དེ་དག་ལ་ལོག་པར་མཚན་མར་འཛིན་པ་གང་ཡིན་པ་ དེ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ། །ཡུལ་དེ་ལ་དེ་ལྟར་ཀུན་ཏུ་ཤེས་པའི་ཀུན་ཏུ་འདོད་ཆགས་གང་ཡིན་པ་དེ་ནི་སེམས་ཕྱིན་ཅི་ལོག་ཡིན་ནོ། །ཕྱིན་ཅི་ལོག་གི་དངོས་པོ་དེ་ཉིད་ལ་དེ་ལྟར་ཀུན་ཏུ་ཤེས་ཤིང་དེ་ལྟར་ལྷག་པར་ཆགས་པའི་མངོན་པར་ཞེན་པ་དང་། འདོད་པ་དང་། སྟོན་པ་དང་། རྣམ་པར་འཇོག་པ་ གང་ཡིན་པ་དེ་ནི་ལྟ་བ་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་ཕྱིན་ཅི་མ་ལོག་པའི་རབ་ཏུ་དབྱེ་བ་ནི། མཛངས་པ་མཁས་པ་རིག་པ་དང་ལྡན་པ་ཚུལ་བཞིན་ཡིད་ལ་བྱེད་པ་དམིགས་པ་མི་རྟག་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་ལ་སྡུག་བསྔལ་བ་དང་། མི་སྡུག་པ་ལ་མི་སྡུག་པ་དང་། བདག་མེད་པ་ལ་ བདག་མེད་དོ་ཞེས་ཡང་དག་པར་མཚན་མར་འཛིན་པ་ལ་འགྱུར་བ་གང་ཡིན་པ་སྟེ། དེ་ནི་དེའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་དང་། སེམས་ཕྱིན་ཅི་མ་ལོག་པ་དང་། ལྟ་བ་ཕྱིན་ཅི་མ་ལོག་པ་ཡང་ཡིན་ཏེ། དེ་ལྟར་ན་དེ་ནི་ཕྱིན་ཅི་མ་ལོག་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་ཡོངས་སུ་གཅོད་ པའི་རབ་ཏུ་དབྱེ་བ་ནི་ལྔ་པོ་འདི་དག་ནི་འདུ་ཤེས་ཀྱི་ཡོངས་སུ་གཅོད་པ་ཡིན་ཏེ། ཡུལ་ཡོངས་སུ་གཅོད་པ་དང་། མྱོང་བ་ཡོངས་སུ་གཅོད་པ་དང་། བརྡ་ཡོངས་སུ་གཅོད་པ་དང་། ལོག་པར་ཡོངས་སུ་གཅོད་པ་དང་། བདེན་པའི་དོན་ཡོངས་སུ་གཅོད་པའོ། །དེ་ལ་ཡུལ་ལ་མཚན་མ་ དང་། མངོན་རྟགས་སུ་འཛིན་པ་ནི་ཡུལ་ཡོངས་སུ་གཅོད་པ་ཡིན་ནོ། །ཡུལ་ལས་ངེས་པར་འབྱུང་བའི་ཚོར་བ་འཛིན་པ་ནི་མྱོང་བ་ཡོངས་སུ་གཅོད་པ་ཡིན་ནོ། །བདག་གམ་གཞན་དག་ལ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་ པའི་ཐ་སྙད་དུ་འཛིན་པ་ནི་བརྡ་ཡོངས་སུ་གཅོད་པ་ཡིན་ནོ། །ཡུལ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ལོག་པར་ཡོངས་སུ་གཅོད་པ་ཡིན་ནོ། །ཡུལ་ལ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་བདེན་པའི་དོན་ཡོངས་སུ་གཅོད་པ་ཡིན་ཏེ། དེ་ལྟར་ན་དེ་ནི་འདུ་ཤེས་ཀྱི་ཕུང་པོའི་ཡོངས་སུ་གཅོད་པའི་རབ་ཏུ་ དབྱེ་བ་ཡིན་ནོ། །དེ་ལ་འདུ་བྱེད་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། ཡུལ་དང་། གནས་སྐབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། མངོན་པར་འདུ་བྱེད་པའོ། །དེ་ལ་ཡུལ་ནི་སེམས་ པའི་ཚོགས་དྲུག་པོ་རྣམས་འདུ་བྱེད་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་གནས་སྐབས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པ་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱི་རྣམ་པར་གཞག་པ་སྟེ། དེ་ནི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་ ཀུན་ནས་ཉོན་མོངས་པར་བྱེད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་རྣམ་པར་བྱང་བ་ནི་དད་པ་ལ་སོགས་པ་རྣམ་པར་བྱང་བར་བྱེད་པའི་ཆོས་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་མངོན་པར་འདུ་བྱེད་པ་ནི་ཡུལ་དང་མཐུན་པར་བྱེད་པ་ ཞེས་བྱ་བ་ལ་སོགས་པ་མངོན་པར་འདུ་བྱེད་པ་རྣམ་པ་ལྔ་སྟེ། སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། ཀུན་ཏུ་ཞེན་པ་དང་། ཀུན་ནས་ཉོན་མོངས་པ་དང་། གནས་དང་། གནས་པ་དང་། རྣམ་པ་སྣ་ ཚོགས་སོ། །དེ་ལ་ཀུན་ཏུ་ཞེན་པ་ནི་འདོད་པའི་ཁམས་ན་འདོད་པ་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི། ཕྱི་རོལ་གྱི་གཟུགས་ལ་མངོན་པར་ཞེན་པ་ལས་གཟུགས་ལ་ཀུན་ཏུ་ཞེན་པ་ཁོ་ན་ཞེས་བྱའོ། །གཟུགས་ཀྱི་ཁམས་ན་རྣམ་པར་དག་པའི་ལྷ་རྣམས་ཀྱི་རྣམ་པར་ཤེས་པ་ནི་ནང་གི་མིང་ དང་གཟུགས་ལ་མངོན་པར་ཞེན་པ་ལས་དེ་གཉི་ག་ལ་ཀུན་ཏུ་ཞེན་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ན་རྣམ་པར་ཤེས་པ་ནི་ནང་གི་མིང་ལ་མངོན་པར་ཞེན་པ་ལས་མིང་ལ་ཀུན་ཏུ་ཞེན་པ་ཞེས་བྱ་སྟེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་ཀུན་ཏུ་ཞེན་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་ཀུན་ ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་ནི་སྒོ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ཚེ་འདི་ལ་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་སྒོ་དང་། ཚེ་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་ལ་སོགས་པ་སྡུག་བསྔལ་གྱི་སྒོ་སྟེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་ པའི་ཀུན་ནས་ཉོན་མོངས་པ་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་གནས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་རྗེས་སུ་འཇུག་པའི་གནས་ནི་དྲུག་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་པོ་དག་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འབྱུང་བར་འགྱུར་བ་སྟེ། དེ་དག་ཀྱང་ཕུབ་མ་དང་། ཤིང་དང་། ལྕི་བ་དང་བུར་མའི་མེ་བཞིན་ཏེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་གནས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་གནས་པའི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་པོ་དག་སྟེ། དེ་དག་ཀྱང་མདོ་ལས་བཞི་པོ་འདི་དག་ནི་རྣམ་པར་ཤེས་པ་ གནས་པའི་རྒྱུ་དང་ལེན་པ་དང་དམིགས་པ་ཡིན་ཏེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་གནས་པ་དང་། གཟུགས་ལ་དམིགས་པའོ་ཞེས་བྱ་བ་ནས་རྒྱས་པར་ང་ནི་རྣམ་པར་ཤེས་པ་འདི་དག་ནི་ཤར་ཕྱོགས་ན་གནས་པ་དང་། ཕྱོགས་མཚམས་ཀྱི་བར་ན་གནས་པར་ ཡང་མི་སྨྲ་སྟེ། ཚེ་འདི་ཉིད་ལ་གྲིབ་མ་མེད་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་བསིལ་བར་གྱུར་པ་དང་ཚངས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེས་ཡོངས་སུ་བསྡུས་པ་དེ་དག་ནི་རྣམ་པར་ ཤེས་པ་གནས་པ་དག་ཡིན་ནོ། །འདི་མན་ཆད་ནི་དེའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། མདོར་བསྡུ་ན་རྒྱུ་དང་བཅས་པའི་གནས་པ་དང་རྒྱུ་དང་བཅས་པའི་གནས་པའི་མཐའ་དང་། རྒྱུ་དང་བཅས་པའི་གནས་པའི་རབ་ཏུ་ཞི་བ་དེ་དག་ཀྱང་ཡོངས་སུ་བསྟན་ཏོ། །དེ་ལ་ཉོན་མོངས་ པའི་གཞི་གང་ཡིན་པ་དང་། དེ་དང་འབྲེལ་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་རྒྱུ་དང་ལེན་པ་ཞེས་བྱའོ། །དེ་གཉི་ག་ཡང་དམིགས་པ་ཞེས་བྱ་སྟེ། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པའི་རྒྱུ་སྲེད་པས་ལྷག་པར་ཆགས་པ་ལས་ནི་དངོས་ པོ་ལ་ཉེ་བར་སོང་བ་ཡིན་པར་རིག་པར་བྱའོ། །བརྣབ་སེམས་ལ་སོགས་པ་ལས་ཀྱི་རྒྱུའི་མདུད་པ་བཞིས་ནི་དངོས་པོ་ལ་དམིགས་པར་བྱེད་དོ། །དེ་གཉི་གའི་བག་ལ་ཉལ་དང་ལྡན་པའི་དངོས་པོ་ནི་གནས་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཟག་སོ་སོའི་སྐྱེ་བོ་དགའ་བའི་གཉེན་པོ་ཡིད་ བྱུང་བ་མ་ཐོབ་པ་དེས་རྣམ་པར་ཤེས་པ་མངོན་པར་བརླན་པ་ནི་ཕྱི་མ་ལ་ལུས་ཡོངས་སུ་འཛིན་པར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་ཕྱར་ཞིང་འབྱུང་བ་སྟེ། དེ་ལ་སོ་སོའི་སྐྱེ་བོའི་ལུས་མ་སྤངས་ན། ཡོངས་སུ་འཛིན་པ་དང་། ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ལ་ལུས་ཡོངས་སུ་འཛིན་པ་དང་། ཡོངས་སུ་རྫོགས་པ་གང་ཡིན་པ་དང་། དེ་ལ་རྒྱུན་འཇུག་པར་ངེས་པ་དེ་ནི་གནས་པ་ཞེས་བྱའོ། །ལྷག་མ་སྔར་བཤད་པ་ནི་གནས་པའི་རྒྱུ་ཡིན་པར་བལྟ་བར་བྱ་སྟེ། དེ་དག་གཅིག་ཏུ་བསྡུས་པས་ནི་རྒྱུ་དང་བཅས་པའི་གནས་པ་ཞེས་བྱའོ། །གཟུགས་ ཅན་གྱི་ཁམས་ན་ནི་རྣམ་པར་ཤེས་པ་ལ་འོང་བ་དང་འགྲོ་བ་ཡོད་པ་ཡིན་པར་རིག་པར་བྱའོ། །གཟུགས་ཅན་མ་ཡིན་པ་ནི་འཆི་འཕོ་དང་། སྐྱེ་བར་ཟད་དེ་དེ་གཉི་ག་ཡང་ཚེ་ཟད་ཀྱི་བར་དུ་གནས་པ་ཡིན་ནོ། །དེ་གཉི་གའི་རྒྱས་པ་དང་། འཕེལ་བ་དང་། ཡངས་པའི་དོན་ཀྱང་སྔ་མ་ བཞིན་དུ་ཁོང་དུ་ཆུད་པར་བྱ་སྟེ། རྣམ་པར་ཤེས་པ་གནས་པའི་མཐའ་དང་། གནས་པའི་མཐའི་རྒྱུ་ནི་དེ་ཙམ་དུ་བལྟ་བར་བྱའོ། །གཞན་དུ་འདོགས་པར་བྱེད་པ་ལ་ནི་ཡི་གེ་ཐ་དད་པ་ཉིད་དུ་འགྱུར་བ་ཁོ་ནར་ཟད་ཀྱི། དོན་ཐ་དད་པ་ཉིད་ནི་མེད་དེ། དེ་ལས་གཞན་པའི་དོན་ནི་ཡུལ་མེད་ པའི་ཕྱིར་རོ། །གཞན་དག་གིས་ལེགས་པར་བརྒལ་ཞིང་བརྟགས་ན་ཡང་དེ་ལས་གཞན་པའི་དོན་གྱི་ཡུལ་མེད་པ་ཉིད་ཀྱི་ཕྱིར་རབ་ཏུ་མི་ཤེས་པས་ཅུང་ཟད་ཀྱང་ལན་འདེབས་པར་མི་བྱེད་དོ། །ཕྱིས་བདག་ཉིད་ཚུལ་བཞིན་དུ་ཉེ་བར་རྟོག་པ་ན་བདག་རྨོངས་པས་དེ་བསྟན་ཏོ་ཞེས་བདག་ཉིད་ ཀྱི་རྨོངས་པ་དེ་རྨོངས་པ་ཉིད་དུ་རྟོགས་པར་འགྱུར་རོ། །གང་གི་ཕྱིར་མཁས་པ་ནི་གཟུགས་རྣམ་པ་ཐམས་ཅད་ནས་འདུ་བྱེད་ཀྱི་བར་ལ་སྲེད་པས་བསྡུས་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྤོང་བ་ལས་བྲལ་བར་འགྱུར་གྱི་བག་ལ་ཉལ་ལས་ནི་མ་ཡིན་ནོ། །དེའི་མདུད་པ་ཉོན་ མོངས་པའི་ཆར་གཏོགས་པ་ལས་ཀུན་ནས་སློང་བར་བྱེད་པ་དག་ཀྱང་ཀུན་ནས་དཀྲིས་པ་ཁོ་ན་ལས་སྤོང་བར་འགྱུར་རོ། །འདི་ལྟར་ཁྱིམ་པའི་ཕྱོགས་ལ་བརྟེན་པ་དག་ནི་བརྣབ་སེམས་དང་། གནོད་སེམས་ཀྱི་མདུད་པ་དག་གིས་ཡུལ་ལ་རྗེས་སུ་འཛིན་པའི་རྒྱུ་ལས་བྱུང་བ་དང་། སེམས་ཅན་ལ་གནོད་པ་བྱེད་པའི་རྒྱུ་ལས་བྱུང་བའི་ལས་ཀུན་ནས་སློང་བར་བྱེད་དོ། །རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་དག་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པའི་མདུད་པ་དག་གིས་ལས་ཀུན་ནས་ སློང་བར་བྱེད་དོ། །དེ་དག་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་བརྣབ་སེམས་ཀྱི་གནས་ལྟ་བུ་ཡིན་ལ། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པ་ནི་གནོད་སེམས་ཀྱི་གནས་ལྟ་བུ་ཡིན་ཏེ། དེས་ན་མཐོ་རིས་ཀྱི་འཇིག་རྟེན་ནི་འདོད་པར་བྱེད་ལ། མྱ་ ངན་ལས་འདས་པ་ལ་ནི་སྐུར་པ་འདེབས་པར་བྱེད་དེ་མདུད་པ་དེ་དག་ཀྱང་ཡིད་ཀྱིས་རྣམ་པར་རྟོག་པས་ཀུན་ནས་བསླང་བ་ཡིན་པར་བལྟ་བར་བྱའོ། །དེའི་འོག་ཏུ་གཉེན་པོ་ཤས་ཆེར་བསྟེན་པས་འདོད་ཆགས་དང་མདུད་པ་དེ་གཉིས་ཀྱི་བག་ལ་ཉལ་སྤོང་བར་འགྱུར་ཏེ། དེ་སྤངས་པའི་ ཕྱིར་ཉོན་མོངས་པ་གང་གིས་གཟུགས་དང་ཚོར་བ་ལ་སོགས་པ་ལ་དམིགས་པར་བྱེད་པའི་དམིགས་པ་དེ་གཏན་དུ་བྲལ་བས་རྒྱུན་འཆད་པར་འགྱུར་རོ། །དེ་རྒྱུན་ཆད་པས་བག་ལ་ཉལ་དང་བཅས་པའི་རྣམ་པར་ཤེས་པ་འགགས་པ་དེ་གཟུགས་དང་ཚོར་བ་ལ་སོགས་པ་རྣམ་པར་ ཤེས་པ་གནས་པ་དེ་དག་ལ་མི་གནས་ཏེ། དེའི་གཉེན་པོའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་གནས་པའི་རྒྱུ་ཉེ་བར་ཞི་བ་ཡིན་པར་རིག་པར་བྱའོ། །རྒྱུ་འགགས་པའི་ཕྱིར་ཕྱི་མ་ལ་ལུས་ཡོངས་སུ་འཛིན་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་། རྒྱུན་ འཇུག་པ་རྣམས་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་དེ་ནི་གནས་པ་ཉེ་བར་ཞི་བ་ཡིན་ནོ། །དེའི་གཉེན་པོར་གཏོགས་པ་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གནས་པ་མ་ཡིན་པ་ཞེས་བྱའོ། །དེ་ཡང་རྒྱུ་ལས་མངོན་པར་རྒྱས་པར་མི་འགྱུར་བ་ཡིན་ནོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་ཡོངས་སུ་བསྒོམས་པའི་ཕྱིར་མངོན་པར་འདུས་མ་བྱས་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡོངས་སུ་བསྒོམས་པའི་ཕྱིར་ཆོག་ཤེས་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡོངས་སུ་བསྒོམས་པའི་ཕྱིར་གནས་པ་ཡིན་ནོ། །དེ་ལྟར་མངོན་པར་ རྒྱས་པ་མེད་པ་ནས་གནས་པའི་བར་གྱི་ཕྱིར་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ། །རྒྱུ་བར་གྱུར་པ་ན་ཡང་བདག་དང་བདག་གིར་ཅུང་ཟད་ཀྱང་མི་འཛིན་ཏོ། །དེས་ན་དེ་གཟུགས་ལ་སོགས་པར་གྱུར་ཀྱང་ཡོངས་སུ་ཡི་ཆད་པར་ཡང་མི་འགྱུར་རོ། །རྟགས་དེས་ན་དེ་ རྣམ་པར་དག་པའི་བདག་ཉིད་དུ་སྣང་ངོ་། །རྣམ་པར་ཤེས་པ་དེ་ནི་རྣམ་པར་དག་པ་ཉིད་ཀྱི་ཕྱིར་བདག་ཉིད་རྒྱུ་གཞན་ལ་མི་ལྟོས་པར་རང་གི་ངང་ཁོ་ནས་འགག་པར་འགྱུར་རོ། །རྣམ་པར་ཤེས་པ་དེའི་རྒྱུན་རྒྱུན་ཆད་པའི་ཕྱིར་ཕྱོགས་བཅུར་འཇུག་པ་ཡང་མེད་དོ། །འཚོ་བ་དང་ འཆི་བ་ལ་མངོན་པར་དགའ་བ་མེད་པ་ནི་གྲིབ་མ་མེད་པ་ཞེས་བྱའོ། །ཡང་ན་ཚོར་བ་རྣམས་ནི་རྣམ་པར་ཤེས་པ་ཤིང་ལྗོན་པ་ལྟ་བུ་དེའི་གྲིབ་མ་ལྟ་བུ་ཡིན་ཏེ། དེ་དག་དེའི་ཚེ་ན་མི་འབྱུང་བས། དེའི་ཕྱིར་ཡང་དེ་ནི་གྲིབ་མ་མེད་པ་ཞེས་བྱའོ། །ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་ཚེ་ འདི་ལ་མྱ་ངན་ལས་འདས་པ་ཡིན་ནོ། །ཟག་པ་མེད་པ་གང་ཡིན་པ་དེ་ནི་རིམ་གྱིས་སློབ་པའི་རྣམ་པར་གྲོལ་བས་ཞི་བ་ཡིན་ནོ། །མི་སློབ་པའི་རྣམ་པར་གྲོལ་བས་ནི་བསིལ་བར་གྱུར་པ་ཡིན་ནོ། །ཕུང་པོ་འགག་པའི་ཕྱིར་ཚངས་པར་གྱུར་པ་ཞེས་བྱའོ། །རྣམ་པར་ཤེས་པ་ནི་ངོ་བོ་ཉིད་ཀྱིས་ ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱོན་ལས་གཏན་དུ་རྣམ་པར་མ་དག་ན་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་འདྲ་བའི་ཕྱིར་རོ། ། གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་འབའ་ཞིག་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་མ་ཡིན་ཏེ། འདི་ལྟ་སྟེ་གཟུགས་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་འབའ་ཞིག་ཁོ་ན་ལ་ནི་སུ་ཡང་སྲེད་པར་མི་འགྱུར་བས། དེའི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ གནས་པ་མ་ཡིན་ཏེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་ཕུང་པོའི་གནས་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་ནི་མདོ་ལས་བཅོམ་ལྡན་འདས་ཀྱིས་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་ དང་། ཞེ་སྡང་དང་བྲལ་བ་ཞེས་བྱ་བ་ནས་རྒྱས་པར་སེམས་རྣམ་པར་མ་གྲོལ་བ་དང་། ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་དུ་ཇི་སྐད་དུ་གསུངས་པ་སྟེ། དེ་ལྟར་ན་དེ་ནི་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་གཅིག་ཡིན་ནོ། །ཡང་ཁམས་ཀྱི་རབ་ཏུ་དབྱེ་བ་ལས་ནི་འདོད་པ་ན་ སྤྱོད་པ་རྣམས་ལ་ནི་སེམས་བཞི་ཡོད་དེ། དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་བསྟན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་ན་སྤྱོད་པ་རྣམས་ལ་ནི་གསུམ་ཡོད་དེ། མི་དགེ་བ་མ་གཏོགས་པ་རྣམས་སོ། །གཟུགས་མེད་པ་ན་སྤྱོད་པ་ རྣམས་ལ་ཡང་གསུམ་ཁོ་ན་སྟེ། མི་དགེ་བ་མ་གཏོགས་པ་རྣམས་སོ། །ཟག་པ་མེད་པའི་ནི་སློབ་པ་དང་མི་སློབ་པའི་སེམས་སོ། །འདོད་པ་ན་སྤྱོད་པའི་དགེ་བ་དེ་ཡང་རྣམ་པ་གཉིས་ཏེ། སྦྱོར་བ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་རྣམ་པ་བཞི་ སྟེ། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་ལས་བྱུང་བ་དང་། བཟོའི་གནས་ལས་བྱུང་བ་དང་སྤྲུལ་པ་བྱེད་པའི་སེམས་སོ། །སྐྱེས་ནས་ཐོབ་པ་དེ་ཡང་འདི་ལྟ་སྟེ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་སྟེ་བསྒོམས་པའི་འབྲས་བུ་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་ པ་ལ་ནི་བཟོའི་གནས་ལས་བྱུང་བ་མེད་དོ། །གཟུགས་མེད་པ་ན་སྤྱོད་པ་ལ་ཡང་མེད་དོ། །དགེ་བ་ནི་འོག་མ་ལ་ཇི་ལྟ་བ་དེ་བཞིན་དུ་གོང་མ་ཐམས་ཅད་ལ་ཡོད་པར་བལྟ་བར་བྱའོ། །སེམས་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བའི་རྣམ་པ་གཞན་ཡང་འདོད་པ་ན་སྤྱོད་པ་ལ་ནི་སྡུག་བསྔལ་མཐོང་ བས་སྤང་བར་བྱ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཡོད་དོ། །འདོད་པ་ན་སྤྱོད་པ་ལ་ཇི་ལྟ་བ་དེ་བཞིན་དུ་གཟུགས་ན་སྤྱོད་པ་ལ་ཡང་རྣམ་པ་ལྔ་ཡོད་དོ། །གཟུགས་མེད་པ་ན་སྤྱོད་པ་ལ་ཡང་རྣམ་པ་ལྔ་ཡོད་དོ། །ཟག་ པ་མེད་པའི་ནི་སེམས་བཅུ་དྲུག་པ་ཡིན་ནོ། །དེ་ལ་སེམས་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་དང་པོའི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། ཕྱོགས་ནི་གསུམ་པོ་འདི་དག་ཡིན་ཏེ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཕྱིར་མ་བསྐྱོད་པ་རྣམས་དང་། བསྐྱོད་པ་ཏིང་ངེ་འཛིན་མ་ཐོབ་པ་རྣམས་དང་། ཏིང་ ངེ་འཛིན་ཐོབ་པ་རྣམས་སོ། །དེ་དག་ཀྱང་ཤིན་ཏུ་རྣམ་པར་མ་དག་པ་རྣམས་དང་། ཤིན་ཏུ་རྣམ་པར་དག་པ་རྣམས་སོ། །དེ་ལ་ཕྱོགས་དང་པོ་ནི་སེམས་ཉོན་མོངས་པ་ཅན་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཀུན་ནས་དཀྲིས་པའི་སེམས་ཏེ། ལན་འགའ་ ནི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཀུན་ནས་དཀྲིས་པ་དང་བྲལ་བར་ཡང་འགྱུར་རོ། །ཕྱོགས་གཉིས་པ་ནི་ལན་འགའ་ནང་དུ་ཞི་བ་ལ་སེམས་གཏོད་པར་ཡང་བྱེད་ལ། ལན་འགའ་ནི་བརྗེད་ངས་པས་འདོད་པའི་ཡོན་ ཏན་ལྔ་པོ་དག་ལ་རྗེས་སུ་འཇུག་པར་ཡང་འགྱུར་རོ། །ལན་འགའ་ནི་ཤིན་ཏུ་ཞི་བའི་ཕྱིར་རྨུགས་པ་དང་གཉིད་ཀྱི་ཀུན་ནས་དཀྲིས་པར་ཡང་འགྱུར་རོ། །ལན་འགའ་ནི་དེ་སྤང་བའི་ཕྱིར་དང་བར་འགྱུར་བའི་དམིགས་པ་ལ་གཏོད་པར་ཡང་བྱེད་དོ། །ལན་འགའ་ནི་དེ་ལ་ཡང་ ལེགས་པར་མ་གཏད་པས་རྒོད་པར་ཡང་འགྱུར་ལ། ལན་འགའ་ནི་ལེགས་པར་གཏད་པས་རྒོད་པ་མེད་པར་ཡང་འགྱུར་རོ། །ལན་འགའ་ནི་ཞུམ་པ་དང་། རྒོད་པའི་སྒྲིབ་པ་མ་སྤངས་པས་ཕྱོགས་གཉི་ག་ལ་ཡང་ཉེ་བར་མ་ཞི་བར་འགྱུར་ལ། སྤངས་པས་ནི་ཉེ་བར་ཞི་བར་ཡང་ འགྱུར་རོ། །ཡིད་ལ་བྱེད་པ་དང་། དངོས་གཞི་བསམ་གཏན་ཐོབ་པ་ནི་མཉམ་པར་གཞག་པ་ཡིན་ནོ། །མ་ཐོབ་པ་ནི་མཉམ་པར་མ་བཞག་པ་ཡིན་ནོ། །ལམ་གྱི་མཐར་ཐུག་པར་གྱུར་པའི་ཕྱིར་ཤིན་ཏུ་བསྒོམས་པ་ཡིན་ནོ། །སྤོང་བའི་མཐར་ཐུག་པར་གྱུར་པའི་ཕྱིར་ཤིན་ཏུ་རྣམ་པར་ གྲོལ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་ཤིན་ཏུ་བསྒོམས་པ་མ་ཡིན་པ་དང་། ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་ཡིན་ནོ། །མཉམ་པར་གཞག་པ་ཡན་ཆད་ནི་ཕྱོགས་གསུམ་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། ། དེ་ལ་ཕུང་པོ་རྣམས་ཀྱི་གོ་རིམས་བསྟན་པའི་རྣམ་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྐྱེ་བ་ལས་གྱུར་པ་དང་། གཉེན་པོ་ལས་གྱུར་པ་དང་། འཇུག་པ་ལས་གྱུར་པ་དང་། གནས་པ་ལས་གྱུར་པ་དང་། རྣམ་པར་གཞག་པ་ལས་གྱུར་པའོ། །དེ་ལ་སྐྱེ་བ་ལས་གྱུར་ པ་ནི་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། ཡིད་དང་ཆོས་རྣམས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་བར་དེ་ལ་ནི་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གནས་སུ་གྱུར་པ་རྣམ་པར་ ཤེས་པའི་ཕུང་པོ་བསྟན་ཏོ། །དེའི་འོག་ཏུ་ནི་དེ་ལ་བརྟེན་པ་སེམས་ལས་བྱུང་བའི་ཆོས་ཚོར་བ་ལ་སོགས་པ་བསྟན་ཏེ། འདི་ལྟར་གསུམ་འདུས་པ་ལས་རེག་པ་འབྱུང་ལ། རེག་པའི་རྐྱེན་གྱིས་ཚོར་བ་ལ་སོགས་པའོ་ཞེས་མཇུག་ཐོགས་སུ་སྨོས་པའི་ཕྱིར་ཏེ། དེ་ལྟར་ན་དེ་ནི་ཕུང་པོ་ རྣམས་ཀྱི་སྐྱེ་བ་ལས་གྱུར་པའི་གོ་རིམས་བསྟན་པ་ཡིན་ནོ། །དེ་ལ་གཉེན་པོ་ལས་གྱུར་པ་ནི་ཕྱིན་ཅི་ལོག་བཞི་པོ་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་དང་། སྡུག་བསྔལ་བ་ལ་བདེ་བར་ཕྱིན་ཅི་ལོག་དང་། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་དང་། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་ དག་གི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་བསྟན་པ་དེ་དག་ལ་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་ནི་ཚོར་བའི་ཕུང་པོ། དེའི་འོག་ཏུ་ནི་རྣམ་པར་ཤེས་པའི་ཕུང་པོ། དེའི་འོག་ཏུ་ནི་འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་བསྟན་ཏེ། དེ་ལྟར་ན་དེ་ནི་གཉེན་པོ་ལས་གྱུར་ པའི་གོ་རིམས་ཡིན་ནོ། །དེ་ལ་འཇུག་པ་ལས་གྱུར་པ་ན་དབང་པོ་དང་། ཡུལ་ལ་བརྟེན་ནས་ཕུང་པོ་གཉིས་ཏེ་ཡུལ་སོ་སོར་མྱོང་བར་བྱེད་པ་དང་། ཡུལ་ལ་མཚན་མར་འཛིན་པའོ། །དེའི་འོག་ཏུ་གཅིག་གིས་ནི་ཚེ་འདི་ལ་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ དང་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པས། ཚེ་ཕྱི་མ་ལ་སྐྱེ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པར་འགྱུར་རོ། །གཅིག་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་ཡིན་པས་དེ་ནི་ཐམས་ཅད་ཀྱི་ཐ་མར་བསྟན་ཏོ། །དེ་ལ་གནས་པ་ལས་གྱུར་པ་ནི་རྣམ་པར་ཤེས་པ་གནས་པ་བཞིའི་གོ་ རིམས་དང་། རྣམ་པར་ཤེས་པ་སྟེ། དེ་ལྟར་ན་དེ་ནི་གནས་པ་ལས་གྱུར་པའི་གོ་རིམས་ཡིན་ནོ། །དེ་ལ་རྣམ་པར་གཞག་པ་ལས་གྱུར་པ་ནི། དང་པོར་གང་ཟག་མཐོང་ནས་གཟུགས་ཀྱིས་སོ་སོར་ངོ་ཤེས་པར་འགྱུར་ཏེ། དེའི་ཕྱིར་གཟུགས་ཀྱི་ཕུང་པོ་རྣམ་པར་གཞག་གོ། །དེའི་འོག་ཏུ་ཚོར་བའི་ ཕུང་པོས་ནི་འབྱོར་པ་དང་། རྒུད་པ་དང་། བདེ་བ་དང་། སྡུག་བསྔལ་བའོ་ཞེས་རྣམ་པར་འཇོག་པར་བྱེད་དོ། །དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོས་ནི་མིང་ནི་འདི་ཞེས་བྱ་རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འཇོག་པར་ བྱེད་དོ། །དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོས་ནི་དེ་ལྟ་བུ་ནི་བྱིས་པའོ། །དེ་ལྟ་བུ་ནི་མཁས་པའོ་ཞེས་རྣམ་པར་འཇོག་པར་བྱེད་དོ། །དེའི་འོག་ཏུ་རྣམ་པར་ཤེས་པས་ནི་ནང་གི་བདག་རྣམ་པར་འཇོག་པར་བྱེད་དོ། །དེ་ཕུང་པོ་དེ་དག་ལ་སོ་སོར་རྟོག་པར་བྱེད་པ་དང་། བདེ་བ་དང་ལྡན་པའམ། སྡུག་བསྔལ་བ་དང་ལྡན་པར་འགྱུར་བ་དང་། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དང་། བྱིས་པའམ་མཁས་པར་ཤེས་པར་བྱེད་པ་དང་། རྣམ་པར་འཇོག་པར་བྱེད་པས་དེ་ལྟར་ན་དེ་ནི་ཕུང་པོ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ལས་གྱུར་པ་བསྟན་པ་ཡིན་ནོ། །ཡང་བདག་གིས་ཉེ་ བར་སྤྱད་པའི་དངོས་པོ་དང་། བདག་གི་དངོས་པོའི་དབང་དུ་བྱས་ནས་གོ་རིམས་གཞན་བལྟ་བར་བྱ་སྟེ། དེ་ལ་བདག་གི་ལུས་ལ་བརྟེན་པ་དང་། ཡུལ་ལས་བདེ་བ་དང་སྡུག་བསྔལ་མྱོང་བར་བྱེད་པ་དང་། བདག་དང་གཞན་དག་ལ་ནི་མིང་ནི་འདི་ཞེས་བྱ་རིགས་ནི་འདི་ཞེས་བྱ་རུས་ནི་འདི་ཞེས་བྱ་ ཞེས་བྱ་བ་ལ་སོགས་པར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དང་། དེ་གཉིས་ལ་བརྟེན་ནས་ཆོས་དང་ཆོས་མ་ཡིན་པ་ཉེ་བར་སོགས་པར་བྱེད་དེ། དེ་ལྟར་ན་དེ་ནི་བདག་གི་ཉེ་བར་སྤྱོད་པའི་དངོས་པོ་ཡིན་པར་རིག་པར་བྱའོ། །ཕུང་པོ་ཐ་མ་ནི་བདག་གི་དངོས་པོ་ཉིད་ཡིན་པར་བལྟ་བར་བྱའོ། ། གཟུགས་ཀྱི་ཕུང་པོ་ནི་ཕུང་པོ་དུ་དག་དང་། ཁམས་དུ་དག་དང་། སྐྱེ་མཆེད་དུ་དག་དང་། སྲིད་པའི་ཡན་ལག་དུ་དག་དང་། གནས་དང་གནས་མ་ཡིན་པ་དུ་དག་དང་། དབང་པོ་དུ་དག་གིས་བསྡུས། གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་བར་ཡང་ དུ་དག་གིས་བསྡུས་ཤེ་ན། དེ་ལ་གཟུགས་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་ཁམས་དང་སྐྱེ་མཆེད་བཅུ་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་། སྲིད་པའི་ཡན་ལག་དྲུག་གི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་དང་། དབང་པོ་ བདུན་གྱིས་བསྡུས་སོ། །ཚོར་བའི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་། སྲིད་པའི་ཡན་ལག་གཅིག་དང་། སྲིད་པའི་ཡན་ལག་གསུམ་གྱི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་དང་། དབང་པོ་ ལྔ་དང་། དབང་པོ་གསུམ་གྱི་ཕྱོགས་ཀྱིས་བསྡུས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་སྲིད་པའི་ཡན་ལག་གསུམ་གྱི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་གིས་བསྡུས་ལ། དབང་ པོ་ནི་གང་གིས་ཀྱང་མ་བསྡུས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་། སྲིད་པའི་ཡན་ལག་བཞི་དང་། སྲིད་པའི་ཡན་ལག་ལྔའི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་དང་། དབང་པོ་ དྲུག་དང་དབང་པོ་གསུམ་གྱི་ཕྱོགས་ཀྱིས་བསྡུས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས་བདུན་དང་། སྐྱེ་མཆེད་གཅིག་དང་། སྲིད་པའི་ཡན་ལག་གཅིག་དང་། སྲིད་པའི་ཡན་ལག་བཞིའི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་ དང་། དབང་པོ་གཅིག་དང་། དབང་པོ་གསུམ་གྱི་ཕྱོགས་ཀྱིས་བསྡུས་ཏེ། དེ་ལྟར་ན་བསྡུ་བ་དྲུག་པོ་ཕུང་པོས་བསྡུས་པ་ནས་དབང་པོས་བསྡུས་པའི་བར་གྱི་བསྡུ་བའི་ཚུལ་དེ་ཉིད་ཀྱིས་གཅིག་གིས་གཅིག་བསྡུས་པར་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །གཞན་ཡང་བསྡུ་བ་བཅུ་ཡོད་པར་བལྟ་བར་བྱའོ། ། འདི་ལྟ་སྟེ་ཁམས་ཀྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་རང་གི་ས་བོན་གྱིས་བསྡུས་པ་གང་ཡིན་པའོ། །མཚན་ཉིད་ཀྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །རིགས་ཀྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ ཉིད་རང་གི་རིགས་ཟད་པར་གྱིས་བསྡུས་པ་གང་ཡིན་པའོ། །གནས་སྐབས་ཀྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་བདེ་བའི་ཚོར་བ་དང་མཐུན་པ་ལ་སོགས་པའི་གནས་སྐབས་རྣམས་ཀྱིས་བསྡུས་པ་གང་ཡིན་པའོ། །ཐ་མི་དད་པས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་ དག་ཉིད་ཀྱི་ཆོས་རེ་རེ་ལ་ཡང་ཕུང་པོ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བསྡུས་པ་གང་ཡིན་པའོ། །དུས་ཀྱིས་བསྡུས་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཕུང་པོ་ལ་སོགས་པ་དེ་དག་ཉིད་དེ་ཉིད་ཀྱིས་བསྡུས་པ་གང་ཡིན་ པའོ། །ཡུལ་གྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་ཡུལ་གང་དུ་འཇུག་པ་དང་། གནས་གང་ནས་འབྱུང་བ་དེ་དག་ཉིད་དེ་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ། །མཐའ་དག་གིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་ལྔ་ཉིད་ལ་སོགས་པས་བསྡུས་པ་གང་ཡིན་པའོ། ། ཕྱོགས་གཅིག་གིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་རྣམ་པར་ཕྱེ་སྟེ། མ་ཚང་བས་བསྡུས་པ་གང་ཡིན་པའོ། །དོན་དམ་པས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་བསྡུས་པ་གང་ཡིན་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན། ཕུང་པོ་རྣམས་ཀྱི་བསྡུ་བ་རྣམ་པ་བཅུ་དྲུག་ཡོད་དེ། ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་དབང་པོ་རྣམས་ཀྱི་བར་ལ་ཡང་དེ་བཞིན་ནོ། །གཞན་ཡང་ཆོས་གསུམ་གྱིས་ཆོས་ཐམས་ཅད་བསྡུས་པ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་སྐྱེ་མཆེད་ཀྱིས་ སོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་གནས་དུ་དག་ལ་བརྟེན་ནས་འཇུག་པར་འགྱུར། མིང་གིས་བསྡུས་པའི་ཕུང་པོ་བཞི་པོ་དག་ནི་གནས་སུ་དག་ལ་བརྟེན་ནས་འཇུག་པར་འགྱུར་ཞེ་ན། གཟུགས་ཀྱི་ཕུང་པོ་ནི་གནས་དྲུག་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། རྟེན་གྱི་གནས་དང་། གནས་ཀྱི་གནས་དང་། ཡོ་བྱད་ཀྱི་གནས་དང་། དབང་པོའི་གནས་དང་། དབང་པོའི་རྟེན་གྱི་གནས་དང་། མཐུ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གནས་ལའོ། །དེ་ལ་མིང་གིས་བསྡུས་པའི་ཕུང་པོ་བཞི་ནི་གནས་བདུན་ལ་བརྟེན་ནས་ འཇུག་པར་འགྱུར་ཏེ། འདི་ལྟ་སྟེ་འདོད་པ་དང་། རེ་བ་དང་། ཡུལ་དང་། རྣམ་པར་རྟོག་པ་དང་། ཡང་དག་པར་ཤེས་པ་དང་། ཡང་དག་པའི་སྦྱོར་བ་དང་། དག་པ་ལའོ། །དེ་ལ་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་གནས་སྐབས་ནི་བཞིའོ། །སྡོམ་པ་ལ་གནས་ པའི་སྡོམ་བརྩོན་པར་རྣམས་ཀྱི་ནི་གཅིག་པའོ། །ཉེར་བསྡོགས་ཐོབ་པ་མཉམ་པར་གཞག་པ་རྣམས་ཀྱི་ཡང་གཅིག་གོ། །དངོས་གཞི་ལ་གནས་པ་རྣམས་ཀྱི་ཡང་གཅིག་སྟེ། དེ་ལྟར་ན་གནས་བདུན་པོ་དེ་དག་ནི་གནས་སྐབས་བཞིར་འགྱུར་རོ།། །།བམ་པོ་དྲུག་པ། འདི་མན་ཆད་ནི་གཟུགས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་ཇི་བཤད་པར་བྱ་སྟེ། དེའི་འོག་ཏུ་ནི་མིང་གི་ཕུང་པོའི་རབ་ཏུ་དབྱེ་བ་བཤད་པར་བྱའོ། །དེ་ལ་གཟུགས་ཀྱི་རབ་ཏུ་དབྱེ་བ་ལས་བརྩམས་ནས། སྡོམ་ནི། རྫས་དང་རྡུལ་དང་སྐྱེ་བ་དང་། །དབྱིབས་རྒྱུན་ལས་དང་སྐད་ཅིག་དང་། །མ་འདྲེས་པ་དང་སྤྱོད་ཡུལ་ དང་། །དེ་བཞིན་ཕན་ཚུན་འདྲེས་པ་ཡིན། །དེ་ལ་གཟུགས་ཀྱི་ཕུང་པོས་བསྡུས་པའི་མིག་ལ་རྫས་དུ་ཡོད་ཅེ་ན། སྨྲས་པ། མཚན་ཉིད་ཀྱིས་བསྡུས་པའི་རྫས་ནི་གཅིག་སྟེ། མིག་གི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བའོ། །ཐ་མི་དད་པས་བསྡུས་པའི་རྫས་ནི་བདུན་ཏེ། མིག་དེ་ཉིད་དང་། ལུས་ དང་། ས་དང་། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །དེ་གཉི་གའི་ཁམས་ཀྱིས་བསྡུས་པའི་རྫས་ནི་བཅུ་སྟེ། ཁམས་ལས་རྫས་བདུན་པོ་དེ་དག་ཉིད་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་དང་ལྡན་པའོ། །མིག་ཇི་ལྟ་བ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། རྣ་བ་ནི་རྣ་བའི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བའོ། །སྣ་ནི་སྣའི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བའོ། །ལྕེ་ནི་ལྕེའི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། ། ལུས་ལ་ནི་མིག་ལ་སོགས་པ་བཞི་པོ་དག་དབྲི་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་མེད་ཀྱང་དེ་འབའ་ཞིག་དམིགས་པའི་ཕྱིར་ཏེ། དེའི་མཚན་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བ་ཡིན་ནོ། །དེ་དག་གི་སྤྱོད་ཡུལ་གྱི་མཚན་ཉིད་ཕྱི་རོལ་གྱི་གཟུགས་ དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་ནི་དབང་པོ་ཐམས་ཅད་དབྲི་བར་བྱ་སྟེ། གཞན་ཐམས་ཅད་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྒྲ་དང་སྒྲའི་ཁམས་ནི་མི་བསྟན་པ་ཡིན་པའི་ཕྱིར་ལོགས་ཤིག་ཁོ་ནར་སྟོན་པར་བྱེད་དེ། དེ་ལ་ཐམས་ཅད་ལ་ཡང་གང་ལ་སྒྲ་ཡོད་པ་ དེ་ལ་དེ་ཡང་ལྷག་པར་ཤེས་པར་བྱའོ། །སྒྲའི་ཁམས་ཀྱང་ཐམས་ཅད་ལ་ལྷག་པར་བལྟ་བར་བྱའོ། །དེ་ལ་གཟུགས་ལ་སོགས་པ་ཡུལ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་བཞིན་ནོ། །འཇམ་པ་ཉིད་ལ་སོགས་པ་མདངས་ བཟང་བའི་མཐར་ཐུག་པ་རེག་བྱའི་སྐྱེ་མཆེད་དུ་གང་བསྟན་པ་ནི་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར། དེ་ནི་འབྱུང་བ་ཆེན་པོ་དེ་དག་ཉིད་ལ་རྣམ་པར་གཞག་ཅིང་དེ་དག་ཉིད་ལ་གདགས་པར་རིག་པར་བྱའོ། །དེ་ལ་འབྱུང་བ་ཆེན་པོ་དང་བ་ཉིད་ལ་བརྟེན་ནས་ནི་འདམ་པ་ཉིད་གདགས་སོ། ། འདུས་མཁྲེགས་ཉིད་ལ་བརྟེན་ནས་ནི་ལྕི་བ་ཉིད་དོ། །དང་བ་མ་ཡིན་པ་དང་འདུས་མཁྲེགས་མ་ཡིན་པ་ཉིད་ལ་བརྟེན་ནས་ནི་རྩུབ་པ་ཉིད་དང་ཡང་བ་ཉིད་དོ། །མཉེན་ཞིང་སྙི་བ་ཉིད་ལ་བརྟེན་ནས་ནི་ནེམ་ནེམ་པོ་ཉིད་དོ། །ཆུ་དང་རླུང་འདྲེས་པ་ལས་བྱུང་བ་ཉིད་ལ་བརྟེན་ནས་ནི་གྲང་བ་ཉིད་ དོ། །ཉེ་བར་སྟོན་པ་མ་ཚང་བས་མི་མཉམ་པ་ཉིད་ལ་བརྟེན་ནས་ནི་བཀྲེས་པ་དང་སྐོམ་པའོ། །ཉམ་ཆུང་བ་ཡང་དེ་བཞིན་ནོ། །དེ་མ་ཚང་བ་མེད་པས་མི་མཉམ་པ་མེད་པ་ལ་བརྟེན་ནས་ནི་ཉམས་སྟོབས་དང་ཚིམ་པའོ། །ལེགས་པ་མ་ཞུ་བས་འཁྲུགས་པའི་མི་མཉམ་པ་ལ་བརྟེན་ནས་ནི་ ནད་དོ། །ན་ཚོད་གྱུར་པའི་མི་མཉམ་པ་ལ་བརྟེན་ནས་ནི་རྒ་བའོ། །སྲོག་གི་དབང་པོ་གྱུར་པའི་མི་མཉམ་པ་ལ་བརྟེན་ནས་ནི་འཆི་བའོ། །ཁྲག་ལ་ཀུན་ཏུ་གནོད་པའི་མི་མཉམ་པ་ལ་བརྟེན་ནས་ནི་གཡའ་བའོ། །ཉེས་པར་བཟོད་པའི་མི་མཉམ་པ་ལ་བརྟེན་ནས་ནི་བརྒྱལ་བའོ། །ས་དང་ ཆུ་འདྲེས་པ་ལ་བརྟེན་ནས་ནི་འགྲེད་པའོ། །འོང་བ་དང་འགྲོ་བ་དང་བརྩལ་བ་དང་འབད་པའི་མི་མཉམ་པ་ལ་བརྟེན་ནས་ནི་ངལ་བའོ། །དེ་དང་བྲལ་བའི་མཉམ་པ་ལ་བརྟེན་ནས་ནི་ངལ་སོས་པའོ། །དྲི་མ་ལ་སོགས་པ་བསལ་ཞིང་ཡོངས་སུ་ཞུམ་པ་དང་བྲལ་བ་ལ་བརྟེན་ནས་ནི་མདངས་ བཟང་བ་གདགས་ཏེ། དེ་དག་ཐམས་ཅད་བསྡུས་ན་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་སྐབས་དྲུག་ཁོ་ནར་འགྱུར་ཏེ། འདི་ལྟ་སྟེ། དང་བ་ཉིད་དང་དང་བ་མ་ཡིན་པ་ཉིད་ལྷན་ཅིག་པ་དང་། འདུས་མཁྲེགས་པ་ཉིད་དང་འདུས་མཁྲེགས་པ་མ་ཡིན་པ་ཉིད་ལྷན་ཅིག་པ་དང་། སྙི་བ་ཉིད་དང་། འདྲེས་པ་དང་། མི་མཉམ་པ་དང་མཉམ་པའོ། །དེ་ལྟར་ན་གནས་སྐབས་དྲུག་པོ་དེ་དག་ཡོད་ན་བརྒྱད་དུ་འགྱུར་ལ། བརྒྱད་ཡོད་ན་ཡང་དྲུག་ཏུ་འགྱུར་རོ། །གཟུགས་ལ་སོགས་པ་རེག་བྱའི་མཐར་ཐུག་པ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་གཉིས་ཀྱིས་རྣམ་པར་ཤེས་པར་ བྱ་བ་དག་ཡིན་ཏེ། རང་རང་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་དང་ཡིད་ཀྱི་རྣམ་པར་ཤེས་པས་ཅིག་ཅར་རམ། རིམ་གྱིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །མིག་ལ་སོགས་པ་ལྔ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུས་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་གཟུགས་ ཀྱི་ཁམས་ན་ནི་དྲི་དང་རོ་ནི་མེད་ལ་དེ་དག་གི་ཁམས་ནི་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ནི་ཁམ་གྱི་ཟས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །དེ་དག་མེད་པས་སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་ཡང་མེད་དེ། ཀུན་ཏུ་འབྱུང་བ་ཁོ་ནར་མེད་ཀྱི་ཁམས་ལས་ནི་མ་ཡིན་ ནོ། །དེ་ལ་གཟུགས་ཀྱི་ཕུང་པོས་བསྡུས་པའི་གཟུགས་ཐམས་ཅད་ལས་རྣམ་པ་དགུ་ནི་རྫས་སུ་ཡོད་དོ། །རེག་བྱས་བསྡུས་པ་ལས་འབྱུང་བ་ཆེན་པོ་བཞི་ནི་རྫས་སུ་ཡོད་པ་ཡིན་ནོ། །དེ་ལས་གཞན་པ་རྣམས་ནི་བརྟགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་སྐྱེ་མཆེད་ དུ་གཏོགས་པའི་གཟུགས་ནི་རྣམ་པ་གཉིས་ཏེ། རྫས་སུ་ཡོད་པ་དང་བརྟགས་པའི་ཡོད་པའོ། །མཐུ་ལས་བྱུང་བ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྤྲུལ་པ་ལྟ་བུ་དེའི་འབྲས་བུ་དང་། དེའི་ཡུལ་དང་། དེ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་རྫས་སུ་ ཡོད་པ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པར་གཏོགས་པ་ནི་བརྟགས་པའི་ཡོད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་དེ་ཡང་ཏིང་ངེ་འཛིན་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པའི་གཟུགས་གང་དང་མཚུངས་པར་ལྡན་པ་དེ་དག་ཉིད་དང་དེ་ཡང་མཚུངས་པར་ལྡན་ པ་ཡིན་ནོ། །འཇིག་རྟེན་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་བརྟེན་ནས་སྐྱེ་བ་ཡིན་གྱི། འཇིག་རྟེན་ལས་འདས་པ་ལས་ནི་མ་ཡིན་ཏེ། དེ་ནི་སྤྲོས་པའི་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །སེམས་མཉམ་པར་གཞག་ པ་ཐམས་ཅད་ལ་ནི་གང་གཟུགས་མངོན་པར་འགྲུབ་པར་བྱེད་པའི་ནུས་པ་དེ་མེད་ཀྱི། དེ་དག་ལས་ལ་ལ་ལ་ཡོད་དེ། སྤྲུལ་པ་འབྱུང་བར་བྱེད་པ་བཞིན་ནོ། །རྣམ་པར་མ་བརྟགས་པར་སྔོན་གྱི་ཡིད་ལ་བྱེད་པའི་ཤུགས་ཀྱིས་མུན་པ་དང་བྲལ་བ་ཤིན་ཏུ་རྣམ་པར་ དག་པ་མངོན་པར་བརྗོད་པར་སྣང་བར་གྱུར་པ་གང་ཡིན་པ་དེ་ནི་སྐྱེས་པ་ཡིན་པར་བལྟ་བར་བྱའོ། །རྣམ་པར་བརྟགས་ཤིང་རྣམ་པར་བརྟགས་ཤིང་མོས་པའི་དབང་གིས་སྣང་བ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན་པར་བལྟ་བར་བྱའོ། །དེ་ནི་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ མ་ཡིན་ཡང་ལ་ལ་དེའི་དབང་གིས་བྱུང་བ་ཡིན་པར་བལྟ་བར་བྱ་སྟེ། དེ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་གཟུགས་རྫས་སུ་ཡོད་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། གཟུགས་ན་སྤྱོད་པའི་གཟུགས་ནི་མཆོག་ཏུ་འོད་ངེས་པར་འབྱིན་པའི་ ཕྱིར་གསལ་བ་དང་། འོག་མའི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཆ་ཕྲ་བ་དང་། དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་སྡུག་བསྔལ་བ་དང་མི་ལྡན་པ་ཡིན་གྱི། འདོད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་པས། དེ་ལྟར་ན་དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །ཡང་མདོར་བསྡུ་ན་ གཟུགས་ཀྱི་ཕུང་པོའི་མཚན་ཉིད་ནི་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། གནས་དང་། གནས་པར་འབྲེལ་བའི་མཚན་ཉིད་དང་། ཉེ་བར་སྤྱོད་པའི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། ཆ་ཕྲ་བའི་མཚན་ཉིད་དོ། །དེ་ལ་རང་གི་ མཚན་ཉིད་ནི་ས་ལ་སོགས་པའི་སྲ་བ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དང་། མིག་ལ་སོགས་པའི་སོ་སོའི་དབང་བའི་མཚན་ཉིད་གང་ཡིན་པའོ། །དེ་ལ་སྤྱིའི་མཚན་ཉིད་ནི་གཟུགས་ཐམས་ཅད་ནི་གཟུགས་སུ་རུང་བའི་མཚན་ཉིད་ཡིན་པའོ། །དེ་ལ་གནས་དང་གནས་པར་འབྲེལ་པའི་ མཚན་ཉིད་འབྱུང་བ་ཆེན་པོ་རྣམས་ནི་གནས་ཡིན་ལ། རྒྱུར་བྱས་པའི་གཟུགས་རྣམས་ནི་གནས་པ་ཡིན་ནོ། །དེ་ལ་ཉེ་བར་སྤྱོད་པའི་མཚན་ཉིད་ནི་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱི་ཉེ་བར་སྤྱོད་པའི་དབང་གིས་ཕྱི་རོལ་གྱི་གཟུགས་ཅན་རྣམས་སོ་སོར་འབྱུང་བ་སྟེ། ནང་གི་སྐྱེ་མཆེད་ ཀྱི་ཉེ་བར་སྤྱོད་པ་དང་མཐུན་པ་ཉིད་དུ་གཟུགས་འདུས་པ་ལ་ལ་ནི་སྲ་བ་ཁོ་ནར་འབྱུང་ལ། ལ་ལ་ནི་གཤེར་བ་ཁོ་ནར། ལ་ལ་ནི་དྲོ་བ་ཁོ་ནར། ལ་ལ་ནི་གཡོ་བ་ཁོ་ནར། ལ་ལ་ནི་འདྲེས་པ་ཁོ་ནར་འབྱུང་བའོ། །དེ་ལ་ལས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། ས་ལ་སོགས་པ་འབྱུང་བ་ཆེན་པོ་ རྣམས་ཀྱི་བརྟེན་པ་དང་། སྡུད་པ་དང་། སྨིན་པར་བྱེད་པ་དང་། བསྐྱོད་པའི་མཚན་ཉིད་དེ། དེ་ལས་གཞན་ཡང་འོག་ནས་རྒྱས་པར་བསྟན་པར་བྱའོ། །དེ་ལ་ཆ་ཕྲ་བའི་མཚན་ཉིད་ནི་རྡུལ་ཕྲ་རབ་ཀྱི་མཚན་ཉིད་གང་ཡིན་པའོ། །ཡང་ཆ་ཕྲ་བ་ཉིད་ནི་རྣམ་པ་གསུམ་སྟེ། འབྲི་བ་ཆ་ཕྲ་བ་ཉིད་དང་། རང་བཞིན་ཆ་ཕྲ་བ་ཉིད་དང་། སེམས་ཀྱི་དབང་བསྒྱུར་བ་ཆ་ཕྲ་བ་ཉིད་དོ། །དེ་ལ་འབྲི་བ་ཆ་ཕྲ་བ་ཉིད་ཀྱིས་ནི་རྡུལ་ཕྲ་རབ་ཆ་ཕྲ་བ་བསྟན་ཏོ། །དེ་ལ་རང་བཞིན་ཆ་ཕྲ་བ་ཉིད་ཀྱིས་ནི་རླུང་ལ་སོགས་པ་དང་། བར་མ་དོའི་སྲིད་པའི་གཟུགས་ཆ་ཕྲ་བ་བསྟན་ཏོ། །དེ་ལ་སེམས་ཀྱི་དབང་བསྒྱུར་བ་ཆ་ཕྲ་བ་ ཉིད་ཀྱིས་ནི་གཟུགས་ན་སྤྱོད་པའི་གཟུགས་ཆ་ཕྲ་བ་བསྟན་ཏེ། ཇི་སྐད་དུ་ལྷ་སེམས་མཉམ་པ་མི་འགྱུར་བ་དེ་དག་གིས་ནི་ཇི་ལྟར་དེ་དག་སྨྱུང་བུའི་རྩེ་མོས་ཕུག་པའི་ཁྱོན་ཙམ་གྱིས་ཕྱོགས་གཅིག་ཏུ་འཁོད་ཀྱང་གཅིག་ལ་གཅིག་ཐོགས་པ་ཡང་མེད་ལ། གཅིག་ལ་གཅིག་གནོད་པ་ཡང་མེད་པ་ དང་། དེ་ལྟ་དེ་ལྟར་སེམས་དེ་དག་ཡོངས་སུ་སྦྱང་བར་བྱས་ཤིང་ཡོངས་སུ་བྱི་དོར་བྱས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་གཟུགས་ཀྱི་ཕུང་པོའི་རྫས་བསམ་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་གཟུགས་ཀྱི་རྡུལ་ཕྲ་རབ་རྣམ་པ་དུས་རྣམ་པར་གཞག་པར་རིག་པར་ བྱ་ཞེ་ན། སྨྲས་པ། རྒྱ་ཆེར་ནི་སའི་དངོས་གཞིར་རྣམ་པར་གཞག་པར་བྱས་ཟིན་ཏོ། །མདོར་བསྡུ་ན་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཡོངས་སུ་གཅོད་པ་དང་། རྣམ་པར་དབྱེ་བ་དང་། མ་འདྲེས་པ་དང་། ལྷན་ཅིག་པ་དང་། ཆ་ཤས་མེད་པས་སོ། །དེ་ལ་ཡོངས་སུ་གཅོད་པ་ལས་རྣམ་པར་ གཞག་པ་ན་གཟུགས་དབྲི་བའི་མཐའ་བློས་ཡོངས་སུ་དཔྱད་པ་ལས་རྡུལ་ཕྲ་རབ་རྣམ་པར་གཞག་པར་ཟད་ཀྱི། ལུས་གཟུགས་ལས་ནི་མ་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་ཀྱི་སྐྱེ་བར་ཡང་མི་འགྱུར། འགག་པར་ཡང་མི་འགྱུར་ལ། རྡུལ་ཕྲ་རབ་བསགས་པ་གཟུགས་འདུས་པ་ཡང་མ་ཡིན་ ནོ། །དེ་ལ་རྣམ་པར་དབྱེ་བ་ལས་རྣམ་པར་གཞག་པ་ནི་མདོར་བསྡུ་ན་རྡུལ་ཕྲ་རབ་ནི་རྣམ་པ་བཅོ་ལྔ་ཡོད་དེ་མིག་ལ་སོགས་པ་དབང་པོའི་རྡུལ་ཕྲ་རབ་རྣམ་པ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་གྱི་རྡུལ་ཕྲ་རབ་རྣམ་པ་ལྔ་དང་ས་ལ་སོགས་པ་འབྱུང་བ་རྣམས་ཀྱི་རྡུལ་ཕྲ་ རབ་རྣམ་པ་བཞི་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་རྫས་སུ་ཡོད་པའི་རྡུལ་ཕྲ་རབ་རྣམ་པ་གཅིག་གོ། །དེ་ལ་མ་འདྲེས་པ་ལས་རྣམ་པར་གཞག་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་རང་གི་མཚན་ཉིད་རྣམ་པར་གཞག་པ་ལས་སོ། །དེ་ལ་ལྷན་གཅིག་པ་ལས་རྣམ་པར་གཞག་པ་ནི་རྡུལ་ ཕྲ་རབ་འདུས་པའི་སྟེ། འདི་ལྟར་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་གཅིག་ན། དེ་ལས་གཞན་པ་དག་ཕྱོགས་གཅིག་དང་། ཐ་མི་དད་པས་རྡུལ་ཕྲ་རབ་འདུས་པར་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་ཞེ་ན། ཐོགས་པ་དང་བཅས་པའི་ཆོས་རྣམས་ཕྱོགས་གཅིག་ན་ཐ་ མི་དད་པར་གནས་པ་དང་། ཐོགས་པ་མེད་པ་ཉིད་དུ་འགྱུར་ཞེ་ན། དེ་མངོན་པར་འགྲུབ་པ་ནི་འཇུག་པ་དང་མཐུན་པའི་ཕྱིར་དེ་དང་མཐུན་པའི་ལུས་ཀྱི་དབང་ལས་དེ་ལྟར་མངོན་པར་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་འདུས་པ་ཐམས་ཅད་ནི་དབང་པོ་ཐམས་ཅད་ཀྱི་ཡོངས་ སུ་ལོངས་སྤྱོད་པ་ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་དུ་ཟིན་ན་གལ་ཏེ་འདུས་པ་ཐམས་ཅད་ལ་ས་ལ་སོགས་པ་ཐམས་ཅད་ཐ་མི་དད་པ་མ་ཡིན་པར་གྱུར་ན་ནི་དེ་ལྟ་ན་འདུས་པ་མཐའ་དག་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་དེ་དག་གིས་ཡོངས་ སུ་ལོངས་སྤྱོད་པར་མི་འགྱུར་བས། དེ་ལྟ་བས་ན་ཐ་མི་དད་པ་ཡིན་པར་རིག་པར་བྱའོ། །གཟུགས་གང་ལ་ལར་ཐོགས་པར་འགྱུར་ལ། ལ་ལར་ཐོགས་པར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་བར་མ་དོའི་སྲིད་པའི་གཟུགས་ལ་སོགས་པ་དེ་དག་ཐོགས་པ་མེད་པ་བཞིན་དུ་འདི་ ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ཆ་ཤས་མེད་པ་ལས་རྡུལ་ཕྲ་རབ་རྣམ་པར་གཞག་པ་ལྔ་ནི་རྡུལ་ཕྲ་རབ་འདུས་པ་ཡོད་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་ཡིན་གྱི། རྡུལ་ཕྲ་རབ་རྣམས་ནི་འདུས་པ་མ་ཡིན་པའི་ཕྱིར་ཆ་ཤས་གཞན་མེད་དེ། རྡུལ་ཕྲ་རབ་ཀྱི་ཕྱོགས་གང་ཡིན་པ་དེ་ནི་དེ་ཉིད་ ཀྱི་ཕྱོགས་ཡིན་གྱི་ཆ་ཤས་ཀྱིས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །དེ་ལ་རྡུལ་ཕྲ་རབ་ཇི་སྐད་བསྟན་པ་ནི་མིག་ལྔའི་ཕྱིར་རྣམ་པ་ལྔ་སྟེ། ཤའི་མིག་དང་། ལྷའི་མིག་དང་། འཕགས་པའི་ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་ར