Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 130

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
་བ་རྣམས་ལ་ཡང་ཀུན་དུ་རྨོངས་པར་འགྱུར་ལ། གཞི་དེ་ལས་ལུས་དང་སེམས་རབ་ཏུ་མ་ཞི་ཞིང་སྡུག་བསྔལ་ཏེ། བདེ་བ་ལ་རེག་པར་མི་གནས་པས། དེ་ལྟ་བས་ན་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ། །ཇི་ལྟར་ན་
མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། འདི་ལྟར་སེམས་ཅན་སྐྱེས་པ་ཐམས་ཅད་ཀྱི་འཆི་བ་དང་། སྐྱེས་པ་རྣམས་ཀྱི་འཆི་བའི་དུས་བྱེད་པ་ནི་གསོན་པའི་མཐའ་འཆི་བ་དང་། ཐ་མར་འཆི་བ་ཡིན་པའི་ཕྱིར་དེ་ཡང་དེ་དག་གི་མི་འདོད་པ་ཡིན་ལ།
གཞི་དེས་ཀྱང་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་བར་བྱེད་པས། དེ་ལྟ་བས་ན་སྐྱེ་བ་ནི་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ནོ། །རྒ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་གནས་ལྔ་ཡོངས་སུ་ཉམས་པའི་ཕྱིར་ཏེ།

གཟུགས་བཟང་བ་ཡོངས་སུ་ཉམས་པའི་ཕྱིར་དང་། མཐུ་སྟོབས་ཡོངས་སུ་ཉམས་པའི་ཕྱིར་དང་། དབང་པོ་ཡོངས་སུ་ཉམས་པའི་ཕྱིར་དང་། ཡུལ་ལ་ལོངས་སྤྱོད་ཡོངས་སུ་ཉམས་པའི་ཕྱིར་དང་། ཚེ་ཡོངས་སུ་ཉམས་པའི་ཕྱིར་རོ། །ན་བ་ཡང་རྣམ་པ་ལྔས་
སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལུས་ཀྱི་རང་བཞིན་འགྱུར་བའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མངོན་པར་འཕེལ་ཞིང་དེ་ལ་ཤས་ཆེ་བར་གནས་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་ཡིད་
དུ་མི་འོང་བ་ལ་མི་འདོད་བཞིན་དུ་ཡོངས་སུ་སྤྱད་དགོས་པའི་ཕྱིར་དང་། སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བའི་ཕྱིར་རོ། །འཆི་བ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། ལོངས་སྤྱོད་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། རྩ་འཇིང་སྡུག་
པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཁོར་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། ལུས་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བ་རབ་ཏུ་དྲག་པོ་ཉམས་སུ་མྱོང་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །
མི་སྡུག་པ་དང་ཕྲད་པ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་ཕྲད་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་དང་། ཆད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཚིགས་སུ་བཅད་པ་མེད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཉམ་ང་བཞིན་དུ་
འཆི་བའི་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཆོས་ལས་འགལ་བས་ངན་འགྲོས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་རོ། །སྡུག་པ་དང་བྲལ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་བྲལ་བས་མྱ་ངན་སྐྱེ་བ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་སྨྲེ་སྔགས་འདོན་
པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ལུས་ལ་གནོད་པ་ཉིད་ཀྱི་ཕྱིར་དང་། ཡོན་ཏན་རྣམས་ལས་རྗེས་སུ་དྲན་ཞིང་འདོད་པས་ཡིད་ཡོངས་སུ་གདུང་བ་ཉིད་ཀྱི་ཕྱིར་དང་། དེའི་ལོངས་སྤྱོད་མ་ཚང་བ་ཉིད་ཀྱི་ཕྱིར་རོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་ཉིད་ཇི་ལྟ་བ་བཞིན་དུ་གང་འདོད་

པ་བཙལ་ཏེ་མི་རྙེད་པ་དེ་ཡང་སྡུག་བསྔལ་བ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཉིད་ཀྱང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་ཉིད་ཀྱི་སྣོད་ཡིན་པའི་ཕྱིར་དང་། མངོན་པར་འགྲུབ་པ་ལ་
བརྟེན་པའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། འགྱུར་བའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་གསུམ་པོ་སྐྱེས་བུ་ཐ་མ་དང་སྐྱེས་བུ་
འབྲིང་དང་། སྐྱེས་བུ་མཆོག་འདི་དག་ནི་སྒྲུབ་པ་ལས་བརྩམས་པ་སྟེ། དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ལ། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་ལ། གཞན་ལ་ཕན་པའི་ཕྱིར་མ་
ཡིན་པ་དང་། གང་གཞན་ལ་ཕན་པའི་ཕྱིར་ཞུགས་ལ། བདག་ལ་ཕན་པའི་ཕྱིར་མ་ཡིན་པ་དེ་ནི་སྐྱེས་བུ་བར་མ་ཡིན་ནོ། །དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་ཡིན་ལ། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །གཞན་ཡང་གང་ཟག་
བཞི་སྟེ། གང་ཟག་སྡིག་པ་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡང་ཡོད་དོ། །སྡིག་པ་ལ་སྲེད་ལ་སྡིག་པ་མི་བྱེད་པ་ཡང་ཡོད་དོ། །སྡིག་པ་བྱེད་ལ་སྡིག་པ་ལ་སྲེད་པ་ཡང་ཡོད་དོ། །གང་ཟག་སྡིག་པ་མི་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡང་ཡོད་དོ། །དེ་ལ་གང་སྡིག་པའི་འབྲས་བུ་རྣམ་པར་སྨིན་
པ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ལ་མངོན་པར་དད་ལ། བརྗེད་ངས་པ་དང་། བག་མེད་པ་དང་། སྡིག་པའི་གྲོགས་པོ་དང་བསྟེན་པས་སྡིག་པ་བྱེད་པ་དེ་ནི་སྡིག་པ་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡིན་ནོ། །གང་སྔོན་སྡིག་པ་ལ་གོམས་པས་སྡིག་པ་ལ་ཀུན་དུ་དགའ་བ་དང་། སྡིག་པ་ལ་
མངོན་པར་དགའ་བ་དང་། སྡིག་པ་ལ་དགའ་བས་ཡིད་བསྡུས་པ་ཡིན་ལ། དེ་ཡང་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས། སྡིག་པའི་འབྲས་བུ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ཡང་དག་པར་རྗེས་སུ་མཐོང་བས།

སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་སྡིག་པ་ལས་ཕྱིར་ལོག་པ་དེ་ནི། སྡིག་པ་ལ་སྲེད་ལ་སྡིག་པ་མི་བྱེད་པ་ཞེས་བྱའོ། །གང་ཟག་གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་དགའ་ལ། སྡིག་པ་ལས་ཕྱིར་ལོག་པ་ཡང་མ་ཡིན་པ་དེ་ནི་སྡིག་པ་བྱེད་ལ། སྡིག་པ་ལ་
སྲེད་པ་ཞེས་བྱའོ། །གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་མི་དགའ་ལ། སྡིག་པ་ལས་ཀྱང་ཕྱིར་ལོག་པ་དེ་ནི་སྡིག་པ་མི་བྱེད་ལ། སྡིག་པ་ལ་མི་སྲེད་པ་ཞེས་བྱའོ། །དེ་ལ་གང་ཟག་གང་སྡིག་པ་བྱེད་ལ་སྡིག་པ་ལ་སྲེད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་པར་བལྟ་བར་བྱའོ། །གང་ཟག་གང་
སྡིག་པ་བྱེད་ལ། སྡིག་པ་ལ་མི་སྲེད་པ་དང་། སྡིག་པ་ལ་སྲེད་ལ། སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་པར་བལྟ་བར་བྱའོ། །གང་ཟག་གང་སྡིག་པ་ལ་མི་སྲེད་ལ་སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་བྱའོ། །གཞན་ཡང་གང་ཟག་རྒྱལ་པོ་གསུམ་སྟེ། གསུམ་
གང་ཞེ་ན། འདོད་པའི་ལོངས་སྤྱོད་ལྷུར་ལེན་པ་དང་། བྱ་བ་ལྷུར་ལེན་པ་དང་། ཆོས་ལྷུར་ལེན་པའོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ། གསུམ་གང་ཞེ་ན། བྱ་བ་མ་ཡིན་
པ་རང་གི་བྱ་བར་བྱེད་པ་དང་། བྱ་བ་རང་གི་བྱ་བར་བྱེད་པ་དང་། གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པའོ། །དེ་ལ་གང་ཟག་གང་སྡིག་པའི་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་བྱ་བ་མ་ཡིན་པ་རང་གི་བྱ་བ་བྱེད་པའི་གང་ཟག་ཅེས་བྱའོ། །གང་སྡིག་པའི་སྤྱོད་པས་འཇིགས་ཤིང་། དགེ་བའི་སྤྱོད་པ་ཡང་དག་
པར་བླངས་ནས་འདུག་པ་དེ་ནི་བྱ་བ་རང་གི་བྱ་བར་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་གང་ཟག་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་
བྱའོ། །གསུམ་པོ་འདི་དག་ནི་རྒྱལ་པོའི་ཕུན་སུམ་ཚོགས་པ་ཡིན་ཏེ། རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་དང་། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ཕུན་སུམ་ཚོགས་པའོ། །རྒྱལ་པོ་ཕྱུག་པོའི་ཁྱིམ་དུ་སྐྱེས་ཤིང་ཚེ་རིང་བ་དང་། ནད་ཉུང་བ་དང་། དབང་ཆེ་བར་

གྲགས་པ་དང་། ཡིད་གཞུངས་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་གང་ཡིན་པ་དེ་ནི་དེའི་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །རྒྱལ་པོ་ཐབས་ཀྱིས་ཡོངས་སུ་ཟིན་པའི་སྒྲུབ་ཕོད་པ་ཕུན་སུམ་ཚོགས་པ་དང་རྟག་པར་རྒྱུན་དུ་ལྡན་པ་གང་ཡིན་པ་དེ་ནི། དེའི་སྐྱེས་བུའི་
རྩལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་ལ་དགའ་ཆོས་ལ་གནས་ལ། བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། གྲོས་གྲོགས་རྣམས་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་རྣམས་དང་། ཡུལ་གྱི་མི་རྣམས་དང་ལྷན་ཅིག་ཏུ་སྦྱིན་པ་དག་སྦྱིན་
པ་དང་། བསོད་ནམས་དག་བྱེད་པ་དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་གང་ཡིན་པ་དེ་ནི་དེའི་བསོད་ནམས་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པས་ནི་སྔོན་གྱི་ལས་དགེ་བའི་འབྲས་བུ་ལ་ཡོངས་སུ་སྤྱོད་པར་
བྱེད་དོ། །སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པས་ནི་ཚེ་འདི་པ་ཉིད་ཀྱི་འདོད་པའི་འབྲས་བུ་ལ་ཡོངས་སུ་སྤྱོད་པར་བྱེད་དོ། །བསོད་ནམས་ཕུན་སུམ་ཚོགས་པས་ནི་ཕྱི་མ་ལ་ཡང་ལས་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ལ་ཡོངས་སུ་སྤྱོད་པར་འགྱུར་རོ། །གང་ལ་ཕུན་སུམ་
ཚོགས་པ་རྣམ་པ་གསུམ་ཆར་ཡང་མེད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གང་ལ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པའམ། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པའམ། གཉི་ག་ཕུན་སུམ་ཚོགས་པར་ཡོད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གང་ལ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཆར་ཡོད་པ་
དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །རྒྱལ་པོའི་ཚལ་ཟ་ནི་གསུམ་སྟེ་གུས་པ་དང་ལྡན་ལ་ནུས་པ་དང་མི་ལྡན་ཤེས་རབ་དང་མི་ལྡན་པ་དང་། གུས་པ་དང་ཡང་ལྡན་ནུས་པ་དང་ཡང་ལྡན་ལ་ཤེས་རབ་དང་མི་ལྡན་པ་དང་གུས་པ་དང་ཡང་ལྡན་ནུས་པ་དང་ཡང་ལྡན་ཤེས་རབ་དང་ཡང་ལྡན་པའོ། །དེ་ལ་དང་པོ་ནི་
སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གུས་པ་དང་ཡང་མི་ལྡན། ནུས་པ་དང་ཡང་མི་ལྡན། ཤེས་རབ་དང་ཡང་མི་ལྡན་པ་གང་ཡིན་པ་དེ་ནི་ཐ་མ་བས་ཀྱང་ཆེས་ཐ་མ་ཡིན་པར་རིག་པར་བྱའོ། །ཚིག་གི་རྣམ་པ་བཞི་སྟེ། མི་སྙན་

