Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 123
Văn bản gốc(Tây Tạng)
Trang 10 / 16 (50.000 ký tự/trang)
གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་ འབྱུང་། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་རྔ་མ་བརྡུངས་པའི་སྒྲ་དང་། ནོར་བུའི་འོད་དང་ཆོས་མཐུན་པར་སངས་རྒྱས་ཀྱི་མཛད་པ་ལྷུན་ གྱིས་གྲུབ་པར་སྒྲུབ་པོ། །ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་སྣང་། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཇི་ལྟར་མཁའ་ལ་རྟག་ཏུ་ནི། །བྱ་བ་ཉམས་ཞིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་ ཕྲིན་ལས་སྐྱེ་ཞིང་འབྲི། །འདི་གཉིས་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་སྟོན་ཏེ། སངས་རྒྱས་ཀྱི་མཛད་པ་ནི་རྒྱུན་མི་འཆད་པའི་ཕྱིར་ནམ་མཁའ་འཆད་པ་མེད་པ་ལ་འཇིག་རྟེན་གྱི་བྱ་བ་གཞན་དང་གཞན་འབྱུང་བ་དང་འཇིག་པ་དེ་དང་འདྲའོ། །ཟག་པ་མེད་པའི་དབྱིངས་ཟབ་པ་ ལ་ཚིགས་སུ་བཅད་པ་བཅུ་དྲུག་གོ། །སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །སྔ་མ་དང་ཕྱི་མར་ཁྱད་པར་མེད་པའི་ཕྱིར་དག་པ་ཡང་མ་ཡིན་ལ། ཕྱིས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པའི་ཕྱིར་མ་དག་པ་ ཡང་མ་ཡིན་ཏེ། དྲི་མ་དང་བྲལ་བས་སོ། །སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་གྱུར། །ཟག་པ་མེད་པའི་དབྱིངས་དེ་ལ་སངས་རྒྱས་རྣམས་ཀྱི་བདག་ཉིད་ཀྱི་མཆོག་སྟོན་ཏེ། ཅིའི་ ཕྱིར་ཞེ་ན། བདག་མེད་པ་མཆོག་གི་བདག་ཉིད་ཀྱི་ཕྱིར་རོ། །བདག་མེད་པ་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་གྱིས་སངས་རྒྱས་རྣམས་ཀྱི་བདག་ཡིན་ནོ། །དེ་རྣམ་པར་དག་ན་སངས་རྒྱས་རྣམས་ཀྱིས་བདག་མེད་པ་མཆོག་གི་བདག་ཉིད་དག་པ་འཐོབ་ པོ། །དེ་བས་ན་སངས་རྒྱས་རྣམས་ཀྱི་དག་པའི་བདག་ཐོབ་པའི་ཕྱིར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར་པ་ཡིན་ཏེ། དགོངས་པ་འདི་ནི་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་རྣམ་པར་འཇོག་གོ། །དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང་། །མེད་པར་ཡང་ནི་མི་བརྗོད་དོ། ། དེ་ལྟས་སངས་རྒྱས་དེ་སྐད་འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད། །རྒྱུ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་ཡོད་པ་ཞེས་ཀྱང་མི་བརྗོད་དེ། དེ་བཞིན་ཉིད་ནི་གང་ཟག་དང་ཆོས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ཉིད་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་མེད་པ་ཞེས་ཀྱང་མི་བརྗོད་དོ། ། དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ལ་དེ་བཞིན་གཤེགས་པ་ནོངས་ཕན་ཆད་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པ་ཡོད་པ་དང་མེད་པ་འདྲི་བ་ལ་ལུང་མ་བསྟན་པའི་ཚུལ་དུ་འདོད་དོ། །ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་ རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། །ཇི་ལྟར་ལྕགས་ལ་ཚ་བ་ཞི་བ་དང་། མིག་ལ་རབ་རིབ་ཞི་བ་ནི་གདུང་བ་དང་རབ་རིབ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོད་པའང་མ་ཡིན་ལ། ཞི་བའི་མཚན་ཉིད་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་པ་དེ་བཞིན་དུ། སངས་ རྒྱས་རྣམས་ཀྱི་སེམས་དང་ཡེ་ཤེས་ལ་གདུང་བ་དང་རབ་རིབ་ལྟ་བུ་འདོད་ཆགས་དང་མ་རིག་པ་དག་ཞི་བ་ནི་ཡོད་པར་མི་བརྗོད་དེ། སེམས་དང་ཤེས་རབ་རྣམ་པར་གྲོལ་བ་དག་ནི་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། རྣམ་པར་གྲོལ་བའི་མཚན་ཉིད་དེ་ལྟ་བུར་ཡོད་པའི་ཕྱིར་རོ། ། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། ཟག་པ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་སྔོན་གྱི་ལུས་ཀྱི་རྗེས་སུ་འབྲང་བས་ནི་གཅིག་པ་ཉིད་ཀྱང་མ་ཡིན་ལ། ནམ་མཁའ་ལྟར་ ལུས་མེད་པས་ན་མང་པོ་ཉིད་ཀྱང་མ་ཡིན་ནོ། །སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །འགྲོ་བའི་དགེ་བའི་ལོ་ཏོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །བསོད་ནམས་ཡེ་ཤེས་རབ་རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཡེ་ཤེས་ སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །རིན་པོ་ཆེའི་འབྱུང་གནས་དང་། སྤྲིན་ལྟ་བུ་ཉིད་དང་། ཟླ་བ་ཉ་བ་ཉིད་དང་། ཉི་མ་ཆེན་པོ་ལྟ་བུའི་ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ནི་གོ་བར་ཟད་དོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ ཏུ་མེད་འདྲེས་ཤིང་། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང་། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །གཅིག་གིས་ནི་འོད་ཟེར་འདྲེས་པར་བྱ་ བ་གཅིག་པ་ཉིད་ཀྱི་དཔེས་ཕྲིན་ལས་འདྲ་བ་ཉིད་སྟོན་ཏེ། འོད་ཟེར་རྣམས་ཀྱི་བྱ་བ་གཅིག་ཉིད་ནི་སྨིན་པ་དང་སྐེམས་པ་ལ་སོགས་པར་བྱ་བ་མཐུན་པ་ཉིད་ལས་རིག་པར་བྱའོ། །གཉིས་པས་ནི་ཟག་པ་མེད་པའི་དབྱིངས་ན་སྤྲུལ་པ་ལ་སོགས་པའི་མཛད་པ་གཅིག་པ་ཉིད་སྟོན་ཏོ། །དཔེར་ན་ཉི་མའི་ འོད་ཟེར་གཅིག་བྱུང་ན་འོད་ཟེར་ཀུན་འབྱུང་བ། དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །དུས་གཅིག་ཏུ་འོད་ཟེར་ཐམས་ཅད་འབྱུང་བ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་གཅིག་ཏུ་འཇུག་པར་སྟོན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་དག ། འཇུག་ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང་། །འཇུག་ལ་བདག་གིར་མཛད་མི་མངའ། །ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་འདི་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་། །བདག་གིར་བྱ་ བ་མེད་པ་དང་། །ཤེས་བྱ་ཅིག་ཅར་སྣང་བར་བྱེད་པ་ལ་གོ་རིམས་བཞིན་དུ་ཚིགས་སུ་བཅད་པ་གཉིས་ཏེ། དོན་བརྡ་ཕྲད་པར་ཟད་དོ། །ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་བསྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་ ཉེས་པས་བསྒྲིབས། །ཇི་ལྟར་འོད་ཟེར་རྣམས་རབ་ཏུ་སྣང་བར་བྱ་བ་ལ་སྤྲིན་ལ་སོགས་པས་བསྒྲིབས་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སེམས་ཅན་རྣམས་སྙིགས་མ་ལྔ་ཤས་ཆེ་བའི་ཉེས་པས་སྣོད་དུ་མ་གྱུར་པ་ཉིད་ཀྱིས་བསྒྲིབས་སོ། །ཇི་ལྟར་མདུད་པའི་དབང་གིས་ན། ། གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཇི་ལྟར་མདུད་པའི་ཁྱད་པར་གྱིས་གོས་ལ་ཁ་ཅིག་ཏུ་ནི་ཚོན་ཁྲ་བོ་ཉིད་དུ་འགྱུར་ལ། ཁ་ཅིག་ཏུ་ནི་ཁྲ་བོ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་སྤྱོད་པའི་སྟོབས་བསྐྱེད་པའི་ཁྱད་ པར་ལས་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་བཀྲ་བ་ཉིད་དུ་འགྱུར་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ཁྲ་བོ་ཉིད་དུ་མི་འགྱུར་རོ། །དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི། །མཚན་ཉིད་དང་ནི་གནས་པ་དང་། །ཕྲིན་ལས་ཟབ་པ་ འདི་བཤད་པ། །མཁའ་ལ་ཚོན་གྱིས་རི་མོ་འདྲི། །དྲི་མ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་ཀྱི་ཟབ་པ་རྣམ་པ་འདི་གསུམ་བཤད་དོ། །ཚིགས་སུ་བཅད་པ་བཞིས་ནི་མཚན་ཉིད་ཟབ་པའོ། །ལྔ་པས་ནི་གནས་པ་ཟབ་སྟེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་གནས་པའི་ཕྱིར་རོ། །ལྷག་ མ་རྣམས་ཀྱིས་ནི་ཕྲིན་ལས་ཟབ་པའོ། །མཚན་ཉིད་ཟབ་པ་དེ་ཡང་རྣམ་པར་དག་པའི་མཚན་ཉིད་དང་། བདག་མཆོག་གི་མཚན་ཉིད་དང་། ལུང་མ་བསྟན་པའི་དངོས་པོའི་མཚན་ཉིད་དང་། རྣམ་པར་གྲོལ་བའི་མཚན་ཉིད་ལས་བརྩམས་ཏེ་བཤད་དོ། །ཕྲིན་ལས་ཟབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་ ལ་སོགས་པ་རིན་པོ་ཆེའི་གནས་ཉིད་ཀྱི་ཕྲིན་ལས་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྲིན་ལས་དང་། མཐར་ཐུག་པར་གཤེགས་པའི་ཕྲིན་ལས་དང་། ཆོས་སྟོན་པའི་ཕྲིན་ལས་དང་། སྤྲུལ་པ་ལ་སོགས་པ་མཛད་པའི་ཕྲིན་ལས་དང་། ཡེ་ཤེས་འཇུག་པའི་ཕྲིན་ལས་དང་། རྣམ་པར་མི་རྟོག་པའི་ཕྲིན་ ལས་དང་། ཡེ་ཤེས་རྣམ་པ་སྣ་ཚོགས་པའི་ཕྲིན་ལས་དང་། ཡེ་ཤེས་མི་འཇུག་པའི་ཕྲིན་ལས་དང་། རྣམ་པར་གྲོལ་བར་འདྲ་བ་ལས་ཡེ་ཤེས་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ལས་བརྩམས་ཏེ་བཤད་དོ། །ཟག་པ་མེད་པའི་དབྱིངས་དེ་སྤྲོས་པ་མེད་པའི་ཕྱིར་ནམ་མཁའ་དང་འདྲ་བ་ལ་ཟབ་མོའི་རབ་ཏུ་ དབྱེ་བ་སྟོན་པ་དེ་ནི་དཔེར་ན་ནམ་མཁའ་ལ་ཚོན་གྱིས་འདྲི་བ་དང་འདྲ་བར་རིག་པར་བྱའོ། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །དེ་བཞིན་ཉིད་ནི་ཐམས་ཅད་ལ་ཁྱད་པར་མེད་ལ། དེ་བཞིན་ གཤེགས་པ་ཡང་དེ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བྱ་བ་འབྱོར་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་གཅིག་གོ། །ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། ། རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །འདི་གཉིས་ཀྱིས་ནི་མཐུ་ཕུལ་དུ་བྱུང་བའི་ཁྱད་པར་གྱིས་སངས་རྒྱས་ རྣམས་ཀྱི་འབྱོར་པ་ཉིད་སྟོན་ཏོ། །སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། །གང་གི་གང་དུ་ཇི་ལྟར་དང་། །ཇི་ཙམ་དུས་གང་འཇུག་པ་ནི། །བསམ་ཡས་དཔག་ཏུ་མེད་པར་འདོད། །གསུམ་པ་འདིས་ནི་རྣམ་པའི་རབ་ཏུ་དབྱེ་བ་དང་། ཟབ་པའི་ཁྱད་པར་དག་གིས་སྟོན་ཏོ། །ཇི་ལྟར་བསམ་གྱིས་ མི་ཁྱབ་པ་ཡིན། ཇི་ལྟར་ཚད་མེད་པ་ཡིན་ཞེ་ན། སྨྲས་པ། དེ་གང་ཟག་གང་གི་དོན་དང་། འཇིག་རྟེན་གྱི་ཁམས་གང་དུ་དང་། ཇི་ལྟར་ཏེ་ཅི་འདྲ་བ་དག་གིས་དང་། མང་ཉུང་ཅི་ཙམ་པ་དང་། དུས་གང་གིས་འཇུག་པ་ཡིན་ནོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་གཞན་དུ་གྱུར་པའི་ ཁྱད་པར་གྱིས་འབྱོར་པའི་དབྱེ་བ་སྟོན་ཏོ། །དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །འབྱོར་པ་དམ་པ་འཐོབ་པར་འགྱུར། །དབང་པོ་ལྔ་གཞན་དུ་གྱུར་ན། །དབང་པོ་ལྔ་པོ་ཐམས་ཅད་དོན་ལྔ་པོ་ཐམས་ཅད་ལ་འཇུག་ པའི་འབྱོར་པ་དམ་པ་དང་། དེ་ལ་ཡང་སོ་སོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་ལ་འབྱོར་པ་དམ་པ་རྣམས་ལ་གཉིས་འཐོབ་བོ། །ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཡིད་གཞན་ དུ་གྱུར་ན་འབྱོར་པ་དང་མཐུན་པར་སྤྱོད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ལ་འབྱོར་པའི་མཆོག་རྙེད་པར་འགྱུར་ཏེ། དེ་དང་ལྷན་ཅིག་འབྱོར་པའི་ཡེ་ཤེས་ཐམས་ཅད་འཇུག་གོ། །དོན་བཅས་འཛིན་པ་གཞན་གྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ ནི་དག་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །དོན་གཞན་དུ་གྱུར་པ་དང་། འཛིན་པ་གཞན་དུ་གྱུར་པ་ན་ཞིང་རྣམ་པར་དག་པ་ལ་འབྱོར་པའི་མཆོག་འཐོབ་པར་འགྱུར་ཏེ། དེས་ཇི་ལྟར་འདོད་པ་བཞིན་དུ་ལོངས་སྤྱོད་ཀུན་ཏུ་སྟོན་པར་བྱེད་དོ། །རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་ རྟག་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །རྣམ་པར་རྟོག་པ་གཞན་དུ་གྱུར་ན་ཡེ་ཤེས་དང་ཕྲིན་ལས་ཐམས་ཅད་ལ་དུས་ཐམས་ཅད་དུ་ཐོགས་པ་མེད་པ་ལ་འབྱོར་པའི་མཆོག་འཐོབ་པར་འགྱུར་རོ། །རྟེན་ནི་གཞན་དུ་གྱུར་པ་ན། །སངས་ རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་ཡི། །འབྱོར་པའི་དམ་པ་འཐོབ་པར་འགྱུར། །རྟེན་གཞན་དུ་གྱུར་ན་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་འབྱོར་པ་དམ་པ་འཐོབ་པར་འགྱུར་རོ། །འཁྲིག་པ་གཞན་དུ་གྱུར་ན་ནི། ། སངས་རྒྱས་བདེ་བར་གནས་པ་དང་། །མོ་མཐོང་ཉོན་མོངས་མེད་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །འཁྲིག་པ་གཞན་དུ་གྱུར་ན་སངས་རྒྱས་ཀྱི་བདེ་བར་གནས་པ་དང་། བུད་མེད་མཐོང་ན་ཉོན་མོངས་པ་མེད་པ་དང་གཉིས་ལ་འབྱོར་པ་དམ་པ་འཐོབ་པར་འགྱུར་རོ། །ནམ་མཁའི་འདུ་ཤེས་ གཞན་གྱུར་ན། །བསམས་པའི་དོན་ནི་འབྱོར་པ་དང་། །འགྲོ་གཟུགས་རྣམ་པར་འབྱེད་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ནམ་མཁའི་འདུ་ཤེས་རྣམ་པར་གྱུར་ན་གཉིས་ཁོ་ན་ལ་སྟེ། གང་གིས་ན་ནམ་མཁའི་མཛོད་དུ་འགྱུར་བ་བསམས་པའི་དོན་འབྱོར་པ་དང་། ཇི་ལྟར་འདོད་ པ་བཞིན་དུ་འགྲོ་བའི་ཕྱིར་དང་། ནམ་མཁར་བྱེད་པའི་ཕྱིར་འགྲོ་བ་དང་། གཟུགས་རྣམ་པར་འབྱེད་པ་ལ་འབྱོར་པའི་མཆོག་འཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ན་གཞན་གྱུར་དཔག་མེད་པས། །བསམ་ཡས་བྱ་བ་སྒྲུབ་པ་ཡི། །འབྱོར་པ་དཔག་ཏུ་མེད་པར་ འདོད། །དེ་ལྟར་སྒོ་འདིས་ན་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ནི་གཞན་དུ་གྱུར་པ་ཡང་དཔག་ཏུ་མེད་ལ། དེ་ལ་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྒྲུབ་པའི་འབྱོར་པ་དཔག་ཏུ་མེད་པར་རིག་པར་བྱའོ། །སངས་རྒྱས་དེ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་ ལ་ཚིགས་སུ་བཅད་པ་བདུན་ནོ། །འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བའི་ལེགས་བཤད་པས། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། །དགེ་བ་མ་བསགས་དགེ་བ་འཕེལ་བར་མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་སྨིན་པ་རྟག་འགྲོ་མ་ལུས་མིན། །འདིས་ ནི་ཡོངས་སུ་སྨིན་པར་མཛད་པ་ཅི་འདྲ་བའི་རྒྱུར་གྱུར་པ་དེ་སྟོན་ཏེ། དགེ་བའི་རྩ་བ་བསགས་པ་རྣམས་ནི་རྣམ་པར་གྲོལ་བ་མཆོག་ཏུའོ། །དགེ་བའི་རྩ་བ་མ་བསགས་པ་རྣམས་ནི་དགེ་བའི་རྩ་བ་བསགས་པར་རོ། །མ་སྨིན་པ་ནི་དགེ་བའི་རྩ་བ་འཕེལ་བའི་མཆོག་ཏུ་འགྲོ་བས་སྨིན་པར་འགྲོའོ། ། སྨིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་མཆོག་ཏུ་འགྲོའོ། །དེ་ལྟར་དུས་རྟག་ཏུ་འགྲོ་ཡང་འཇིག་རྟེན་མཐའ་ཡས་པའི་ཕྱིར་མ་ལུས་པར་ཡང་མི་འགྱུར་རོ། །དེ་ལྟར་འཇིག་རྟེན་ཕྱོགས་ཕྱོགས་བརྟན་རྣམས་རྟག་པར་དུས་ཀུན་དུ། །བྱང་ཆུབ་ཆེན་པོ་ཐོབ་དཀའ་ཡོན་ཏན་མཆོག་ལྡན་རྨད་བྱུང་ཅན། །རྟག་ བརྟན་སྐྱབས་མེད་རྣམས་ཀྱི་སྐྱབས་གང་ཡིན་པ་ཐོབ་པ་དེ། །ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་མཚན་ཆེ་བའང་མེད། །འདིས་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པ་རྣམས་ཀྱི་ཡོངས་སུ་སྨིན་པ་ལ་ཡ་མཚན་ཆེ་བ་དང་། ཡ་མཚན་ཆེ་བ་མེད་པའི་མཚན་ཉིད་བསྟན་ཏོ། ། རྟག་པར་དུས་ཀུན་ཏུ་ཞེས་བྱ་བ་ནི། །རྟག་ཏུ་དང་རྒྱུན་མི་འཆད་པར་རོ། །ཚུལ་བཟང་སྤྱད་པ་ནི་དེ་དང་མཐུན་པའི་ལས་སྤྱད་པའོ། །དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བོའི་སྤྱོད་པ་སྣ་ ཚོགས་དང་། །ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན་ཀྱང་། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །གསུམ་པ་འདིས་ནི་ཅིག་ཅར་སྒོ་མང་པོ་ནས་ཡོངས་སུ་སྨིན་པར་མཛད་པའི་ཐབས་ལ་སྦྱོར་བའི་རྒྱུ་སྟོན་ཏེ། ཇི་ལྟར་གང་ལ་གནས་ཏེ་ སེམས་ཅན་རྣམས་འདུལ་བའོ། །སྐྱེ་བོའི་སྤྱོད་པ་སྣ་ཚོགས་ནི་སྐྱེས་པའི་རབས་ཀྱི་ཁྱད་པར་གྱིས་སོ། །གནས་དེ་ལས་ཀྱང་མི་གཡོ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ལས་སོ། །སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ནི་བདག་གིས་སྨིན་བྱས་ཤེའམ། འདི་ནི་རབ་ཏུ་སྨིན་ བྱ་གཞན་ཡང་ད་ལྟར་སྨིན་པར་བྱེད་སྙམ་དུ། །འདུ་མཛད་མི་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་སྒོ་གསུམ་ནས། །དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད། །བཞི་པ་འདིས་ནི་ད་ཡོངས་སུ་སྨིན་པར་སྦྱར་བའི་རྒྱུ་མངོན་པར་འདུ་མཛད་པ་མི་མངའ་བར་སྟོན་ཏེ། སྒོ་གསུམ་ནས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱིས་སོ། །ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག །རབ་འབྱམ་གསལ་བ་མང་པོས་ལོ་ཏོག་རྣམ་སྨིན་བྱེད་པ་ལྟར། །དེ་བཞིན་ཆོས་ལྡན་ཉི་མ་འང་རབ་ཞི་བྱེད་པ་ཆོས་ཀྱི་འོད། །རབ་འབྱམ་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་ སེམས་ཅན་རྣམ་སྨིན་མཛད། །ལྔ་པ་འདིས་ནི་མངོན་པར་འདུ་མཛད་པ་མི་མངའ་བར་ཡོངས་སུ་སྨིན་པར་མཛད་པའི་དཔེ་སྟོན་ཏོ། །ཇི་ལྟར་མར་མེ་གཅིག་ལས་མར་མེའི་ཚོགས་རབ་མང་། །དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་ མང་། །གྲངས་མེད་དཔག་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །དྲུག་པ་འདིས་ནི་གཅིག་ནས་གཅིག་ཏུ་ཡོངས་སུ་སྨིན་པར་མཛད་པ་བསྟན་ཏོ། །ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ན་ཆུ་ཡིས་ངོམས་པར་མི་འགྱུར་ཞིང་། །ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་བར་ཡང་ནི་མི་འགྱུར་བ། །དེ་ བཞིན་སངས་རྒྱས་ཁམས་ཀྱང་དག་པ་འཇུག་པ་རྟག་རྒྱུན་མི་འཆད་པས། །ངོམས་པ་མི་མངའ་འཕེལ་བར་མི་འགྱུར་དེ་འདིར་རྨད་དུ་བྱུང་བའི་མཆོག །བདུན་པ་འདིས་ནི་ཡོངས་སུ་སྨིན་པ་རྣམས་ཀྱི་རྣམ་པར་གྲོལ་བ་འཇུག་པ་ལ་རྒྱ་མཚོ་དཔེར་བརྗོད་པས་ཆོས་ཀྱི་དབྱིངས་ལ་གོ་སྐབས་ཡོད་པའི་ ཕྱིར་ངོམས་པ་ཡང་མི་མངའ་ལ། ལྷག་པ་མེད་པའི་ཕྱིར་འཕེལ་བ་ཡང་མི་མངའ་བར་སྟོན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚིགས་སུ་བཅད་པ་བཞིའོ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དངང་ ཟད་མི་ཤེས་མཚན་ཉིད་དོ། །ཚིགས་སུ་བཅད་པ་འདི་ནི་ངོ་བོ་ཉིད་ཀྱི་དོན་ལས་བརྩམས་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཉོན་མོངས་པ་དང་། །ཤེས་བྱའི་སྒྲིབ་པ་གཉིས་རྣམ་པར་དག་པའི་མཚན་ཉིད་དང་། དངོས་པོ་དང་དེ་ལ་དམིགས་པ་ཤེས་པ་དག་ལ་དབང་ཟད་མི་ཤེས་པའི་ མཚན་ཉིད་དོ། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་པ་ལས་ནི་ཡང་དག་འབྱུང་། །སེམས་ཅན་ཀུན་ལ་རྣམ་ཀུན་དུ། །གཉིས་བསྐྱེད་མི་ཟད་འབྲས་བུ་ཅན། །གཉིས་པ་འདི་ནི་རྒྱུའི་དོན་དང་འབྲས་བུའི་དོན་ལས་བརྩམས་པ་ཡིན་ཏེ། ཐམས་ཅད་ནས་དེ་ བཞིན་ཉིད་ཤེས་པ་བསྒོམས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐམས་ཅད་ནས་སོ། །སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་གཉིས་བསྐྱེད་པ་མི་ཟད་པ་ཉིད་ནི་འབྲས་བུའོ། །སྐུ་དང་གསུང་དང་ཐུགས་ སྤྲུལ་པའི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ཏེ། །ཏིང་ངེ་འཛིན་དང་གཟུངས་སྒོ་དང་། །དཔག་ཏུ་མེད་པ་གཉིས་དང་ལྡན། །གསུམ་པ་འདི་ནི་ཕྲིན་ལས་ཀྱི་དོན་དང་ལྡན་པའི་དོན་ལས་བརྩམས་པ་ཡིན་ཏེ། སྐུ་ལ་སོགས་པ་རྣམ་པ་གསུམ་སྤྲུལ་པ་ནི་ཕྲིན་ལས་སོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ དག་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་གཉིས་དང་ལྡན་པ་ནི་ལྡན་པའོ། །རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང་། །སྤྲུལ་པ་དག་གིས་ཐ་དད་འཇུག །འདི་ནི་སངས་རྒྱས་རྣམ་དག་གི །ཆོས་དབྱིངས་རྣམ་པར་དག་པར་བཤད། །བཞི་པ་འདི་ནི་འཇུག་པའི་དོན་ལས་ བརྩམས་པ་ཡིན་ཏེ། རང་བཞིན་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་འཇུག་པས་ཐ་དད་དུ་འཇུག་པ་ཅན་ཡིན་ནོ། །སངས་རྒྱས་ཀྱི་སྐུ་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་བདུན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་ སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་ནི་རྣམ་པ་གསུམ་སྟེ། རང་བཞིན་པ་ནི་ཆོས་ཀྱི་སྐུ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་དོ། །ལོངས་སྤྱོད་རྫོགས་པ་ནི་གང་གིས་འཁོར་གྱི་དཀྱིལ་འཁོར་དག་ཏུ་ཆོས་ལ་ལོངས་སྤྱོད་རྫོགས་པར་མཛད་པའོ། ། སྤྲུལ་པ་ནི་གང་གིས་སེམས་ཅན་གྱི་དོན་མཛད་པའོ། །ལོངས་སྤྱོད་རྫོགས་པ་ཁམས་ཀུན་དུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །དེ་ལ་ལོངས་སྤྱོད་རྫོགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཁོར་གྱི་དཀྱིལ་ འཁོར་དང་། སངས་རྒྱས་ཀྱི་ཞིང་དང་། མཚན་དང་། སྐུ་དང་། ཆོས་ལ་ལོངས་སྤྱོད་རྫོགས་པ་དང་། མཛད་པ་དག་གིས་ཐ་དད་པ་ཡིན་ནོ། །རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་དེ་དང་འབྲེལ་པ་དང་། །དགྱེས་དགུར་ལོངས་སྤྱོད་ལྡན་པ་ལ། །ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ། ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་ནི་ཁྱད་པར་མེད་པ་ཉིད་ཀྱིས་མཉམ་པ་དང་། ཤེས་པར་དཀའ་བ་ཉིད་ཀྱིས་ཕྲ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དེ་དང་འབྲེལ་པ་དང་། ཇི་ལྟར་དགྱེས་པར་ལོངས་སྤྱོད་བསྟན་པར་བྱ་བ་ལ་ལོངས་སྤྱོད་རྫོགས་པ་པ་འབྱོར་པའི་རྒྱུ་ཡིན་ནོ། ། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། །སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ནི་སངས་རྒྱས་ཀྱི་སྤྲུལ་པའི་བྱེ་བྲག་དཔག་ཏུ་མེད་པའོ། །ལོངས་སྤྱོད་རྫོགས་པ་ནི་རང་གི་དོན་ཕུན་སུམ་ ཚོགས་པའི་མཚན་ཉིད་དོ། །སྤྲུལ་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དོན་གཉིས་ཕུན་སུམ་ཚོགས་པ་དེ་ཡང་རང་བཞིན་གྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། གཉིས་ལ་གོ་རིམས་བཞིན་དུ་གནས་སོ། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་ སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །སྤྲུལ་པའི་སྐུ་དེ་ནི་རྟག་ཏུ་གདུལ་བའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ་བཟོ་དང་། སྐྱེ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་སྟོན་པ་དག་གིས་རྣམ་པར་གྲོལ་བའི་ ཐབས་ཆེན་པོ་ཡིན་པའི་ཕྱིར། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་རིག་པར་བྱའོ། །སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །སྐུ་གསུམ་དག་གིས་སངས་རྒྱས་ རྣམས་ཀྱི་སྐུ་ཐམས་ཅད་བསྡུས་པར་རིག་པར་བྱ་བ་ལ། སྐུ་གསུམ་པོ་དེ་དག་གིས་ཀྱང་རང་དང་གཞན་གྱི་དོན་རྟེན་དང་བཅས་པར་བསྟེན་ཏེ། གཉིས་པོ་ནི་རང་དང་གཞན་གྱི་དོན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་དང་། དེ་གཉིས་ཀྱང་དེ་ལ་བརྟེན་པའི་ཕྱིར་ཏེ། ཇི་སྐད་སྔར་བཤད་པ་བཞིན་ནོ། །དེ་དག་ རྟེན་དང་དགོངས་པ་དང་། །ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་པོ་དེ་དག་ནི་གོ་རིམས་བཞིན་དུ་རྣམ་པ་གསུམ་གྱིས་ཁྱད་པར་མེད་དེ། རྟེན་གྱིས་ནི་ཆོས་ཀྱི་དབྱིངས་ཐ་མི་ དད་པའི་ཕྱིར་རོ། །དགོངས་པས་ནི་སངས་རྒྱས་ཀྱི་དགོངས་པ་ཐ་དད་པ་མེད་པའི་ཕྱིར་རོ། །ཕྲིན་ལས་ཀྱིས་ནི་ཕྲིན་ལས་ཐུན་མོང་བའི་ཕྱིར་རོ། །སྐུ་གསུམ་པོ་དེ་དག་ལ་གོ་རིམས་བཞིན་དུ་གང་གིས་ན་དེ་བཞིན་གཤེགས་པ་རྣམས་སྐུ་རྟག་པའོ་ཞེས་བརྗོད་པ་རྟག་པ་ཉིད་རྣམ་པ་གསུམ་དུ་རིག་པར་བྱ་ སྟེ། ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པའི་ཕྱིར་རང་བཞིན་གྱིས་རྟག་པ་ཉིད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་མི་འཆད་པས་ཏེ། ཆོས་ལ་ལོངས་སྤྱོད་རྫོགས་པ་རྒྱུན་མི་འཆད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་རྒྱུན་གྱིས་ཏེ། །མི་སྣང་བར་བྱས་ནས་ཡང་དང་ཡང་དུ་སྤྲུལ་པ་ཀུན་ཏུ་སྟོན་པའི་ ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་བཅུ་སྟེ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པ་ཁོ་ནའོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་རྣམ་པ་བཞི་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་གཡོ་བའོ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན་པ་དང་གཡོ་བའོ། །མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། ། རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྟག་ཏུ་ང་ཡི་བ་མེད་པ་དང་། ཡུལ་གྱི་སྒོ་ནས་ཡོངས་སུ་མ་ཆད་པ་དང་། དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ་དང་། རྟག་ཏུ་སྒྲིབ་པ་དང་བྲལ་བའི་ཕྱིར། ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་ཡང་ཡིན་ལ། རྣམ་པ་མེད་པའི་ཕྱིར་ དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིན་ནོ། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་སྟེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་དེ་དག་གི་རྣམ་པ་ཐམས་ཅད་ཀྱི་རྒྱུ་ ཡིན་པའི་ཕྱིར་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ལྟ་བུའོ། །དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་ཡིན་ལ། ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་ཕྱིར། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་ཀྱང་བྱའོ། །སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་ བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །བྱང་ཆུབ་སེམས་དཔས་མངོན་པར་རྟོགས་པའི་དུས་ན་སེམས་ཅན་རྣམས་ལ་མཉམ་པ་ཉིད་ཀྱི་ཤེས་པ་ཐོབ་པ་གང་ཡིན་པ་དེ་སྒོམ་པ་དག་པའི་སྒོ་ནས་བྱང་ཆུབ་ཐོབ་པའི་དུས་ན་མི་གནས་པའི་མྱ་ངན་ལས་འདས་པར་ཞུགས་པ་ནི་མཉམ་པ་ཉིད་ ཀྱི་ཡེ་ཤེས་སུ་འདོད་དོ། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །དུས་ཐམས་ཅད་དུ་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་། སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་ བཞིན་དུ་སངས་རྒྱས་ཀྱི་སྐུ་ངེས་པར་སྟོན་པར་མཛད་པ་ཡིན་ཏེ། འདི་ལྟར་སེམས་ཅན་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ཁ་དོག་སྔོན་པོར། ཁ་ཅིག་གིས་ནི་ཁ་དོག་སེར་པོར་མཐོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། ། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཚིགས་སུ་བཅད་པ་ཇི་ལྟ་བ་བཞིན་ནོ། ། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ནི་སྒྲུབ་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་དག་གིས་སེམས་ ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །སངས་རྒྱས་ཀྱི་སྤྲུལ་པ་དེ་ནི་རྟག་ཏུ་བྱ་བ་མཛད་པའི་བྱེ་བྲག་དང་གྲངས་དང་ཞིང་གི་སྒོ་ནས་རྣམ་པ་ཐམས་ཅད་དུ་བསམ་ གྱིས་མི་ཁྱབ་པར་རིག་པར་བྱའོ། །འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །དེ་ལ་འཛིན་པའི་ཕྱིར་ནི་ཐོས་པའི་ཆོས་རྣམས་ལའོ། །སེམས་མཉམ་པའི་ཕྱིར་ནི་སེམས་ ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཀྱིས་སོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སངས་རྒྱས་གཅིག་པ་ཉིད་དང་། དུ་མ་ཉིད་མ་ཡིན་པའི་ཚིགས་སུ་བཅད་པ། ཐ་དད་རིགས་དོན་ཡོད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་ དད་མིན་ཕྱིར་མང་པོའང་མིན། །སངས་རྒྱས་ནི་གཅིག་ཁོ་ནའོ་ཞེས་བྱ་བ་འདི་ནི་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཐ་དད་པའི་ཕྱིར་ཏེ། སེམས་ཅན་སངས་རྒྱས་ཀྱི་རིགས་ཅན་མཐའ་ཡས་པ་དེ་ལ་གཅིག་ཁོ་ན་ཞིག་མངོན་པར་རྫོགས་པར་སངས་རྒྱས་ཀྱི། གཞན་དག་ནི་མངོན་པར་ རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བ་འདི་ཅིའི་ཕྱིར་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་གཞན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དོན་མེད་པར་ཡང་འགྱུར་རོ། །དོན་མེད་པར་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་དོན་མེད་པ་མ་ཡིན་པའི་ཕྱིར་ཡང་ སངས་རྒྱས་གཅིག་ཁོ་ན་མ་ཡིན་ནོ། །སུ་ཡང་སངས་རྒྱས་ཉིད་ལ་མི་འགོད་པའི་ཕྱིར་སངས་རྒྱས་ཀྱི་སེམས་ཅན་གྱི་དོན་མཛད་པ་ཡང་རྫོགས་པར་མི་འགྱུར་ཏེ། དེ་ནི་རིགས་པ་མ་ཡིན་ནོ། །ཚོགས་མེད་པར་ཡང་སངས་རྒྱས་ཉིད་དུ་མི་རུང་ལ། སངས་རྒྱས་གཞན་མེད་པར་ཡང་ཚོགས་མི་ རུང་བའི་ཕྱིར་ཐོག་མའི་སངས་རྒྱས་འགའ་ཡང་མེད་པས་ཐོག་མ་མེད་པའི་ཕྱིར་ཡང་སངས་རྒྱས་གཅིག་ཏུ་རིག་པ་མ་ཡིན་ནོ། །ཟག་པ་མེད་པའི་དབྱིངས་ན་ཆོས་ཀྱི་སྐུ་ལ་ཐ་དད་པ་མེད་པའི་ཕྱིར། སངས་རྒྱས་རྣམས་ཀྱི་སྐུ་མང་པོ་ཉིད་དུ་ཡང་མི་འདོད་དོ། །སངས་རྒྱས་ཉིད་ལ་འཇུག་པའི། ཐབས་ཀྱི་ཚིགས་སུ་བཅད་པ་བཞིའོ། །མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། །རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཀུན་བརྟགས་པའི་ངོ་བོ་ཉིད་དུ་མེད་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཡོད་པའི་དམ་པ་ཡིན་ལ། ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་མི་དམིགས་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་དམིགས་པའི་མཆོག་ཡིན་ནོ། །སྒོམ་པ་རྣམ་པར་མི་ལྟ་བའི། །སྒོམ་པ་དམ་པར་འདོད་པ་སྟེ། །ཐོབ་པར་ལྟ་བ་མེད་རྣམས་ཀྱི། །ཐོབ་པ་ཡང་ནི་དམ་པར་འདོད། །སྒོམ་པ་མི་ དམིགས་པ་གང་ཡིན་པ་དེ་ཉིད་སྒོམ་པ་དམ་པ་ཡིན་ལ། ཐོབ་པའི་མི་དམིགས་པ་གང་ཡིན་པ་དེ་ཉིད་ཐོབ་པ་དམ་པ་ཡིན་ནོ། །བླ་མ་རིང་དང་མཚན་མ་དང་། །བདག་གིས་བརྩོན་འགྲུས་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་བྱ། །གང་དག་སངས་རྒྱས་ཉིད་ ལ་བླ་མ་ཡ་མཚན་གྱི་ཆོས་དང་ལྡན་པར་ལྟ་བ་དང་། དེ་ཡང་དག་པར་འགྲུབ་པར་བྱ་བ་དུས་རིང་བར་ལྟ་བ་དང་། མཚན་མ་སྟེ་སེམས་ཀྱི་དམིགས་པར་ལྟ་བ་དང་། བདག་གིས་བརྩོན་འགྲུས་བརྩམས་པ་ཡིན་ཏེ། སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་བདག་ཉིད་ཀྱི་བརྩོན་འགྲུས་སུ་ལྟ་བའི་བྱང་ཆུབ་ སེམས་དཔའ་ང་རྒྱལ་ཅན་དེ་ལྟ་བུ་དེ་དག་ནི་དམིགས་པ་ཅན་ཡིན་པའི་ཕྱིར། བྱང་ཆུབ་ལས་རིང་བ་ཞེས་བྱའོ། །ཇི་སྐད་བཤད་པ་འདི་དག་ཀུན། །རྟོག་པ་ཙམ་དུ་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་རྟོགས་མེད་རྣམས། །བྱང་ཆུབ་ཐོབ་ཅེས་ངེས་པར་བརྗོད། །འདི་དག་ཐམས་ཅད་ནི་རྟོག་པ་ ཙམ་ཞེས་བྱ་བར་ལྟ་བ་རྣམས་ནི་རྟོག་པ་ཙམ་དེ་ལ་ཡང་མི་རྟོག་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྟོག་པ་མེད་པ་རྣམས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་གནས་སྐབས་ན་དོན་དུ་བྱང་ཆུབ་འཐོབ་པ་དང་འདྲ་བར་ངེས་པར་བརྗོད་དོ། །སངས་རྒྱས་རྣམས་ཕན་ཚུན་མཛད་པ་གཅིག་པ་ཉིད་ལ་ཚིགས་སུ་བཅད་ པ་བཞིའོ། །ཀླུང་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་པ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུར་གནས་སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང་། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ལ་ གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བརྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང་། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང་། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །དེ་ལ་ཀླུང་གི་གནས་ཐ་དད་པ་ནི་རང་གི་སྣོད་ཐ་དད་པའི་ཕྱིར་རོ། །བྱ་བ་བྱེད་པ་ཐ་དད་པ་ནི་བྱ་བ་ཐ་དད་པ་ཉིད་དུ་བྱེད་པའི་ཕྱིར་རོ། །ཕྲ་མོའི་ཉེ་བར་སྤྱད་པ་ ཞེས་བྱ་བ་ནི། །ཆུང་ངུ་རྣམས་ཀྱི་ཉེ་བར་སྤྱད་པའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སངས་རྒྱས་ཉིད་ལ་སྤྲོ་བར་བྱ་བའི་ཚིགས་སུ་བཅད་པ། དེ་ལྟར་སངས་རྒྱས་ཉིད་ནི་དཀར་པོའི་ཆོས། །དཔེ་མེད་ལྡན་ཕྱིར་ཕན་བདེའི་རྒྱུ་ཡི་ཕྱིར། །བདེ་དགེ་དམ་པ་མི་ཟད་འབྱུང་གནས་ཕྱིར། །བློ་ལྡན་བྱང་ ཆུབ་སེམས་དགེ་བླང་བའི་རིགས། །དེ་ལྟར་སངས་རྒྱས་ཉིད་ནི་རང་གི་དོན་ཕུན་སུམ་ཚོགས་པས་དཀར་པོའི་ཆོས་དཔེ་མེད་པ་དང་ལྡན་པའི་ཕྱིར་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པས་ཕན་པ་དང་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང་། བདེ་བར་གནས་པའི་ཁྱད་པར་གྱིས་བདེ་བ་ཁ་ན་མ་ཐོ་བ་ མེད་པ་མཆོག་ཟད་མི་ཤེས་པའི་འབྱུང་གནས་ཡིན་པའི་ཕྱིར་བློ་དང་ལྡན་པས་དེར་སྨོན་པ་ཡོངས་སུ་གཟུང་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བླང་བའི་རིགས་སོ། །བྱང་ཆུབ་ཀྱི་སྐབས་རྫོགས་སོ།། །།སྡོམ་ནི་དང་པོ་སྒྲུབ་སྐྱབས་རིགས། །དེ་བཞིན་དུ་ནི་སེམས་བསྐྱེད་དང་། །རང་གཞན་ དོན་དང་དེ་ཉིད་དོན། །མཐུ་དང་ཡོངས་སྨིན་བྱང་ཆུབ་བོ། །བྱང་ཆུབ་ཀྱི་སྐབས་འདི་དང་པོ་ནས་བཟུང་སྟེ། རིལ་གྱིས་བྱང་ཆུབ་ཀྱི་ལེའུའི་རྗེས་སུ་འབྲངས་ཏེ་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །མོས་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་སོ། །སྐྱེ་དང་མ་སྐྱེས་འཛིན་དང་གཟུང་ གྱུར་དང་། །གྲོགས་བླངས་བདག་ཉིད་དང་ནི་ནོར་པ་དང་། །མ་ནོར་གཞན་དང་མངོན་སུམ་མ་ཡིན་གཞན། །སྒྲས་བྱུང་ཚོལ་བ་དང་ནི་ལྟ་བ་པའོ། །སྐྱེས་པ་ནི་འདས་པ་དང་ད་ལྟར་བྱུང་བའོ། །མ་སྐྱེས་པ་ནི་མ་འོངས་པའོ། །འཛིན་པ་ནི་ནང་གི་སྟེ། གང་གིས་དམིགས་པ་ལ་མོས་པར་བྱེད་པའོ། ། གཟུང་བར་གྱུར་པ་ནི། ཕྱི་རོལ་གྱི་སྡེ་གང་ལ་དམིགས་པ་ཉིད་དུ་མོས་པའོ། །གྲོགས་པོ་ལས་བླངས་པ་ནི་རགས་པའོ། །བདག་ཉིད་ལས་བྱུང་བ་ནི་ཕྲ་བའོ། །ནོར་པ་ནི་དམན་པ་སྟེ་ལོག་པར་མོས་པའི་ཕྱིར་རོ། །མ་ནོར་བར་ནི་གྱ་ནོམ་པའོ། །མངོན་སུམ་པ་ནི་ཉེ་བ་སྟེ། །རྐྱེན་ཉེ་བའི་ཕྱིར་རོ། །མངོན་ སུམ་མ་ཡིན་པ་ནི་རིང་བ་སྟེ་བཟློག་པའོ། །སྒྲ་ལས་བྱུང་བ་ནི་ཐོས་པ་ལས་བྱུང་བའོ། །ཚོལ་བ་པ་ནི་བསགས་པ་ལས་བྱུང་བའོ། །ལྟ་བ་པ་ནི་བསྒོམས་པ་ལས་བྱུང་བ་སྟེ་སོ་སོར་རྟོག་པའི་ཕྱིར་རོ། །འཕྲོགས་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །དམན་དང་རྒྱ་ཆེ་བསྒྲིབས་དང་མ་བསྒྲིབས་དང་། ། བརྩོན་དང་མ་བརྩོན་བསགས་དང་མ་བསགས་པ། །བརྟན་ཞུགས་རིང་དུ་སོང་བའི་མོས་པའོ། །འཕྲོགས་པ་ནི་ཆུང་ངུའོ། །འདྲེས་པ་ནི་འབྲིང་པོའོ། །མི་མཐུན་པའི་ཕྱོགས་རྣམས་དང་མ་འདྲེས་པ་ནི་ཆེན་པོའོ། །དམན་པ་ནི་ཐེག་པ་གཞན་ལའོ། །རྒྱ་ཆེན་པོ་ནི་ཐེག་པ་ཆེན་པོ་ལའོ། །བསྒྲིབས་པ་ ནི་ཁྱད་པར་དུ་འགྲོ་བར་བྱ་བ་ལ་སྒྲིབ་པ་དང་བཅས་པའོ། །མ་བསྒྲིབས་པ་ནི་སྒྲིབ་པ་མེད་པའོ། །བརྩོན་པ་ནི་རྟག་ཏུ་དང་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །མི་བརྩོན་པ་ནི་དེ་དག་དང་བྲལ་བའོ། །བསགས་པ་ནི་རྟོག་པར་རུང་བའོ། །མ་བསགས་པ་ནི་བཟློག་པའོ། །བརྟན་པར་ཞུགས་པ་ནི་ས་ ལ་ཞུགས་པའོ། །རིང་དུ་སོང་བ་ནི་ས་ལྷག་མ་རྣམས་ལའོ། །མོས་པའི་བར་དུ་གཅོད་པ་ལ་ཚིགས་སུ་བཅད་པ་གསུམ་མོ། །ཡིད་ལ་མི་བྱེད་མང་བ་དང་། །ལེ་ལོ་རྣལ་འབྱོར་འཁྲུགས་པ་དང་། །གྲོགས་ངན་དགེ་བ་ཞན་པ་དང་། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད། །སྐྱེས་པ་ལ་ནི་ཡིད་ལ་མི་བྱེད་ པ་མང་བ་བར་དུ་གཅོད་དོ། །མ་སྐྱེས་པ་ལ་ནི་ལེ་ལོའོ། །གཟུང་བ་དང་འཛིན་པར་གྱུར་པ་ལ་ནི་རྣལ་འབྱོར་འཁྲུགས་པ་སྟེ། དེ་ཁོ་ན་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །གྲོགས་པོ་ལས་བླངས་པ་ནི། གྲོགས་པོ་ངན་པ་སྟེ་ལོག་པར་འཛིན་དུ་འཇུག་པའི་ཕྱིར་རོ། །བདག་ཉིད་མོས་པ་ལ་ནི་དགེ་བའི་ རྩ་བ་ཉམ་ཆུང་བའོ། །མ་ནོར་བ་ལ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བར་དུ་གཅོད་དེ། དེ་དང་འགལ་བའི་ཕྱིར་རོ། །བག་མེད་པ་དང་ཐོས་པ་ཉུང་། །ཐོས་དང་བསམ་པ་ཉུང་ངུས་ཆོག །ཞི་བ་ཙམ་གྱིས་ང་རྒྱལ་དང་། །དེ་བཞིན་མ་འདྲིས་ཡིན་པར་འདོད། །མངོན་སུམ་པ་ལ་ནི་བག་ མེད་པ་སྟེ། དེ་ནི་བག་ཡོད་པས་བྱས་པའི་ཕྱིར་རོ། །སྒྲ་ལས་བྱུང་བ་ནི་ཐོས་པ་ཉུང་བ་སྟེ། ངེས་པའི་དོན་གྱི་མདོ་སྡེ་མ་ཐོས་པའི་ཕྱིར་རོ། །ཚོལ་བ་པ་ལ་ནི་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་བསམ་པ་ཉུང་ངུས་ཆོག་པར་འཛིན་པའོ། །ལྟ་བ་པ་ལ་ནི་བསམ་པ་ཙམ་གྱིས་ཆོག་པར་འཛིན་པ་ དང་། ཞི་གནས་ཙམ་གྱིས་མངོན་པའི་ང་རྒྱལ་བྱེད་པའོ། །འཕྲོགས་པ་དང་། འདྲེས་པ་དག་ལ་ནི་མ་འདྲེས་པ་བར་དུ་གཅོད་དོ། །མི་སྐྱོ་བ་དང་དེ་བཞིན་སྐྱོ། །སྒྲིབ་པ་དང་ནི་མི་བརྩོན་པ། །ཚོགས་མ་བསགས་པ་མོས་པ་ཡི། །བར་དུ་གཅོད་པར་ཤེས་པར་བྱ། །དམན་པ་ ལ་ནི་འཁོར་བ་ལས་མི་སྐྱོ་བའོ། །རྒྱ་ཆེན་པོ་ལ་ནི་སྐྱོ་བའོ། །མ་བསྒྲིབས་པ་ལ་ནི་སྒྲིབ་པའོ། །བརྩོན་པ་ལ་ནི་མི་བརྩོན་པའོ། །བསགས་པ་ལ་ནི་མ་བསགས་པ་བར་དུ་གཅོད་དོ། །མོས་པའི་ཕན་ཡོན་ལ་ཚིགས་སུ་བཅད་པ་ལྔ་སྟེ། བསོད་ནམས་ཆེ་དང་འགྱོད་པ་མེད། །ཡིད་བདེ་བ་དང་བདེ་བ་ ཆེ། །ཆུད་མི་ཟ་དང་བརྟན་པ་དང་། །དེ་བཞིན་ཁྱད་པར་འགྲོ་བ་དང་། །ཆོས་ནི་མངོན་པར་རྟོགས་པ་དང་། །བདག་དང་གཞན་དོན་ཐོབ་པའི་མཆོག །མངོན་ཤེས་མྱུར་བ་དེ་དག་ནི། །མོས་པ་ཡི་ནི་ཕན་ཡོན་ཡིན། །སྐྱེས་པ་ད་ལྟར་བྱུང་བའི་ནི་བསོད་ནམས་ཆེན་པོའོ། །འདས་པའི་ནི་འགྱོད་པ་ མེད་པ་སྟེ། ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། །འཛིན་པ་དང་གཟུང་བར་གྱུར་པའི་ནི་ཡིད་བདེ་བ་ཆེན་པོ་སྟེ། ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་རོ། །དགེ་བའི་གྲོགས་པོས་བསྐྱེད་པའི་ནི་ཆུད་མི་ཟའོ། །བདག་ཉིད་མོས་པའི་ནི་བརྟན་པའོ། །མ་ནོར་བ་དང་། མངོན་དུ་བ་དང་། ཐོས་པ་ལས་ བྱུང་བ་ལ་སོགས་པ་ནས་འབྲིང་གི་བར་གྱི་ནི་ཁྱད་པར་དུ་འགྲོ་བའོ། །ཆེན་པོའི་ནི་ཆོས་མངོན་པར་རྟོགས་པའོ། །ཐེག་པ་དམན་པའི་ནི་བདག་གི་དོན་ཐོབ་པའོ། །རྒྱ་ཆེན་པོའི་ནི་གཞན་གྱི་དོན་ཐོབ་པའི་མཆོག་གོ། །མ་བསྒྲིབས་པ་དང་། བརྩོན་པ་ལ་སོགས་པ་དཀར་པོའི་ཕྱོགས་རྣམས་ཀྱི་ ཕན་ཡོན་ནི་མངོན་པར་ཤེས་པ་མྱུར་བ་ཉིད་དོ། །འདོད་པ་ཅན་ནི་དེ་ཁྱི་འདྲ། །ཏིང་ངེ་འཛིན་པའི་རུས་སྦལ་བཞིན། །རང་དོན་བྱེད་པའི་དེ་བྲན་འདྲ། །གཞན་དོན་བྱེད་པའི་རྒྱལ་པོ་བཞིན། །ཇི་ལྟར་ཁྱི་ནི་རྟག་ཏུ་ལྟོགས་ཤིང་སྡུག་བསྔལ་གྱིས་ཉེན་ཆོག་མི་ཤེས། །ཇི་ལྟར་རུས་སྦལ་དེ་ནི་ཆུ་ ཡི་ནང་ན་ཀུན་ནས་བསྐུམས་ཤིང་འདུག །ཇི་ལྟར་བྲན་ནི་རྟག་ཏུ་འཇིགས་ཤིང་སྐྲག་པའི་ལུས་ཀྱིས་རྣམ་པར་རྒྱུ། །ཇི་ལྟར་རྒྱལ་པོ་ཡང་ནི་བཀའ་ཡིས་ཡུལ་ལ་དབང་བསྒྱུར་གནས་པ་ལྟར། །དེ་བཞིན་གཡེམ་དང་གནས་དང་རང་གཞན་ཕན་བྱ་དོན་བྱེད་པའི། །མོས་པ་སྣ་ཚོགས་དག་གིས་རྟག་ ཏུ་ཁྱད་པར་ཤེས་པར་བྱ། །ཐེག་པ་ཆེན་པོ་དེ་ལ་དེ་མཆོག་ཚུལ་བཞིན་རིག་ནས་ནི། །འདི་ན་བརྟན་པས་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚོལ། །ཡང་འདོད་པ་ཅན་རྣམས་ཀྱི་མོས་པ་ནི་ཁྱི་དང་འདྲའོ། །འཇིག་རྟེན་པའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱི་ནི་རུས་སྦལ་བཞིན་ནོ། །རང་གི་དོན་དང་ལྡན་ པ་རྣམས་ཀྱི་ནི་བྲན་དང་འདྲའོ། །གཞན་གྱི་དོན་དང་ལྡན་པ་རྣམས་ཀྱི་ནི་རྒྱལ་པོ་བཞིན་ནོ། །དོན་དེ་ཉིད་གཞན་གྱིས་བསྟན་ནས། གཞན་གྱིས་ཐེག་པ་ཆེན་པོ་ལ་མོས་པ་ཡང་དག་པར་ལེན་དུ་འཇུག་པ་ཡིན་ནོ། །མོས་པ་ལ་ཞུམ་པ་དགག་པར་ཚིགས་སུ་བཅད་པ། གང་ཕྱིར་སེམས་ཅན་མིར་ གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །རྒྱུ་གསུམ་གྱིས་ཞུམ་པར་རིགས་པ་མ་ཡིན་ཏེ། འདི་ལྟར་མིར་གྱུར་པས་འཐོབ་པ་དང་། དཔག་ཏུ་མེད་པས་འཐོབ་པ་དང་། རྟག་ཏུ་འཐོབ་པའོ། །མོས་པའི་བསོད་ནམས་ཀྱི་ཁྱད་ པར་ལ་ཚིགས་སུ་བཅད་པ་གཉིས་ཏེ། གཞན་དག་ལ་ནི་ཟས་བྱིན་པའི། །བསོད་ནམས་འཕེལ་བ་ཇི་ལྟ་བར། །བདག་ཉིད་ཟ་བའི་མ་ཡིན་པ། །དེ་བཞིན་གཞན་དོན་རྟེན་གྱི་ཆོས། །བསྟན་ལས་མདོ་ལས་གསུངས་པ་ཡི། །བསོད་ནམས་ཆེར་འབྱུང་ཐོབ་པ་ལྟར། །རང་གི་དོན་གྱི་རྟེན་གྱི་ཆོས། ། བསྟན་ལས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་གཞན་གྱི་དོན་གྱི་དབང་དུ་བྱས་ནས་ཁ་ཟས་བྱིན་པའི་བསོད་ནམས་སྐྱེ་བར་འགྱུར་བ་ལྟར། རང་གི་དོན་གྱི་དབང་དུ་བྱས་ནས་བདག་ཉིད་ཟ་བ་མ་ཡིན་པ་དེ་བཞིན་དུ་གཞན་གྱི་དོན་གྱི་རྟེན་ཐེག་པ་ཆེན་པོའི་ཆོས་བསྟན་པ་ལས། ཐེག་པ་ཆེན་པོའི་མདོ་དེ་དང་དེ་དག་ ལས་གསུངས་པའི་བསོད་ནམས་འབྱུང་བ་ཆེན་པོ་འཐོབ་པ་ལྟར་རང་གི་དོན་གྱི་རྟེན་ཉན་ཐོས་ཀྱི་ཐེག་པའི་ཆོས་བསྟན་པ་ལས་ནི་མ་ཡིན་ནོ། །མོས་པའི་འབྲས་བུ་ཡོངས་སུ་བསྡུ་བར་ཚིགས་སུ་བཅད་པ། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡངས་གྱུར་ལ། །བློ་དང་ལྡན་བས་རྟག་ཏུ་མོས་པ་ཆེ་བསྐྱེད་ ན། །བསོད་ནམས་རྒྱ་ཆེན་རྒྱུན་མི་འཆད་དང་དེ་འཕེལ་དང་། །ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ཆེན་པོར་འགྱུར། །གང་ལ་དང་གང་ཞིག་དང་མོས་པ་ཇི་ལྟ་བུས་འབྲས་བུ་གང་ཡོངས་སུ་འཛིན་པ་སྟེ། ཐེག་པ་ཆེན་པོའི་ཆོས་རྒྱ་ཆེན་པོ་ལ་བློ་གྲོས་དང་ལྡན་པས་མོས་པ་ཡོངས་སུ་ཉམས་པར་མི་ འགྱུར་བ་རྒྱ་ཆེན་པོས་འབྲས་བུ་རྣམ་པ་གསུམ་པོ་བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། མོས་པ་དེ་ཉིད་འཕེལ་བ་དང་། དེའི་རྒྱུ་ལས་བྱུང་བ་ཡོན་ཏན་མཚུངས་པ་མེད་པས་བདག་ཉིད་ཆེན་པོ་སངས་རྒྱས་ཉིད་ཡོངས་སུ་འཛིན་ཏོ། །མོས་པའི་སྐབས་རྫོགས་སོ།། །། ཆོས་ཡོངས་སུ་ཚོལ་བའི་སྐབས་ལས། དམིགས་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བཞིའོ། །སྡེ་སྣོད་དག་གིས་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །སྡེ་ སྣོད་གསུམ་ནི། མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་རྣམས་སོ། །གསུམ་པོ་དེ་དག་ཉིད་ཐེག་པ་དམན་པ་དང་། ཐེག་པ་མཆོག་གི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །གསུམ་པོའམ། གཉིས་པོ་དེ་ཡང་ཅིའི་ ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་ཕྱིར་ཏེ། ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་གསུམ་ཡིན་ཞེ་ན། རྒྱུ་དགུས་ཏེ། ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེ་སྟེ། གང་ཞིག་དོན་གང་ལ་ཐེ་ཚོམ་ཟ་བ་དེ་ལ་དེ་ངེས་པར་བྱ་བའི་ཆེད་དུ་བཤད་པའི་ཕྱིར་རོ། ། མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་ནི་འདུལ་བ་སྟེ། ཁ་ན་མ་ཐོ་བ་དང་བཅས་པའི་ཡོངས་སུ་སྤྱད་པ་བཀག་པའི་སྒོ་ནས་འདོད་པའི་བསོད་ནམས་ལ་རྗེས་སུ་སྦྱོར་བའི་མཐའ་དང་། ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་པ་རྗེས་སུ་གནང་བའི་སྒོ་ནས་བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའོ། །རང་ གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ནི་ཆོས་མངོན་པ་སྟེ། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ཡང་མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་སྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་ པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པ་བས་ནི་ལྷག་པའི་ཤེས་རབ་སྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་ཕྱིར་རོ། །ཡང་མདོ་སྡེས་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་སྒྲུབ་པ་སྟེ། ཉོན་མོངས་པ་ འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི་ཆོས་དང་དོན་འབྲེལ་པའི་གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་སྟེ། རྒྱུ་དགུ་པོ་འདིས་སྡེ་སྣོད་གསུམ་དུ་འདོད་དོ། །དེ་ཡང་འཁོར་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཆེད་ཡིན་ཏེ། དེས་ཇི་ལྟར་རྣམ་ པར་གྲོལ་བར་བྱེད་ཅེ་ན། དེས་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཐོས་པས་ནི་སེམས་ལ་བག་ཆགས་ཀྱི་སྒོ་ནས་སོ། །བསམས་པས་ནི་རྟོགས་པར་བྱེད་པའི་སྒོ་ནས་སོ། །བསྒོམས་པས་ནི་ཞི་གནས་ཀྱིས་ཞི་བར་བྱེད་པའི་སྒོ་ནས་དང་། ལྷག་ མཐོང་གིས་རབ་ཏུ་རྟོགས་པའི་སྒོ་ནས་སོ། །མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བ་དེ་དག་ནི་མདོར་བསྡུ་ན། སོ་སོ་རེ་རེ་ཞིང་དོན་ རྣམ་པ་བཞི་བཞི་སྟེ། བྱང་ཆུབ་སེམས་དཔས་དེ་རྣམས་ཤེས་ནས་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །ཉན་ཐོས་ཀྱིས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་པས་ཀྱང་ཟག་པ་ཟད་པ་འཐོབ་བོ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །མངོན་ དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཇི་ལྟར་ན་སོ་སོ་རེ་རེ་ཞིང་དོན་རྣམ་པ་བཞི་ཡིན་ཞེ་ན། གནས་དང་། མཚན་ཉིད་དང་། ཆོས་དང་དོན་སྨོས་པའི་ཕྱིར་མདོ་སྡེ་སྟེ། དེ་ལ་གནས་ནི་ཡུལ་གང་དུ། གང་གིས་གང་གི་ཕྱིར་བཤད་པའོ། །མཚན་ ཉིད་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང་། དོན་དམ་པའི་བདེན་པའི་མཚན་ཉིད་དོ། །ཆོས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཟས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་རྣམས་སོ། །དོན་ནི་དགོངས་པའོ། །མངོན་དུ་བའི་ཕྱིར་དང་། ཡང་དང་ ཡང་གི་ཕྱིར་དང་། ཟིལ་གྱིས་གནོན་པའི་ཕྱིར་དང་། རྟོགས་པའི་ཕྱིར་ཆོས་མངོན་པ་ཡིན་པར་རིག་པར་བྱ་སྟེ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཆོས་ནི་ཆོས་མངོན་པ་སྟེ། བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་ སྟོན་པའི་ཕྱིར་རོ། །ཡང་དང་ཡང་དུ་སྟོན་པའི་ཆོས་ནི་ཆོས་མངོན་པ་སྟེ། ཆོས་རེ་རེ་ལ་ཡང་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ཡོད་པ་ལ་སོགས་པའི་བྱེ་བྲག་གིས་མང་དུ་སྟོན་པའི་ཕྱིར་རོ། །ཟིལ་གྱིས་གནོན་པའི་ཆོས་ནི། ཆོས་ མངོན་པ་སྟེ། བརྩད་པ་དང་བརྩད་པའི་གཞི་ལ་སོགས་པས་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པའི་ཕྱིར་རོ། །འདིས་ནི་མདོ་སྡེའི་དོན་རྟོགས་པར་འགྱུར་བས་ན་ཆོས་མངོན་པའོ། །ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། ། རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ལྟུང་བ་དང་། འབྱུང་བ་དང་། ལྡང་བ་དང་། ངེས་པར་འབྱུང་བའི་སྒོ་ནས་འདུལ་བ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ལྟུང་བ་ནི་ལྟུང་བའི་རིས་ལྔའོ། །ལྟུང་བ་རྣམས་འབྱུང་བ་ནི་མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པ་ ལས་སོ། །ལྡང་བ་ནི་བསམ་པས་ཡིན་གྱི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །ངེས་པར་འབྱུང་བ་ནི་རྣམ་པ་བདུན་ཏེ། བཤགས་པ་དང་། བསླབ་པ་བྱིན་པ་ལ་སོགས་པ་ཆད་པའི་ལས་ཁས་ལེན་པ་དང་། བསླབ་པ་བཅས་པ་ལ་རྣམ་གྲངས་ཀྱིས་གནང་བའི་ཕྱིར་གློད་པ་དང་། དགེ་ འདུན་ཚོགས་པས་བསླབ་པའི་གཞི་བག་ཡངས་སུ་བྱས་པའི་ཕྱིར་བག་ཡངས་སུ་བྱས་པ་དང་། དགེ་སློང་དང་དགེ་སློང་མ་དག་ཕོ་སྨོས་ཀྱི་མཚན་གྱུར་པ་ན་ལྟུང་བ་ཐུན་མོང་མ་ཡིན་པ་ནི་རྟེན་ཡོངས་སུ་གྱུར་པ་དང་། ཆོས་ཀྱི་སྡོམ་གྱིས་རྣམ་པ་སོ་སོར་རྟོག་པའི་ཁྱད་པར་ཏེ། ཡང་དག་ པར་སོ་སོར་རྟོག་པ་དང་། བདེན་པ་མཐོང་བས་ལྟུང་བ་ཕྲ་མོའི་ཡང་ཕྲ་མོ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཆོས་ཉིད་ཐོབ་པའོ། །ཡང་དོན་རྣམ་པ་བཞིས་འདུལ་བ་ཡིན་པར་རིག་པར་བྱ་སྟེ། གང་ཟག་ལས་ནི་གང་ལ་བརྟེན་ནས་བསླབ་པ་འཆའ་བའོ། །བཅས་པ་ལས་ནི་ནམ་གང་ཟག་གི་ཉེས་པ་ གསོལ་བ་ན། སྟོན་པས་དགེ་འདུན་བསྡུས་ཏེ་བསླབ་པ་འཆའ་བར་མཛད་པའོ། །རབ་ཏུ་དབྱེ་བ་ལས་ནི་གང་བསླབ་པའི་གཞི་བཅས་པ་ལ་མདོར་བསྟན་པ་སྟེ་རྣམ་པར་ཕྱེ་བའོ། །རྣམ་པར་ངེས་པ་ལས་ནི་དེ་ལ་ལྟུང་བའམ། ལྟུང་བ་མེད་པ་ནི་ཇི་ལྟ་བུ་ཞེས་ངེས་པར་འཛིན་པའི་ཕྱིར་རོ། །དམིགས་ པ་རྙེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གསུམ་མོ། །དམིགས་པ་ཆོས་དང་ནང་དང་ནི། །ཕྱི་དང་གཉིས་ནི་ཡིན་པར་འདོད། །དོན་གཉིས་ཀྱིས་ནི་གཉིས་པོ་རྙེད། །གཉིས་པོ་དག་ནི་མི་དམིགས་པས། །དམིགས་པ་ཆོས་ནི་བཤད་པ་གང་ཡིན་པའོ། །ལུས་ལ་སོགས་པ་ནི་ ནང་དང་ཕྱིའོ། །དེ་ལ་འཛིན་པར་གྱུར་པའི་ལུས་ལ་སོགས་པ་ནི་ནང་སྟེ་དམིགས་པ་ཆོས་སོ། །གཟུང་བར་གྱུར་པ་ནི་ཕྱིའོ། །དེ་དག་ཉིད་ཀྱི་དེ་བཞིན་ཉིད་གཉིས་སོ། །དེ་ལ་ནང་དང་ཕྱིའི་དམིགས་པ་གཉིས་ནི་དོན་གཉིས་ཀྱིས་གོ་རིམས་བཞིན་དུ་རྙེད་དེ། གལ་ཏེ་གཟུང་བའི་དོན་ལས་ འཛིན་པའི་དོན་ཐ་མི་དད་པར་མཐོང་བ་འམ། འཛིན་པའི་དོན་ལས་གཟུང་བའི་དོན་ཐ་མི་དད་པར་མཐོང་ནའོ། །ཕྱི་ནང་གི་དམིགས་པ་གཉིས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྙེད་པ་ནི་དེ་གཉིས་ཉིད་མི་དམིགས་པ་ལས་རིག་པར་བྱའོ། །ཡིད་ཀྱི་བརྗོད་པས་བཤད་བཞིན་དོན། །རབ་དང་ དོན་དུ་སྣང་བ་ནི། །བརྗོད་ལས་ཡིན་པར་རབ་འཛིན་ཕྱིར། །སེམས་ནི་མིང་ལ་གནས་པའི་ཕྱིར། །ཐོས་ལ་སོགས་པའི་ཤེས་གསུམ་གྱིས། །ཆོས་ཀྱི་དམིགས་པ་རྙེད་པར་འགྱུར། །དམིགས་པ་རྣམ་པ་གསུམ་རྙེད་པ། །སྔར་བཤད་དེ་ལ་ཡང་དག་བརྟེན། །ཆོས་ལ་དམིགས་པ་རྙེད་པ་ ནི། །ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པ་གསུམ་གྱིས་འགྱུར་རོ། །དེ་ལ་མཉམ་པར་གཞག་པའི་སེམས་ཀྱིས་ཡིད་ཀྱི་བརྗོད་པ་དག་གིས་ཇི་སྐད་བཤད་པའི་དོན་ལ་རབ་ཏུ་དང་བ་དེ་རབ་ཏུ་འཛིན་པའི་ཕྱིར། ཐོས་པ་ལས་བྱུང་བའི་ཤེས་པས་དེ་རྙེད་དེ། ཡིད་ཀྱི་ བརྗོད་པ་དག་གིས་ཞེས་བྱ་བ་ནི་ཡང་དག་པར་རྟོག་པ་དག་གིས་སོ། །རབ་ཏུ་དང་བ་ནི་མོས་པ་སྟེ། ངེས་པའོ། །རབ་ཏུ་འཛིན་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རོ། །དོན་དུ་སྣང་བ་ནི་བརྗོད་པ་ལས་ཡིན་པར་རབ་ཏུ་འཛིན་པའི་ཕྱིར་བསམས་པ་ལས་བྱུང་བའི་ཤེས་པས་དེ་ རྙེད་དེ། གལ་ཏེ་ཡིད་ཀྱི་བརྗོད་པ་ཁོ་ན་ལས་དོན་འདི་སྣང་གི །དམིགས་པ་གཉིས་རྙེད་པ་ལས་ཇི་སྐད་བཤད་པ་ལྟར་ཡིད་ཀྱི་བརྗོད་པ་ལས་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་མཐོང་ནའོ། །སེམས་མིང་ལ་གནས་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེས་པས་དེ་རྙེད་པར་རིག་པར་བྱ་སྟེ། གཉིས་ མི་དམིགས་པས་རྙེད་པ་ལས་ཇི་སྐད་བཤད་པ་ལྟར་གཉིས་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་རྣམ་པ་གསུམ་རྙེད་པ་སྔར་བཤད་པ་དེ་ནི་ཆོས་ཀྱི་དམིགས་པ་རྙེད་པ་ལ་ཡང་དག་པར་བརྟེན་པ་ཡིན་པར་རིག་པར་བྱའོ། །ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བ་ ལས་ཚིགས་སུ་བཅད་པ་ལྔ་སྟེ། རིགས་གསུམ་པ་དང་བྱ་བ་བྱེད། །མི་གནོད་རྟེན་བཅས་གཞན་ཡིན་ཏེ། །མོས་པ་འཇོག་པར་བྱེད་དང་གཞན། །འདུན་པ་དྲག་པོར་བྱེད་པ་དང་། །དམན་དང་རྫོགས་རྟེན་རྣམ་པ་གཉིས། །བརྗོད་དང་བཅས་དང་བརྗོད་མེད་ཉིད། །ཤེས་པ་དང་ནི་མཚུངས་ ལྡན་པ། །རྣལ་འབྱོར་རྒྱུ་བདག་བཅས་པ་དང་། །དེ་ནི་འདྲེས་ལ་དམིགས་པ་དང་། །མ་འདྲེས་པ་ལ་དམིགས་པ་དེ། །རྣམ་པ་ལྔ་དང་རྣམ་བདུན་ཉིད། །འདི་ཡི་ཡོངས་སུ་ཤེས་པ་ལྔ། །རྣམ་པ་བསྒོམ་དང་ལྡན་པ་ནི། །བཞི་དང་སུམ་ཅུ་རྩ་བདུན་ནོ། །དེ་ནི་ལམ་གཉིས་རང་བཞིན་ཏེ། ། ཕན་ཡོན་གཉིས་དང་ནོད་པ་དང་། །སྦྱོར་བ་པ་དང་དབང་སྒྱུར་དང་། །ཆུང་དང་རྒྱ་ཆེའི་བདག་ཉིད་དེ། །རྣལ་འབྱོར་རྣམས་ཀྱི་ཡིད་བྱེད་འདི། །ཐམས་ཅད་བདག་ཉིད་ཡིན་པར་འདོད། །རྣལ་འབྱོར་ཡིད་ལ་བྱེད་པ་ནི་རྣམ་པ་བཅོ་བརྒྱད་དེ། རིགས་ངེས་པ་དང་། བྱ་བ་བྱེད་པ་དང་། རྟེན་ རྣམ་པར་དབྱེ་བ་དང་། མོས་པ་འཇོག་པར་བྱེད་པ་དང་། འདུན་པ་སྐྱེད་པར་བྱེད་པ་དང་། །ཏིང་ངེ་འཛིན་ལ་བརྟེན་པ་དང་། །ཤེས་པ་དང་མཚུངས་པར་ལྡན་པ་དང་། །འདྲེས་པ་ལ་དམིགས་པ་དང་། མ་འདྲེས་པ་ལ་དམིགས་པ་དང་། ཡོངས་སུ་ཤེས་པ་ངེས་པ་དང་། སྒོམ་པའི་རྣམ་པ་ལ་ ཞུགས་པ་དང་། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རང་བཞིན་དང་། ཕན་ཡོན་ཡིད་ལ་བྱེད་པ་དང་། ནོད་པར་བྱེད་པ་དང་། སྦྱོར་བའི་ཡིད་ལ་བྱེད་པ་དང་། །དབང་སྒྱུར་བའི་ཡིད་ལ་བྱེད་པ་དང་། ཆུང་ངུ་ཡིད་ལ་བྱེད་པ་དང་། རྒྱ་ཆེན་པོ་ཡིད་ལ་བྱེད་པའོ། །དེ་ལ་རིགས་ངེས་ པ་ནི་ཉན་ཐོས་ལ་སོགས་པའི་རིགས་སུ་ངེས་པ་གང་ཡིན་པའོ། །བྱ་བ་བྱེད་པ་ནི་ཚོགས་བསགས་པའི་གང་ཡིན་པའོ། །རྟེན་རྣམ་པར་དབྱེ་བ་ནི། གནོད་པ་དང་བཅས་པ་ཁྱིམ་ན་གནས་པའི་རྟེན་ཅན་དང་། གནོད་པ་མེད་པ་རབ་ཏུ་བྱུང་བའི་རྟེན་ཅན་གང་ཡིན་པའོ། །མོས་པ་འཇོག་ པར་བྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པ་གང་ཡིན་པའོ། །འདུན་པ་སྐྱེད་པར་བྱེད་པ་ནི་དེ་ལ་ཡིད་ཆེས་པ་དང་ལྡན་པ་གང་ཡིན་པའོ། །ཏིང་ངེ་འཛིན་ལ་བརྟེན་པ་ནི་ཉེར་བསྡོགས་དང་དངོས་གཞིའི་ཏིང་ངེ་འཛིན་དང་ལྡན་པ་གང་ཡིན་པ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་ བཅས་པ་སྟེ་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་པའོ། །ཤེས་པ་དང་མཚུངས་པར་ལྡན་པར་ནི་རྣལ་འབྱོར་གྱི་རྒྱུ་དང་། རྣལ་འབྱོར་མི་ཤེས་པ་དང་བཅས་པ་གང་ཡིན་པ་སྟེ། དེ་ཡང་གོ་རིམས་བཞིན་དུ་ཐོས་པ་དང་བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །འདྲེས་པ་ལ་དམིགས་པ་ནི་རྣམ་པ་ལྔ་སྟེ། མདོ་དང་སྡོམ་གྱི་ཚིགས་སུ་བཅད་པ་དང་། ཉེ་བར་གཏོད་པ་དང་། ཇི་སྙེད་གཟུང་བ་དང་། ཇི་སྙེད་བསྟན་པ་ལ་དམིགས་པའོ། །མ་འདྲེས་པ་ལ་དམིགས་པ་ནི་རྣམ་པ་བདུན་ཏེ། མིང་ལ་དམིགས་པ་དང་། ཚིག་ ལ་དམིགས་པ་དང་། ཡི་གེ་ལ་དམིགས་པ་དང་། གང་ཟག་ལ་བདག་མེད་པ་ལ་དམིགས་པ་དང་། ཆོས་ལ་བདག་མེད་པ་ལ་དམིགས་པ་དང་། གཟུགས་ཅན་གྱི་ཆོས་ལ་དམིགས་པ་དང་། གཟུགས་ཅན་མ་ཡིན་པའི་ཆོས་ལ་དམིགས་པའོ། །དེ་ལ་གཟུགས་ཅན་གྱི་ཆོས་ལ་དམིགས་པ་ ནི། ལུས་ལ་དམིགས་པ་གང་ཡིན་པའོ། །གཟུགས་ཅན་མ་ཡིན་པའི་ཆོས་ལ་དམིགས་པ་ནི་ཚོར་བ་དང་། སེམས་དང་། ཆོས་ལ་དམིགས་པའོ། །ཡོངས་སུ་ཤེས་པ་ངེས་པ་ནི། ཡོངས་སུ་ཤེས་པར་བྱ་བའི་གཞི་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་ དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེ་རབ་ཏུ་རིག་པ་རྣམས་ལ་སྟེ། དེ་ལ་ཡོངས་སུ་ཤེས་པར་བྱ་བའི་གཞི་ནི་སྡུག་བསྔལ་ལོ། །ཡོངས་སུ་ཤེས་པར་བྱ་བའི་དོན་དེ་ཉིད་ལ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པའོ། །ཡོངས་སུ་ཤེས་པ་ནི་ལམ་མོ། ། ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའོ། །དེ་རབ་ཏུ་རིག་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །སྒོམ་པའི་རྣམ་པ་ལ་ཞུགས་པ་ནི། རྣམ་པ་བཞི་བསྒོམ་པ་དང་། རྣམ་པ་སུམ་ཅུ་རྩ་བདུན་བསྒོམ་པའོ། །དེ་ལ་རྣམ་པ་བཞི་བསྒོམ་པ་ནི། གང་ཟག་ལ་བདག་མེད་པའི་ རྣམ་པ་བསྒོམ་པ་དང་། ཆོས་ལ་བདག་མེད་པའི་རྣམ་པ་བསྒོམ་པ་དང་། མཐོང་བའི་རྣམ་པ་བསྒོམ་པ་དང་། ཤེས་པའི་རྣམ་པ་བསྒོམ་པའོ། །དེ་ལ་རྣམ་པ་སུམ་ཅུ་རྩ་བདུན་བསྒོམ་པ་ནི། མི་སྡུག་པའི་རྣམ་པ་བསྒོམ་པ་དང་། སྡུག་བསྔལ་གྱི་རྣམ་པ་བསྒོམ་པ་ དང་། མི་རྟག་པའི་རྣམ་པ་བསྒོམ་པ་དང་། བདག་མེད་པའི་རྣམ་པ་བསྒོམ་པ་ནི་དྲན་པ་ཉེ་བར་གཞག་པ་དག་གི་དུས་ནའོ། །འཐོབ་པའི་རྣམ་པ་བསྒོམ་པ་དང་། རྟེན་པའི་རྣམ་པ་བསྒོམ་པ་དང་། བསལ་བའི་རྣམ་པ་བསྒོམ་པ་དང་། གཉེན་པོའི་རྣམ་པ་བསྒོམ་པ་ནི་ཡང་དག་པར་སྤོང་ བ་དག་གི་དུས་ནའོ། །ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པ་སྒོམ་པ་ནི་གང་གི་ཚེ་འདུན་པ་སྐྱེད་པར་བྱེད་པ་ནའོ། །རྣམ་པར་གཡེང་བ་དང་། ཐེ་ཚོམ་གྱི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་གང་གི་ཚེ་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་པ་ན་སྟེ། གོ་རིམས་བཞིན་ནོ། ། རྒོད་པའི་གཉེན་པོ་ཏིང་ངེ་འཛིན་གྱི་རྣམ་པ་བསྒོམ་པ་ནི་གང་གི་ཚེ་སེམས་རབ་ཏུ་འཛིན་པ་ནའོ། །ཞུམ་པའི་གཉེན་པོ་ཏིང་ངེ་འཛིན་གྱི་རྣམ་པ་བསྒོམ་པ་ནི། གང་གི་ཚེ་ཡང་དག་པར་རབ་ཏུ་འཇོག་པ་ན་སྟེ། འདི་དག་ནི་གོ་རིམས་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་གི་དུས་ན་རིག་ པར་བྱའོ། །སེམས་གནས་པ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པའི་རྣམ་པ་བསྒོམ་པ་དང་། ཇི་ལྟར་ཡིད་ཆེས་པའི་རྣམ་པ་བསྒོམ་པ་དེ་བཞིན་དུ་འབད་པའི་རྣམ་པ་བསྒོམ་པ་དང་། ཆོས་མི་བརྗེད་པའི་རྣམ་པ་བསྒོམ་པ་དང་། སེམས་གནས་པའི་རྣམ་པ་ བསྒོམ་པ་དང་། རབ་ཏུ་རྣམ་པར་འབྱེད་པའི་རྣམ་པ་བསྒོམ་པ་ནི་དབང་པོ་དག་གི་དུས་ནའོ། །ཡིད་ལ་བྱེད་པ་ལྔ་པོ་དེ་དག་ཉིད་མི་མཐུན་པའི་ཕྱོགས་སྤངས་པ་ནི་སྟོབས་དག་གི་དུས་ནའོ། །རྫོགས་པའི་བྱང་ཆུབ་རབ་ཏུ་སྣང་བའི་རྣམ་པ་བསྒོམ་པ་དང་། དེ་ཉིད་ལ་རྣམ་པར་འབྱེད་པ་དང་། སྤྲོ་བ་དང་། ཡིད་བདེ་བ་དང་། ལས་སུ་རུང་བ་དང་། སེམས་གནས་པ་དང་། མཉམ་པ་ཉིད་ཀྱི་རྣམ་པ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དག་གི་དུས་ནའོ། །ཐོབ་པར་ངེས་པའི་རྣམ་པ་བསྒོམ་པ་དང་། ཡོངས་སུ་སྦྱོང་བའི་ས་ཤེས་པའི་རྣམ་པ་བསྒོམ་པ་དང་། གཞན་ལ་གོ་ བར་བྱེད་པའི་རྣམ་པ་བསྒོམ་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཞུགས་པའི་རྣམ་པ་བསྒོམ་པ་དང་། ཡོ་བྱད་བསྙུངས་པའི་ཚུལ་ཀུན་ཏུ་སྤྱོད་པའི་རྣམ་པ་བསྒོམ་པ་དང་། སྔོན་བསྒོམས་པས་ཐོབ་པའི་ལམ་གོམས་པའི་རྣམ་པ་བསྒོམ་པ་དང་། ཆོས་ལ་གནས་པའི་རྒྱུ་མཚན་མི་ བརྗེད་པའི་རྣམ་པ་བསྒོམ་པ་དང་། མཚན་མ་མེད་པ་ལ་སེམས་གནས་པས་གནས་ཡོངས་སུ་གྱུར་པའི་རྣམ་པ་བསྒོམ་པ་ནི། ལམ་གྱི་ཡན་ལག་གི་དུས་ནའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལམ་གྱི་རང་བཞིན་དག་ལ་ནི་བཤད་པ་གང་ཡང་མེད་དོ། །ཕན་ཡོན་ཡིད་ལ་བྱེད་པ་ནི་རྣམ་ པ་གཉིས་ཏེ། གནས་ངན་ལེན་སེལ་བ་དང་། ལྟ་བའི་མཚན་མ་སེལ་བའོ། །ནོད་པར་བྱེད་པ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཆོས་ཀྱི་རྒྱུན་གྱི་གདམས་ངག་ནོད་པར་བྱེད་པ་གང་ཡིན་པའོ། །སྦྱོར་བའི་ཡིད་ལ་བྱེད་པ་ནི་རྣམ་པ་ལྔ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གྲངས་ ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གིས་མདོ་ལ་སོགས་པ་ལ་མིང་དང་། ཚིག་དང་ཡི་གེའི་གྲངས་ཉེ་བར་རྟོག་པར་བྱེད་པའོ། །གནས་པ་ཉེ་བར་རྟོག་པར་སྦྱོར་བ་པ་ནི་གང་གིས་གནས་རྣམ་པ་གཉིས་ཉེ་བར་རྟོག་པར་བྱེད་པ་སྟེ། ཚད་ཡོད་པར་གནས་པ་ནི་ཡི་གེ་རྣམས་སོ། །ཚད་མེད་པར་གནས་པ་ ནི་མིང་དང་ཚིག་དག་གོ། །ཀུན་ཏུ་རྟོག་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི། གང་གིས་གཉིས་ལ་བརྟེན་ནས་གཉིས་སུ་ཀུན་ཏུ་རྟོག་པ་ཉེ་བར་རྟོག་པར་བྱེད་པ་སྟེ། མིང་དུ་ཀུན་ཏུ་རྟོག་པ་ལ་བརྟེན་ནས་དོན་དུ་ཀུན་ཏུ་རྟོག་པ་དང་། དོན་དུ་ཀུན་ཏུ་རྟོག་པ་ལ་བརྟེན་ནས། མིང་དུ་ཀུན་ཏུ་རྟོག་པའོ། །ཡི་ གེ་ནི་ཀུན་བརྟག་པར་བྱ་བ་མ་ཡིན་ནོ། །རིམ་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གི་མིང་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་དོན་འཛིན་པ་ལ་འཇུག་པ་ཉེ་བར་རྟོག་པར་བྱེད་པའོ། །རྟོགས་པ་སྦྱོར་བ་པ་ནི་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། གློ་བུར་བ་ཉིད་རྟོགས་པ་དང་། སྣང་བའི་རྒྱུ་མཚན་ རྟོགས་པ་དང་། དོན་མི་དམིགས་པ་རྟོགས་པ་དང་། དམིགས་པ་མི་དམིགས་པ་རྟོགས་པ་དང་། ཆོས་ཀྱི་དབྱིངས་རྟོགས་པ་དང་། གང་ཟག་ལ་བདག་མེད་པ་རྟོགས་པ་དང་། ཆོས་ལ་བདག་མེད་པ་རྟོགས་པ་དང་། བསམ་པ་དམན་པ་རྟོགས་པ་དང་། ཡངས་ཤིང་བདག་ཉིད་ཆེན་པོའི་ བསམ་པ་རྟོགས་པ་དང་། ཇི་ལྟར་རྟོགས་པའི་ཆོས་རྣམ་པར་གཞག་པ་རྟོགས་པ་དང་། ཆོས་རྣམ་པར་གཞག་པ་རྟོགས་པའོ། །དབང་བསྒྱུར་བའི་ཡིད་ལ་བྱེད་པ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང་། ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་ པར་དག་པ་དང་། ཡོན་ཏན་མངོན་པར་སྒྲུབ་པ་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ། །རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་དུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །དེ་ཁོ་ན་ཉིད་རྟག་ཏུ་གཉིས་དང་བྲལ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་དུ་གཏན་མེད་པའི་ཕྱིར་ རོ། །འཁྲུལ་པའི་རྟེན་ནི་གཞན་གྱི་དབང་སྟེ། དེས་དེར་ཀུན་ཏུ་རྟོག་པའི་ཕྱིར་རོ། །བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་དེ་ཁོ་ན་ཉིད་དང་པོ་ནི་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ནི་སྤང་བར་བྱ་བ་ཡིན་ནོ། །གསུམ་པ་ནི་གློ་བུར་ གྱི་དྲི་མ་ལས་རྣམ་པར་སྦྱང་བར་བྱ་བ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་གོ། །རང་བཞིན་གྱིས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ནམ་མཁའ་དང་གསེར་དང་ཆུ་ལྟ་བུར་ཉོན་མོངས་པ་ལས་རྣམ་པར་དག་པ་ཡིན་ཏེ། ནམ་མཁའ་ལ་སོགས་པ་ནི་རང་བཞིན་གྱིས་མ་དག་པ་ཡང་མ་ཡིན་ལ། དེ་ དག་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་རྣམ་པར་དག་པར་མི་འདོད་པ་ཡང་མ་ཡིན་ནོ། །འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློ། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་ པའི་རྣམ་པ་ཚབས་ཆེན་འདི་གོ་ཇི་ལྟ་བུ། །འཇིག་རྟེན་ན་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དེ་ལྟ་བུ་ལས་གཞན་ནི་ཅུང་ཟད་ཀྱང་མེད་དེ། ཆོས་ཉིད་དང་ཆོས་ཐ་མི་དད་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །དེ་ཁོ་ན་ཉིད་ལ་སྒྱུ་མ་ལྟ་བུ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ་ བཅོ་ལྔའོ། །ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མ་བྱས་པ་ཇི་ལྟ་བར། །དེ་བཞིན་གཉིས་སུ་འཁྲུལ་པ་བརྗོད། །འཁྲུལ་པའི་རྒྱུ་མཚན་ཤིང་དང་བོང་བ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྣམ་པར་རིག་པར་བྱའོ། །ཇི་ལྟར་སྒྱུ་མ་དེ་ལ་སྒྱུ་མ་བྱས་པ་རྟ་དང་གླང་པོ་ཆེ་དང་གསེར་ལ་སོགས་པའི་གཟུགས་དེའི་ངོ་བོར་སྣང་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ལ་གཉིས་སུ་འཁྲུལ་པ་གཟུང་བ་དང་། འཛིན་པ་ཉིད་དུ་སྣང་བ་ཀུན་བརྟགས་ པའི་ངོ་བོ་ཉིད་ཀྱི་རྣམ་པར་རིག་པར་བྱའོ། །ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དུ་ནི་དོན་དམ་འདོད། །ཇི་ལྟར་དེ་ནི་དམིགས་པ་ལྟར། །དེ་བཞིན་དུ་ནི་ཀུན་རྫོབ་ཉིད། །ཇི་ལྟར་དེ་ལ་དེ་མེད་པ་སྟེ། སྒྱུ་མ་བྱས་པ་དེ་ལ་གླང་པོ་ཆེ་ལ་སོགས་པ་མེད་པ་དེ་བཞིན་དུ་གཞན་གྱི་དབང་དེ་ལ་ཀུན་བརྟགས་པ་ གཉིས་ཀྱི་མཚན་ཉིད་མེད་པ་ལ་དོན་དམ་པར་འདོད་དོ། །ཇི་ལྟར་སྒྱུ་མ་བྱས་པ་དེ་གླང་པོ་ཆེ་ལ་སོགས་པའི་ངོ་བོར་དམིགས་པ་དེ་བཞིན་དུ། ཡང་དག་པ་མ་ཡིན་པ་ལས་ཀུན་བརྟགས་པ་དེ་ཀུན་རྫོབ་ཀྱི་བདེན་པར་དམིགས་སོ། །དེ་མེད་ན་ནི་དེ་ཡི་རྒྱུ། །གསལ་བར་དམིགས་པ་ཇི་ལྟ་བར། །དེ་བཞིན་ གནས་ནི་གཞན་གྱུར་ན། །ཡང་དག་མ་ཡིན་རྟོག་པ་དམིགས། །ཇི་ལྟར་སྒྱུ་མ་བྱས་པ་དེ་མེད་ན་དེའི་རྒྱུ་ཤིང་ལ་སོགས་པའི་དོན་ཡང་དག་པ་གསལ་བར་དམིགས་པ་དེ་བཞིན་དུ་གནས་གཞན་དུ་གྱུར་ན་གཉིས་སུ་འཁྲུལ་པ་མེད་པའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དོན་ཡང་དག་པར་ དམིགས་སོ། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ། །དེ་ཡི་རྒྱུ་ལ་འདོད་དགུར་སྤྱོད། །དེ་བཞིན་སྡོམ་བརྩོན་མ་འཁྲུལ་བ། །གནས་གཞན་གྱུར་ལ་དགྱེས་དགུར་སྤྱོད། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ་དེའི་རྒྱུ་ཤིང་ལ་སོགས་པ་ལ་འདོད་དགུར་རང་དབང་དུ་སྤྱོད་པ་དེ་བཞིན་དུ། འཕགས་པ་འཁྲུལ་པ་མི་ མངའ་བ་ཡང་གནས་གཞན་དུ་གྱུར་པ་ལ་འདོད་དགུར་རང་དབང་དུ་སྤྱོད་དོ། །དེ་ལྟ་བུ་ནི་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་ལྟས་སྒྱུ་མ་ལ་སོགས་པ། །ཡོད་དང་མེད་པ་ཉིད་དུ་བརྗོད། །ཚིགས་སུ་བཅད་པ་འདིའི་དོན་གོ་བར་ཟད་དོ། །དེ་ལ་ཡོད་པ་མེད་མ་ཡིན། །མེད་པ་ཡོད་པ་ ཉིད་མ་ཡིན། །སྒྱུ་མ་དག་ལ་སོགས་པ་ལ། །ཡོད་མེད་ཁྱད་པར་མེད་པའང་བརྗོད། །དེ་ལ་ཡོད་པ་ནི་མེད་པ་མ་ཡིན་ཏེ། དེ་ལྟ་བུར་ཡོད་པ་གང་ཡིན་པ་དེ་ནི་མེད་པ་མ་ཡིན་ནོ། །མེད་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པར་མེད་པ་གང་ཡིན་པ་དེ་ནི་ ཡོད་པ་མ་ཡིན་ནོ། །སྒྱུ་མ་ལ་སོགས་པ་ཡོད་པ་དང་མེད་པ་དེ་དག་ཁྱད་པར་མེད་པར་ཡང་བརྗོད་དོ། །དེ་ལ་དེ་ལྟར་ཡོད་པ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་ལ་སོགས་པར་མེད་པ་ཡིན་ལ། གླང་པོ་ཆེ་ལ་སོགས་པར་མེད་པ་གང་ཡིན་པ་དེ་ཉིད་དེ་ལྟ་བུར་ཡོད་པ་མ་ཡིན་པས་སོ། །དེ་བཞིན་གཉིས་ སྣང་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་ལྟར་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ལ་གཉིས་སུ་སྣང་བ་ནི་ཡོད་དོ། །གཉིས་ཀྱི་དངོས་པོ་ནི་མེད་དོ། །དེ་ལྟ་བས་ན་ཡང་དག་པ་མ་ཡིན་པའི་ཀུན་ ཏུ་རྟོག་པའི་ངོ་བོ་ཉིད་གཟུགས་ལ་སོགས་པ་ལ་ཡོད་པ་དང་མེད་པ་ཉིད་བརྗོད་དོ། །དེ་ལ་ཡོད་པ་མེད་མ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །གཟུགས་ལ་སོགས་པ་དག་ལ་ནི། །ཡོད་མེད་ཁྱད་པར་ཆེ་བའང་བརྗོད། །དེ་ལ་ཡོད་པ་ཉིད་ནི་མེད་པ་མ་ཡིན་ཏེ། གཉིས་སུ་སྣང་བ་གང་ཡིན་ པའོ། །མེད་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། གཉིས་ཀྱི་དངོས་པོ་མེད་པ་ཉིད་གང་ཡིན་པའོ། །གཟུགས་ལ་སོགས་པ་ལ་ཡོད་པ་དང་མེད་པ་ཁྱད་པར་མེད་པ་ཡང་བརྗོད་དེ། གཉིས་པོ་སྣང་བར་ཡོད་པ་གང་ཡིན་པ་དེ་ཉིད་གཉིས་ཀྱི་དངོས་པོར་མེད་པ་མ་ཡིན་པས་སོ། །སྒྲོ་འདོགས་པ་དང་སྐུར་པ་ ཡི། །མཐའ་རྣམས་དགག་པར་བྱ་ཕྱིར་དང་། །ཐེག་པ་དམན་པས་འགྲོ་བ་དག །དགག་པར་བྱ་ཕྱིར་འདོད་པ་ཡིན། །ཅིའི་ཕྱིར་ཡོད་པ་དང་མེད་པ་དག་གཅིག་ཏུ་ཆད་པ་དང་། ཁྱད་པར་མེད་པ་འདིར་ཡང་འདོད་ཅེ་ན། གོ་རིམས་བཞིན་དུ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་དགག་པར་བྱ་ བའི་ཕྱིར་དང་། ཐེག་པ་དམན་པས་འགྲོ་བ་དགག་པའི་ཕྱིར་འདོད་པ་ཡིན་ཏེ། མེད་པ་ལ་མེད་པ་ཉིད་དུ་རིག་ནས་སྒྲོ་འདོགས་པར་མི་བྱེད་དོ། །ཡོད་པ་ལ་ཡོད་པ་ཉིད་དུ་རིག་ནས་སྐུར་པ་འདེབས་པར་མི་བྱེད་དོ། །དེ་གཉིས་ཁྱད་པར་མེད་པ་ཉིད་དུ་རིག་ནས་ཡོད་པས་ཡིད་འབྱུང་བར་མི་འགྱུར་ཏེ། དེ་ ལྟ་བས་ན་ཐེག་པ་དམན་པས་ངེས་པར་མི་འབྱུང་ངོ་། །འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། །གཟུགས་ཀྱི་རྣམ་པར་རིག་པ་དང་། །གཟུགས་ཅན་མིན་རྣམས་རིག་པར་འདོད། །མེད་ཕྱིར་ཅིག་ཤོས་ཀྱང་མེད་འགྱུར། །གཟུགས་སུ་འཁྲུལ་པའི་རྒྱུ་རྣམ་པར་རིག་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་རྣམ་ པར་རིག་པ་ཡིན་ལ། གཟུགས་སུ་འཁྲུལ་པ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་ཡིན་པར་འདོད་དོ། །གཟུགས་ཀྱི་རྣམ་པར་རིག་པ་མེད་པའི་ཕྱིར་ཅིག་ཤོས་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་ཡང་མེད་དེ། རྒྱུ་མེད་པའི་ཕྱིར་རོ། །སྒྱུ་མའི་གླང་པོའི་གཟུགས་ འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང་། །གཉིས་པོ་དག་ཏུ་ཉེ་བར་དམིགས། །ཀེང་རུས་ཀྱི་ནི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང་། །གཉིས་པོ་དག་ཏུ་ཉེ་བར་དམིགས། །སྒྱུ་མའི་གླང་པོ་ཆེའི་ གཟུགས་འཛིན་པའི་འཁྲུལ་པ་ལས་གཟུང་བ་དང་། །འཛིན་པ་གཉིས་སུ་བརྗོད་དེ། དེ་ལ་གཉིས་པོ་ཇི་ལྟ་བར་མེད་ཀྱང་གཉིས་སུ་རྣམ་པར་དམིགས་སོ། །ཀེང་རུས་ཀྱི་གཟུགས་བརྙན་ཡིད་ལ་བྱེད་པའི་དེར་འཛིན་པ་ཡང་འཁྲུལ་པ་ལས་གཉིས་སུ་བརྗོད་དེ་སྔ་མ་བཞིན་ནོ། །འཁྲུལ་པའི་མཚན་ ཉིད་ཆོས་གང་ཡིན། །དེ་བཞིན་ཡོད་དང་དེ་བཞིན་མེད། །ཡོད་མེད་ཁྱད་པར་མེད་པའི་ཕྱིར། །ཡོད་དང་མེད་དང་སྒྱུ་མ་འདྲ། །འཁྲུལ་པའི་མཚན་ཉིད་ཀྱི་ཆོས་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ཉིད་གང་དག་ཡིན་པ་དེ་དག་ནི་ཡོད་པ་དང་མེད་པ་དང་སྒྱུ་མ་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡང་དག་པ་མ་ ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དུ་དེ་བཞིན་ཡོད་པའི་ཕྱིར་ཡོད་པ་ཡིན་ནོ། །གཟུང་བ་དང་། འཛིན་པ་ཉིད་དུ་དེ་བཞིན་མེད་པའི་ཕྱིར་མེད་པ་ཡིན་ནོ། །ཡོད་པ་དང་མེད་པ་དེ་དག་ཁྱད་པར་མེད་པའི་ཕྱིར། །ཡོད་པ་ཡང་མ་ཡིན་ལ། མེད་པ་ཡང་མ་ཡིན་ནོ། །སྒྱུ་མའི་མཚན་ཉིད་ཀྱང་དེ་དང་འདྲ་ སྟེ། དེ་ལྟ་བས་ན་སྒྱུ་མ་ལྟ་བུ་ཡིན་ནོ། །གཉེན་པོའི་ཆོས་ནི་གང་ཡིན་པ། །དེ་བཞིན་མེད་དང་དེ་བཞིན་ཡོད། །དེ་བཞིན་མེད་ཕྱིར་མཚན་ཉིད་མེད། །སྒྱུ་མ་དང་ཡང་འདྲ་བར་བསྟན། །གཉེན་པོའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སངས་རྒྱས་ཀྱིས་བསྟན་པ་གང་དག་ཡིན་པ་དེ་ དག་ཀྱང་མཚན་ཉིད་མེད་པ་དང་། སྒྱུ་མ་ལྟ་བུར་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་བྱིས་པ་རྣམས་ཀྱིས་བཟུང་བ་དེ་བཞིན་མེད་པའི་ཕྱིར་དང་། ཇི་ལྟར་བཤད་པ་དེ་ལྟར་ཡོད་པའི་ཕྱིར་དང་། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ལྷུམས་སུ་འཇུག་པ་དང་། བལྟམས་པ་དང་། ། མངོན་པར་འབྱུང་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་པ་ཀུན་ཏུ་བསྟན་པ་དེ་བཞིན་མེད་པའི་ཕྱིར་ཏེ། དེ་ལྟར་ན་མཚན་ཉིད་མེད་པ་ཡིན་ནོ། །ཡོད་པ་མ་ཡིན་ཡང་ཡོད་པ་ལྟ་བུར་སྣང་སྟེ། དེ་ལྟ་བས་ན་སྒྱུ་མ་ལྟ་བུ་ཡིན་ནོ། །དཔེའི་དོན་དུ་ཚིགས་སུ་བཅད་པ། སྒྱུ་མའི་ རྒྱལ་པོ་སྒྱུ་མ་ཡིན། །རྒྱལ་པོ་གཞན་གྱིས་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །གཉེན་པོའི་ཆོས་གང་དག་ཡིན་པ་དེ་དག་ནི་སྒྱུ་མའི་རྒྱལ་པོ་ལྟ་བུ་སྟེ། ཀུན་ནས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར། རྣམ་པར་བྱང་བ་ལ་དབང་བྱེད་པའི་ ཕྱིར་རོ། །ཀུན་ནས་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ཀྱང་དཔེའི་དོན་གྱིས་རྒྱལ་པོ་ལྟ་བུ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་འགྲུབ་པ་ལ་དབང་བྱེད་པའི་ཕྱིར་རོ། །དེའི་ཕྱིར་གཉེན་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཕམ་པར་བྱེད་པ་ནི། །རྒྱལ་པོས་རྒྱལ་པོ་འབེབས་པ་ལྟ་བུར་བལྟ་ བར་བྱ་སྟེ། དེ་ཤེས་པས་ཕྱོགས་གཉིས་ཀ་ལ་བྱང་ཆུབ་སེམས་དཔའ་རྣམས་ང་རྒྱལ་མེད་པར་འགྱུར་རོ། །སངས་རྒྱས་རྣམས་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས་འདུས་བྱས་དག །གསུངས་པ་སྒྱུ་མ་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡོར་དང་། བྲག་ཅ་ལྟ་བུ་ དང་ནི་ཆུ་ཟླའི་གཟུགས་འདྲ་སྤྲུལ་དང་འདྲར་ཤེས་བྱ། །དྲུག་དང་དྲུག་དང་གཉིས་དང་དྲུག་ཚན་གཉིས་དང་གསུམ་པོ་རེ་རེར་འདོད། །གང་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས་སྤྲུལ་པ་ལྟ་བུའོ་ཞེས་བྱ་བའི་བར་གསུངས་པ་དེ་ལ་ཆོས་རྣམས་སྒྱུ་མ་ལྟ་བུ་ནི་ནང་ གི་སྐྱེ་མཆེད་དྲུག་སྟེ། བདག་དང་སྲོག་ལ་སོགས་པ་མེད་བཞིན་དུ་དེ་ལྟར་སྣང་བའི་ཕྱིར་རོ། །རྨི་ལམ་