Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 126
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
དུ་མི་བྱེད་པར་གནས་པ་དང་ཞིང་ཡོངས་སུ་དག་པའི་འབྲས་བུ་འཐོབ་བོ། །ས་དགུ་པ་ལ་ནི་སོ་སོ་ཡང་དག་པར་རིག་པ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་འཐོབ་བོ། །ས་བཅུ་པ་ལ་ནི་གཟུངས་ དང་ཏིང་ངེ་འཛིན་དཔག་ཏུ་མེད་པའི་འབྲས་བུ་འཐོབ་བོ། །ཕུང་པོ་རྣམ་པར་གཞག་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། རྣམ་པར་གྲོལ་བའི་ཕུང་པོ་ལྔ་རྣམ་པ་ལྔ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་ རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དེ་ལ་ས་བཅུ་དང་སངས་རྒྱས་ཀྱི་ས་སྟེ། ས་བཅུ་གཅིག་པ་རྣམས་ལ། ས་གང་ལ་ཕུང་པོ་གང་ཐོབ་པར་བསྟན་པ་ནི་ཕུང་པོ་རྣམ་པར་གཞག་པ་ལས་ བརྩམས་ཏེ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་རབ་ཏུ་རྟོགས་ན་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང་། །ཞེས་བྱ་བ་ལ། ས་དང་པོར་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་ཆོས་ཉིད་རབ་ཏུ་རྟོགས་ ནས་ས་གཉིས་པ་འདིར་ཚུལ་ཁྲིམས་ཀྱི་ཕུང་པོ་རབ་ཏུ་སྦྱོང་སྟེ། ས་དང་པོ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཐོབ་པ་ཡོད་མོད་ཀྱི་མ་བསམས་པར་ཉེས་པ་ཕྲ་མོ་དག་འབྱུང་བས་ཚུལ་ཁྲིམས་རྣམ་པར་དག་པ་མ་ཡིན་གྱི། ས་གཉིས་པའི་དུས་ན་ནི་རྨི་ལམ་དུ་ཡང་ཁ་ན་མ་ཐོ་བ་དང་བཅས་ པའི་ལས་བྱེད་པ་མི་རྨི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་སྦྱོང་བར་བཤད་དོ། །ཏིང་འཛིན་ཤེས་རབ་ཕུང་པོ་ནི། །དེ་དག་ཕན་ཆད་རྣམ་སྦྱོང་ངོ་། །ཞེས་བྱ་བ་ལ་དེ་དག་པན་ཆད་ཅེས་བྱ་བ་ནི་ས་དང་པོ་དང་གཉིས་པ་ཕན་ཆད་ས་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་ རྣམས་ལ་ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་གཉིས་རྣམ་པར་སྦྱོང་ངོ་། །དེ་ལ་ཡང་ས་གསུམ་པ་ལ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་རྣམ་པར་སྦྱོང་སྟེ། བསམ་གཏན་དང་ཏིང་ངེ་འཛིན་ཉམས་པ་མེད་པས་ཐོབ་པའི་ཕྱིར་རོ། །ས་བཞི་པ་དང་ལྔ་པ་དང་དྲུག་པ་ ལ་ནི་ཤེས་རབ་ཀྱི་ཕུང་པོ་རྣམ་པར་སྤྱོད་སྟེ། ས་བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་ཤེས་རབ་དང་ལྡན་པ་དང་། ས་ལྔ་པ་ལ་ནི་བདེན་པ་བཞི་བསྒོམ་པའི་ཤེས་རབ་དང་ལྡན་པ་དང་། ས་དྲུག་པ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལུགས་བཞིན་པ་དང་ལུགས་ལས་ བཟློག་པའི་དེ་བཞིན་ཉིད་ལ་བསྒོམ་པའི་ཤེས་རབ་དང་ལྡན་པའི་ཕྱིར་རོ། །རྣམ་གྲོལ་རྣམ་གྲོལ་ཡེ་ཤེས་ཀྱང་། །དེ་ལས་གཞན་དུ་རྣམ་པར་སྦྱོང་། །ཞེས་བྱ་བ་ལ། དེ་ལས་གཞན་པ་ཞེས་བྱ་བ་སྟེ། གོང་དུ་བཤད་པའི་ལས་གཞན་པ་སྟེ། ས་བདུན་པ་དང་བརྒྱད་ པ་དང་དགུ་པ་དང་བཅུ་པ་དང་སངས་རྒྱས་ཀྱི་ས་ལ་ནི་རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་གཉིས་རྣམ་པར་སྦྱོང་ངོ་། །དེ་ལ་ཡང་ས་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་པ་ལ་ནི་རྣམ་པར་གྲོལ་བའི་ཕུང་པོ་རྣམ་པར་སྦྱོང་ངོ་། །སངས་རྒྱས་ ཀྱི་ས་ལ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྦྱོང་ངོ་། །དེ་ལ་ས་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་པ་ལ་ཇི་ལྟར་རྣམ་པར་གྲོལ་བའི་ཕུང་པོ་སྦྱོང་ལ། སངས་རྒྱས་ཀྱི་ས་ལ་ཇི་ལྟར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམ་པར་སྦྱོང་ཞེ་ན། དེའི་ཕྱིར་ སྒྲིབ་པ་རྣམ་པར་གཞིལ་བ་དང་། ཐོགས་པའི་སྒྲིབ་པ་ལས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ས་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་པ་ལ་ནི་འབྲས་བུ་རྣམ་པ་བཞི་ཐོབ་པར་བྱ་བ་ལ་སྒྲིབ་པ་རྣམ་བཞི་དག་ལས་རྣམ་པར་གྲོལ་བའི་ཕུང་པོར་རྣམ་པར་གཞག་གོ། ། དེ་ལ་འབྲས་བུ་བཞི་ནི་གོང་དུ་བཤད་མ་ཐག་པ་རྣམས་ཏེ། ས་བདུན་པ་ལ་མཚན་མ་མེད་པ་ལ་མངོན་པར་འདུ་བྱེད་པ་དང་བཅས་པའི་འབྲས་བུ་ཐོབ་པ་དང་། ས་བརྒྱད་པ་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པའི་འབྲས་བུ་འཐོབ་ཅིང་ཡོངས་སུ་སྦྱོང་བ་དང་། ས་དགུ་ པ་ལ་སེམས་ཅན་ཡོངས་སུ་སྨིན་པའི་འབྲས་བུ་ཐོབ་པ་དང་། ས་བཅུ་པ་ལ་གཟུངས་དང་ཏིང་ངེ་འཛིན་དཔག་ཏུ་མེད་པའི་འབྲས་བུ་འཐོབ་པོ། །འབྲས་བུ་དེ་བཞིའི་སྒྲིབ་པ་ཡང་རྣམ་པ་བཞི་སྟེ། མཚན་མ་ཕྲ་མོ་ཀུན་དུ་རྒྱུ་བར་བྱེད་པ་དང་མཚན་མ་མེད་པ་ཉིད་ལ་ མངོན་པར་འདུ་བྱེད་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མངོན་པར་འདུ་བྱེད་པ་མེད་པ་དང་ཆོས་ཐམས་ཅད་ལ་དབང་མ་ཐོབ་པའོ། །དེ་ལ་ས་བདུན་པ་ལ་མཚན་མ་མེད་པ་ལ་མངོན་པར་འདུ་བྱེད་པ་དང་བཅས་པར་གནས་པས་མཚན་མ་ཕྲ་མོ་ཀུན་དུ་སྒྲིབ་པ་དང་བྲལ་ ལོ། །ས་བརྒྱད་པ་མཚན་མ་མེད་པ་ལ་མངོན་པར་འདུ་བྱེད་པ་མེད་པར་གནས་པས་མཚན་མ་མེད་པ་ལ་མངོན་པར་འདུ་བྱེད་པ་དང་བཅས་པའི་སྒྲིབ་པ་དང་བྲལ་ལོ། །ས་དགུ་པ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་གྲུབ་པས་སེམས་ཅན་གྱི་དོན་ བྱ་བ་ལ་མངོན་པར་འདུ་བྱེད་པ་མེད་པའི་སྒྲིབ་པ་དང་བྲལ་ལོ། །ས་བཅུ་པ་ལ་གཟུངས་དང་ཏིང་ངེ་འཛིན་དཔག་ཏུ་མེད་པ་ཐོབ་པས་ཆོས་ཐམས་ཅད་ལ་དབང་མ་ཐོབ་པའི་སྒྲིབ་པ་དང་བྲལ་ཏེ། དེ་བས་ན་ས་དེ་དག་ལ་ནི་རྣམ་པར་གྲོལ་བའི་ཕུང་པོ་རྣམ་པར་སྦྱོང་བར་ གཞག་གོ། །སངས་རྒྱས་ཀྱི་ས་ལ་ནི་ཐོགས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོར་རྣམ་པར་གཞག་པ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་ས་ཐོབ་པ་དང་། ཤེས་བྱའི་སྒྲིབ་པ་དར་ལས་ཆོད་པ་ཙམ་ཡོད་པ་དང་བྲལ་ནས། ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ ཅད་ལ་ཐོགས་པ་དང་ཆགས་པ་མེད་པར་འཇུག་པའི་ཕྱིར་རོ། །བརྒལ་བ། རྣམ་པར་གྲོལ་བའི་འགོག་པའི་བདེན་པའི་རང་བཞིན་ཡིན་ལ། འགོག་པའི་བདེན་པ་ནི་འདུས་མ་བྱས་པ་ཡིན་པས། འདུས་མ་བྱས་ལ་སྤངས་པ་དང་བཅས་པའི་དོན་མེད་ན་ཇི་ལྟར་འདུས་ མ་བྱས་ཕུང་པོར་རྣམ་པར་གཞག་སྟེ། མངོན་པའི་ཆོས་མཛོད་ལས་ཀྱང་། ཕུང་པོ་འདུས་མ་བྱས་མ་བཤད། དོན་དང་རྨི་ལམ་ཙམ་ཕྱིར་ཞེས་སྨོས་སོ། །ལན་འདུས་མ་བྱས་ནི་ཕུང་པོའི་མཚན་ཉིད་དུ་མི་གཞག་སྟེ། འདི་ལྟར་རྣམ་པར་གྲོལ་བ་ལ་རྒྱ་གར་སྐད་དུ། བི་མུཀྟི་ཞེས་འབྱུང་སྟེ། བི་མུཀྟིའི་དོན་ནི་རྣམ་པ་གཉིས་སུ་འགྲོའོ། །གང་ཞེ་ན་ཉོན་མོངས་པ་སྤངས་པའི་མཚན་ཉིད་ལ་ཡང་བི་མུཀ་ཏི་སྟེ། རྣམ་པར་གྲོལ་བ་ཞེས་བྱ། མོས་པའི་མཚན་ཉིད་ལ་བི་མུག་ཏི་སྟེ། རྣམ་པར་གྲོལ་བ་ཞེས་བྱ་བ་ལས། འདི་སྐབས་སུ་ ནི་རྣམ་པར་གྲོལ་བ་ཞེས་བྱ་བ་མོས་པའི་མཚན་ཉིད་ལ་བྱ་སྟེ། མོས་པའི་མཚན་ཉིད་ནི་འདུས་བྱས་ཡིན་པས། རྣམ་པར་གྲོལ་བའི་ཕུང་པོར་གཞག་པ་ལ་ཉེས་པ་མེད་དོ། །གཞན་དུ་ན་རྣམ་པར་གྲོལ་བ་ཕུང་པོ་འདུས་བྱས་ཀྱི་ཕུང་པོར་བསྡུས་པར་མི་འགྱུར་རོ། །ཐོགས་ པའི་སྒྲིབ་པ་ལས་ནི་སངས་རྒྱས་ཀྱི་ས་ལ་སྟེ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ས་ནི་ཐོགས་པ་དང་བཅས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐོབ་པར་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེས་བྱ་གཞན་དག་གི་ཡེ་ཤེས་ལ་ཐོགས་ པར་བྱེད་པ་སྟེ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ས་ཐོབ་པ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་སྒྲིབ་པ་དར་ལ་ཙམ་གྱིས་ཆོད་པ་དང་བྲལ་ནས། གང་གི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡེ་ཤེས་ཀྱིས་ཀྱང་ཐོགས་ཏེ། དེ་དག་གི་ཡེ་ཤེས་ ཀྱིས་ཀྱང་ཁོང་དུ་ཆུད་པའི་ཤེས་བྱ་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་པས་ན་སངས་རྒྱས་ཀྱི་སའི་དུས་ན་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམ་པར་སྦྱོང་བར་རྣམ་པར་གཞག་གོ། །འགྲུབ་པ་རྣམ་པར་གཞག་པ་ལས་བརྩམས་ཏེ། ཚིགས་སུ་བཅད་པ་གསུམ་མོ་ཞེས་བྱ་བ་ལ། ས་གང་དང་གང་ཐོབ་པར་བྱ་བའི་ཕྱིར་བརྩམས་ཤིང་བརྩལ་བ་ལས་ས་དེ་དང་དེ་འགྲུབ་པའམ། ཐོབ་པའམ་རྫོགས་པར་གྱུར་པ་ལ་འགྲུབ་པ་ཞེས་བྱ་སྟེ། མོས་པ་སྤྱོད་པའི་ས་དང་ས་བཅུ་རྣམས་སུ་ཡོན་ཏན་ཇི་ ཙམ་ཞིག་ནི་གྲུབ། ཇི་ཙམ་ཞིག་མ་གྲུབ་པ་ཕྱེ་སྟེ། བསྟན་པ་ལ་འགྲུབ་པ་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །མ་གྲུབ་པ་དང་གྲུབ་པ་ནི། །ས་རྣམས་ཐམས་ཅད་ཤེས་པར་བྱ། །ཞེས་བྱ་བ་ལ། ས་བཅུ་དང་མོས་པ་སྤྱོད་ པའི་ས་བསྣན་ཏེ། ས་བཅུ་གཅིག་དག་ལ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། མ་གྲུབ་པ་དང་གྲུབ་པའི་སའོ། །དེ་ལ་མོས་པས་སྤྱོད་པའི་ས་ཐམས་ཅད་ནི་མ་གྲུབ་པའི་ས་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་མ་རྟོགས་པས། ས་བཅུ་ལས་ས་འགའ་ཡང་ཁོང་དུ་ཆུད་པ་མེད་པའི་ཕྱིར་མ་གྲུབ་པའི་སར་གཞག་གོ། །ས་དང་པོ་པ་ཡན་ཆད་ས་བཅུ་པ་མན་ཆད་ནི་གྲུབ་པའི་ས་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་ཤིང་སོ་སོའི་ས་གང་ཡིན་པ་མངོན་སུམ་དུ་བྱས་པའི་ཕྱིར་ གྲུབ་པའི་ས་ཞེས་བྱའོ། །གྲུབ་པ་ཡང་ནི་མ་གྲུབ་དང་། །གྲུབ་པར་ཡང་ནི་འདོད་པ་སྟེ། །ཞེས་བྱ་བ་ལ། ས་དང་པོ་ཡན་ཆད་ས་བཅུ་མན་ཆད་གྲུབ་པར་བཤད་པ་ལ་ཡང་རྣམ་པ་གཉིས་སུ་གཞག་སྟེ། གྲུབ་པར་གཞག་པར་འདོད་པ་དང་། མ་གྲུབ་པར་གཞག་པར་ འདོད་པའོ། །དེ་ལ་ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་ནི་མ་གྲུབ་པ་ཞེས་བྱ་སྟེ། བརྩལ་འབད་དང་བཅས་པར་མཚན་མ་མེད་པའི་ལམ་ལ་བསྒོམ་པའི་ཕྱིར་མ་གྲུབ་པའི་ས་ཞེས་བྱའོ། །ས་བརྒྱད་པ་དང་དགུ་པ་དང་བཅུ་པ་རྣམས་ལ་ནི་གྲུབ་པ་ ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷུན་གྱིས་གྲུབ་པར་མཚན་མ་མེད་པའི་ལམ་ལ་གནས་པའི་ཕྱིར་རོ། །དེ་ལ་ས་རྣམས་ལ་གྲུབ་པ་དང་མ་གྲུབ་པ་རྣམ་པ་གཉིས་སུ་བསྟན་པ་ལས། གྲུབ་པ་རྣམས་ཀྱང་ཐབས་གང་གིས་གྲུབ་ཅེ་ན། ཇི་ལྟར་རྣམ་གཞག་ཡིད་བྱེད་ པས། །དེ་ནི་བརྟགས་པར་ཤེས་པ་དང་། །དེ་ཉིད་རྣམ་པར་མི་རྟོག་སྟེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ས་རེ་རེ་ལ། སའི་ཡོན་ཏན་གང་ཡོད་པ་དང་། སའི་སྐྱོན་གང་ཡིན་པ་དང་། ས་དེ་ལ་བསྒོམ་པར་བྱ་བའི་ཆོས་གང་ཡིན་པ་དེ་དག་ཀྱང་སེམས་ལ་གསལ་ བར་སྣང་ལ། ས་གོང་མའི་ཡོན་ཏན་ཅི་འདྲ་བ་དང་། ས་གོང་མ་ཐོབ་པར་བྱ་བའི་ཆོས་གང་ཡིན་པ་དག་ཀྱང་ཡིད་ལ་བྱེད་པ་ནི་ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དཔེར་ན་ས་དང་པོ་གྲུབ་པར་བྱ་བ་ཡང་ས་དང་པོའི་ཡོན་ཏན་དང་། བསྒོམ་པར་བྱ་བ་ དག་ཀྱང་ཡིད་ལ་བྱེད་ལ། ས་གཉིས་པ་ཐོབ་པར་བྱ་བའི་རྒྱུ་ཆོས་རྣམས་ཀྱང་ཡིད་ལ་བྱེད་པ་ནི་ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ས་དང་པོའི་ཡོན་ཏན་ཡིད་ལ་བྱེད་པ་ཡང་དཔེར་ན་ས་དང་པོ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལ་སེམས་ཅན་ དགེ་བའི་རྩ་བ་ཤིན་ཏུ་བསགས་པ་སྤྱད་པ། ཚོགས་ཤིན་ཏུ་བསགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་དང་པོ་ཐོབ་པ་དེས་ས་གཉིས་པ་ཐོབ་པར་བྱ་བའི་རྒྱུ་ཡིད་ལ་བྱེད་པ་ཡང་ས་དང་པོ་ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ ས་དང་པོ་ལ་ཤིན་ཏུ་སྦྱང་བར་བྱས་པ་དེ་ས་གཉིས་པ་ལ་མངོན་པར་མོས་པ་ཡིན་ཏེ། དེའི་སེམས་ཀྱི་བསམ་པ་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན་འདི་ལྟ་སྟེ། དྲང་པོའི་བསམ་པ་དང་། འཇམ་པའི་བསམ་པ་དང་། ལས་སུ་རུང་བའི་བསམ་པ་དང་ཞེས་བྱ་བ་ལ་ སོགས་པ་གསུངས་སོ། །ཡང་ན་ས་རེ་རེའི་དོན་རྟོགས་པར་བྱ་བའི་ཕྱིར་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཇི་ལྟར་བཤད་པ། སེམས་ཤིང་ཡིད་ལ་བྱེད་པ་ནི་ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཇི་ལྟར་རྣམ་པར་ གཞག་པ་ཡིད་ལ་བྱེད་པ་དེའང་བརྟགས་པ་ཙམ་དུ་ཤེས་ཏེ། ཇི་ལྟར་སེམས་ཉིད་ས་རྣམ་པར་གཞག་པ་ལྟ་བུར་སྣང་བར་ཟད་ཀྱི། སེམས་ལས་མ་གཏོགས་པར་ས་ཞེས་བྱ་བའི་དོན་ཕྱི་རོལ་ན་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པ་ནི་བརྟགས་པ་ཙམ་དུ་ཤེས་སོ་ཞེས་བྱའོ། ། དེ་ནས་དེའི་འོག་ཏུ་གཟུང་བའི་ཡུལ་མེད་ན། འཛིན་པའི་སེམས་ཀྱང་ག་ལ་ཞིག་ཡོད་ཅེས་བརྟགས་པ་ཙམ་དུ་ཤེས་པ་དེ་ལ་ཡང་མི་རྟོག་སྟེ། གཟུང་འཛིན་ལ་རྟོག་པ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བསྒོམས་ན་ས་དང་པོ་འཐོབ་པར་འགྱུར་ཏེ། དེ་ནས་ནི་གོང་ དུ་ཡང་། དེ་ནས་འཛིན་གཉིས་རྣམ་གྲོལ་བ། །འཇིག་རྟེན་འདས་པ་བླ་ན་མེད། །རྣམ་པར་མི་རྟོག་དྲི་མེད་པའི། །དེས་ནི་ཡེ་ཤེས་དེ་ཐོབ་བོ། །དེས་ན་གནས་གཞན་འགྱུར་བ་སྟེ། །དང་པོའི་སར་ནི་འདོད་པའོ། །ཞེས་གསུངས་སོ། །ས་གཉིས་པ་ལ་སོགས་ པ་ས་གོང་མ་རྣམས་ལ་ཡང་། ཚུལ་དེ་ལྟར་བསྒོམས་པས་སོ་སོའི་ས་འགྲུབ་པར་རིག་པར་བྱའོ། །བསྒོམ་པ་དང་ནི་འགྲུབ་པ་ཡང་། །ས་རྣམས་ལ་ནི་བསམ་མི་ཁྱབ། །སོ་སོ་རང་གིས་རིག་པ་དང་། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཕྱིར། །ཞེས་བྱ་བ་ལ། ས་དང་པོ་ནས་ས་བཅུ་པ་མན་ཆད་ཀྱི་སོ་སོའི་བསྒོམས་པ་ཡང་བསམ་གྱིས་མི་ཁྱབ། །དེ་དག་བསྒོམ་པས་སའི་མཐར་ཕྱིན་ཏེ། ས་གྲུབ་པ་ཡང་བསམ་གྱིས་མི་ཁྱབ་པས་ན། བསྒོམ་པ་དང་། གྲུབ་པ་གཉིས་ཚིག་གིས་བཤད་ཅིང་གཏན་ལ་དབབ་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། ས་སོ་སོའི་སྒོམ་པ་དང་གྲུབ་པ་གཉིས་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རང་བཞིན་རིག་པར་བྱ་བ་ཡིན་པས། བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་དུ་འབྱུང་བས་ན། བསམ་གྱིས་མི་ཁྱབ་ པ་སྟེ། དེའི་ཕྱིར་སའི་བསྒོམ་པ་དང་། གྲུབ་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱིས་ཀྱང་མི་རྟོགས་ལ། ཚིག་གིས་བཤད་པའི་ཡུལ་ཡང་མ་ཡིན་པས་ན་བསམ་གྱིས་མི་ཁྱབ་པར་གཞག་གོ། །དེའི་ཕྱིར་ས་བཅུ་དང་པོ་བཤད་པ་རྣམ་པར་གྲོལ་བའི་ཟླ་ བས་གསོལ་བ་བཏབ་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་ཕྱོགས་བཅུར་བལྟས་ནས། འཁོར་ཐམས་ཅད་དེ་བས་ཀྱང་དད་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྲ་ལ་ཤེལ་དཀར་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་སྤྱོད་ཡུལ་ མ་ཡིན་ལྟ་བར་དཀའ། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་སྟོང་ཞི་ཞིང་གཉིས་མེད་མི་ཟད་པ། བརྒྱུད་པས་རྣམ་གྲོལ་མཉམ་ཉིད་ཐོབ་ལས་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་ དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །བདེ་གཤེགས་སྤྱོད་ཡུལ་ཞི་ཞིང་ཉེ་བར་ཞི། །སྨྲ་བའི་ལམ་རྣམས་ཀུན་གྱིས་རྫོགས་པར་དཀའ། །དེ་དག་ས་དང་སྤྱོད་པ་དེ་འདྲ་བས། །སྨྲ་བ་དཀའ་ན་ཤེས་པར་ག་ལ་ནུས། །དེ་ནི་བསམས་པས་ སེམས་ལམ་རྣམ་པར་སྤངས། །ཡེ་ཤེས་མངོན་བསྒྲུབས་རྒྱལ་བའི་སྤྱོད་ཡུལ་ཏེ། །ཕུང་པོ་སྐྱེ་མཆེད་ཁམས་ཀྱིས་བརྗོད་པ་མིན། །སེམས་ཀྱིས་མི་ཤེས་ཡིད་ཀྱིས་རྣམ་མ་བརྟགས། །ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་སྨྲ་དཀའ་བལྟ་བར་མི་ནུས་པ། །དེ་ལྟར་ བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །དེ་ལས་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། སྤྱད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན། །ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ། ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་རབ་ཏུ་དགའ་བའི་འགྲུབ་པ་ནི་སྔར་སྨྲས་པའོ་ཞེས་བྱ་བ་ལ། ས་གྲུབ་པའི་དོན་འཆད་དེ། ས་དང་པོ་འགྲུབ་པར་འགྱུར་བ་ཡང་། སྔར་སྨྲས་པ་ལྟ་བུ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བ་དང་། ཆོས་ ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་བ་ལ་བར་དུ་གཅོད་པ་གཟུང་འཛིན་གཉིས་དང་བྲལ་བས་ས་ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ། ས་སོ་སོའི་ཡོན་ཏན་དང་། བསྒོམ་པར་བྱ་བ་ཡིད་ལ་བྱེད་ཅིང་། ས་གོང་མ་འཐོབ་པར་འགྱུར་བ་རྣམས་ལ་ཡང་བསྒོམ་པ་ ནི། ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཡང་ན་ས་རྣམས་ཀྱི་དོན་འཆད་པར་བྱེད་པའི་མིང་དང་ཚིག་དང་ཡི་གེ་ལ་སོགས་པ་ཡིད་ལ་བྱེད་པ་ནི་ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ས་རྣམ་པར་གཞག་པ་དེ་ཡང་། རྟོག་པ་ཙམ་དུ་ཤེས་ པ་དང་། དེ་ཉིད་དུ་དེ་མི་རྟོག་པའི་ཕྱིར་རིག་པར་བྱའོ་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་ཉིད་ལས། རྣམ་པར་གཞག་པ་ལྟ་བུ་སྣང་བར་ཟད་ཀྱི། སེམས་ལས་ལོགས་ཤིག་ན་ས་ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་ཀྱང་རྟོག་ལ། སེམས་ཙམ་དུ་རྟོག་པ་ དེ་ཡང་མ་ཡིན་ཏེ། ཅི་ལ་ཡང་མི་རྟོག་པ་ལ་གནས་ན་འགྲུབ་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ས་རྣམས་ལ་བསྒོམ་པ་དང་། གྲུབ་པ་གཉིས་ཀ་བསམ་གྱིས་མི་ཁྱབ་པ་འདི་ས་ཀུན་ལ་བྱ་སྟེ་ཞེས་བྱ་བ་ལ། སོ་སོར་ཇི་ལྟར་འགྲུབ་པར་འགྱུར་བ་ མདོ་ཙམ་དུ་ནི་གོང་དུ་བཤད་པ་ཡིན་མོད་ཀྱི། ཡང་དག་པར་རེ་རེ་ལ་ཡང་སོ་སོའི་ས་བསྒོམས་པ་ཡང་བསམ་གྱིས་མི་ཁྱབ། ས་འགྲུབ་པ་ཡང་བསམ་གྱིས་མི་ཁྱབ་པས་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱིས་ཀྱང་བསམ་པར་མི་ནུས་ལ་ཚིག་གིས་ཀྱང་གཏན་ལ་དབབ་ ཅིང་བཤད་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཚིག་གིས་བཤད་པར་མི་ནུས་སོ་ཞེ་ན། དེའི་ཕྱིར། འདི་ལྟར་དེ་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་རང་གིས་རིག་པ་དང་། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། གཞན་གྱི་ནི་མ་ཡིན་ནོ་ ཞེས་བྱ་བ་སྨོས་ཏེ། འདི་ལྟར་ས་བསྒོམ་པ་དང་། ས་འགྲུབ་པ་གཉིས་ནི། ས་འཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ས་སོ་སོ་རང་གིས་རིག་པ་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། སོ་སོའི་སྐྱེ་བོ་དང་། ཉན་ ཐོས་དང་རང་སངས་རྒྱས་དག་གི་སྤྱོད་ཡུལ་མ་ཡིན་པས་ན་བསམ་གྱིས་མི་ཁྱབ་པོ། །ས་ལ་རབ་ཏུ་ཞུགས་པའི་མཚན་མ་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་པོ་ཞེས་བྱ་བ་ལ། དཔེར་ན་ཆུ་སྐྱར་གང་ན་སྣང་བ་དེ་ན་ཆུ་ཡོད་པར་བརྟག་པ་དང་། དུད་པའི་མཚན་མ་གང་ན་སྣང་བ་དེ་ན་མེ་ཡོད་པར་རྟག་པ་དེ་བཞིན་དུ། མཚན་མ་དང་རྟགས་ཇི་ལྟ་བུ་དག་སྣང་ན་ས་ཐོབ་བོ་ཞེས་བརྟགས་པ་ནི་ས་རབ་ཏུ་ཞུགས་པའི་མཚན་མ་རྣམ་པར་དབྱེ་བ་ཞེས་བྱ་སྟེ། དོན་དུ་ན་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ ལ་མཚན་མ་རྣམ་པ་བཅུ་སྟེ། མཚན་མ་རྣམ་པ་བཅུ་སྣང་བ་དང་ས་ལ་ཞུགས་པ་ཡིན་པར་ཤེས་པར་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །དེ་ལ་གོང་དུ་སྙིང་རྗེ་བ་དང་། ལེགས་པར་སྨྲ་བ་ལ་སོགས་པའི་སྐབས་སུ་ཡང་མཚན་མ་བཤད་ན་དེར་ མཚན་མ་བཤད་པ་དང་ད་འདིར་མཚན་མ་བཤད་པར་བྱེ་བྲག་ཅི་ཡོད་ཅེ་ན། གོང་དུ་ནི་སར་ཞུགས་པ་དང་། མ་ཞུགས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་སྤྱིའི་མཚན་མར་བཤད་དོ། །འདིར་ནི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་བཤད་དེ་ བྱེ་བྲག་ནི་དེ་ཡོད་དོ། །ལྷག་པར་མོས་པ་ཐམས་ཅད་དུ། །ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་མཚན་མ་ནི་འདི་ལྟ་སྟེ། ས་གང་ལ་མ་ཞུགས་ཤིང་གང་ལ་མ་ཐོབ་པ་ལ་ནི་ས་དེ་ཐོབ་པར་བྱ་བའི་ཕྱིར་མོས་པ་དང་། དད་པ་དང་། འདོད་ པ་སྐྱེའོ། །སྣང་བར་བཅས་པའི་མཚན་མར་འདོད། །ཅེས་བྱ་བ་ལ། ས་གང་ལ་བཞུགས་ཏེ་ས་ཐོབ་པར་གྱུར་པའི་ས་དེ་ལ་སྣང་བ་དང་བཅས་ཞེས་བྱ་བ་ནི་བདག་གིས་ཐོབ་པའི་སའི་སྤང་བ་དང་བླང་བ་དང་། བསྒོམ་པར་བྱ་བའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ སེམས་ལ་གསལ་བར་སྣང་སྟེ། ཤེས་རབ་ཀྱིས་གསལ་བར་མཐོང་ངོ་ཞེས་བྱ་བའི་དོན་ཏེ། འདི་ནི་མཚན་མ་རྣམ་པ་གཅིག་གོ། །དོན་དུ་ན་ས་དང་པོ་ཐོབ་པ་དང་། ས་དང་པོའི་སྤང་བ་དང་བླང་བ་དང་། བསྒོམ་པའི་ཆོས་རྣམས་ནི་སེམས་ལ་གསལ་བར་སྣང་ལ། མ་ ཐོབ་པའི་ས་གཉིས་པ་ཐོབ་པར་བྱ་བའི་ཕྱིར་ནི་མོས་པ་དང་དད་པ་དང་འདོད་པ་སྐྱེ་སྟེ། དེ་ལྟ་བུའི་མཚན་མ་བྱུང་ན་ས་དང་པོ་ཐོབ་ཟིན་པར་རིག་པར་བྱ་སྟེ། ས་གཉིས་པ་ལ་སོགས་པ་གོང་མ་ལ་ཡང་དེ་བཞིན་དུ་སྦྱར་རོ། །མ་ཞུམ་པ་དང་ཞེས་བྱ་བ་ལ། ནམ་ས་ཐོབ་པར་གྱུར་ན་ས་ དང་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ་སྐྲག་པ་དང་ཞུམ་པའི་སེམས་མི་སྐྱེ་སྟེ། འདི་ནི་མཚན་མ་གཉིས་པའོ། །དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པ་བསྒོམ་པ་ཟབ་པ་ཞེས་བྱའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་སྟོན་པས་རྒྱ་ཆེ་བ་ཞེས་བྱའོ། །སྐྱེ་བ་མེད་ཅེས་བྱ་བ་ལ། སར་ཞུགས་པ་དང་བདག་དང་གཞན་གྱི་དོན་དུ་གྲང་བ་དང་ཚ་བ་དང་། བཀྲེས་པ་དང་སྐོམ་པ་དང་། མགོ་དང་རྐང་ལག་ལ་སོགས་པ་གཏོང་བའི་དཀའ་ བར་སྤྱོད་པ་སྡུག་བསྔལ་སྣ་ཚོགས་འབྱུང་ཡང་སྐྱོ་བའི་སེམས་མི་སྐྱེ་ཞིང་སེམས་ལྡོག་པར་མི་བྱེད་པར་འགྱུར་ཏེ། འདི་ནི་མཚན་མ་གསུམ་པའོ། །གཞན་དྲིང་མི་འཇོག་བདག་ཉིད་དོ། །ཞེས་བྱ་བ་ལ། བདག་ཉིད་ཅེས་བྱ་བ་ནི་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ སྟོབས་ཀྱིས་མངོན་སུམ་དུ་བྱས་ཤིང་། རྟོགས་པར་བྱས་ཟིན་པའི་ས་ལ་བྱ་སྟེ། རང་གིས་ཐོབ་ཟིན་པའི་ས་ལ་ནི་གཞན་གྱི་དྲིང་མི་འཇོག་གི །ཅིའི་ཕྱིར་ཞེ་ན། ས་དེ་བདག་གིས་མངོན་སུམ་དུ་བྱས་མ་ཟིན་པས། ད་དེ་མངོན་སུམ་དུ་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་ བརྟེན་མི་དགོས་ཏེ་འདི་ནི་མཚན་མ་བཞི་པའོ། །རབ་ཏུ་རྟོགས་པ་ཐམས་ཅད་དུ། །ཞེས་བྱ་བ་ལ། ས་ལ་ཞུགས་ཀྱང་ས་གང་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར། དེ་ཐོབ་པར་བྱ་བའི་ཐབས་རྟོགས་ཤིང་། ས་དེ་འགྲུབ་པར་བྱ་བའི་ཐབས་ལ་མཁས་པར་འགྱུར་ཏེ། དཔེར་ན་ས་དང་པོ་རྟོགས་ཤིང་ཁོང་དུ་ཆུད་ན་ལྷག་མ་མ་ཐོབ་པ་རྣམས་ཐོབ་པར་བྱ་བ་ལ་ཡང་མཁས་པར་འགྱུར་རོ། །དེ་བས་ན་ས་བཅུ་པ་ས་དང་པོ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ས་དང་པོར་ཆོས་ཀྱི་དབྱིངས་སུ་རྟོགས་ན། ས་ཐམས་ཅད་ཀྱང་རྟོགས་པར་འགྱུར་ཏེ། ཇི་ལྟར་རྟོགས་པར་འགྱུར་ཞེ་ན། རྣམ་པར་མི་རྟོག་པའི་རྗེས་ལས་བྱུང་བའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ས་ལྷག་མ་རྣམས་འགྲུབ་པར་འགྱུར་བའི་ཐབས་ཤེས་པས་ན་རྟོགས་པར་འགྱུར་ཏེ། འདི་ནི་མཚན་མ་ལྔ་པའོ། །དེ་བཞིན་དུ་ས་ ལྷག་མ་རྣམས་ལ་ཡང་སྦྱར་རོ། །དེ་བས་ན་ས་དང་པོ་ལས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཡོངས་སུ་སྦྱང་བ་བྱས་པ་དེ་གཉིས་ལ་མངོན་པར་མོས་པ་ཡིན་ཏེ། དེའི་སེམས་ཀྱི་བསམ་ པ་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན་འདི་ལྟ་སྟེ། དྲང་པོའི་བསམ་པ་དང་། འཇམ་པའི་བསམ་པ་དང་ལས་སུ་རུང་བའི་བསམ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་གཉིས་པ་ནས་གསུམ་པར་འཇུག་པའི་ཐབས་ཀྱང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་ པ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་བསམ་པ་ཤིན་ཏུ་སྦྱངས་པ་ནི་ས་གསུམ་པ་ཡོངས་སུ་གནོན་ཏེ། དེ་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་བཅུས་ཡོངས་སུ་གནོན་ཏོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དག་པའི་བསམ་པ་ཡིད་ལ་བྱ་བ་ དང་། མི་གཡོ་བའི་སེམས་ཀྱི་བསམ་པ་ཡིད་ལ་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཀུན་དུ་མཉམ་པའི་སེམས་ཉིད་དང་། །ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའ་རྣམས་ནི་གང་ཟག་ དང་ཆོས་ལ་བདག་མེད་པར་རྟོགས་པས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་ཁོང་དུ་ཆུད་པའི་ཕྱིར། བདག་དང་སེམས་ཅན་ཞེས་བྱ་བ་ཐ་དད་པར་མི་བྱེད་ཀྱི་སེམས་ཅན་ཐམས་ཅད་གང་ཡིན་པ་བདག་ཀྱང་དེ་ཡིན་ལ། བདག་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱང་དེ་ ཡིན་ནོ་ཞེས་བདག་དང་སེམས་ཅན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་སྟེ། དེ་ནི་མཚན་མ་རྣམ་པ་དྲུག་པའོ། །མི་བཀྲི་ཞེས་བྱ་བ་ལ། མི་བཀྲི་ཞེས་བྱ་བའི་དོན་ནི་མི་འགྱུར་ཞེ་འམ། དབང་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ས་ལ་ཞུགས་པའི་བྱང་ཆུབ་ སེམས་དཔའ་རྣམས་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པས་ཆོས་ཀུན་སྟོང་པར་ཁོང་དུ་ཆུད་པའི་ཕྱིར། གང་ལ་ཡང་ཆགས་པ་མེད་ཅི་ལ་ཡང་ཞེ་སྡང་མེད་པ་དེ། དེ་བས་ན་བསྔགས་པ་ དང་བསྔགས་པ་མ་ཡིན་པ་དང་། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་གང་བྱུང་བ་དེ་དག་གིས་མི་བསྐྱོད། དེ་དག་གིས་སེམས་བསྒྱུར་བར་མི་ནུས་ཏེ། བསྔགས་ན་ཡང་འགྱིང་བའི་བསམ་པ་མི་སྐྱེ། བསྔགས་པ་མ་ཡིན་པ་སྨྲས་ན་ཡང་སྲོ་ཤི་བའི་བསམ་པ་མི་སྐྱེ་བས་ན་ མི་བཀྲི་བ་ཞེས་བྱ་སྟེ་འདི་ནི་མཚན་མ་བདུན་པའོ། །དེ་ལ་བསྔགས་པ་ནི་ཡོན་ཏན་བརྗོད་པའོ། །བསྔགས་པ་མ་ཡིན་པ་ནི་སྨད་ཅིང་སྐྱོན་བརྗོད་པའོ། །མ་ཆགས་པ་དང་ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པས། བརྒྱ་བྱིན་དང་ཚངས་པ་དང་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལོངས་སྤྱོད་ལ་ཡང་མི་གཙང་བ་ལྟ་བུར་རྟོགས་ནས། དེ་དག་ལ་ཀུན་སྤངས་ཏེ། རབ་ཏུ་འབྱུང་བར་བྱེད་པས་ན། མ་ཆགས་པ་ཞེས་བྱ་སྟེ། འདི་ནི་ མཚན་མ་བརྒྱད་པའོ། །ཐབས་ཤེས་ཏེ་ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་ཐབས་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་ལྡན་པས་ཐབས་ཤེས་པ་ཞེས་བྱ་སྟེ། འདི་ནི་མཚན་མ་དགུ་པའོ། །རྣམ་པར་མི་ རྟོག་པའི་ཡེ་ཤེས་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་ཐབས་ཡིན་པར་ཅི་མངོན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱ་བར་འདོད་ན། མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་ན་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་དུ་ཡང་སྐྱེ་བའོ། །ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་ནི་སྨོན་ལམ་གྱི་དབང་གིས་སངས་རྒྱས་མེད་པའི་ཏིང་ངེ་འཛིན་གྱི་ཁམས་སུ་སྐྱེ་བ་ལས་མ་གཏོགས་ པར་གར་སྐྱེས་གར་སྐྱེས་ཀྱང་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་སྟེ། འདི་ནི་མཚན་མ་བཅུ་པའོ། །དེ་བས་ན་ས་བཅུ་པའི་ས་དང་པོ་ལས་ཀྱང་བདག་ཤི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ གང་དང་མི་འབྲལ་བར་འགྱུར་རོ་ཞེས། དེའི་ཕྱིར་དེ་ལ་ངན་སོང་གི་འཇིགས་པ་མེད་དོ། །ཞེས་གསུངས་སོ། །ཐབས་ལ་མཁས་པ་ནི་མི་དམིགས་པས་སངས་རྒྱས་སུ་འགྲུབ་པའི་ཐབས་སུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ལ། སངས་རྒྱས་སུ་འགྲུབ་ པའི་ཐབས་ནི་མི་དམིགས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་ཤེས་ནས་ས་ཐམས་ཅད་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ནི་ཐབས་ལ་མཁས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ལ། ཕ་རོལ་ཏུ་ཕྱིན་ པ་ཐོབ་པའི་མཚན་མ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་མ་བཅུ་འབྱུང་བར་མ་ཟད་ཀྱི། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ས་རེ་རེར་ཕ་རོལ་ཏུ་ཕྱིན་པ་བཅུ་བཅུ་ འཐོབ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་འཐོབ་པའི་མཚན་མ་བཅུ་དྲུག་འབྱུང་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ས་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་རེ་རེ་རྫོགས་ཏེ། ཕ་རོལ་ཏུ་ཕྱིན་པ་རེ་རེ་རྫོགས་པའི་མཚན་མ་བཅུ་དྲུག་ འབྱུང་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ། །ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་བཅུ་དྲུག་གི་དོན་བཤད་པ་ཡང་རྣམ་པ་གཉིས་ཏེ། བསྡུས་ཏེ་སྤྱིར་བསྟན་པ་དང་། སྤྲོས་ཏེ་རྒྱས་པར་བཤད་པའོ། །འདོད་མེད་མ་ཡིན་ཞེས་ བྱ་བ་ལ། ས་ལ་ཞུགས་ཕན་ཆད་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབ་པ་ལ། འདོད་པ་དང་མོས་པ་དང་བྲལ་བ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྒྲུབ་པ་ལ། འདོད་པ་དང་མོས་པའི་ཤས་ཆེར་ཡོད་པ་ནི། འདོད་མེད་མ་ཡིན་པ་ཞེས་བྱ་སྟེ། འདིས་ནི་བསྡུས་ ཏེ་སྤྱིར་བསྟན་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་མོས་པ་དང་བྲལ་བ་མ་ཡིན་པར་སྤྲོས་ཏེ། རྒྱས་པར་བཤད་པའི་ཕྱིར། ཆགས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལུས་དང་ལོངས་སྤྱོད་ལ་ཞེན་ཅིང་གཏོང་མི་ཕོད་པ་ནི་ཆགས་པ་ཞེས་བྱ་སྟེ། ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་གཞན་དུ་མཉམ་པ་ཉིད་ཐོབ་པས་ཕྱི་ནང་གི་དངོས་པོ་ཐམས་ཅད་སེམས་ཅན་ལ་ཡོངས་སུ་གཏོང་བར་བྱེད་དེ། དེ་བས་ན་སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་མེད་པའི་ཕྱིར་ཆགས་པ་མེད་ཅེས་བྱའོ། ། དེའི་ཕྱིར་ས་དང་པོ་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། དེ་བས་ན་ས་དང་པོ་ལས། དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་ནོ་ཞེས་གསུངས་ སོ། །འཁུ་བའི་སེམས་མེད་ཅེས་བྱ་བ་ལ། སེམས་ཅན་རྣམས་ཀྱི་སྲོག་གཅོད་པ་དང་ནོར་ལ་མ་བྱིན་པར་ལེན་པ་ལ་སོགས་པ་མི་དགེ་བ་བཅུ་སྤྱོད་པ་ནི་འཁུ་བའི་སེམས་ཞེས་བྱ་སྟེ། ས་གཉིས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྨི་ ལམ་དུ་ཡང་མི་དགེ་བ་བཅུ་སྤྱོད་པ་མི་རྨི་པས། འཁུ་བའི་སེམས་མེད་པ་ཞེས་བྱའོ། །དེ་བས་ན་ས་གཉིས་པ་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། དེ་བས་ན་ས་གཉིས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་དེ་ལྟར་ཚུལ་བཞིན་དུ་ཅི་ནུས་སུ་མི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཁྲོ་མེད་ཅེས་བྱ་བ་ལ། གཞན་གྱི་སྲོག་དང་ལོངས་སྤྱོད་ལ་སོགས་པ་ལ་གནོད་པ་བྱས་ན། ཞེ་སྡང་གི་བསམ་ པས་སླར་ཡང་གནོད་པ་བྱ་བར་སེམས་པའམ། གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་མྱོང་ན་མི་བཟོད་པའི་སེམས་སྐྱེ་བ་ནི་ཁྲོ་བ་ཞེས་བྱའོ། །ས་གསུམ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་ནི་མི་མཐུན་ པའི་ཕྱོགས་སེམས་ཅན་གྱིས་གནོད་པ་བྱས་ཀྱང་སླར་གནོད་པའི་ལན་གླན་པའི་བསམ་པ་མེད་པ་དང་། བདག་དང་གཞན་གྱི་དོན་དུ་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་མྱོང་ཡང་བཟོད་ཅིང་ཉམས་སུ་ལེན་པས་ཁྲོ་བ་མེད་པ་ཞེས་བྱ་སྟེ། དེ་བས་ན་ ས་གསུམ་པ་འདི་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ནོ། །དེའི་ཕྱིར་ས་གསུམ་པ་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་མི་སྒྲུབ་པ་མ་ཡིན་ནོ་ཞེས་ གསུངས་སོ། །ལེ་ལོ་མེད་ཅེས་བྱ་བ་ལ། ཉལ་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བར་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་ཆོས་རྒྱུན་དུ་མི་སྒོམ་པ་ནི་ལེ་ལོ་ཞེས་བྱའོ། །ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་བརྩོན་ འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལེ་ལོ་སྤངས་ནས་བྱང་ཆུབ་ཀྱི་ཆོས་ལ་རྒྱུན་དུ་སྒོམ་པར་བྱེད་པས་ན་ལེ་ལོ་མེད་པ་ཞེས་བྱ་སྟེ། དེ་བས་ན་ས་བཞི་པ་འདི་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ནོ། །དེའི་ཕྱིར་ས་བཞི་པ་ཉིད་ལས། ཕ་རོལ་ཏུ་ ཕྱིན་པ་བཅུ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་ནོ་ཞེས་གསུངས་སོ། །བྱམས་པ་དང་སྙིང་རྗེ་བསམ་པས་ཞེས་པ་ལ། བསམ་གཏན་བཞི་དག་ལ་ ལྷག་པར་ཚད་མེད་པ་བཞི་དང་ལྡན་པས་བསམ་གཏན་བཞི་དང་ལྡན་པ་རྣམས་ནི་བྱམས་པ་དང་སྙིང་རྗེའི་བསམ་པ་དང་ལྡན་པ་ཞེས་བྱའོ། །ས་ལྔ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པ་ཡིན་པས་ན། བྱམས་ པ་དང་སྙིང་རྗེའི་བསམ་པ་དང་ལྡན་པ་ཞེས་བྱ་སྟེ། དེ་བས་ན་ས་འདི་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ནོ། །དེའི་ཕྱིར་ས་ལྔ་པ་ཉིད་ལས། དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་པ་ལས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་ རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་མི་སྒྲུབ་པ་མ་ཡིན་ནོ་ཞེས་གསུངས་སོ། །བློ་ལོག་མི་རྟོག་དང་རྣམ་རྟོག་མི་འཕྲོགས་པ་ཞེས་བྱ་བ་ལ། རྟག་པ་དང་གཙང་བ་དང་བདག་ལ་སོགས་པ་ཡོད་པར་འཛིན་པ་ནི་བློ་ལོག་པ་ཞེས་བྱའོ། །ཆོས་རྣམས་ཀྱི་རང་གི་མཚན་ ཉིད་ལ་སེམས་པ་ནི་རྟོག་པ་ཞེས་བྱའོ། །རྟག་གོ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་ཀྱི་ཁྱད་པར་དང་། སྤྱིའི་མཚན་ཉིད་ལ་སེམས་པ་ནི་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཡང་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་པའི་རྟེན་ ཅིང་འབྲེལ་ཏེ་འབྱུང་བ་ལ་ནག་པོའི་ཕྱོགས་སུ་རྟོག་པ་ནི་རྟོག་པ་ཞེས་བྱའོ། །མ་རིག་པ་འགགས་པས་འདུ་བྱེད་འགག་པ་ལ་སོགས་པ་ལུགས་ལས་བཟློག་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་དཀར་པོའི་ཕྱོགས་སུ་རྟོག་པ་ནི་རྣམ་པར་རྟོག་པ་ཞེས་བྱའོ། །ས་ དྲུག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་རོ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པས་ན། དེ་དག་ལ་རྟག་པ་དང་བདེ་བ་ལ་སོགས་པར་རྟོག་པ་མེད་པའི་ཕྱིར། བློ་ལོག་པ་མེད་པ་ཞེས་བྱ་བའོ། །ལུགས་བཞིན་པའི་ རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། ལུགས་ལས་བཟློག་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཉིས་ཀ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རྟོགས་པས་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་སུ་མི་རྟོག་པའི་ཕྱིར་རྟོག་པ་དང་རྣམ་པར་རྟོག་པས་མི་འཕྲོགས་པ་ཞེས་བྱ་སྟེ། དེ་ བས་ན་ས་དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ནོ། །དེའི་ཕྱིར་ས་དྲུག་པ་ཉིད་ལས་ཀྱང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་སྒྲུབ་ པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ཡན་ཆད་ས་དྲུག་པོ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱར་ཏེ་བསྟན་ཏོ། །གཡེང་བའི་བློ་མིན་ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བ་ཅི་ཡོད་པ་རྣམས་ཉན་ ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་མི་བསྔོ་སྟེ། བདག་འབའ་ཞིག་གི་དོན་དུ་འགྱུར་བ་ཐེག་པ་ཆུང་ངུ་ཡིད་ལ་མི་བྱེད་པས་གཡེང་བའི་བློ་མ་ཡིན་པ་ཞེས་བྱའོ། །དེ་བས་མི་འཕྲོགས་ཞེས་བྱ་བ་ལ། ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བརྒྱ་ བྱིན་དང་ཚངས་པ་ལ་སོགས་པའི་ལོངས་སྤྱོད་ཀྱང་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། ལོངས་སྤྱོད་ཀྱི་བདེ་བ་གང་ལ་ཡང་མ་ཆགས་པས་ན་བདེ་བས་མི་འཕྲོགས་པ་ཞེས་བྱའོ། །སྡུག་བསྔལ་དག་གིས་ལྡོག་མི་འགྱུར། །ཞེས་བྱ་བ་ ལ། བདག་དང་སེམས་ཅན་གྱི་དོན་བྱེད་པའི་བརྩོན་པ་ཞེས་བྱ་སྟེ། དེ་བས་ན་ས་བཅུ་པ་འདི་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཞིང་། མངོན་པར་ཤེས་པའི་ལས་ལ་ཐོགས་པ་མེད་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་ས་བཅུ་པ་ཉིད་ལས། ཀྱེ་ རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་ཁམས་ཡང་དག་པར་བསྒྲུབས་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དེ་ལྟ་བུའི་ཡེ་ཤེས་དང་ ལྡན་པའི་བློས། གོང་དུ་སེམས་ཅན་རྣམས་ཀྱི་སྤྲུལ་པའི་ལས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ ཅི་ཚུལ་ཅི་ནུས་སུ་མི་སྒྲུབ་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ས་བཞི་དང་ཕ་རོལ་ཏུ་ཕྱིན་པ་བཞི་རྣམས་སུ་སྦྱར་ཏེ་བསྟན་ཏོ། །ས་བཅུ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབས་པའི་འབྲས་བུ་གང་ཡིན་པ་བསྟན་པའི་ཕྱིར། ཀུན་གྱི་སྟེང་འདུག་ཡོན་ཏན་ གཏེར་ཏེ་སངས་རྒྱས་སྲས་རིག་བྱ། །ཞེས་བྱ་བ་སྨོས་ཏེ། ཀུན་གྱི་སྟེང་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའོ། །ས་བཅུ་པའི་སྟེང་ན་འདུག་པ་ནི་སངས་རྒྱས་ཀྱི་ས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་གཏེར་དུ་གྱུར་པ་སངས་རྒྱས་སུ་ གྲུབ་པ་སྟེ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་བསྒྲུབས་པས་མཇུག་ཏུ་ཡོན་ཏན་ཐམས་ཅད་ཀྱི་གཏེར་དུ་གྱུར་པ། སངས་རྒྱས་ཀྱི་མཚན་ཉིད་ཀྱི་འབྲས་བུ་ཐོབ་པར་རིག་པར་བྱའོ། །ཡང་ན་ཀུན་གྱི་གཏེར་ནི་ས་བཅུ་པ་ཉིད་ ལ་བྱ་སྟེ། ས་དགུ་མན་ཆད་ཕ་རོལ་ཏུ་ཕྱིན་པ་དགུ་བསྒྲུབས་པས། དེའི་འོག་ཏུ་ས་ཀུན་གྱི་སྟེང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སངས་རྒྱས་ཀྱི་སའི་རྒྱུ་ལྟ་བུར་གནས་པ། ས་བཅུ་པ་དེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔས་ འཐོབ་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའི་མཚན་མ་བཅུ་དྲུག་སྟོན་ཏོ་ཞེས་བྱ་བ་ལ། ས་རེ་རེ་ཐོབ་པ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་བཅུ་ཐོབ་པ་ཤས་ཆེར་བྱས་ན། ས་གཅིག་ཅིང་ ཕ་རོལ་ཏུ་ཕྱིན་པ་རེ་རེ་ཤས་ཆེ་བའི་མཚན་མ་བཅུ་དྲུག་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཚན་མ་བཅུ་དྲུག་ནི་ཆགས་མེད་ནས། བློ་ལོག་མེད་ཅིང་རྟོག་དང་རྣམ་རྟོག་མི་འཕྲོགས་ཞེས་བྱ་བ་ཡན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་དྲུག་ཏུ་སྦྱར་ཏེ། མཚན་མ་དྲུག་བསྟན་ཏོ། །གཡེང་བ་བློ་མིན་ཞེས་བྱ་བ་ནས། སྟོན་པ་མཆོག་ལ་སྟེ་བྱ་བ་ཡན་ཆད་མཚན་མ་དྲུག་སྟེ། དེ་ལྟར་མཚན་མ་བཅུ་གཉིས་སོ། །བསོད་ནམས་ཀུན་བསགས་ཞེས་བྱ་བ་ནས་མངོན་ཤེས་རྩེན་ཞེས་བྱ་བ་ ཡན་ཆད་ཕ་རོལ་ཏུ་ཕྱིན་པ་བཞི་དང་། ས་བཞིར་སྦྱར་ཏེ་མཚན་མ་བཞི་བསྟན་ནས་དེ་ལྟར་མཚན་མ་བཅུ་དྲུག་གོ། །འདོད་མེད་མ་ཡིན་ཞེས་བྱ་བའི་དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་བསྒྲུབ་པའི་ཕྱིར་སྟོན་པའོ། །ཀུན་གྱི་སྟེང་འདུག་ཡོན་ཏན་གཏེར་ ཏེ། སངས་རྒྱས་སྲས་རིག་བྱའི་ཚིག་ཐ་མས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པའི་འབྲས་བུ་གང་ཡིན་པ་བསྟན་ཏོ། །རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ལ་མོས་པ་དང་མ་བྲལ་བ་ཞེས་བྱ་བ་ནི། ས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ བསྒྲུབ་པ་ལ་དད་པ་དང་འདོད་པ་མེད་པ་མ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་རེ་རེའི་མི་མཐུན་པའི་ཕྱོགས་དང་བྲལ་བ་དང་ཞེས་བྱ་བ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་ཆགས་པ་སྟེ། དེ་ས་དང་པོའི་ཚེ་ན་མེད་དོ། །ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་འཁུ་བའི་སེམས་ཏེ། དེ་ས་གཉིས་པའི་ཚེ་ན་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་ཁྲོ་བ་སྟེ། དེ་ས་གསུམ་པའི་ཚེ་ན་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་ལེ་ལོ་སྟེ། དེ་ས་ བཞི་པའི་ཚེ་ན་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་གནོད་སེམས་དང་འཚེ་བ་སྟེ། དེ་ས་ལྔ་པའི་དུས་ན་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་བློ་ལོག་པ་སྟེ། རྟོག་པ་དང་རྣམ་པར་རྟོག་པ་སྟེ། དེ་ས་དྲུག་པའི་དུས་ན་མེད་དོ། །ཐེག་པ་གཞན་ཡིད་ལ་བྱེད་པས་མི་གཡེང་པ་ཞེས་བྱ་བ་ལ། དགེ་བའི་ཚོགས་ཅི་བསགས་པ་རྣམས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པར་མི་བསྔོ་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཡིད་ལ་མི་བྱེད་པའི་ཐེག་པ་གཞན་ ཡིད་ལ་བྱེད་པས་མ་གཡེངས་པ་ཞེས་བྱའོ། །འབྱོར་པའི་བདེ་བ་ལ་མ་ཆགས་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལོངས་སྤྱོད་ལ་མ་ཆགས་ཞེས་བྱ་བའི་དོན་ཏོ། །རྒུད་པ་དང་དཀའ་བར་སྤྱོད་པའི་སྡུག་བསྔལ་གྱི་སྦྱོར་བ་ལས་ཕྱིར་མི་ལྡོག་ཅེས་བྱ་བ་ ལ། རྒུད་པ་ནི་ལོངས་སྤྱོད་ལ་སོགས་པ་དང་བྲལ་ཞིང་ཤི་བར་གྱུར་པའོ། །དཀའ་བ་སྤྱོད་པ་ནི་མགོ་དང་རྐང་ལག་ལ་སོགས་པ་བཏང་བ་སྟེ། བདག་དང་གཞན་གྱི་དོན་ལ་སྦྱོར་བ་ན་རྒུད་པའི་སྡུག་བསྔལ་དང་། དཀའ་བ་སྤྱོད་པའི་སྡུག་བསྔལ་བྱུང་ཡང་། བདག་ དང་གཞན་གྱི་དོན་ལ་སྦྱོར་བའི་ལས་མི་གཏོང་བས་ན་ཕྱིར་མི་ལྡོག་པ་ཞེས་བྱའོ། །དགེ་བའི་བཤེས་ལ་བརྟེན་པ་དང་། །ཞེས་བྱ་བ་ལ། ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། དུས་དུས་སུ་དེ་དག་གི་ ཐད་དུ་འགྲོ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱའོ། །ཐོས་པ་ལ་བརྩོན་པ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་ཀྱི་དོན་དང་ཚིག་རྒྱུན་དུ་ཉན་པ་ནི་ཐོས་པ་ལ་བརྩོན་པ་ཞེས་བྱའོ། །སྟོན་པ་མཆོད་པ་ལ་བརྩོན་པ་ཞེས་བྱ་བ་ལ། སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་སྤོས་དང་། མེ་ཏོག་ལ་སོགས་པས་རྒྱུན་དུ་མཆོད་པར་བྱེད་པ་ནི་སྟོན་པ་མཆོད་པ་ལ་བརྩོན་པ་ཞེས་བྱའོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་བསྔོ་བ་དང་ཞེས་བྱ་བ་ལ། མི་དམིགས་པའི་ཚུལ་དུ་དགེ་བ་ཅི་བྱས་པ་ རྣམས་བདག་དང་སེམས་ཅན་གཉི་གའི་ཐུན་མོང་དུ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་བསྔོ་བ་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་བསྔོ་བ་ཞེས་བྱའོ། །བདེ་བའི་གནས་སུ་སྐྱེ་བ་ཞེས་བྱ་བ་ལ། སྨོན་ལམ་གྱི་ཕ་རོལ་ ཏུ་ཕྱིན་པའི་དབང་གིས་གང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གནས་པ་དེར་སྐྱེ་བར་བྱེད་པ་ནི་བདེ་བའི་གནས་སུ་སྐྱེ་བ་ཞེས་བྱའོ། །དེ་མི་མཐུན་པའི་ཕྱོགས་ཀྱི་ཆོས་དང་མ་འདྲེས་པའི་ཕྱིར་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ནི་ སེར་སྣ་དང་ངན་པའི་ངང་ཚུལ་ལ་སོགས་པ་སྟེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་རྒྱུན་དུ་དགེ་བ་འབའ་ཞིག་བྱེད་ཀྱི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པའི་ཕྱོགས་ཅུང་ཟད་ཀྱང་མི་བྱེད་པ་ནི་རྟག་ཏུ་དགེ་བ་བྱེད་པ་ཞེས་བྱའོ། །མངོན་པར་ཤེས་པའི་ ཡོན་ཏན་གྱིས་རྩེན་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ་ཞེས་བྱ་བ་ལ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་རྡུལ་ཕྲ་མོ་དག་ཀྱང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཙམ་དུ་ཆེན་པོར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡང་རྡུལ་ཕྲ་ མོ་ཙམ་དུ་ཆུང་ངུར་བྱེད་པ་ལ་སོགས་པ་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བྱེད་པ་ནི་མངོན་པར་ཤེས་པའི་ཡོན་ཏན་གྱིས་རྩེན་པ་ཞེས་བྱའོ། །དེ་ལ་བྱམས་པ་ནི་གནོད་སེམས་ཀྱི་གཉེན་པོ་སྟེ། བདེ་བ་བསྒྲུབ་པའི་བསམ་པའོ། །ཞེས་བྱ་བའོ། ། སེམས་ཅན་རྣམས་ལ་བརྡེག་པ་དང་བཅིང་བ་ལ་སོགས་པའི་གནོད་པ་སྣ་ཚོགས་པ་བྱ་བར་སེམས་པ་ནི་གནོད་སེམས་ཞེས་བྱའོ། །སེམས་ཅན་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ལ་གཞག་པར་སེམས་པ་ནི། བདེ་བ་བསྒྲུབ་པའི་བསམ་པ་ ཞེས་བྱའོ། །བྱམས་པའི་སེམས་བྱུང་ན་ནི་གནོད་སེམས་མེད་པར་འགྱུར་བས། བྱམས་པ་ནི་གནོད་སེམས་ཀྱི་གཉེན་པོ་སྟེ། དངོས་སུ་བྱམས་པའི་རང་བཞིན་ཇི་ལྟ་བུ་ཞེ་ན། སེམས་ཅན་རྣམས་བདེ་བ་ལ་གཞག་པར་སེམས་པའོ། །སྙིང་རྗེ་ནི་འཚེ་བའི་གཉེན་ པོ་སྟེ། སྡུག་བསྔལ་མེད་པར་བྱེད་པའི་བསམ་པའོ་ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་བརྡེག་པ་དང་འཆིང་བ་ལ་སོགས་པ་བྱེད་པ་ནི་འཚེ་བའོ། །སེམས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་མེད་པར་བྱེད་པའི་བསམ་པ་ཞེས་བྱའོ། ། སྙིང་རྗེ་བྱུང་ན་སེམས་ཅན་ལ་འཚེ་བ་མི་འབྱུང་བས་སྙིང་རྗེ་ནི་འཚེ་བའི་གཉེན་པོ་སྟེ། དངོས་སུ་ནི་སྙིང་རྗེའི་རང་བཞིན་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་གྱི་སྡུག་བསྔལ་མེད་པར་བྱེད་པའི་བསམ་པའོ། །རང་བཞིན་དུ་རྟོག་པ་ནི་རྟོག་པའོ་ཞེས་བྱ་བ་ལ། ས་ནི་སྲ་བའི་ རང་བཞིན་ནོ། །ཆུ་ནི་གཤེར་བའི་རང་བཞིན་ནོ། །ཞེས་རྟོག་པ་ལ་རྟོག་པ་ཞེས་བྱའོ། །བྱེ་བྲག་ཏུ་རྟོག་པ་ནི་རྣམ་པར་རྟོག་པར་རིག་པར་བྱའོ་ཞེས་བྱ་བ་ལ། ས་འཇིག་གོ། །ས་མི་རྟག་གོ། །སྡུག་བསྔལ་བའོ། །ཞེས་བྱེ་བྲག་ཏུ་རྟོག་པ་ལ་རྣམ་པར་ རྟོག་པ་ཞེས་བྱའོ། །དེ་ཉིད་ཀྱི་རྗེས་སུ་བསྔགས་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་ས་བཅུ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབས་པའི་ཡོན་ཏན་དང་ལེགས་པ་ཇི་སྙེད་ཡོད་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ ཏོ། །ཞི་གནས་དང་ནི་ལྷག་མཐོང་གཉིས། །ལྔ་བདག་ཉིད་དུ་རིག་པར་བྱ། །བློ་ལྡན་དག་གིས་བསྔགས་པ་ནི། །རྣམ་པ་ཀུན་དུ་ས་ཀུན་ལ། །ཞེས་བྱ་བ་ལ། བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པར་སྤྱོད་པའི་ས་ཡན་ཆད། ས་བཅུ་པ་ མན་ཆད་ན་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབས་པའི་ཡོན་ཏན་རྣམ་པ་ལྔར་རིག་པར་བྱ་སྟེ། ཡོན་ཏན་རྣམ་པ་ལྔ་ནི་འགྲེལ་པ་ལས་འོག་ནས་འབྱུང་བའོ། །ལྔ་པོ་དེ་ལ་ཡང་རྣམ་པ་གསུམ་དུ་བཞག་སྟེ། ཁ་ཅིག་ནི་ཞི་གནས་ཀྱི་ཕྱོགས་སུ་གཞག་གོ། །ཁ་ཅིག་ནི་ལྷག་མཐོང་ གི་ཕྱོགས་སུ་གཞག་གོ། །ཁ་ཅིག་ནི་གཉི་གའི་ཕྱོགས་སུ་གཞག་གོ། །སྐད་ཅིག་མ་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇོམས་པར་བྱེད་པ་དང་ཞེས་བྱ་བ་ལ། གནས་ངན་ལེན་གྱི་གནས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་རྟེན་ དུ་གྱུར་པ་རྣམ་པར་ཤེས་པ་ལ་བྱ་སྟེ། ཞི་གནས་རྩེ་གཅིག་པས་ལུས་དང་སེམས་ལས་སུ་རུང་པར་བྱས་ནས། དེའི་རྒྱུས་ལུས་དང་སེམས་ལས་སུ་མི་རུང་པའི་རྒྱུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་སྤོང་བར་བྱེད་པ་ནི་འཇོམས་པར་བྱེད་པ་ཞེས་བྱའོ། ། མོས་པ་སྤྱོད་པའི་ས་ཡན་ཆད་ན་ཡང་གནས་ངན་ལེན་གྱི་བག་ཆགས་འཇོམས་མོད་ཀྱི། སྐད་ཅིག་མ་རེ་རེ་ལ་མི་འཇོམས་ཏེ། ས་དང་པོ་ཡན་ཆད་ནི་སྐད་ཅིག་མ་རེ་རེ་ལ་ཡང་གནས་ངན་ལེན་གྱི་གནས་ཐམས་ཅད་འཇོམས་པར་བྱེད་དེ། འདི་ནི་རྗེས་སུ་བསྔགས་པ་རྣམ་པ་གཅིག་གོ ། འདུ་ཤེས་སྣ་ཚོགས་དང་བྲལ་བའི་ཆོས་ཀྱི་དགའ་པ་ལ། དགའ་བ་རབ་ཏུ་འཐོབ་པ་དང་ཞེས་བྱ་བ་ལ། འདི་ནི་གཟུགས་ཅན་གྱི་ཆོས། འདི་ནི་གཟུགས་མེད་པའི་ཆོས། འདི་ནི་འདུས་བྱས་ཀྱི་ཆོས། འདི་ནི་འདུས་མ་བྱས་ཀྱི་ཆོས་ཞེས་ཐ་དད་པར་མི་རྟོག་པ་ནི་འདུ་ཤེས་སྣ་ ཚོགས་དང་བྲལ་བའི་ཆོས་སོ། །དེ་ལྟར་མཚན་མ་རྣམ་པ་སྣ་ཚོགས་སུ་རྟོག་པ་སྤངས་ནས། ཞི་གནས་མཚན་མའི་གནོད་པ་ཐམས་ཅད་དང་བྲལ་བའི་མཚན་མ་མེད་པར་བདེ་བ་རང་གིས་རིག་ཅིང་། དེ་ལ་རྩེ་གཅིག་ཏུ་འཇོག་པ་ནི། ཆོས་ཀྱི་དགའ་བ་ལ་རབ་ཏུ་དགའ་བ་ ཐོབ་བ་ཞེས་བྱ་སྟེ། རབ་ཏུ་དགའ་བ་ཐོབ་ཅེས་བྱ་བ་ནི་སེམས་གཡེང་བ་མེད་པ་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་ལ་ས་དང་པོ་ཡན་ཆད་མཚན་མ་རྣམ་པ་སྣ་ཚོགས་ལ་རྟོག་པ་སྤངས་ནས་མཚན་མ་མེད་པ་ལ་གནས་པའི་ཞི་གནས་ཀྱི་ལམ་རྩེ་གཅིག་ཏུ་ཐོབ་པས་ན། འདུ་ཤེས་སྣ་ཚོགས་པ་དང་བྲལ་བའི་ཆོས་ཀྱི་དགའ་བ་རབ་ཏུ་འཐོབ་པ་ཞེས་བྱ། འདི་ནི་མཚན་མ་རྣམ་པ་གཉིས་པའོ། །ཡོངས་སུ་མ་ཆད་པའི་རྣམ་པ་ཐམས་ཅད་དུ་ཚད་མེད་པའི་ཆོས་ཀྱི་སྣང་བ་རབ་ཏུ་ཤེས་པ་དང་ཞེས་བྱ་བ་ལ། འདི་ནི་གཟུགས་ཅན། འདི་ནི་གཟུགས་ མེད་པ། འདི་ནི་གཟུགས། འདི་ནི་སྒྲ་ཞེས་ཐ་དད་པར་མི་བྱེད་པར། ཆོས་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དུ་ཤེས་པ་ནི་ཡོངས་སུ་མ་ཆད་པའི་རྣམ་པ་ཐམས་ཅད་དུ་མཚན་མ་མེད་པའི་ཆོས་ཀྱི་སྣང་བ་རབ་ཏུ་ཤེས་པ་ཞེས་བྱའོ། །ཡང་ན་ཆོས་ཁ་ཅིག་ཤེས། ཁ་ ཅིག་མི་ཤེས་པ་མ་ཡིན་གྱི། ཕྱོགས་བཅུ་དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པར་ཤེས་པས་ན། ཡོངས་སུ་མ་ཆད་པའི་རྣམ་པ་ཐམས་ཅད་དུ་ཚད་མེད་པའི་ཆོས་ཀྱི་སྣང་བ་རབ་ཏུ་ཤེས་པ་ཞེས་བྱའོ། །འདི་ནི་མཚན་མ་རྣམ་པ་གསུམ་པའོ། །རྣམ་པར་ མ་བརྟགས་པ་མ་ཡིན་པ་རྣམ་པར་དག་པའི་ཕྱོགས་ཀྱི་མཚན་མ་དག་ལ་སྤྱོད་པར་འགྱུར། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་འགྲེལ་པ་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པས་མཛད་པ་རྫོགས་སོ།། །།མང་ཡུལ་དུ་མཁན་པོ་མུ་ནི་ཙནྡྲ་དང་། ལོ་ཙཱ་ བ་ལྕེ་བཀྲ་ཤིས་ཀྱིས་ཊཱི་ཀཱ་རྣམ་པ་གཉིས་ཀྱིས་གཞི་བཟུང་སྟེ། མཁན་པོས་ཀྱང་ཅི་མཁྱེན་དུ་ཊཱི་ཀཱ་གསར་དུ་བསྒྱུར་བ་རྣམ་པ་གཉིས་དང་གཏུགས་ན་ཡང་། ཊཱི་ཀཱ་གསར་པ་ལས་མི་མངོན་པ་དག་ཀྱང་འདི་ལས་ཞིབ་ཏུ་འཆད་པས་འདི་ཡང་གཅེས་པར་བགྱིའོ། །མཇུག་ཅུང་ ཟད་ཅིག་མ་ཚང་བ་འདི་སྟོར་བས་ཊཱི་ཀཱ་གཉིས་དང་གཏུགས་ཤིང་བགྱིས་ལགས་སོ།། །།