པ་ལ་སྙན་པར་གྲགས་པ་དང་། སྙན་པ་ལ་མི་སྙན་པར་གྲགས་པ་དང་། མི་སྙན་པ་ལ་མི་སྙན་པར་གྲགས་པ་དང་། སྙན་པ་ལ་སྙན་པར་གྲགས་པའོ། །ཚིག་དང་ཡི་གེ་འཇམ་ཞིང་སྙན་ལ་མི་འཕྲོད་པ་གང་ཡིན་པ་དེ་ནི་དང་པོ་ཡིན་ནོ། །ཚིག་དང་ཡི་གེ་རྩུབ་ལ་འཕྲོད་པ་གང་
ཡིན་པ་དེ་ནི་གཉིས་པ་ཡིན་ནོ། །ཚིག་དང་ཡི་གེ་ཡང་རྩུབ་ལ་མི་འཕྲོད་པ་གང་ཡིན་པ་དེ་ནི་གསུམ་པ་ཡིན་ནོ། །ཚིག་དང་ཡི་གེ་ཡང་འཇམ་ཞིང་སྙན་ལ་འཕྲོད་པ་གང་ཡིན་པ་དེ་ནི་བཞི་པ་ཡིན་ནོ། །དེ་ལ་མི་སྙན་པ་ལ་མི་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དང་། མི་སྙན་ལ་སྙན་པར་གྲགས་པའི་
ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །སྙན་ལ་མི་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །སྙན་ལ་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །འདོད་པ་ལ་ལོངས་སྤྱོད་པ་ནི་གསུམ་སྟེ། འདོད་པ་ལ་ལོངས་སྤྱོད་པ་
གང་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་པ་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བར་ཚིམ་པར་མི་བྱེད་ལ་བུ་ཡང་མ་ཡིན་ཆུང་མ་ཡང་མ་ཡིན་པ་ནས། རྒྱས་པ་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ། །འདོད་པ་ལ་ལོངས་སྤྱོད་པ་
གང་ཆོས་དང་ཆོས་མ་ཡིན་པས་བབ་ཆོལ་དང་། བབ་ཆོལ་མ་ཡིན་པར་ལོངས་སྤྱོད་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད། བུ་དང་ཆུང་མ་ནས་རྒྱས་པར་མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ཀྱང་
ལེགས་པར་བདེ་བས་ཚིམ་པར་བྱེད་ལ། དགེ་སྦྱོང་དང་བྲམ་ཟེ་དག་ལ་ནི་ཡོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ། །འདོད་པ་ལ་ལོངས་སྤྱོད་པ་གང་ཡིན་གཅིག་ཏུ་ཆོས་ཀྱི་བབ་ཅོལ་མ་ཡིན་པ་ཁོ་ནར་ལོངས་སྤྱོད་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་
ལ། རྒྱས་པར་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབུལ་བར་བྱེད་པ་ཡང་ཡོད་དེ། དེ་ལ་འདོད་པ་ལ་ལོངས་སྤྱོད་པ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གང་ཟག་གང་ཆགས་པ་དང་། ཞེན་པ་དང་།

འཆུམས་པ་ནས། ལྷག་པར་ཆགས་པར་གྱུར་པའི་བར་གྱིས་ཟས་ཟ་བར་བྱེད་ཅིང་ཉེས་དམིགས་སུ་མི་ལྟ་ལ། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡང་ཡོད་དོ། །གང་ཟག་གང་ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་། འཆུམས་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་
བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་པས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། ཉེས་དམིགས་སུ་ཡང་ལྟ། ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་ཤིང་། དེའི་ཟས་སྤངས་པ་དང་། ཡོངས་སུ་ཤེས་པ་མ་ཡིན་པ་ཡང་ཡོད་དོ། །གང་ཟག་
གང་ཆགས་པ་མེད་པ་ནས་ལྷག་པར་ཆགས་པར་གྱུར་པ་མེད་པའི་བར་གྱིས། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། ཉེས་དམིགས་སུ་ཡང་ལྟ། ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་ཤིང་དེའི་ཟས་དེ་སྤངས་པ་དང་། ཡོངས་སུ་ཤེས་པ་ཡང་ཡོད་དོ། །དེ་ལ་གང་ཟག་དང་པོ་ནི་སྐྱེས་བུ་ཐ་མ་
ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། །།བམ་པོ་བཅོ་བརྒྱད་པ། སྦྱིན་པར་བྱ་བའི་དངོས་པོ་ལས་བརྩམས་ནས་གང་ཟག་གསུམ་སྟེ། གང་ཟག་གང་དྲི་ཕུན་སུམ་ཚོགས་པ་སྦྱིན་ལ། རོ་ཕུན་སུམ་ཚོགས་པ་མི་སྦྱིན། རེག་པ་ཕུན་སུམ་
ཚོགས་པ་མི་སྦྱིན་པ་ཡང་ཡོད་དོ། །གང་དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་སྦྱིན་ལ་རེག་པ་ཕུན་སུམ་ཚོགས་པ་མི་སྦྱིན་པ་ཡང་ཡོད་དོ། །གང་དྲི་དང་རོ་དང་རེག་པ་ཕུན་སུམ་ཚོགས་པ་སྦྱིན་པ་ཡང་ཡོད་དོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་
ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་བྱའོ། །སྦྱིན་པའི་ཞིང་ལས་བརྩམས་ནས་གང་ཟག་གསུམ་སྟེ། གང་ཟག་གང་སྡུག་པའམ། ཕན་འདོགས་པ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ། །གང་སྡུག་བསྔལ་བ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ། །གང་ཡོན་ཏན་དང་ལྡན་པ་
ཁྱད་པར་དུ་འཕགས་པ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ། །དེ་ལ་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་གང་སྡུག་པ་ལ་སྦྱིན་པར་བྱེད་པ་དེ་ནི་ཐ་མ་ཡིན་ནོ། །གང་ཕན་འདོགས་པ་ལ་སྦྱིན་པར་བྱེད་པ་

དེ་ནི་འབྲིང་ཡིན་ནོ། །གང་སྡུག་བསྔལ་བ་དང་། ཡོན་ཏན་དང་ལྡན་པ་ལ་སྦྱིན་པར་བྱེད་པ་དེ་ནི་མཆོག་ཡིན་ནོ། །སྦྱིན་པའི་ལྷག་པའི་བསམ་པ་ལས་བརྩམས་ནས་གང་ཟག་གསུམ་སྟེ། སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ལ། སྦྱིན་པའི་ཚེ་སེམས་མི་དགའ་ཞིང་།
བྱིན་ནས་འགྱོད་པར་གྱུར་པ་དང་། སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་སེམས་དགའ་ལ། བྱིན་ནས་འགྱོད་པར་གྱུར་པ་དང་། སྦྱིན་པའི་སྔ་རོལ་ནས་ཀྱང་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་སེམས་དགའ་ལ། བྱིན་ནས་ཀྱང་འགྱོད་པར་མི་འགྱུར་བའོ། །
དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་དག་པར་བླངས་པ་ལས་གང་ཟག་གསུམ་རྣམ་པར་གཞག་སྟེ། གང་ཕྱོགས་གཅིག་སྤངས་ལ། དུས་ཐམས་ཅད་དུ་
སྤངས་པ་ཡང་མ་ཡིན། བདག་ཉིད་ཀྱིས་སྤངས་ལ། གཞན་དག་ཡང་དག་པར་འཛིན་དུ་འཇུག་པ་ཡང་མ་ཡིན། བསྔགས་པ་ཡང་མི་བརྗོད། ཆོས་མཐུན་པ་པ་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་བ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གང་ཐམས་ཅད་སྤངས་ཤིང་དུས་ཐམས་ཅད་དུ་སྤངས་པ་ཡང་ཡིན་
ལ། དེ་ཡང་བདག་ཉིད་ཡིན་གྱི། གཞན་དག་ཡང་དག་པར་འཛིན་དུ་མི་འཇུག་ལ། བསྔགས་པ་རྗོད་པར་ཡང་མི་བྱེད། ཆོས་མཐུན་པ་པ་མཐོང་ན་ཡང་ཡིད་མི་དགའ་བར་མི་འགྱུར་བ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གང་ཐམས་ཅད་ལ་སྣང་བ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚུལ་ཁྲིམས་
ཡང་དག་པར་ལེན་པའི་གཞི་ལས་ཀྱང་གང་ཟག་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་ཉམས་པར་བྱེད། སྐྱོན་ཅན་དུ་
བྱེད་པ་དང་། གསུམ་པ་ནི་དེ་ཉིད་ལ་ཉམས་པར་མི་བྱེད། སྐྱོན་ཅན་དུ་མི་བྱེད་པའོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚུལ་ཁྲིམས་ཡང་དག་པར་ལེན་པའི་བསམ་པ་ལས་ཀྱང་གང་ཟག་གསུམ་རྣམ་པར་

གཞག་སྟེ། འཚོ་བའི་བསམ་པས་ཡང་དག་པར་ལེན་པར་བྱེད་པ་དང་། མཐོ་རིས་ཀྱི་བསམ་པས་ཡང་དག་པར་ལེན་པར་བྱེད་པ་དང་། གསུམ་པ་མྱ་ངན་ལས་འདས་པའི་བསམ་པས་ཡང་དག་པར་ལེན་པར་བྱེད་པའོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །
གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གཞན་ཡང་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པའི་གང་ཟག་གསུམ་སྟེ། བསྙེན་གནས་པའི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དོ། །དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དོ། །
དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དེ། དེ་ལ་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་པ་ཉིད་ལས་ཀྱང་གང་ཟག་གཞན་གསུམ་སྟེ། གང་བསྙེན་པར་རྫོགས་པའི་ཡན་ལག་དང་ལྡན་ལ་
དེ་དང་མཐུན་པའི་ཆོས་བསླབ་པའི་གཞི་ཡང་དག་པར་བླངས་པའི་ཡན་ལག་དང་ཡང་མི་ལྡན། གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་དང་ཡང་མི་ལྡན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་བཞིན་རྗེས་སུ་བསྲུང་བའི་ཡན་ལག་དང་མི་ལྡན་པ་ཡང་ཡོད་དོ། །གང་ཡན་
ལག་དང་པོ་གསུམ་དང་ལྡན་ལ། ཐ་མ་དང་མི་ལྡན་པ་ཡང་ཡོད་དོ། །གང་ཡན་ལག་བཞི་པོ་ཐམས་ཅད་དང་ལྡན་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ། སོ་སོ་ཐར་པའི་
སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་
མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །ཉན་ཐོས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །

བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །བསྒོམ་པའི་དབང་དུ་བྱས་ནས་འདི་ལྟ་སྟེ། ཡིད་ལ་བྱེད་པའི་
སྦྱོར་བ་ལས་གང་ཟག་གསུམ་རྣམ་པར་གཞག་སྟེ། གང་ཟག་གང་ནན་གྱིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །གང་བར་ཆད་པ་དང་བཅས་པར་འཇུག་པའམ་གང་བར་མི་ཆད་པར་འཇུག་པ་ཡང་རུང་སྟེ། རྩོལ་བ་དང་བཅས་པས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །
རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །གཞན་ཡང་བསྒོམ་པ་ཐོབ་པ་ལས་གང་ཟག་གསུམ་སྟེ། གང་ཟག་གང་ནང་གི་སེམས་ཀྱི་ཞི་གནས་ཐོབ་ལ། ཆོས་ལ་རྣམ་
པར་ལྟ་བའི་ལྷག་པའི་ཤེས་རབ་མ་ཐོབ་པ་ཡང་ཡོད་དོ། །གང་ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེས་རབ་ཐོབ་ལ་ནང་གི་སེམས་ཀྱི་ཞི་གནས་མ་ཐོབ་པ་ཡང་ཡོད་དོ། །གང་གཉི་ག་ཐོབ་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་
མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །དེ་ལ་ཡང་དང་
པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །བསྒོམ་པ་ཁོ་ནའི་དབང་དུ་བྱས་ནས་གནས་པ་ལས་གང་ཟག་རྣམ་པར་གཞག་པ་གསུམ་སྟེ། གང་ཟག་གང་ཉོན་མོངས་པ་ཅན་གྱི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ། །དག་པའི་འཇིག་རྟེན་པའི་
བསམ་གཏན་གྱིས་གནས་པ་ཡང་ཡོད་དོ། །ཟག་པ་མེད་པའི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །སེམས་ཅན་གྱི་རིས་བཅུ་ནི་དུད་འགྲོ་དང་། བུད་མེད་དང་།

འདོད་པ་ལ་ལོངས་སྤྱོད་པ་རྣམས་དང་། བྱ་བ་དོན་དུ་གཉེར་བ་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཐོས་པས་འཚོ་བ་རྣམས་དང་། རྟོགས་པར་བྱེད་པ་རྣམས་དང་། རྟོག་གེ་བ་རྣམས་དང་། དཀའ་ཐུབ་དྲག་པོ་པ་རྣམས་དང་། ལུས་གཏོང་བར་བྱེད་པ་རྣམས་ཏེ། དེ་དག་གི་འདོད་པ་དང་སྡུག་
པ་དང་ཡིད་དུ་འོང་བའི་ཆོས་ནི་ཚེ་དང་ཁ་དོག་དང་ལོངས་སྤྱོད་དང་། མཛའ་བཤེས་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཚངས་པར་སྤྱོད་པ་དང་། ཤེས་རབ་དང་། ཆོས་དང་། མཐོ་རིས་ཏེ་བཅུ་པོ་དེ་དག་གོ། །དམ་པའི་ཆོས་ཉན་པའི་ཉེ་བའི་ཉོན་མོངས་པའི་སྐྱོན་ནི་དྲུག་པོ་འདི་དག་ཡིན་ཏེ། ང་
རྒྱལ་གྱི་སྐྱོན་དང་། འདུན་པ་མེད་པའི་སྐྱོན་དང་། མ་དད་པའི་སྐྱོན་དང་། ལུས་དང་སེམས་ལ་གནོད་པའི་སྐྱོན་དང་། རྣམ་པར་གཡེང་བའི་སྐྱོན་དང་། རྣམ་པར་འཕྲུལ་པའི་སྐྱོན་ནོ། །དེ་དག་གིས་ནི་གུས་པར་བྱས་ཤིང་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཤིང་ཆོས་ཉན་པར་མི་བྱེད་དེ། རྒྱས་པར་
མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །དེ་ལ་ཉེ་བའི་ཉོན་མོངས་པ་རྣམ་པར་གཡེང་བའི་སྐྱོན་རྣམ་པ་གཉིས་ཏེ། སྨྲ་བའི་ཚེ་ན་རྣམ་པར་གཡེང་བ་དང་། སྨྲས་ནས་རྣམ་པར་གཡེང་བའོ། །རྣམ་པར་འཕྲུལ་པའི་སྐྱོན་ནི་ཕྱིན་ཅི་ལོག་གང་ཡིན་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་
བ་ནི་རྣམ་པ་གསུམ་སྟེ། མཚུངས་པར་ལྡན་པས་ཀུན་ནས་སློང་བ་དང་། སྐྱེད་པས་ཀུན་ནས་སློང་བ་དང་། བདག་པོས་ཀུན་ནས་སློང་བ་སྟེ། ཉོན་མོངས་པ་གཞན་དྲངས་ནས་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མི་འདོད་པ་ནི་དྲུག་པོ་འདི་དག་ཡིན་ཏེ། དགྲ་དང་། ནད་དང་། ཡུལ་
མི་དགའ་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་། སྨན་ཚ་བ་དང་། གོམས་པར་མ་བྱས་པའི་དགེ་བའོ། །དེ་དག་ལས་བཞི་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །གཉིས་ནི་བསྟེན་པར་བྱ་བ་ཡིན་ནོ། །འདོད་པའི་ལོངས་སྤྱོད་ནི་རྣམ་པ་ལྔ་སྟེ། སོ་སོར་མྱོང་བར་བྱ་བའི་ལོངས་སྤྱོད་
དང་། ཡོངས་སུ་སྲེལ་ན་དགའ་བའི་ལོངས་སྤྱོད་དང་། རྣམ་པར་རྟོག་པའི་ལོངས་སྤྱོད་དང་། གཞན་ལས་ཐོབ་པའི་ལོངས་སྤྱོད་དང་། ལེགས་པར་མ་ཟིན་པའི་ལོངས་སྤྱོད་དོ། །འདོད་པའི་སྐྱོན་ནི་རྣམ་པ་བརྒྱད་དོ། །རོ་མྱོང་བ་ཆུང་བ་དང་། སྡུག་བསྔལ་མང་བ་དང་། ཉེས་དམིགས་

མང་བ་དང་། གཞན་གྱི་གནོད་པ་བྱས་པ་ལས་གྱུར་པའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱིས་ལོངས་སྤྱོད་པའི་རྒྱུ་ཡིན་པ་དང་། ངན་སོང་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། རྣམ་པར་རྟོག་པ་དང་ཀུན་དུ་འཁྲུག་པའི་སྡུག་བསྔལ་གྱི་རྒྱུ་
ཡིན་པ་དང་། ལོངས་སྤྱོད་ཡོངས་སུ་ཟད་པའི་རྒྱུ་ཡིན་པ་དང་། གནས་སུ་གཞག་པ་ཡོངས་སུ་ཟད་པའི་རྒྱུ་ཡིན་པ་དང་། དགེ་བའི་བར་དུ་གཅོད་པའི་རྒྱུ་ཡིན་པའོ། །འདོད་པའི་གཞི་ལས་འགྱུར་བ་རྣམ་པ་དྲུག་སྟེ། གཞན་གྱི་གནོད་པས་འགྱུར་བ་དང་། ཁམས་མ་སྙོམས་པར་འགྱུར་བ་
དང་། སེམས་ཅན་སྡུག་པ་འགྱུར་བ་དང་། ལུས་འགྱུར་བ་དང་། སེམས་འགྱུར་བ་དང་། མི་རྟག་པ་ཉིད་ཀྱིས་འགྱུར་བའོ། །འདོད་པ་རྣམས་ལ་ཆོས་མཐུན་པ་རྣམ་པ་ལྔས་ནགས་ཚལ་གྱི་མིང་དུ་རིག་པར་བྱ་སྟེ། མང་བ་ཉིད་དུ་ཆོས་མཐུན་པ་དང་། སྣ་ཚོགས་ཉིད་དུ་ཆོས་མཐུན་པ་དང་།
སེམས་ཅན་ཉེ་བར་འཚོ་བ་ཉིད་དུ་ཆོས་མཐུན་པ་དང་། གནས་ཉིད་དུ་ཆོས་མཐུན་པ་དང་། འཕེལ་འགྲིབ་ཅན་ཉིད་དུ་ཆོས་མཐུན་པས་སོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ས་གསུམ་གྱི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། དེ་ལ་ཡང་ལ་ལར་རྣམ་པར་གཏན་ལ་དབབ་པའི་
གཞུང་ནི་མི་སྣང་ངོ་།། །།མཉམ་པར་གཞག་པའི་སའི་དབང་དུ་བྱས་ནས་རྣམ་པར་གཏན་ལ་དབབ་པ་ནི། གང་ཟག་གང་དག་གི་སེམས་ཀྱི་རྒྱུད་ཉེ་བའི་ཉོན་མོངས་པའི་རྣམ་པ་དུ་མས་ཉེ་བར་ཉོན་མོངས་པར་གྱུར་པ་དེ་དག་ནི་ལེགས་པ་ཁོ་ནར་སེམས་རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་བའི་སྐལ་
པ་མེད་པ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་རྣམ་པ་དུ་མ་དག་གང་ཞེ་ན། གཡོ་དང་ལྡན་པ་དང་། སྒྱུ་དང་ལྡན་པ་དང་། གྱ་གྱུ་དང་ལྡན་པ་དང་། གཅོམ་སྒྱུ་དང་ལྡན་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། མཉམ་པར་མ་བཞག་པ་དང་།
ཤེས་རབ་འཆལ་པ་དང་། ལྷོད་པ་དང་། མང་པོ་པ་དང་། བླང་བར་བྱ་ལ་ཐོག་མར་འགྲོ་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ་དང་། བསླབ་པ་དག་ལ་ཤས་ཆེར་གུས་པ་མེད་པ་དང་། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་དང་། འཚོ་བའི་བསམ་པས་རབ་ཏུ་བྱུང་ལ་མྱ་ངན་ལས་འདའ་བའི་

བསམ་པས་མ་ཡིན་པ་དག་གོ། །དེ་ལ་ཇི་ལྟར་ན་གཡོ་དང་ལྡན་པ་ཡིན་ཞེ་ན། བདག་ཉིད་སྐྱོན་དང་ལྡན་ཡང་སྟོན་པའི་སྤྱན་སྔའམ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་དྲུང་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗོད་པར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་སྒྱུ་དང་ལྡན་པ་ཡིན་ཞེ་ན། དེ་
ཅི་ནས་ཀྱང་བདག་ཉིད་ཡོན་ཏན་དང་མི་ལྡན་ཡང་ཡོན་ཏན་དང་ལྡན་པར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཡིད་ཆེས་པ་དང་། ངེས་པར་རྟོགས་པར་བྱ་བའི་ཕྱིར། བདག་ཉིད་ཀྱི་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་ཉེ་བར་སྟོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་གྱ་གྱུ་དང་ལྡན་པ་
ཡིན་ཞེ་ན། ལྷག་པའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ཉམས་པའམ། སྤྱོད་པ་ལས་སྤྱོད་པ་ཉམས་པ་ལ་མཐོང་བ་དང་ཐོས་པ་དང་། དོགས་པས་གླེངས་པ་ན། གཏམ་རླུང་སྐུར་བར་བྱེད་ཅིང་གཏམ་གཞན་དུ་སྒྱུར་བར་བྱེད་པ་སྟེ། རྒྱས་པར་འདི་ལྟ་སྟེ། མདོ་ལས་སྒྱུ་དང་གཡོ་
ཉིད་ཀྱི་དབང་དུ་མཛད་ནས་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་ན་གཅོམ་སྒྱུ་དང་ལྡན་པ་ཡིན་ཞེ་ན། འཇིགས་པའམ། ངོ་བྱ་བའམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་གཞན་དག་གི་ཉེས་པ་ཆེན་པོ་རྗོད་པར་མི་བྱེད་གླེང་བར་མི་བྱེད་ཅིང་། བསམ་པ་ཐག་པ་ནས་ནི་མ་ཡིན་པ་དང་། ཚངས་
པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བཅོས་མའི་རྗེས་དང་གུས་པ་དང་། ལུས་དང་ངག་གི་ལས་འཇམ་པོས་ཀུན་དུ་སྤྱོད་པ་ཡིན་ནོ། །ཇི་ལྟར་ན་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཡིན་ཞེ་ན། བདག་ཉིད་དམ་གཞན་དག་ལ་བརྟེན་ཏེ། ངོ་ཚ་མེད་པས་བསམས་བཞིན་དུ་ཉེས་པ་
བྱེད་པ་དང་། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་ཕྱིར་མི་བྱེད་པ་དང་། འཐབ་ཀྲོལ་བྱེད་པ་དང་། མཚང་འདྲུ་བར་བྱེད་པ་དང་། རྩོད་པར་བྱེད་པ་དང་། འགྱེད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་མ་དད་པ་ཡིན་ཞེ་ན། སངས་རྒྱས་དང་ཆོས་དང་། དགེ་འདུན་དག་ལ་དད་པའི་སེམས་མེད་
པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དག་ལ་ཡང་ཡིད་མི་ཆེས་པར་གྱུར་པ་ཡིན་ནོ། །ཇི་ལྟར་ན་ལེ་ལོ་ཅན་ཡིན་ཞེ་ན། དགེ་བའི་ཕྱོགས་སྤངས་ཏེ། གཉིད་ཀྱི་བདེ་བ་དང་། གློས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་བ་ཉམས་སུ་ལེན་

པས་ཉིན་མཚན་ཤས་ཆེར་ཡོལ་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བརྗེད་ངས་པ་ཡིན་ཞེ་ན། བྱས་ནས་ཡུན་རིང་དུ་ལོན་པ་དང་། སྨྲས་ནས་ཡུན་རིང་དུ་ལོན་པ་ཡང་རྗེས་སུ་མི་དྲན་ལ། རྗེས་སུ་དྲན་པར་བྱེད་ཀྱང་མི་ནུས་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྡོམས་པ་དང་།
ཤེས་བཞིན་དུ་མི་གནས་པ་ཡིན་ནོ། །ཇི་ལྟར་ན་མཉམ་པར་མ་བཞག་པ་ཡིན་ཞེ་ན། ཐ་ན་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ཙམ་ཡང་མ་ཐོབ་པ་ཡིན་ནོ། །ཇི་ལྟར་ན་ཤེས་རབ་འཆལ་པ་ཡིན་ཞེ་ན། རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པ་དང་། མི་མཐུན་པར་འཛིན་པ་
དང་། སྨྲ་བ་འདོར་དཀའ་བ་ཡིན་ནོ། །ཇི་ལྟར་ན་ལྷོད་པ་ཡིན་ཞེ་ན། མི་མཁས་པ་དང་། མི་གྲིམས་པ་དང་། སྒྲུབ་མི་མོད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ལུས་ཀྱི་ཞལ་ཏ་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་མང་པོ་ཡོད་པ་ཡིན་ཞེ་ན། ཇི་ལྟར་གནས་
པ་དང་། རབ་ཏུ་བྱུང་བ་རྣམས་དང་འདྲེས་པར་གནས་པ་དང་། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་དང་། སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་ནས། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པའི་བར་དག་ལ་ལན་མང་དུ་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱད་པར་བྱེད་པ་ཡིན་ནོ། །
ཇི་ལྟར་ན་བླང་བར་བྱ་བ་ལ་ཐོག་མར་འགྲོ་བ་ཡིན་ཞེ་ན། དགེ་འདུན་གྱིའམ་གང་ཟག་གི་རྙེད་པ་བླང་བ་འདི་ལྟ་སྟེ། ཆོས་གོས་ལ་སོགས་པ་དང་། དགེ་འདུན་ནམ་གང་ཟག་མགྲོན་དུ་འབོད་པ་ནི་བླང་བར་བྱ་ཞེས་བྱ་སྟེ། དེར་དགེ་སློང་རྣམས་ཀྱི་ཐོག་མར་འགྲོ་བ་ཡིན་ནོ། །ཇི་ལྟར་ན་རབ་
ཏུ་དབེན་པ་ལ་བརྩོན་པ་བཏང་བ་ཡིན་ཞེ་ན། བས་མཐའི་གནས་མལ་དབེན་པ། སྐྱེ་བོ་སྡིག་པ་ཅན་མེད་པ། མི་རྣམས་ཀྱིས་གསང་སྟེ་བསྟེན་པ་ནང་དུ་ཡང་དག་འཇོག་དང་རྗེས་སུ་མཐུན་པ་གང་དག་ཡིན་པ་དེ་དག་ཐག་རིང་དུ་སྤོང་བར་བྱེད་ཅིང་དེ་ལ་འདུན་པ་ཙམ་ཡང་སྐྱེད་པར་མི་བྱེད་པ་ཡིན་ནོ། །
ཇི་ལྟར་ན་བསླབ་པ་དག་ལ་གུས་པ་ཤས་ཆེན་པོ་མེད་པ་ཡིན་ཞེ་ན། ཕོངས་པར་གྱུར་པའི་ཚེ་བསླབ་པ་རྣམས་ཡོངས་སུ་གཏོང་བར་བྱེད་ལ། ལུས་དང་སྲོག་ཡོངས་སུ་གཏོང་བར་ནི་མི་བྱེད་ཅིང་། ལུས་ཀྱི་བདེ་བ་དང་སྲོག་ཆེད་ཆེ་བ་དོན་དུ་གཉེར་ལ། བསླབ་པའི་གཞི་རྣམས་རྗེས་སུ་

བསྲུང་བ་ནི་དོན་དུ་གཉེར་བར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་ཡིན་ཞེ་ན། བསླབ་པ་རྣམས་ཕུལ་ནས་ཉམས་པར་བྱ་བའི་ཕྱིར་འདུག་པར་འདོད་ཅིང་། ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་ཅན་དང་། ནང་རུལ་པ་ནས་རྒྱས་པར་ཚངས་པར་སྤྱོད་པ་མ་ཡིན་
པར་ཚངས་པར་སྤྱོད་པར་ཁས་འཆེ་བའི་བར་ཡིན་ཏེ། དགེ་སྦྱོང་གི་འབྲས་བུ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དོན་དུ་གཉེར་བར་ལྟ་ག་ལ་འགྱུར་བ་ཡིན་ནོ། །ཇི་ལྟར་ན་འཚོ་བའི་བསམ་པས་རབ་ཏུ་བྱུང་ལ། མྱ་ངན་ལས་འདའ་བའི་བསམ་པས་མ་ཡིན་ཞེ་ན། རྒྱལ་
པོས་གཙེས་པས་རབ་ཏུ་བྱུང་བའམ། ཆོམ་རྐུན་པས་གཙེས་པའམ། བུ་ལོན་གྱིས་ཉམ་ཐག་པའམ། འཇིགས་པས་ཉམ་ཐག་པའི་ལོངས་སྤྱོད་རྣམས་ཉམས་པ་ན་འཚོ་བ་མེད་པས་འཇིགས་ཤིང་སྐྲག་པས་རབ་ཏུ་བྱུང་བ་ཡིན་གྱི། བདག་ཉིད་དུལ་བར་བྱ་བའི་ཕྱིར་མ་ཡིན།
བདག་ཉིད་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མ་ཡིན་པའོ། །དེ་ལ་ཉེ་བའི་ཉོན་མོངས་པ་དང་པོ་བཞི་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་འགྲོགས་པ་རྒུད་པ་ལས་བརྩམས་ནས་རྣམ་པར་གཞག་པར་བལྟ་བར་བྱའོ། །ངོ་ཚ་
མེད་པ་དང་། ཁྲེལ་མེད་པ་ནི་ལྷག་པའི་ཚུལ་ཁྲིམས་རྒུད་པ་ལས་བརྩམས་ནས་བལྟ་བར་བྱའོ། །མ་དད་པ་ལ་སོགས་པ་ཤེས་རབ་འཆལ་པའི་མཐར་ཐུག་པའི་བར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ནི་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་རྒུད་པ་ལས་བརྩམས་ནས་བལྟ་བར་བྱ་
སྟེ། དེ་ལ་མ་དད་པ་དང་ལེ་ལོ་དང་ལྡན་པ་ནི་གཉི་ག་རྒུད་པ་ལས་བརྩམས་པ་ཡིན་ནོ། །བརྗེད་ངས་པ་དང་། རྣམ་པར་གཡེང་བ་ནི་ལྷག་པའི་སེམས་རྒུད་པ་འབའ་ཞིག་ལས་བརྩམས་པ་ཡིན་ནོ། །ཤེས་རབ་འཆལ་པ་ནི་ལྷག་པའི་ཤེས་རབ་རྒུད་པ་འབའ་ཞིག་ལས་བརྩམས་པ་
ཡིན་ནོ། །དེ་ལ་མ་དད་པ་དང་ལེ་ལོ་དང་ལྡན་པའི་དབང་དུ་བྱས་ནས། ལྷོད་པ་དང་མང་པོ་པ་དང་། བླང་བར་བྱ་བ་ལ་ཐོག་མར་འགྲོ་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ་རྣམས་བལྟ་བར་བྱའོ། །བརྗེད་ངས་པ་དང་། སེམས་རྣམ་པར་གཡེངས་པ་དང་། ཤེས་རབ་

འཆལ་པའི་དབང་དུ་བྱས་ནས་བསླབ་པ་དག་ལ་ཤས་ཆེར་གུས་པ་མེད་པ་དང་། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་དང་འཚོ་བའི་བསམ་པས་རབ་ཏུ་བྱུང་ལ་མྱ་ངན་ལས་འདའ་བའི་བསམ་པས་མ་ཡིན་པར་བལྟ་བར་བྱའོ། །གང་ཟག་གསུམ་གྱི་ཉེ་བའི་ཉོན་མོངས་པ་ནི་གནས་
གསུམ་ལས་བྱུང་བ་ཡིན་པར་རིག་པར་བྱ་སྟེ། གང་ཟག་གསུམ་གང་ཞེ་ན། ཆོས་འདི་པ་རབ་ཏུ་བྱུང་བ་དང་། འདོད་པ་ལ་ལོངས་སྤྱོད་པ་ཁྱིམ་ན་གནས་པ་དང་། འདི་ལས་ཕྱི་རོལ་པ་རབ་ཏུ་བྱུང་བའོ། །དེ་དག་གི་ཉེ་བའི་ཉོན་མོངས་པ་གནས་གསུམ་ལས་བྱུང་བ་གང་ཞེ་ན། གང་ཟག་དང་
པོའི་ཉེ་བའི་ཉོན་མོངས་པ་ནི་བག་མེད་པ་ལས་བྱུང་བ་ཡིན་ཏེ། དེ་ཡང་རྣམ་པ་གཉིས་ཏེ། ཆོས་གོས་ལ་སོགས་པ་རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་བདག་ཉིད་ལས་བརྩམས་ནས། བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པ་རྗོད་པར་བྱེད་དེ། མིའི་ཆོས་བླ་མ་སྨྲ་བར་བྱེད་པ་དང་། གཞན་ལས་
བརྩམས་ནས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ལུས་དང་ངག་གིས་རྣམ་པར་གནོན་པར་བྱེད། རྣམ་པར་འཚེ་བར་བྱེད། ཐོ་འཚམས་པར་བྱེད། བསྟིང་བར་བྱེད་པའོ། །གང་ཟག་གཉིས་པའི་ཉེ་བའི་ཉོན་མོངས་པ་ནི་འདོད་པ་ལ་ལྷག་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། འདི་
ལྟ་སྟེ། འདོད་པ་ལས་ལྷག་པར་ཞེན་པའི་རྒྱུས་འདོད་པ་ལ་ལོངས་སྤྱོད་པ་ནི་ལུས་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་ལ། ངག་དང་ཡིད་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པའོ། །གང་ཟག་གསུམ་པའི་ཉེ་བའི་ཉོན་མོངས་པ་ནི་ལོག་པར་སྒྲུབ་པ་ལས་བྱུང་བ་ཡིན་པར་བལྟ་བར་བྱ་སྟེ།
དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རབ་ཏུ་དབེན་པ་དང་ལྡན་པ་དང་། འདུ་འཛི་དང་ལྡན་པ་དང་། བསླབ་དང་ལྡན་པའོ། །དེ་ལ་རབ་ཏུ་དབེན་པ་དང་ལྡན་པ་གང་ཞེ་ན། འདི་ལས་ཕྱི་རོལ་པ་ནི་བས་མཐའི་གནས་མལ་དབེན་པར་སོང་བ་ན། སྒྲིབ་པ་ལྔ་པོ་དག་གིས་སེམས་བསྒྲིབས་པ་དང་།
ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་མྱོང་བས་སྡུག་བསྔལ་བར་གནས་པ་དང་། དད་པ་ལ་སོགས་པ་དབང་པོ་ལྔ་དང་བྲལ་བས་ཉོན་མོངས་པའི་གཉེན་པོ་སྤངས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པ་ཅན་དུ་གནས་པ་དང་། སྡུག་བསྔལ་བར་གནས་པ་དང་། དེ་བསལ་བའི་གཉེན་པོ་མེད་

པ་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་རབ་ཏུ་དབེན་པ་དང་ལྡན་པ་ཞེས་བྱའོ། །ཉེ་བའི་ཉོན་མོངས་པ་འདུ་འཛི་དང་ལྡན་པ་གང་ཞེ་ན། ཕན་ཚུན་ལྟ་བ་ལ་འདོད་པ་མི་མཐུན་པ་རྩོད་པས་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་རྣམ་པར་གནས་པ་རྣམས་ཀྱི་ཁྲོ་བ་དང་། ཁོན་དུ་འཛིན་པ་
ནས། རྒྱས་པར་སྒྱུ་དང་གཡོའི་བར་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་འདུ་འཛི་དང་ལྡན་པ་ཞེས་བྱའོ། །ཉེ་བའི་ཉོན་མོངས་པ་བསླབ་པ་དང་ལྡན་པ་གང་ཞེ་ན། བདག་དང་གཞན་ལས་བརྟེན་ཏེ་ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པས་ངོ་ཚ་མེད་པས་ཚུལ་ཁྲིམས་ཉམས་པ་དང་ཚུལ་ཁྲིམས་
འདྲལ་བར་བྱེད་པའི་བར་གང་ཡིན་པ་དེ་ནི་ཉེ་བའི་ཉོན་མོངས་པ་ལྷག་པའི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །འཇིག་རྟེན་པའི་སྙོམས་པར་འཇུག་པས་དམན་པ་བས་བདག་མཐོའོ་སྙམ་པ་དང་། འདྲ་བ་བས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་
ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱའོ། །དགེ་བའི་ཆོས་རྣམས་ལ་ཐོས་པ་ཉུང་བ་དང་ཡོངས་སུ་མི་སྤྱོད་པ་གང་ཡིན་པ་དེ་ནི། དེའི་ཉེ་བའི་ཉོན་མོངས་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན། ཆོས་མ་ཡིན་པ་སྤྱོད་
པ་དང་། ཡ་ང་བར་སྤྱོད་པ་ཞེས་བྱ་སྟེ། མི་དགེ་བའི་དོན་གྱིས་ནི་ཆོས་མ་ཡིན་པ་སྤྱོད་པ་ཡིན་ལ། འབྲས་བུ་མི་འདོད་པའི་དོན་གྱིས་ནི། ཡ་ང་བར་སྤྱོད་པ་ཡིན་ནོ། །རྣལ་འབྱོར་པ་ཟད་པར་གྱི་སྐྱེ་མཆེད་བཅུ་བསྒོམ་པ་ནི་བྱ་བ་ལྔ་བྱེད་པ་ཡིན་ཏེ། ལྔ་གང་ཞེ་ན། ཟད་པར་ས་ལ་སོགས་པ་
ནས་ཟད་པར་དཀར་པོའི་མཐར་ཐུག་པའི་བར་དག་གིས་ནི་སྤྲུལ་པ་དང་དངོས་པོ་བསྒྱུར་བ་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད། ཟད་པར་ནམ་མཁའ་ཡས་སྐྱེ་མཆེད་ཀྱིས་ནི་འོང་བ་དང་འགྲོ་བ་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་ཤེས་མཐའ་
ཡས་སྐྱེ་མཆེད་ཀྱིས་ནི་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གྲུབ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང་། འདུ་ཤེས་མེད་འདུ་ཤེས་

མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་འགྲུབ་པར་འགྱུར་རོ། །དེ་གྲུབ་པའི་རྒྱུས་གནས་པ་མཆོག་གིས་བསྡུས་པ་འདུ་ཤེས་དང་། ཚོར་བ་འགོག་པའི་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་འགྱུར་རོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ནི་ཁྱབ་པའི་
རྣམ་པ་མཐའ་ཡས་པ་དང་། ཚད་མེད་པ་མངོན་པར་འགྲུབ་པར་འགྱུར་བས་དེའི་ཕྱིར་གོང་དུ་ཟད་པར་རྣམ་པར་གཞག་པ་མེད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་ནི། རྣམ་པར་ཐར་པ་རྣམས་ཀྱི་རྣམ་པར་དག་པའི་ལམ་ཡིན་ནོ། །རྣམ་པར་ཐར་པ་
རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཅི་ཙམ་ལས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །སྙོམས་པར་འཇུག་པར་བྱེད་པ་ནི་མདོར་བསྡུ་ན་རྒྱུ་གསུམ་གྱིས་སྙོམས་པར་འཇུག་པའི་རོ་མྱོང་
བར་བྱེད་དེ། སྙོམས་པར་འཇུག་པ་ཐོབ་པ་ལས་ལངས་པ་ནི་གཙང་བ་དང་། འདོད་པ་དང་། སྡུག་པ་དང་། དགའ་བ་དང་ཡིད་དུ་འོང་བ་ལས་ཡང་དག་པར་རྗེས་སུ་དྲན་པས་རོ་མྱོང་བར་བྱེད་དོ། །མ་ཐོབ་པའམ། ཐོབ་པ་མ་འོངས་པ་ལ་ནི་རོ་མྱོང་བ་ཉིད་ཀྱི་དབང་དུ་བྱས་ནས་དོན་དུ་གཉེར་
བ་ནི་མངོན་པར་དགའ་བས་རོ་མྱོང་བར་བྱེད་དོ། །ཐོབ་པ་ནི་གཙང་བ་དང་འདོད་པ་དང་སྡུག་པ་དང་དགའ་བ་དང་། ཡིད་དུ་འོང་བ་རྒྱ་ཆེར་ཀུན་དུ་སྤྱོད་པ་ལས་རོ་མྱོང་བར་བྱེད་དོ། །དེ་ལྟར་ན་གང་ལས་ལངས་པ་དེའི་རོ་མྱོང་བར་བྱེད་པ་དང་། གང་ལ་སྙོམས་པར་ཞུགས་པ་དེ་ལ་རོ་མྱོང་བར་བྱེད་
པ་ཡིན་ཏེ། རོ་མྱང་བ་ཞེས་བྱ་བ་ནི་དེ་ལ་ཀུན་དུ་ཆགས་ཤིང་ལྷག་པར་ཞེན་པ་གང་ཡིན་པའོ། །ས་འོག་མ་པའི་ཆོས་རྣམས་ནི་གོང་མར་སྐྱེས་པ་ལ་ཀུན་དུ་མི་འབྱུང་བར་རིག་པར་བྱའོ། །ས་གོང་མ་པའི་ཆོས་རྣམས་ནི་འོག་མར་སྐྱེས་པ་འདོད་ཆགས་དང་བྲལ་བ་ལ་ཀུན་དུ་འབྱུང་ངོ་། །
འོག་མར་སྐྱེས་པ་འདོད་ཆགས་དང་མ་བྲལ་བ་སེམས་མཉམ་པར་མ་བཞག་པ་ནི་གོང་མ་ལ་སྲེད་པ་སྐྱེད་པར་བྱེད་དེ། སྲེད་པ་དེ་ཡང་འདོད་པ་ན་སྤྱོད་པ་ཡིན་པར་བརྗོད་པར་བྱའོ། །དེ་ཡང་ཉོན་མོངས་པ་ཅན་ཡང་ཡོད། ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡོད་དེ། ཉོན་མོངས་པ་ཅན་གང་

ཞེ་ན། གལ་ཏེ་འདི་སྙམ་དུ་ཀྱེ་མ་བདག་ནི་བདེ་བ་རྒྱ་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱ་ཞིང་། བདག་གིས་དེ་ལ་འདི་ལྟར་རོ་མྱང་བར་ཡང་བྱའོ་སྙམ་པ་དང་། གོང་མར་སྐྱེས་ན་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་ཏུ་ཡང་འགྱུར་རོ་སྙམ་པ་དེ་ལྟ་བུའི་
སེམས་སྐྱེད་པར་བྱེད་པའི་སྲེད་པ་ནི་ཉོན་མོངས་པ་ཅན་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་འདོད་ཆགས་དང་བྲལ་བའི་བསམ་པ་ཁོ་ནས་སེམས་སྐྱེད་པར་བྱེད་ཅིང་། ཞི་བ་དང་ཁྱད་པར་དུ་འཕགས་པའི་ས་གོང་མ་སྒྲུབ་པར་བྱེད་པའི་སྲེད་པ་དེ་ནི། ཉོན་མོངས་པ་ཅན་མ་ཡིན་པར་བརྗོད་པར་
བྱའོ། །ཆོས་རྣམས་ཀྱི་སྤོང་བ་ནི་རྣམ་པ་གསུམ་སྟེ། གཉེན་པོས་སྤོང་པ་དང་། ཀུན་ཏུ་སྤྱོད་པས་སྤོང་བ་དང་། འདོར་བས་སྤོང་བའོ། །དེ་ལ་སྤོང་བ་དང་པོ་ནི་ཉོན་མོངས་པའི་གཞིས་རབ་ཏུ་ཕྱེ་བ་ཡིན་ནོ། །སྤོང་བ་གཉིས་པ་ནི་འདུ་བྱེད་སྐྱེ་ནས་འགག་པས་རབ་ཏུ་ཕྱེ་བ་ཡིན་ནོ། །སྤོང་
བ་གསུམ་པ་ནི་གོང་མར་སྐྱེས་པ་དང་ཕུང་པོའི་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའི་འདུ་བྱེད་ས་འོག་མ་པ་འདུ་བྱེད་ཐམས་ཅད་ཡོངས་སུ་གཏོང་བས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡོངས་སུ་ཉམས་པ་ནི་གསུམ་པོ་འདི་དག་ཡིན་ཏེ་མ་ཐོབ་པའི་ཆོས་ལས་ཡོངས་སུ་ཉམས་པ་དང་། ཐོབ་པའི་ཆོས་ལས་
ཡོངས་སུ་ཉམས་པ་དང་། ཀུན་དུ་བསྟེན་པས་ཡོངས་སུ་ཉམས་པའོ། །འཇིག་རྟེན་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཉེར་བསྡོགས་དག་ལ་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གང་དག་ཡིན་པ་དེ་དག་ནི། གང་སྤང་བ་དང་། གང་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་
སྦྱོར་ཞིང་དེ་དག་ལ་སྐྱོན་དང་ཞི་བར་དམིགས་ཏེ། འོག་མ་ལ་ནི་སྐྱོན་དུའོ། །གོང་མ་ལ་ནི་ཞི་བར་རོ། །ཁྱད་པར་གྱི་ལམ་གང་དག་ཡིན་པ་དེ་དག་ནི་ཁྱབ་པ་ལ་དམིགས་པ་ཡང་ཡིན་ལ། ཟག་པ་མེད་པ་ལ་དམིགས་པ་ཡང་ཡིན་པར་བལྟ་བར་བྱའོ། །ཉེར་བསྡོགས་ཀྱིས་བསྡུས་པའི་ཡིད་
ལ་བྱེད་པ་དྲུག་པོ་མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ནས། སྦྱོར་བ་མཐར་ཐུག་པའི་བར་གང་དག་ཡིན་པ་དེ་དག་ལས་མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །རབ་ཏུ་དབེན་པ་དང་། སྦྱོར་བ་མཐར་ཐུག་པ་གཉིས་ནི་

བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །དགའ་བ་སྡུད་པ་ནི་ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དཔྱོད་པའི་ཡིད་ལ་བྱེད་པ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་རྣམས་ཀྱི་བསམ་གཏན་པའི་ཡུལ་བསམ་
གྱིས་མི་ཁྱབ་ཅེས་བྱ་ཞེ་ན། བསམ་གཏན་པ་རྣམས་ཀྱིས་གང་དང་གང་ཇི་ལྟར་མངོན་པར་འདུ་བྱེད་པ་དེ་དང་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་པ་དེ་ལྟར་སེམས་དེ་ཡོངས་སུ་སྦྱང་བར་བྱས་པས། དེའི་མཐུ་དེ་འདྲ་སྟེ། དེ་ནི་ཆོས་ཉིད་ཡིན་པས་དེའི་ཕྱིར་དེ་ནི་རྟོག་གེའི་ལམ་
གྱིས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཉིས་ཀ་ཡང་དབང་ཐོབ་པའི་བསམ་གཏན་པ་གཉིས་ཀྱིས་དངོས་པོ་བསྒྱུར་བའི་རྫུ་འཕྲུལ་གྱིས་དངོས་པོ་གཅིག་ལ་མོས་པ་བྱས་མ་ཐག་ཏུ་གཉི་གའི་རྫུ་འཕྲུལ་ཐོགས་པར་འགྱུར་ལ། རྫུ་འཕྲུལ་ཆེས་ཆེ་བ་གཞན་ཞིག་གིས་ཟིལ་གྱིས་
མནན་པ་ཡང་མ་ཡིན་པ་ལས་དེའི་འོག་ཏུ་དངོས་པོ་དེ་ཉིད་ལ་གཅིག་གི་རྫུ་འཕྲུལ་ནི་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བ་ལ་ཐོགས་པ་མེད་པར་འཇུག་ལ། ཅིག་ཤོས་ཀྱི་ནི་ཐོགས་པར་འགྱུར་བ་དེ་ལ་རྒྱུ་ཅི་ཡོད་པར་རིག་པར་བྱ་ཞེ་ན། གཉི་ག་ཡང་མྱུར་བར་འདྲ་བ་དང་། སྟོབས་འདྲ་བ་དང་། མཐུ་འདྲ་བ་དང་
རྫུ་འཕྲུལ་མངོན་པར་འདུ་བྱ་བ་དུས་གཅིག་ཏུ་བསྐྱེད་པར་འདྲ་མོད་ཀྱི། མི་འདྲ་བ་མངོན་པར་འདུ་བྱེད་པ་ཡིན་ཏེ། རྫུ་འཕྲུལ་མི་འདྲ་བ་མངོན་པར་འདུ་བྱེད་པ་དེས་ནི་དེ་གཉིས་ཀྱི་རྫུ་འཕྲུལ་གཅིག་ལ་གཅིག་ཐོགས་པར་གྱུར་ཏོ། །དེ་ནས་གཅིག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བདག་
གི་རྫུ་འཕྲུལ་ཐོགས་པར་གྱུར། མལ་བདག་ཉིད་ཏིང་ངེ་འཛིན་ལས་ཡོངས་སུ་ཉམས་པའམ། གཅིག་ཏུ་མ་གྱུར་གྲང་སྙམ་དུ་སེམས་ཤིང་། དེ་ལྟར་བསམ་གཏན་པ་གཅིག་གཞན་ཡིད་ལ་བྱེད་ཅིང་འདུག་གི །ཅིག་ཤོས་ཀྱིས་ནི་ཡིད་བྲེལ་བ་མེད་པར་ཡང་དང་ཡང་དུ་རྫུ་འཕྲུལ་མངོན་
པར་འདུ་བྱ་བ་དེ་ཉིད་བྱས་པས་ན། དེའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ནི་ཐོགས་པ་མེད་པར་འཇུག་གོ། །མཐུ་མི་མཉམ་པ་གཉིས་ཀྱིས་ནི་གང་ཁྱད་པར་དུ་འཕགས་པ་དེའི་འགྲུབ་པར་འགྱུར་རོ། །མཐུ་མཉམ་པ་གཉིས་ཀྱི་ཡང་གང་གིས་སྔར་མོས་པར་བྱས་པ་དེའི་འགྲུབ་པར་འགྱུར་གྱི།

ཅིག་ཤོས་ཀྱིས་ནི་མ་ཡིན་ནོ། །བསམ་གཏན་པ་ནི་བཞི་པོ་འདི་དག་ཡིན་ཏེ། ཉེར་བསྡོགས་ཀྱི་བསམ་གཏན་པ་དང་། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱི་བསམ་གཏན་པ་དང་། དག་པ་འཇིག་རྟེན་པའི་བསམ་གཏན་གྱི་བསམ་གཏན་པ་དང་། འཇིག་རྟེན་ལས་འདས་པའི་བསམ་
གཏན་གྱི་བསམ་གཏན་པའོ། །དེ་ལ་དང་པོ་ནི་ཡིད་ལ་བྱེད་པ་དྲུག་པོ་མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ནས། སྦྱོར་བ་མཐར་ཐུག་པའི་བར་དག་ལ་ཞུགས་པ་ཡིན་པར་བལྟ་བར་བྱའོ། །གཉིས་པ་ནི་སྲེད་པའི་ཤས་ཆེ་བའི་བསམ་གཏན་པ་ནས། ཐེ་ཚོམ་ཤས་ཆེ་བའི་བསམ་
གཏན་པའི་བར་དག་ཡིན་པར་བལྟ་བར་བྱའོ། །གསུམ་པ་ནི་འཇིག་རྟེན་པའི་བསམ་གཏན་ལ་དེ་ལས་གཞན་པའི་དགེ་བ་འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པ་དང་། ཚད་མེད་པ་ཡིད་ལ་བྱེད་པ་དང་། འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་། མངོན་པར་བསྒྲུབ་པ་
དག་གིས་རྣམ་པར་རྩེ་བ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པས་ཡོངས་སུ་ཟིན་པའི་ཚེ་ན་ཡིན་པར་བལྟ་བར་བྱའོ། །བསམ་གཏན་བཞི་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་མཚན་མ་མེད་པ་ཡིན་པས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ། །འདུ་ཤེས་མེད་པའི་
སྙོམས་པར་འཇུག་པ་ནི་གཅིག་ཏུ་ཟད་པ་དང་བཅས་པར་བརྗོད་པར་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཟག་པ་མེད་པར་བརྗོད་པར་བྱ་སྟེ། ཉོན་མོངས་པ་དང་བྲལ་བའི་ཕྱིར་དང་། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་དང་། དམིགས་པ་མེད་པའི་ཕྱིར་དང་། ཉོན་མོངས་པ་
རྣམས་ཀྱིས་མ་བསྐྱེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ནི་ས་མཐོན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་སྤྱད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མངོན་དུ་བྱེད་ཀྱང་
ཐབས་ལ་མཁས་པས་བྱེད་ཀྱི། ཉོན་མོངས་པ་སྤོང་བར་ནི་མི་བྱེད་དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བརྗོད་པར་བྱ་བ་ནི་རྒྱུ་བ་མེད་པ་དང་། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ།། །།བམ་པོ་བཅུ་དགུ་པ། ལུས་སུ་གཏོགས་པའི་དྲན་པའི་མདོ་རྣམ་པར་བཤད་པ་ལས། དགེ་སློང་སེམས་རྣམ་པར་དག་པར་

བྱ་བའི་ཕྱིར་ཞུགས་པའི་ཉེ་བའི་ཉོན་མོངས་པ་ནི་བཞི་སྟེ། ལྟུང་བ་དང་། རྣམ་པར་རྟོག་པ་དང་། ལུས་ལ་མངོན་པར་ཞེན་པ་དང་། ཡུལ་ལ་མངོན་པར་ཞེན་པའོ། །ལྟུང་བ་ནི་འགྱོད་པའི་སྒོ་ནས་ཏིང་ངེ་འཛིན་གྱི་བར་ཆད་བྱེད་དོ། །རྣམ་པར་རྟོག་པ་ནི་སྒོ་གསུམ་
ནས་ཏེ། དགོད་པ་དང་རྩེ་བ་ལས་བརྩམས་ནས་ཡུལ་འདས་པ་རྗེས་སུ་དྲན་པས་རྣམ་པར་གཡེང་བའི་སྒོ་དང་། ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་སྨྲས་པ་དང་། ཉེས་པར་སྤྱད་པའི་ཐོས་པ་དང་། སེམས་ཙམ་ལ་མངོན་པར་དགའ་བས་རྣམ་པར་གཡེང་བའི་སྒོ་དང་།
སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བའི་སྒོ་ནས་སོ། །ལུས་ལ་མངོན་པར་ཞེན་པ་ནི་འཁོར་བས་མི་སྐྱོ་བའི་སྒོ་ནས་སོ། །ཡུལ་ལ་མངོན་པར་ཞེན་པ་ནི་ཡུལ་མ་འོངས་པ་ལ་མངོན་པར་དགའ་བའི་སྒོ་ནས་སོ། །དེ་ལ་ཉེ་བའི་ཉོན་མོངས་པ་དང་པོའི་གཉེན་པོར་ནི་ཡིད་ལ་བྱེད་པ་གཅིག་
བསྒོམ་པར་བྱ་སྟེ། ཤེས་བཞིན་ཡིད་ལ་བྱེད་པའོ། །གཉིས་པའི་གཉེན་པོར་ནི་ཡིད་ལ་བྱེད་པ་གསུམ་བསྒོམ་པར་བྱ་སྟེ། དེ་དང་རྗེས་སུ་མཐུན་པའི་དམིགས་པ་ཡིད་ལ་བྱེད་པ་དང་། དེའི་མཚན་མ་རྟོགས་པས་དེའི་གཉེན་པོའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་དང་། དེའི་གནས་དང་
སེམས་གདུང་བ་ཡིད་ལ་བྱེད་པའོ། །གསུམ་པའི་གཉེན་པོར་ནི་རིལ་པོ་རབ་ཏུ་དབྱེ་བ་ཡིད་ལ་བྱེད་པའོ། །བཞི་པའི་གཉེན་པོར་ནི་མི་སྡུག་པ་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པ་དང་པོ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་པ་ལན་མང་དུ་བྱས་ན་བརྗེད་ངས་པ་སྤོང་བར་འགྱུར་རོ། །གཉིས་
པས་ནི་ལུས་དང་ཡུལ་ལ་མངོན་པར་ཞེན་པ་སད་པར་བྱེད་པ་སྤོང་བར་འགྱུར་རོ། །གསུམ་པས་ནི་ཉེས་པར་མཐོང་བ་ལ་སོགས་པ་ནི་རྣམ་པར་གཡེང་བ་སྤོང་བར་འགྱུར་རོ། །བཞི་པས་ནི་སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བས་སྤོང་བར་འགྱུར་རོ། །ལྔ་པས་ནི་ལུས་ལ་སྡུག་པ་
དང་སེམས་ཅན་དུ་འདུ་ཤེས་པ་སྤོང་བར་འགྱུར་རོ། །དྲུག་པས་ནི་འདོད་ཆགས་རྣམ་པ་བཞི་པོ་ཁ་དོག་དང་། རེག་པ་དང་། དབྱིབས་དང་། ཉེ་བར་སྤྱོད་པའི་འདོད་ཆགས་རྣམས་སྤོང་བར་འགྱུར་ཏེ། དེ་ལྟར་ཡིད་ལ་བྱེད་པ་བསྒོམ་པ་དེ་དག་ལ་བརྟེན་ན། ཉེ་བའི་ཉོན་མོངས་པ་དེ་དག་

སྤོང་བར་འགྱུར་ཞིང་། ཉེར་བསྡོགས་དང་། དངོས་གཞི་དང་བཅས་པའི་ཏིང་ངེ་འཛིན་ཐོབ་པ་དང་། དགའ་བ་དང་བཅས་པ་དང་། དགའ་བ་མེད་ཅིང་བདེ་བ་ལ་མངོན་པར་དགའ་བ་ཡོངས་སུ་དག་པ་ཐོབ་པ་ལས་སེམས་ཏིང་ངེ་འཛིན་དུ་ཡང་འགྱུར་རོ། །དེ་ལྟར་སེམས་མཉམ་པར་གྱུར་
ན། དེའི་འོག་ཏུ་སེམས་ཅན་མི་རྟག་པ་ཉིད་དང་། འདུ་བྱེད་མི་རྟག་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ། །ཇི་ལྟར་ན་སེམས་ཅན་མི་རྟག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་
སེམས་ཅན་རྣམས་མཐོང་ངོ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་ན་འདུ་བྱེད་མི་རྟག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། མ་འོངས་པ་དང་འདས་པ་དང་ད་ལྟར་བྱུང་བ་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལས་སོ། །
ལུས་སུ་གཏོགས་པའི་དྲན་པ་དེ་ནི་གནས་གསུམ་པོ། །ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་ཡོངས་སུ་སྦྱང་བའི་ས་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་ལ་ཡོད་དེ། ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤངས་པའི་
ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་ནོ། །རྒྱུ་གསུམ་གྱིས་ན་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། ཡོངས་སུ་སྦྱངས་པའི་ས་ལས་ཚོགས་ཡོངས་སུ་རྫོགས་
པ་དང་། ཞི་གནས་ཀྱི་སྙིང་པོ་ལ་རོ་མྱོང་བར་མི་བྱེད་པ་དང་མྱ་ངན་ལས་འདས་པ་ལ་དགའ་ཞིང་ཆགས་པ་དང་ལྡན་པའི་སེམས་ལ་ཉོན་མོངས་པའི་མེ་འབྱུང་བའི་གནས་མེད་པས་སོ། །དྲན་པ་ཡོངས་སུ་བསྒོམས་པ་འདིའི་ཚོགས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་
དག་པ་བཞི་སྟེ། གྲོང་ན་འདུག་པ་ལ་འཇིག་རྟེན་གྱི་ཆོས་ཀྱིས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དགོན་པ་ན་འདུག་པ་ལ་དགོན་པས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དགོན་པ་ན་འདུག་པ་ཉིད་ལ་གྲོང་གིས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དེ་

གཉི་ག་ན་འདུག་པ་ལ་འཛག་ནོད་བྱེད་པ་ལ་སོགས་པའི་སྡུག་བསྔལ་དང་དུ་བླང་དགོས་པའི་ཉེ་བའི་ཉོན་མོངས་པ་མེད་པའོ། །ཞི་གནས་ཀྱི་རོ་མྱོང་བར་མི་བྱེད་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་དག་པ་ལྔ་སྟེ། བསམ་གཏན་བཞི་པོ་རྣམ་པར་དག་པ་དང་། ཞི་
བའི་རྣམ་པར་ཐར་པ་རྣམས་སོ། །མྱ་ངན་ལས་འདས་པ་ལ་དགའ་ཞིང་ཆགས་པ་དང་ལྡན་པའི་སེམས་ལ་ཉོན་མོངས་པའི་མེ་འབྱུང་བའི་གནས་མེད་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་དག་པ་དགུ་སྟེ། དང་པོའི་འབྲས་བུ་གསུམ་དང་། མངོན་པར་ཤེས་པ་དྲུག་གོ། །ལུས་སུ་གཏོགས་
པའི་དྲན་པ་དེ་ཡང་ཡོངས་སུ་དག་པ་ལྔས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་མ་བཞག་པའི་ས་ཡོངས་སུ་དག་པ་དང་། མཉམ་པར་བཞག་པའི་ས་ཡོངས་སུ་དག་པ་དང་། བསྡུས་པའི་ས་ཡོངས་སུ་དག་པ་དང་། ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་དང་། ཐུན་མོང་མ་
ཡིན་པའི་འབྲས་བུ་ཡོངས་སུ་དག་པས་སོ། །ལུས་གྱུར་པ་དང་ལྡན་པ་དང་། དེར་གཏོགས་པ་ཡིན་པའི་ཕྱིར། ལུས་སུ་གཏོགས་པའི་དྲན་པ་ཞེས་བྱའོ་ཞེས་གསུངས་ཏེ། གསུས་པོ་ཆེ་ཆེན་པོའི་མདོ་རྣམ་པར་བཤད་པ་ཡིན་ནོ། །རྣམ་པར་གྲོལ་བ་ནི་གཉིས་ཏེ། ཤེས་རབ་
རྣམ་པར་གྲོལ་བ་དང་། སེམས་རྣམ་པར་གྲོལ་བའོ། །དེ་ལ་ཤེས་རབ་རྣམ་པར་གྲོལ་བ་ལས་བརྩམས་ནས་འཇིག་རྟེན་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ནི། འདི་ལྟ་སྟེ། ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ་གཞི་དང་བཅས་པ་རྣམ་པར་གཞག་པ་ལས་རིག་པར་བྱའོ། །ངོ་བོ་ཉིད་
ནི་འདི་ལྟ་སྟེ། ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ་གཞི་དང་བཅས་པ་དེ་ཉིད་ཀྱི་དགེ་བ་དང་མི་དགེ་བ་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ། །སེམས་རྣམ་པར་གྲོལ་བ་ལས་བརྩམས་ནས་སེམས་ཀྱི་ཀུན་ནས་
ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་ཉིད་ནི། འདི་ལྟ་སྟེ་གཟུགས་ལ་སོགས་པ་ཡུལ་འཛིན་པ་དང་རྣམ་པར་རིག་པ་ལས་རིག་པར་བྱའོ། །འཇིག་རྟེན་པའི་ཤེས་རབ་དང་། སེམས་རྣམ་པར་གྲོལ་བ་དེ་ཉིད་ཀྱི་འབྲས་བུ་ནི་འདི་ལྟ་སྟེ། དེ་དང་མཚུངས་པར་ལྡན་ཞིང་འདྲེས་པས་ཀུན་

ནས་ཉོན་མོངས་པའི་རིགས་དམན་པ་ལས་རྣམ་པར་སློང་བ་ལས་རིག་པར་བྱའོ། །ཤེས་རབ་རྣམ་པར་གྲོལ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ནི། འདི་ལྟ་སྟེ། འཇིག་རྟེན་པའི་ཤེས་རབ་དང་། སེམས་རྣམ་པར་གྲོལ་བ་དེ་ཉིད་ལ་
སོགས་པ་ཤེས་བྱ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་དང་སེམས་རྣམ་པར་གྲོལ་བ་དེ་ཉིད་ཀྱི་འབྲས་བུ་ནི། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པའི་རིགས་ཐམས་ཅད་ལས་རྣམ་པར་སློད་པ་ལས་རིག་པར་བྱའོ། །
དེ་ལ་འཇིག་རྟེན་པའི་ཤེས་རབ་གང་ཡིན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་གང་ཡིན་པ་དེ་གཅིག་ཏུ་བསྡུས་པ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་དེའི་རྒྱུ་ནི་འདི་ལྟ་སྟེ། སངས་རྒྱས་འབྱུང་བ་ཡོད་པ་དང་། དམ་པའི་ཆོས་ཉན་པ་དང་། དེ་ཕྱིན་ཅི་མ་ལོག་པར་
ཡིད་ལ་བྱེད་པ་ཡིན་པར་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དེའི་འབྲས་བུའི་མཚན་ཉིད་ནི་འདི་ལྟ་སྟེ། སྔ་ཕྱིར་རྟག་པ་དང་། མི་མཐུན་པ་མེད་པ་ལས་རིག་པར་བྱའོ། །ཆོས་གང་དག་མི་མཐུན་པའི་ཕྱོགས་ཡོད་ཅིང་བྱུང་ན་མི་འབྱུང་ཞིང་འགག་པར་འགྱུར་བ་
དང་། མི་མཐུན་པའི་ཕྱོགས་མེད་ཅིང་འགགས་ནས་འབྱུང་བ་དེ་དག་ནི་མི་མཐུན་པ་དང་བཅས་པ་ཞེས་བྱའོ། །ཆོས་གང་དག་མི་མཐུན་པའི་ཕྱོགས་ཡོད་ཀྱང་རུང་མེད་ཀྱང་རུང་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་སྟེ། དུས་རྟག་ཏུ་ཡོད་པ་དེ་དག་ནི་མི་མཐུན་པ་མེད་པ་ཡིན་པར་རིག་པར་བྱའོ། །དེའི་
འབྲས་བུ་སེམས་རྣམ་པར་གྲོལ་བ་དེའི་དབང་དུ་བྱས་ནས་སྤྱོད་ཡུལ་དང་བཅས་པ་དང་། དེའི་གནས་རྣམ་པར་དག་པ་ནི་འདི་ལྟ་སྟེ་སེམས་རྣམ་པར་དག་པའི་དབང་གིས་དབང་པོ་གཟུགས་ཅན་རྣམས་ཀྱི་སྤྱོད་ཡུལ་ལ་ཀུན་ནས་ཉོན་མོངས་པ་མི་འབྱུང་བ་དང་། དབང་པོ་རྣམས་ཀྱང་རྣམ་པར་
དག་པ་དེའི་རྗེས་སུ་འཇུག་པ་ལས་རིག་པར་བྱའོ། །སེམས་རྣམ་པར་གྲོལ་བ་དེའི་གནས་པ་ནི་འདི་ལྟ་སྟེ། ཚེ་དང་དྲོད་གཅིག་ལ་གཅིག་བརྟེན་ཅིང་གནས་པའི་རྒྱུན་འབྲེལ་པ་ལས་རིག་པར་བྱའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་གྲོལ་བ་རྣམ་པ་གཉི་གའི་

འབྲས་བུའི་ཁྱད་པར་ནི་འདི་ལྟ་སྟེ། ཚོར་བ་གཞི་དང་བཅས་པ་དག་ལ་ཀུན་དུ་རྨོངས་ཤིང་སྲེད་པ་དང་བཅས་པའི་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་འགྲུབ་པ་དང་། ཀུན་དུ་མ་རྨོངས་ཤིང་སྲེད་པ་མེད་པའི་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་མི་འགྲུབ་པ་ལས་རིག་པར་བྱའོ། །
དེ་དང་འདྲེས་ཤིང་མཚུངས་པར་ལྡན་པའི་ཕྱིར། དེ་ལ་བརྟེན་པ་སེམས་ལས་འབྱུང་བའི་ཆོས་རྣམ་པར་དག་པར་རིག་པ་ནི་འདི་ལྟ་སྟེ། ད་ལྟར་གྱི་རྐྱེན་གྱིས་མ་གོས་པ་སྟེ་སོ་སོར་མྱོང་བ་ལས་རིག་པར་བྱའོ། །རྣམ་པར་གྲོལ་བ་དེ་གཉིས་ཀྱི་གནས་པའི་ཁྱད་པར་ནི་འདི་ལྟ་སྟེ། རབ་ཏུ་ཞི་
བ་རྣམ་པ་དྲུག་པོ་རྣམ་པར་དག་པའི་རྣམ་པར་ཤེས་པའི་འཆི་འཕོ་བ་མཉམ་པས་ཡིན་གྱི། དེའི་གནས་མཉམ་པས་ནི་མ་ཡིན་པ་ལས་རིག་པར་བྱ་སྟེ། སྙོམས་པར་འཇུག་པའི་དུས་ན་མངོན་པར་འདུ་བྱ་བ་མེད་པར་སྙོམས་པར་འཇུག་པས་རབ་ཏུ་ཞི་བ་དང་། ལྡང་བའི་དུས་ན་མངོན་པར་
འདུ་བྱ་བ་མེད་པར་ལྡང་བས་རབ་ཏུ་ཞི་བ་དང་། རིམ་གྱིས་ལྡང་བ་དང་། སྙོམས་པར་ཞུགས་པའི་འདུ་བྱེད་པ་རྣམ་པ་གསུམ་འབྱུང་བ་རབ་ཏུ་ཞི་བ་དང་། འདི་ལྟ་སྟེ་དུས་གསུམ་པོ་དགོན་པར་ཚངས་པ་མཚུངས་པར་སྤྱོད་པའི་འདུ་འཛི་ཅན་གྱི་དང་། གྲོང་དུ་ཁྱིམ་པའི་འདུ་འཛི་ཅན་གྱི་དང་།
དེ་གཉིས་ཀར་འདུ་བྱེད་ཀྱི་མཚན་མ་ལ་སྤྱོད་པའི་ཡུན་རིང་པོས་ལྡང་བའི་སེམས་རབ་ཏུ་ཞི་བ་དང་། འདི་ལྟ་སྟེ་དུས་གསུམ་པོ་ཁོ་ན་གཟུགས་ཅན་འཇིག་རྟེན་པའི་སྙོམས་པར་འཇུག་པ་མཆོག་ལས་ལྡང་བ་དང་། གཟུགས་ཅན་མ་ཡིན་པ་འཇིག་རྟེན་པའི་སྙོམས་པར་འཇུག་པ་མཆོག་
ལས་ལྡང་བ་དང་། འཇིག་རྟེན་ལས་འདས་པ་སེམས་དང་བཅས་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་ཕྱིར་དང་། དུས་ཉེ་བས་ལྡང་བའི་སེམས་རབ་ཏུ་ཞི་བས་སོ། །སྙོམས་པར་འཇུག་པ་དེ་དག་ཀྱང་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པ་ཁོ་ན་ལས་འཐོབ་པ་ནི་
མ་ཡིན་གྱི། འོན་ཀྱང་སྔོན་ཐོབ་པ་རྣམས་མངོན་དུ་བྱེད་དོ། །གཉིས་ནི་མཐར་གྱིས་སྙོམས་པར་འཇུག་པ་དང་། དེའི་གོང་ནས་གོང་དུ་སྙོམས་པར་འཇུག་པ་རྣམ་པར་དག་པ་ལས་ཐོབ་པ་ཡིན་ནོ། །གཅིག་ནི་མཐར་གྱིས་སྙོམས་པར་འཇུག་པ་ལས་མ་ཡིན་མོད་ཀྱི། འོན་ཀྱང་

མཚན་མ་མེད་པའི་དབྱིངས་རབ་ཏུ་རྟོགས་པ་དང་། དེའི་གོང་ནས་གོང་དུ་སྙོམས་པར་འཇུག་པ་རྣམ་པར་དག་པ་ལས་སོ། །མཚན་མ་དང་བཅས་པའི་སྙོམས་པར་འཇུག་པའི་སྙོམས་པར་འཇུག་པ་དང་། གནས་པ་དང་ལྡང་བ་ནི་མཚན་མ་དང་བཅས་པའི་ཡིད་ལ་བྱེད་པས་སོ། །མཚན་མ་
མེད་པའི་སྙོམས་པར་འཇུག་པའི་སྙོམས་པར་འཇུག་པ་དང་། གནས་པ་ནི་མཚན་མ་མེད་པས་སོ། །ལྡང་བ་ནི་མཚན་མ་དང་བཅས་པས་རིག་པར་བྱའོ། །ཆོས་ཀྱི་གཞིའི་མདོ་རྣམ་པར་བཤད་པ་ཡིན་ནོ། །ཆོས་མངོན་པ་དང་འདུལ་བ་མངོན་པ་ལ་མཁས་པའི་དགེ་སློང་ངམ། དགེ་
བསྙེན་ཀུན་ཤེས་པ་ལས་བརྩམས་ཏེ། དྲི་བ་འདྲི་བར་འདོད་པས་ནི་རྣམ་པ་བརྒྱད་ཀྱིས་དྲི་བར་བྱ་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཀུན་ཤེས་པའི་གཞི་དང་། ཀུན་ཤེས་པའི་མི་མཐུན་པའི་ཕྱོགས་དང་། ཀུན་ཤེས་པའི་འབྲས་བུ་དང་ཀུན་ཤེས་པའི་ངོ་བོ་ཉིད་དང་། ཀུན་
ཤེས་པའི་འབྲས་བུའི་ཁྱད་པར་དང་། ཀུན་ཤེས་པའི་གནས་དང་། ཀུན་ཤེས་པའི་ཕན་ཡོན་དང་། ཀུན་ཤེས་པ་ཡང་དག་པར་འགྲུབ་པས་སོ། །དེ་ལ་ཀུན་ཤེས་པའི་གཞི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྟེ། ཉེ་བར་བརྟག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཀུན་ཤེས་པའི་མི་
མཐུན་པའི་ཕྱོགས་ནི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང་། ལྟ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་སྲེད་པའི་ཀུན་ནས་ཉོན་མོངས་པ་ནི། ཡང་འབྱུང་བ་འགོག་པ་ལ་མངོན་པར་དགའ་བར་མི་བྱེད་དོ། །ལྟ་བའི་ཀུན་ནས་ཉོན་མོངས་པས་ནི་མངོན་པར་དགའ་ཡང་རྟོགས་པར་མི་
བྱེད་དོ། །དེ་ལ་ཀུན་ཤེས་པའི་འབྲས་བུ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་པོ་གང་ཡིན་པ་དེ་ཉིད་སྤངས་པའོ། །དེ་ལ་ཀུན་ཤེས་པའི་ངོ་བོ་ཉིད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ཡང་འདི་ལས་ཕྱི་རོལ་པའི་ལྟ་བ་ངན་པ་སྣ་ཚོགས་ཀྱི་གཉེན་པོ་ཡིན་ནོ། །འཕགས་
པའི་ལམ་ཡན་ལག་བརྒྱད་པ་དེ་ཡང་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོས་ཕུང་པོ་གསུམ་དུ་རྣམ་པར་གཞག་པ་ཡིན་ཏེ། ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་། འདོད་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་། ལྟ་བའི་ཀུན་ནས་ཉོན་མོངས་

པའི་གཉེན་པོས་སོ། །དེ་ཡང་འཇིག་རྟེན་ལས་འདས་པ་ཡིན་དུ་ཟིན་ཀྱང་འདུས་བྱས་ཡིན་ནོ། །དེ་ལ་ཀུན་ཤེས་པའི་འབྲས་བུའི་ཁྱད་པར་ནི་སྤངས་པ་སྟེ། དེ་ནི་འཇིག་རྟེན་ལས་འདས་པ་དང་འདུས་མ་བྱས་པ་ཡིན་ནོ། །དེ་ལ་ཀུན་ཤེས་པའི་གནས་ནི་ཏིང་ངེ་
འཛིན་ཏེ་དེ་ཡང་རྣམ་པ་བཞིས་རིག་པར་བྱ་སྟེ། རིགས་ལས་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་བསམ་གཏན་གྱི་རིགས་ཡིན་ནོ། །དེ་ལས་གཞན་པའི་བསམ་གཏན་གྱི་ཡན་ལག་བསྟན་པ་ལས་ནི། དེ་ལས་གཞན་པའི་བསམ་གཏན་གྱི་ཡན་ལག་བསྟན་
པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མཚན་ཉིད་དང་། སྐྱེ་བའི་དམིགས་པའི་མཚན་མ་དང་། འགྲུབ་པའི་རྒྱུའི་མཚན་མ་ལས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཀུན་ཤེས་པའི་ཕན་ཡོན་ནི་འགོག་པའི་སྙོམས་པར་འཇུག་པ་གནས་པ་མཆོག་སྟེ། ཀུན་ཤེས་པའི་ཕན་ཡོན་
ཞེས་བྱའོ། །དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། འགོག་པའི་གཞི་དང་། ཞི་བ་དང་། ཚུལ་དང་མཐུན་པ་དང་ཚུལ་དང་མི་མཐུན་པའི་གཟུགས་བརྙན་དང་། སྙོམས་པར་འཇུག་པའི་རྒྱུ་དང་། ལྡང་བའི་རྒྱུ་དང་། ལྡང་བའི་ཕན་ཡོན་ལས་ཀྱང་རིག་པར་བྱའོ། །དེ་ལ་ཀུན་ཤེས་
པ་ཡང་དག་པར་འགྲུབ་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་ཚོར་བ་རྣམ་པ་བརྒྱད་བརྟག་པ་གང་ཡིན་པ་སྟེ། ངོ་བོ་ཉིད་བརྟག་པ་དང་། ཚེ་འདི་ལ་འཇུག་པའི་རྒྱུ་བརྟག་པ་དང་། ཚེ་འདི་ལ་འཇུག་པ་འགག་པའི་རྒྱུ་བརྟག་པ་དང་། ཚེ་ཕྱི་མ་ལ་འཇུག་པའི་རྒྱུ་བརྟག་པ་དང་། ཚེ་ཕྱི་མ་ལ་
འཇུག་པ་འགག་པའི་རྒྱུ་བརྟག་པ་དང་། དེ་གཉི་ག་ལ་འཇུག་པ་དང་། འགག་པའི་རྒྱུ་བརྟག་པ་དང་། འཇུག་པའི་རྒྱུའི་རྒྱུ་བརྟག་པ་དང་། ལྡོག་པའི་རྒྱུའི་རྒྱུ་བརྟག་པའོ། །དེ་ལ་བསམ་གཏན་གྱི་དངོས་གཞི་གཙོ་བོ་ལ་ནི་བདེ་བ་དང་ལྡན་པ་ཡང་གཉེན་པོ་ཡིན་ནོ། །ཉེར་བསྡོགས་
ཐོབ་པའི་མངོན་པར་འབྱུང་བ་ལ་འདུན་པ་དང་ལྡན་པ། སྡུག་བསྔལ་དང་ལྡན་པ་ཡང་གཉེན་པོ་ཡིན་ནོ། །བསམ་གཏན་གྱི་དངོས་གཞི་ཉིད་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཡང་གཉེན་པོ་ཡིན་ཏེ། འཇུག་པའི་རྒྱུ་འགག་པའི་ཕྱིར་ཚོར་བའི་གཞི་ཁོ་ན་ལས་

ཡོངས་སུ་བསྟན་ཏོ། །དེ་ལ་ཚོར་བ་གང་ཅི་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས། ཚོར་བ་གསུམ་ཆར་ཡང་དོན་དམ་པར་ན་སྡུག་བསྔལ་བ་ཡིན་ནོ། །དེ་ལ་མཐུན་པ་ཞེས་བྱ་བ་ནི་གང་ཡོད་ན་གང་གདགས་པ་དེ་ནི་དེ་དང་མཐུན་པ་ཡིན་ནོ། །དེ་ལ་
ཚོར་བ་ཐམས་ཅད་ཀྱང་ཕན་ཚུན་མཐུན་པ་ཡིན་ཏེ། ཐམས་ཅད་ཀྱང་སྡུག་བསྔལ་གྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །དོན་དམ་པ་པའི་སྡུག་བསྔལ་དེ་ཡོད་ན་དེ་མི་ཤེས་པ་ཡང་ཡོད་དོ། །དེ་ཡོད་ན་དེའི་གཉེན་པོར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་ཡོད་དེ། དེ་ཡོད་ན་དེའི་འབྲས་བུ་མྱ་
ངན་ལས་འདས་པ་ཡང་ཡོད་དེ། དེའི་ཕྱིར་ཆོས་དེ་དང་དེ་དག་ནི་ཆོས་དེ་དང་དེ་དག་མཐུན་པ་ཞེས་བྱའོ། །གཉིད་ཀྱི་མདོ་རྣམ་པར་བཤད་པ་ནི་ནང་གི་སེམས་ཀྱི་ཞི་གནས་ལ་རྗེས་སུ་བརྩོན་པའི་དགེ་སློང་གི་ཉེ་བའི་ཉོན་མོངས་པ་དེ་སྤང་བའི་གཉེན་པོ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མུན་པའི་
མཚན་མ་ཡོངས་སུ་སྤང་བ་དང་། ཡང་དག་པར་རབ་ཏུ་གཟུང་བར་བྱ་བ་མཆོག་ཏུ་དགའ་བའི་གནས་དང་མཐུན་པའི་ཆོས་རྣམས་ལ་ཡང་དག་པར་རབ་ཏུ་འཛིན་པར་སྦྱོར་བ་དང་། རིགས་པས་ལྟ་བ་འཇོམས་པ་དང་། ལྟ་བ་སྤྱོད་པ་དང་། ལྟ་བའི་གནས་སྤྱོད་པའོ། །ཉེ་བའི་ཉོན་མོངས་
པ་དེ་སྤངས་པ་ན། ཏིང་ངེ་འཛིན་ཉེ་བར་རྟོག་པ་ནི་ལྔ་ཁོ་ནར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རབ་ཏུ་དབེན་ཞིང་རབ་ཏུ་དབེན་པར་གནས་པ་དང་། ཏིང་ངེ་འཛིན་འགྲུབ་པའི་གཏམ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱི་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་རྣམས་དང་།
ཚངས་པ་མཚུངས་པར་སྤྱོད་པ་ལ་མཁས་པ་རྣམས་ལས་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ་འཐོབ་པར་བཀའ་བློ་བདེ་བ་ཉིད་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་ལ་རོ་མྱང་བ་ཡོངས་སུ་སྤངས་ནས་ཟག་པ་མེད་པའི་རྣམ་པས་ཚུལ་བཞིན་ཡིད་ལ་
བྱེད་པའོ། །ལྷག་པའི་སེམས་ལ་བརྩོན་པའི་དགེ་སློང་གིས་ནི། རྒྱུ་གསུམ་གྱིས་ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ་ཀུན་དུ་འབྱུང་བ་སོ་སོར་བཙལ་བར་བྱ་སྟེ། དམིགས་པ་ཡོངས་སུ་སྤང་བ་དང་། ངོ་བོ་ཉིད་ཡང་དག་པར་སུན་དབྱུང་བ་དང་། ངོ་བོ་ཉིད་ཡོངས་སུ་སྤང་བ་ལས་སོ། །

དེ་ལ་རྒྱུ་གསུམ་གྱིས་ན་ངོ་བོ་ཉིད་ཡོངས་སུ་སྤོང་བར་འགྱུར་ཏེ། གཉེན་པོའི་སྟོབས་དང་ལྡན་པ་དབང་པོ་རྣོན་པོའི་ནི་ལན་ཅིག་གིས་སོ། །གཉེན་པོའི་སྟོབས་དང་མི་ལྡན་པ་དབང་པོ་འབྲིང་གི་ནི་ཆེ་རིམ་ལས་རིམ་གྱིས་སོ། །གཉེན་པོའི་སྟོབས་དང་མི་ལྡན་པ་དབང་
པོ་རྟུལ་པོའི་ནི་རྣམ་པར་རྟོག་པའི་རྒྱུ་ཟང་ཟིང་ལས་ཤས་ཆེར་སྐྱོན་དུ་ཡང་དག་པར་ལྟ་བ་ལས་སོ། །གང་ཟག་གསུམ་གྱི་ཏིང་ངེ་འཛིན་ནི་གསུམ་དུ་རིག་པར་བྱ་སྟེ། ལྷག་པའི་སེམས་ལ་བརྩོན་པའི་ཏིང་ངེ་འཛིན་ནི་སེམས་ཅན་རྣམ་པ་བཞི་པོ་གནོད་པ་བྱེད་པ་རྣམས་དང་། སྡིག་པ་བྱེད་པ་རྣམས་
དང་། དགེ་བ་བྱེད་པ་རྣམས་དང་། ཕན་པ་བྱེད་པའི་སེམས་ཅན་རྣམས་ལ་དམིགས་པ་ཡིན་ནོ། །མཐར་ཐུག་པར་འགྲོ་བ་ལ་བརྩོན་པའི་ཏིང་ངེ་འཛིན་ནི་ཆོས་ལ་དམིགས་པ་ཡིན་ནོ། །མངོན་པར་རྟོགས་པ་ལ་བརྩོན་པའི་ཏིང་ངེ་འཛིན་ནི་ཆོས་ལ་དམིགས་པ་ཁོ་ན་ཡིན་ནོ། །ཆེན་པོ་རྣམ་པ་
གསུམ་གྱིས་ནི་ཏིང་ངེ་འཛིན་ཆེན་པོས་མྱུར་བ་མྱུར་བ་ཁོ་ནར་དེ་བཞིན་ཉིད་རྟོགས་པར་འགྱུར་ཞིང་། རྟོགས་ནས་ཀྱང་ཟག་པ་ཟད་པར་འགྱུར་ཏེ། དམིགས་པ་ཆེན་པོ་དང་མངོན་པར་བརྩོན་པ་ཆེན་པོ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡིད་ལ་བྱེད་པ་ཆེན་པོས་སོ། །དབེན་པ་གཉིས་ནི་མྱུར་བ་
མྱུར་བ་ཁོ་ནར་དེ་བཞིན་ཉིད་རྟོགས་པར་འགྱུར་བ་ཡིན་ཏེ། རྒྱུ་བར་གྱུར་པ་ནི་འདུ་འཛི་ལས་དབེན་པ་དང་། གནས་པར་གྱུར་པ་ན་རྣམ་པར་རྟོག་པ་ངན་པ་ལས་དབེན་པའོ། །ཏིང་ངེ་འཛིན་དང་མི་མཐུན་པའི་ཆོས་ནི་ལྔ་སྟེ། ལྟུང་བ་དང་རྟག་ཏུ་སྦྱོར་བར་མི་བྱེད་པ་དང་། གུས་པར་སྦྱོར་བར་མི་
བྱེད་པ་དང་། ཞུམ་པ་དང་། གཞན་ལས་ཀུན་དུ་གནོད་པ་འབྱུང་བའོ། །དབེན་པ་ན་རྣམ་པ་གསུམ་སྟེ། གནས་པ་དབེན་པ་དང་། ལྟ་བ་དབེན་པ་དང་། ཉན་པ་དབེན་པའོ། །སེམས་རྣམ་པར་སྦྱོང་བ་ལ་ཞུགས་པའི་དགེ་སློང་གི་ཏིང་ངེ་འཛིན་དང་མི་མཐུན་པ་དང་། ཏིང་ངེ་འཛིན་
གྱི་བར་དུ་གཅོད་པའི་སྙིང་ཐག་པའི་སྐྱོན་ནི་ལྔ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་ཁྲོ་བ་དང་། ང་རྒྱལ་དང་། འདོད་པའི་འདོད་ཆགས་དང་། འཇིག་ཚོགས་ལ་ལྟ་བ་དང་། མི་བཟོད་པའོ། །སྙིང་ཐག་པ་ནས་ཏིང་ངེ་འཛིན་གྱི་མཚན་མ་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་ནི་དེ་དག་གི་

གཉེན་པོར་གནས་པ་ཡིན་པས་ན། དེའི་ཕྱིར་སྙིང་ཐག་པའི་སྐྱོན་རྣམས་ཞེས་བྱའོ། །མཚན་མ་ལྔ་གང་ཞེ་ན། ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། དགེ་བ་གང་ཡིན་ཞེས་ཚོལ་བ་དང་། ལུས་དང་ལོངས་སྤྱོད་ལ་མི་ལྟ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སྐྱོན་དང་ཡོན་
ཏན་དུ་ལྟ་བ་དང་། སྦྱོར་བའི་གནོད་པ་བཟོད་པའོ། །དེ་ལ་ཁྲོས་ཤིང་ཁྲོ་བའི་བསམ་པ་དང་ལྡན་པ་ནི་གལ་ཏེ། ཁྱིམ་རྣམས་སུ་རྙེད་པ་དང་། རྙེད་པར་བྱ་བ་མ་རྙེད་དམ། ཆུང་ངུ་འམ་ངན་པའམ། བསྒྱོངས་ཏེ་འམ། གུས་པར་མ་བྱས་པར་རྙེད་པར་གྱུར་ན། དེ་དེས་ཁྲོ་བ་དང་འཁྲུག་
པར་འགྱུར་ཞིང་། གཞི་དེ་ལས་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་སུ་དཔྱོད་པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ། །
དེ་ལ་ང་རྒྱལ་གྱིས་མངོན་པར་ཟིན་ཅིང་ང་རྒྱལ་གྱི་བསམ་པ་དང་ལྡན་པ་ནི་རང་བཞིན་ཉིད་ཀྱིས་ཆོས་རྣམས་ལ་གུས་པ་མ་སྐྱེས་པ་ཡིན་ཏེ། དེ་ནི་སློབ་དཔོན་དང་བླ་མ་དང་སྦྱིན་གནས་རྣམས་ལ། དུས་དུས་སུ་ལུས་འདུད་པར་མི་བྱེད། སེམས་འདུད་པར་མི་བྱེད་ཅིང་། འདི་ལྟ་སྟེ་དགེ་བ་གང་
ཡིན་ཞེས་ཡོངས་སུ་བཙལ་བའི་ཕྱིར་ཡོངས་སུ་ཞུ་བར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད་དེ། དེས་ན་ཏིང་ངེ་འཛིན་བསྒྲུབ་པ་ལས་བརྩམས་པའི་དོན་རྟོགས་པར་མི་འགྱུར་ཞིང་། གཞི་དེ་ལས་རློམ་པ་དང་ལྡན་པའི་རྣམ་པར་རྟོག་པ་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་སུ་དཔྱོད་
པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལ་འདོད་པའི་འདོད་ཆགས་ཀྱིས་ཆགས་ཤིང་འདོད་ཆགས་ཀྱི་བསམ་པ་དང་ལྡན་པ་ནི། ལུས་དང་ལོངས་སྤྱོད་དག་ལ་ཤིན་ཏུ་ལྟ་བ་ཅན་ཡིན་པས་
དེས་ན་དེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་རྣམ་པར་གཡེང་བ་མང་བ་ཡིན་ཏེ། གཞི་དེས་འདོད་པའི་རྣམ་པར་རྟོག་པ་དང་། ཉེ་དུའི་རྣམ་པར་རྟོག་པ་དང་། ཡུལ་གྱི་རྣམ་པར་རྟོག་པ་དང་། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པ་དག་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་

སུ་དཔྱོད་པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ། །དེའི་གཉེན་པོ་མི་སྡུག་པ་དེ་ཡང་མི་སྡུག་པའི་མཚན་ཉིད་གསུམ་དང་ལྡན་པར་རིག་པར་བྱ་སྟེ། མི་གཙང་བའི་མཚན་ཉིད་
དང་། དེ་དང་རྒྱུ་མཐུན་པ་འཛག་པའི་མཚན་ཉིད་དང་། རྟེན་དང་བརྟེན་པ་རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་ཟིན་པའི་རྒྱུས་འཇིག་རྟེན་གྱི་ཆོས་དང་ཕྲད་པ་ན། འདུད་པ་དང་ཁེངས་པ་དག་གིས་གོས་པར་འགྱུར་བས་དེ་ལ་བཏང་སྙོམས་
སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་སྲེད་པ་དང་། ཆགས་པའི་རྒྱུན་གྱིས་བདས་པ་ན། དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །
གཞན་ཡང་དེ་ཉིད་འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་ལས་བྱུང་བའི་རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ལ། རྣམ་པར་རྟོག་པས་ཀུན་དུ་གདུང་བ་དང་རྣམ་པར་གདུང་བར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་
འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་ཡོངས་སུ་ཚོལ་བར་བྱེད་པ་ན་རྣམ་པར་གཡེན་སྤྱོ་བ་དང་། ཡོངས་སུ་གཡོ་བ་སྣ་ཚོགས་ཀྱིས་གནོད་པར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་འཇིག་ཚོགས་ལ་ལྟ་
བའི་རྒྱུ་འཇིག་རྟེན་གྱི་ཆོས་ཀྱི་གནས་མི་རྟག་པའི་རྒྱུ་ཉེ་བར་ལེན་པར་བྱེད་ཅིང་། ལྷག་པར་ཆགས་པར་བྱེད་དེ་གཞི་དེས་མྱ་ངན་ལ་སོགས་པས་གནོད་པར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བའི་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་ས་
འོག་མ་པའི་དྲི་མ་བསལ་བའི་ཕྱིར་དགེ་བ་ལ་བརྩོན་པ་ན་སྦྱོར་བ་དེ་ལ་མི་དགའ་བས། དེའི་མི་མཐུན་པའི་ཕྱོགས་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས