Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 123

Văn bản gốc(Tây Tạng)

Trang 11 / 16 (50.000 ký tự/trang)
ལྟ་བུ་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། དེ་ཉེ་བར་སྤྱད་པའི་དངོས་པོར་མེད་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་གཉིས་ཏེ། འཁྲུལ་བར་བྱེད་པའི་

ཕྱིར་རོ། །ཡང་གཟུགས་བརྙན་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་ཁོ་ན་སྟེ། སྔོན་གྱི་ལས་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི། ནང་གི་སྐྱེ་མཆེད་རྣམས་ཀྱི་གྲིབ་མ་ལྟ་བུ་ཡིན་པའི་ཕྱིར། །ཕྱིའི་སྐྱེ་མཆེད་དྲུག་ཁོ་ན་སྟེ། དེའི་དབང་གིས་འབྱུང་བས་སོ། །དྲུག་ཚན་
གཉིས་སུ་འདོད་པ་ནི་དྲུག་ཚན་གཉིས་སུ་འདོད་པ་ཡིན་ནོ། །བྲག་ཅ་ལྟ་བུ་ནི་བཤད་པའི་ཆོས་རྣམས་སོ། །ཆུ་ཟླའི་གཟུགས་ལྟ་བུ་ནི། ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་རྣམས་ཏེ། ཏིང་ངེ་འཛིན་ནི་དང་བ་ཉིད་ཀྱིས་ཆུ་ལྟ་བུ་ཡིན་པའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ནི། བསམས་བཞིན་དུ་སྲིད་
པར་སྐྱེ་བ་ཡོངས་སུ་ལེན་པ་ཡིན་ཏེ། བྱ་བ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པར་སྦྱོར་བའི་ཕྱིར་རོ། །ཤེས་བྱ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་
ཅད་ཡིན་པར་བརྗོད། །ཡང་དག་པ་མ་ཡིན་པའི་རྟོག་པ་ནི། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཡང་དག་པ་ཡང་མ་ཡིན་ལ། །ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ནི་དེའི་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་
ཆ་དང་མཐུན་པའི་བར་གང་ཡིན་པའོ། །མི་རྟོག་པ་ནི་དེ་བཞིན་ཉིད་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། ཤེས་བྱ་ཐམས་ཅད་ནི་དེ་ཙམ་དུ་ཟད་དོ། །ཀུན་
ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རང་གི་ཁམས་ལས་གཉིས་སྣང་ཞིང་། །མ་རིག་ཉོན་མོངས་ལྷན་ཅིག་ཏུ། །འཇུག་པའི་རྣམ་རྟོག་རང་འབྱུང་སྟེ། །རྫས་གཉིས་རྣམ་པར་སྤངས་པ་ཡི། །རང་གི་ཁམས་ལས་ཞེས་བྱ་བ་ནི།
རང་གི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ལས་སོ། །གཉིས་སུ་སྣང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་སྣང་བའོ། །མ་རིག་པ་དང་། ཉོན་མོངས་པ་དང་། ལྷན་ཅིག་འཇུག་པ་ཞེས་བྱ་བ་ནི། འདི་དག་ལ་མ་རིག་པ་དང་ཉོན་མོངས་པ་རྣམས་དང་ལྷན་ཅིག་འཇུག་པ་ཡོད་པས་ན་འདི་དག་

ནི་མ་རིག་པ་དང་། ཉོན་མོངས་པ་དང་ལྷན་ཅིག་འཇུག་པ་ཡིན་ནོ། །རྫས་གཉིས་སྤངས་པ་ནི། གཟུང་བའི་རྫས་དང་། འཛིན་པའི་རྫས་ཏེ། དེ་ལྟར་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཙལ་བར་བྱའོ། །དམིགས་པའི་ཁྱད་པར་ཐོབ་པ་ཡི། །རང་གི་དབྱིངས་ལ་གནས་
ལྡན་ཕྱིར། །དེ་ཉིད་གཉིས་སུ་སྣང་མེད་པར། །འཇུག་སྟེ་པགས་དང་མདའ་བཞིན་ནོ། །དམིགས་པའི་ཁྱད་པར་ཐོབ་པ་ཞེས་བྱ་བ་ནི། ཆོས་ཀྱི་དམིགས་པ་རྙེད་པ་གང་ཡིན་པ་སྟེ། དེ་ནི་སྔར་བཤད་ཟིན་ཏོ། །རང་གི་དབྱིངས་ལ་གནས་ལྡན་ཕྱིར། ཞེས་བྱ་བ་ལ། རང་གི་དབྱིངས་ནི་རྣམ་པར་
རྟོག་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །དེ་ལ་གནས་པ་ནི་མིང་ལ་སེམས་གནས་པའི་ཕྱིར་རོ། །ལྡན་པའི་ཕྱིར་ཞེས་བྱ་བ་ནི་གོམས་པས་སྒོམ་པའི་ལམ་དང་ངོ་། །གནས་ཡོངས་སུ་གྱུར་པའི་རྣམ་པར་རྟོག་པ་དེ་ཉིད་གཉིས་སུ་སྣང་བ་མེད་པར་འཇུག་སྟེ། པགས་པ་དང་མདའ་བཞིན་ནོ། །ཇི་ལྟར་
པགས་པ་དེ་ཉིད་ཁེངས་པ་དང་བྲལ་བས་མཉེན་པོར་འགྱུར་བ་དང་། མདའ་དེ་ཉིད་མེས་བསྲོས་པ་དང་དྲང་པོར་འགྱུར་བ་དེ་བཞིན་དུ་ཞི་གནས་དང་། ལྷག་མཐོང་བསྒོམས་པ་དག་གིས་སེམས་དང་། ཤེས་རབ་རྣམ་པར་གྲོལ་བ་ཐོབ་ན་གནས་གཞན་དུ་གྱུར་པ་རྣམ་པར་རྟོག་པ་དེ་དག་ཉིད་ཡང་
གཉིས་སུ་སྣང་བར་མི་འཇུག་སྟེ། དེ་ལྟར་རྣམ་པར་བྱང་བ་ཡོངས་སུ་བཙལ་བར་བྱའོ། །རྣམ་པར་རིག་པ་ཙམ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ནི་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བ་འམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་
དགེ་ཆོས་ཡོད་མ་ཡིན། །སེམས་ཙམ་པོ་འདི་གཟུང་བར་སྣང་བ་དང་། འཛིན་པར་སྣང་བ་དང་། གཉིས་སུ་སྣང་བར་འདོད་དོ། །དེ་བཞིན་དུ་དེ་ཉིད་འདོད་ཆགས་ལ་སོགས་པ་ཉོན་མོངས་པར་སྣང་བ་འམ། དད་པ་ལ་སོགས་པ་དགེ་བའི་ཆོས་སུ་སྣང་བར་འདོད་ལ། དེ་དག་ཏུ་སྣང་བ་ལས་
གཞན་པ་ཀུན་ནས་ཉོན་མོངས་པའི་ཆོས་འདོད་ཆགས་ལ་སོགས་པའི་མཚན་ཉིད་དམ། དགེ་བ་དད་པ་ལ་སོགས་པའི་མཚན་ཉིད་ནི་མེད་དེ། དཔེར་ན་གཉིས་སུ་སྣང་བ་ལས་གཞན་པ་གཉིས་ཀྱི་མཚན་ཉིད་མེད་པ་བཞིན་ནོ། །སེམས་ནི་སྣ་ཚོགས་སྣང་བ་དང་། །རྣམ་པ་སྣ་ཚོགས་ཅན་དུ་

འཇུག །དེ་ལ་སྣང་སྟེ་ཡོད་དང་མེད། །དེ་ཕྱིར་ཆོས་ཀྱི་མ་ཡིན་ནོ། །སེམས་འདི་ཉིད་རྣམ་གྲངས་ཀྱི་འདོད་ཆགས་སུ་སྣང་བའམ། ཞེ་སྡང་དུ་སྣང་བའམ། དེ་ལས་གཞན་པའི་ཆོས་སུ་སྣང་བ་སྣ་ཚོགས་སུ་སྣང་བ་དང་། ཅིག་ཅར་དད་པ་དང་། བརྩོན་འགྲུས་ལ་སོགས་པའི་རྣམ་པ་སྟེ། རྣམ་པ་
སྣ་ཚོགས་ཅན་དུ་འཇུག་གོ། །ཉོན་མོངས་པ་ཅན་དང་དགེ་བའི་གནས་སྐབས་ཀྱི་སེམས་ལ་སྣང་བ་ཡོད་པ་འམ། མེད་པ་ནི་ཉོན་མོངས་པ་ཅན་དང་། དགེ་བའི་ཆོས་རྣམས་ཀྱི་ནི་མ་ཡིན་ཏེ། དེར་སྣང་བ་ལས་མ་གཏོགས་པ་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །མཚན་ཉིད་ཡོངས་སུ་ཚོལ་བ་ལ་
ཚིགས་སུ་བཅད་པ་བརྒྱད་དེ། གཅིག་གིས་ནི་བསྟན་ཏོ། ལྷག་མ་རྣམས་ཀྱིས་ནི་བཤད་དོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ནི་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བ་ཡང་དག་བཤད། །འདིས་ནི་བསྟན་ཏོ། །སེམས་ནི་ལྟ་
བཅས་གང་ཡིན་དང་། །དེ་ཡི་གནས་སྐབས་མི་འགྱུར་བ། །འདི་ནི་མདོར་ན་མཚན་གཞི་སྟེ། །རབ་ཏུ་དབྱེ་ན་ཚད་མེད་དོ། དེ་ལ་སེམས་ནི་རྣམ་པར་ཤེས་པ་དང་གཟུགས་སོ། །ལྟ་བ་ནི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེའི་གནས་སྐབས་ནི་སེམས་དང་ལྡན་པ་མ་ཡིན་པའི་ཆོས་
རྣམས་སོ། །མི་འགྱུར་བ་ནི་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཏེ། དེ་དང་དེའི་རྣམ་པར་རིག་པ་རྟག་ཏུ་དེ་བཞིན་དུ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་མཚན་གཞི་ནི་མདོར་བསྡུ་ན་རྣམ་པ་དེ་ལྔ་ཡིན་ནོ། །རབ་ཏུ་དབྱེ་ན་ནི་ཚད་མེད་དོ། །ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དེ་ཡི་བག་
ཆགས་དང་། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་བརྟགས་པ་ཡི་མཚན་ཉིད་དོ། །མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཀུན་བརྟགས་པ་ལ་སོགས་པའི་མཚན་ཉིད་དོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། ཇི་ལྟར་བརྗོད་པའི་དོན་གྱི་འདུ་ཤེས་ཀྱི་རྒྱུ་མཚན་
དང་། བརྗོད་པ་དེའི་བག་ཆགས་དང་། བག་ཆགས་དེ་ལས་ཀྱང་ཐ་སྙད་ལ་མི་མཁས་པ་རྣམས་ལ་བརྗོད་པའི་དོན་གྱི་འདུ་ཤེས་མེད་པར་དོན་དུ་སྣང་བ་གང་ཡིན་པའོ། །དེ་ལ་བརྗོད་པ་ཇི་ལྟ་བ་བཞིན་དུ་དོན་དུ་འདུ་ཤེས་པ་སེམས་ལས་བྱུང་བ་ནི་ཇི་ལྟར་བརྗོད་པའི་དོན་གྱིས་འདུ་ཤེས་སོ། །

དེའི་དམིགས་པ་གང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ནོ། །དེ་ལྟར་ན་ཀུན་བརྟག་པར་བྱ་བ་གང་ཡིན་པ་དང་། རྒྱུ་བག་ཆགས་གང་ལས་ཡིན་པ་དེ་གཉི་ག་འདིར་ཀུན་བརྟགས་པའི་མཚན་ཉིད་དུ་བཞེད་དོ། །མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང་། །ཡང་
དག་མིན་རྟོག་རྒྱུ་མཚན་ནི། །ཀུན་བརྟགས་པ་ཡི་མཚན་ཉིད་དོ། །རྣམ་གྲངས་གཞན་ཡང་མིང་དང་དོན་ཇི་བཞིན་པར་ནི་མིང་དང་དོན་ཇི་ལྟ་བར་རོ། །དོན་དང་མིང་དུ་སྣང་བ་ནི་དོན་དང་མིང་དུ་སྣང་བའོ། །གལ་ཏེ་མིང་ཇི་ལྟ་བར་དོན་ནམ། དོན་ཇི་ལྟ་བར་མིང་དུ་སྣང་ན་ཡང་དག་པ་མ་ཡིན།
པའི་ཀུན་ཏུ་རྟོག་པའི་དམིགས་པ་འདི་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་ཏེ། ཀུན་བརྟག་པར་བྱ་བ་ནི་འདི་ལྟ་སྟེ། མིང་དང་དོན་ཞེས་བྱ་བ་ནི་འདི་ཙམ་དུ་ཟད་པས་སོ། །རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །འཛིན་དང་གཟུང་བའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །
གཞན་གྱི་དབང་གི་མཚན་ཉིད་དོ། །འདི་ལ་རྣམ་པ་གསུམ་དང་། རྣམ་པ་གསུམ་དུ་སྣང་བ་ཡོད་པས་ན། །རྣམ་པ་གསུམ་དང་རྣམ་པ་གསུམ་དུ་སྣང་བ་ཅན་ནོ། །དེ་ལ་རྣམ་པ་གསུམ་དུ་སྣང་བ་ནི་གནས་སུ་སྣང་བ་དང་། དོན་དུ་སྣང་བ་དང་། ལུས་སུ་སྣང་བའོ། །ཡང་རྣམ་པ་གསུམ་
དུ་སྣང་བ་ནི་ཡིད་དང་། འཛིན་པ་དང་། རྣམ་པར་རྟོག་པར་སྣང་བ་སྟེ། ཡིད་ནི་རྟག་ཏུ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཛིན་པ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་སོ། །རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་རྣམ་པ་གསུམ་དུ་སྣང་བ་དང་པོ་ནི་གཟུང་བའི་མཚན་ཉིད་དོ། །གཉིས་
པ་ནི་འཛིན་པའི་མཚན་ཉིད་དེ། དེ་ལྟར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ། །མེད་དང་ཡོད་ཉིད་གང་ཡིན་དང་། །ཡོད་དང་མེད་པ་མཉམ་ཉིད་དང་། །མ་ཞི་ཞི་དང་རྣམ་མི་རྟོག །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཡོངས་སུ་གྲུབ་
པའི་མཚན་ཉིད་ནི་དེ་བཞིན་ཉིད་ཡིན་ཏེ། དེ་ནི་ཀུན་བརྟགས་པའི་ཆོས་ཐམས་ཅད་ཀྱི་མེད་པ་ཉིད་ཡིན་ནོ། །དེའི་མེད་པ་ཉིད་དུ་ཡོད་པའི་ཕྱིར་ཡོད་པ་ཉིད་ཀྱང་ཡིན་ནོ། །ཡོད་པ་དང་མེད་པ་དེ་དག་ཐ་མི་དད་པའི་ཕྱིར། ཡོད་པ་དང་མེད་པ་མཉམ་པ་ཉིད་ཀྱང་ཡིན་ནོ། །ཉེ་བའི་ཉོན་མོངས་

པའི་གློ་བུར་བ་དག་གིས་མ་ཞི་བ་ཉིད་ཀྱང་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཞི་བ་ཉིད་ཀྱང་ཡིན་ནོ། །རྣམ་པར་མི་རྟོག་པ་ནི་སྤྲོས་པ་མེད་པས་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འདིས་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། རང་
གི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རྣམ་པར་མི་རྟོག་པའི་མཚན་ཉིད་དོ། །མཚན་ཉིད་རྣམ་པ་གསུམ་བཤད་ཟིན་ཏོ། །རྒྱུ་མཐུན་ཆོས་ལ་དམིགས་ནས་ནི། །ཚུལ་བཞིན་ཡིད་ལ་བྱེད་པ་དང་། །སེམས་ཀྱི་དབྱིངས་ལ་གནས་པ་དང་། །དོན་
ཡོད་པ་དང་མེད་པར་མཐོང་། །མཚོན་པ་ནི་རྣལ་འབྱོར་གྱི་ས་རྣམ་པ་ལྔ་སྟེ། གཞི་དང་། བསྐྱེད་པ་དང་། མེ་ལོང་ལྟ་བུ་དང་། སྣང་བ་དང་རྟེན་ཏོ། །དེ་ལ་གཞི་ནི་རྒྱུ་མཐུན་པའི་ཆོས་ཏེ། སངས་རྒྱས་ཀྱིས་ཐུགས་སུ་ཆུད་ནས་བཤད་པ་གང་ཡིན་པ་དེ་ནི་ཐུགས་སུ་ཆུད་པ་དེའི་རྒྱུ་མཐུན་པ་ཡིན་
ནོ། །བསྐྱེད་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ། །མེ་ལོང་ལྟ་བུ་ནི་སེམས་ཀྱི་དབྱིངས་ལ་གནས་པའི་ཏིང་ངེ་འཛིན་ཏེ། གོང་དུ་མིང་ལ་གནས་པར་བཤད་པ་གང་ཡིན་པ་དེ་ཉིད་དོ། །སྣང་བ་ནི་དོན་ཡོད་པ་དང་། མེད་པ་ཉིད་དུ་མཐོང་བ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ། གང་གིས་
ཡོད་པ་ལ་ཡང་ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ལ། མེད་པ་ལ་ཡང་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །རྟེན་ནི་གནས་གཞན་དུ་གྱུར་པའོ། །དེ་ནི་མཉམ་པ་ཉིད་དུ་འགྱུར། །འཕགས་རིགས་ཤིན་ཏུ་དྲི་མེད་པ། །མཉམ་དང་ཁྱད་འཕགས་འབྲི་མེད་ཅིང་། །འཕེལ་
མེད་པ་ཡི་མཚན་ཉིད་འདོད། །མཉམ་པ་ཉིད་དུ་འགྱུར་བ་ནི་འཕགས་པའི་རིགས་ཟག་པ་མེད་པའི་དབྱིངས་ན་དེ་ལས་གཞན་པའི་འཕགས་པ་དག་དང་ངོ་། །སངས་རྒྱས་རྣམས་ཀྱི་འཕགས་པའི་རིགས་དྲི་མ་མེད་པ་དེ་ལ་ཡང་རྣམ་པར་གྲོལ་བར་མཉམ་པ་ཉིད་ཀྱིས་ཉན་ཐོས་དང་། རང་སངས་
རྒྱས་དག་དང་མཉམ་པ་ཡིན་ནོ། །ཁྱད་པར་རྣམ་པ་ལྔས་ཁྱད་པར་དུ་འཕགས་པ་ཡང་ཡིན་ཏེ། རྣམ་པར་དག་པའི་ཁྱད་པར་གྱི་ནི་ཉོན་མོངས་པ་དག་ཆགས་དང་བཅས་ཏེ་རྣམ་པར་དག་པའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་གྱིས་ནི་ཞིང་ཡོངས་སུ་དག་པའི་ཕྱིར་རོ། །སྐུའི་ཁྱད་

པར་གྱིས་ནི་ཆོས་ཀྱི་སྐུའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་ཁྱད་པར་གྱིས་ནི་འཁོར་གྱི་དཀྱིལ་འཁོར་དག་ཏུ་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་རྒྱུན་མི་འཆད་པར་འཇུག་པའི་ཕྱིར་རོ། །ཕྲིན་ལས་ཀྱི་ཁྱད་པར་གྱིས་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་
པ་སྤྲུལ་པ་དག་གིས་སེམས་ཅན་གྱི་དོན་མཛད་པ་རྗེས་སུ་སྒྲུབ་པའི་ཕྱིར་རོ། །དེ་ལ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་འགག་པ་ནི་འབྲི་བ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་སྐྱེ་བ་ན་འཕེལ་བ་ཡང་མེད་དོ། །དེ་ལྟར་ན་རྣལ་འབྱོར་གྱིས་རྣམ་པ་ལྔ་པོ་འདི་ནི་མཚོན་པ་ཡིན་ཏེ།
དེས་མཚན་གཞི་དང་། མཚན་ཉིད་དེ་མཚོན་པར་བྱེད་དོ། །རྣམ་པར་གྲོལ་བ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ། ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ས་བོན་
གཞན་དུ་གྱུར་པའི་ཕྱིར། །ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་གཞན་དུ་གྱུར་པའི་ཕྱིར་རོ། །གནས་དང་དོན་དང་ལུས་སུ་སྣང་བའི་རྣམ་པར་ཤེས་པ་རྣམས་གཞན་དུ་གྱུར་པ་ནི་ཟག་པ་མེད་པའི་དབྱིངས་ཏེ། རྣམ་པར་གྲོལ་བའོ། །དེ་ནི་རྟེན་ཀུན་ཏུ་འགྲོ་བ་ཅན་ཏེ། ཉན་ཐོས་དང་རང་
སངས་རྒྱས་དང་སངས་རྒྱས་ལ་མངའ་བ་ཡིན་ནོ། །ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་གི་རྣམ་པ་བཞི་ཡིན་ནོ། །གྱུར་པའི་དོན་ནི་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་བཟློག་པ་སྟེ། གོ་རིམས་
བཞིན་དུ་རྣམ་པར་མི་རྟོག་པ་དང་ཞིང་དང་ཡེ་ཤེས་དང་ལས་དག་ལ་དབང་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་རེ་རེར་ནི་འདོད་པ་ཡིན། །དབང་དེ་ཡང་ས་མི་གཡོ་བ་ལ་སོགས་པ་
གསུམ་ལ་རྣམ་པ་བཞིར་རིག་པར་བྱ་སྟེ། ས་མི་གཡོ་བ་གཅིག་ལ་རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པར་རྣམ་པར་མི་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཕྱིར་ཞིང་ལ་དབང་ངོ་། །དེ་ལས་གཞན་པའི་ས་ལ་ནི་དབང་རེ་རེ་

སྟེ། །ལེགས་པའི་བློ་གྲོས་ལ་ནི་སོ་སོར་ཡང་དག་པར་རིག་པའི་ཁྱད་པར་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་ངོ་། །ཆོས་ཀྱི་སྤྲིན་ལ་ནི་མངོན་པར་ཤེས་པའི་ལས་རྣམས་ལ་ཐོགས་པ་མེད་པའི་ཕྱིར་ལས་ལ་དབང་ངོ་། །བློ་དང་ལྡན་པས་སྲིད་གཏོགས་བདག་མེད་རྣམ་པ་གཉི་ག་འང་རིག་འགྱུར་
ལ། །དེ་ཡང་མཉམ་པར་ཤེས་ནས་དེ་ནི་འཛིན་པའི་སྒོ་ནས་དེ་ཉིད་འཇུག །དེ་ནས་དེ་ལ་ཡིད་གནས་ཕྱིར་ན་དེ་ལ་དེ་ཡང་མི་སྣང་ངོ་། །དེ་མི་སྣང་བ་གྲོལ་བ་ཡིན་ཏེ་མཆོག་ཏུ་དམིགས་དང་བྲལ་བའོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བྱང་ཆུབ་སེམས་དཔས་སྲིད་པ་གསུམ་དུ་
གཏོགས་པ་བདག་མེད་པ་རྣམ་པ་གཉི་ག་རིག་པར་གྱུར་ལ། བདག་མེད་པ་རྣམ་པ་གཉིས་པོ་དེ་ཡང་ཀུན་བརྟགས་པའི་གང་ཟག་མེད་པ་བཞིན་དུ། ཀུན་བརྟགས་པའི་ཆོས་མེད་པར་ཤེས་པའི་ཕྱིར། མཉམ་པར་ཤེས་ནས་ཏེ། རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །
འདི་ནི་འཛིན་པ་ཙམ་མོ་ཞེས་འཛིན་པའི་སྒོ་ནས་དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་ལ་འཇུག་གོ། །དེ་ནས་དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་དེ་ལ་ཡིད་གནས་པའི་ཕྱིར། དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་མི་སྣང་ངོ་། །དེ་མི་སྣང་བ་ནི་གྲོལ་བ་མཆོག་ཏུ་དམིགས་པ་དང་བྲལ་བ་
གང་ཡིན་པ་སྟེ། གང་ཟག་དང་ཆོས་དག་མི་དམིགས་པའི་ཕྱིར་རོ། །ཚོགས་ཀྱིས་གཞི་དང་བསྐྱེད་ཡོད་ན། །མིང་ཙམ་དུ་ནི་མཐོང་བར་འགྱུར། །མིང་ཙམ་མཐོང་སྟེ་དེར་མཐོང་ན། །དེ་ཡང་ཕྱིས་ནི་མི་མཐོང་ངོ་། །རྣམ་གྲངས་གཞན་ཡང་ཚོགས་ཀྱིས་ཞེས་བྱ་བ་ནི་ཚོགས་
བསགས་པའི་སྔོན་གྱི་ཚོགས་ཀྱི་སྟོབས་ཀྱིས་སོ། །གཞི་ཞེས་བྱ་བ་ནི་ཐོས་པའོ། །བསྐྱེད་པ་ཡོད་ན་ཞེས་བྱ་བ་ནི། ཚུལ་བཞིན་ཡིད་ལ་བྱེད་པའོ། །མིང་ཙམ་དུ་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཙམ་དུ་སྟེ། དོན་དང་བྲལ་བར་རོ། །མིང་ཙམ་དུ་མཐོང་སྟེ་
ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་དུ་སྟེ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡིན་པའི་ཕྱིར་རོ། །དེར་མཐོང་ན་དེ་ཡང་ཕྱིས་མི་མཐོང་བ་ཉིད་དེ། དོན་མེད་ན་དེའི་རྣམ་པར་རིག་པ་མི་མཐོང་བའི་ཕྱིར་རོ། །དེ་བས་ན་འདི་ནི་མི་དམིགས་པའི་རྣམ་པར་གྲོལ་བ་ཡིན་ནོ། །

སེམས་ནི་གནས་ངན་ལེན་དང་བཅས། །བདག་ལྟའི་ཞགས་པས་ཟིན་པར་ནི། །རབ་ཏུ་འཇུག་པར་འགྱུར་ཏེ་དེ། །ནང་དུ་གནས་ཕྱིར་ལྡོག་པར་འདོད། །རྣམ་གྲངས་གཞན་ཡང་སེམས་འདི་ནི་སྐྱེ་བ་རྣམས་སུ་གནས་ངན་ལེན་དང་བཅས་པར་རབ་ཏུ་འཇུག་གོ། །བདག་ཏུ་ལྟ་
བའི་ཞགས་པས་ཟིན་པས་ཞེས་བྱ་བ་ནི་གནས་ངན་ལེན་གྱི་རྒྱུ་སྟོན་ཏེ། བདག་ཏུ་ལྟ་བ་རྣམ་པ་གཉིས་ཀྱིས་ཟིན་པས་ན་དེའི་ཕྱིར་གནས་ངན་ལེན་དང་བཅས་པ་ཡིན་ནོ། །དེ་ནང་དུ་གནས་པའི་ཕྱིར་ལྡོག་གོ་ཞེས་བྱ་བ་ནི། སེམས་དེ་སེམས་ཁོ་ན་ལ་གནས་པའི་ཕྱིར་ཏེ། དམིགས་པ་མི་དམིགས་
པའི་ཕྱིར་རོ། །ངོ་བོ་ཉིད་མེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །རང་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ནི་ཆོས་རྣམས་རྐྱེན་ལ་རག་ལས་པའི་
ཕྱིར་རོ། །རང་གི་བདག་ཉིད་དུ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ནི་འགགས་པ་རྣམས་ཡང་དེའི་བདག་ཉིད་དུ་མི་སྐྱེ་བའི་ཕྱིར་རོ། །རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་ངོ་བོ་ཉིད་མེད་པ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་
གསུམ་དང་སྦྱར་བར་རིག་པར་བྱའོ། །འཛིན་པ་བཞིན་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ལ་དེ་མེད་པའི་ཕྱིར་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། ཇི་ལྟར་བྱིས་པ་རྣམས་ངོ་བོ་ཉིད་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་གམ། ཀུན་བརྟགས་པའི་མཚན་ཉིད་གཞན་དུ་འཛིན་པ་དེ་
ལྟར་ངོ་བོ་ཉིད་འདི་མེད་པས་དེའི་ཕྱིར་ཡང་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་འདོད་དོ། །ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ། །ངོ་བོ་ཉིད་མེད་པས་ནི་སྐྱེ་བ་མེད་པ་ལ་སོགས་པ་གྲུབ་སྟེ། གང་
ཞིག་ངོ་བོ་ཉིད་མེད་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། །གང་མ་སྐྱེས་པ་དང་། མ་འགགས་པ་དེ་ནི་གཟོད་མ་ནས་ཞི་བའོ། །གང་གཟོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་ལ་སོགས་པ་འདི་དག་ཕྱི་

མ་ཕྱི་མའི་རྟེན་ཡིན་པས་ངོ་བོ་ཉིད་མེད་པས་སྐྱེ་བ་མེད་པ་ལ་སོགས་པ་གྲུབ་པ་ཡིན་ནོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་འཕགས་པ་སྟེ། ཐོག་མ་དང་ནི་དེ་ཉིད་གཞན་ཉིད་དང་། །རང་གི་མཚན་ཉིད་རང་དང་གཞན་དུ་འགྱུར། །ཀུན་ནས་ཉོན་མོངས་པ་དང་ཁྱད་
པར་ལ། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད། །ཆོས་བརྒྱད་ལ་སྐྱེ་བ་མེད་པར་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་ཐོག་མ་ནི་འཁོར་བ་ལ་སྟེ། དེ་ལ་ཐོག་མ་སྐྱེ་བ་མེད་དོ། །དེ་ཉིད་དང་གཞན་ཉིད་ནི་སྔ་མ་དང་ཕྱི་མ་རྣམས་ལ་སྟེ། འཁོར་བ་ན་ཆོས་གང་དག་སྔར་སྐྱེས་
པ་དེ་དག་ཉིད་སྐྱེ་བ་ནི་མེད་དེ། དེའི་ངོ་བོར་མི་སྐྱེ་བའི་ཕྱིར་རོ། །གཞན་དག་ཀྱང་མ་ཡིན་ཏེ། སྔོན་མེད་པའི་རྣམ་པར་མི་སྐྱེ་བའི་ཕྱིར་རོ། །རང་གི་མཚན་ཉིད་ནི། ཀུན་བརྟགས་པའི་ངོ་བོ་ཉིད་ལ་སྟེ། དེ་ལ་ནི་ནམ་ཡང་སྐྱེ་བ་མེད་དོ། །རང་སྐྱེ་བ་མེད་པ་ནི་གཞན་གྱི་དབང་ལའོ། །གཞན་
དུ་འགྱུར་བ་ནི་ཡོངས་སུ་གྲུབ་པ་ལ་སྟེ། དེ་ལ་ནི་གཞན་དུ་འགྱུར་བར་སྐྱེ་བ་མེད་དོ། །ཀུན་ནས་ཉོན་མོངས་པ་ནི་སྤངས་པ་ལ་སྟེ། ཟད་པ་ཤེས་པ་ཐོབ་པ་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་བལྟའོ། །ཁྱད་པར་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས་ལ་སྟེ། དེ་དག་ལ་ནི་ཁྱད་པར་དུ་
སྐྱེ་བ་མེད་དོ། །དེ་ལྟར་ན་ཆོས་དེ་དག་ལ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད་དོ། །ཐེག་པ་གཅིག་པ་ཉིད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བདུན་ཏེ། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །
མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་ཐ་མི་དད་པས་ན་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། བགྲོད་པར་བྱ་བས་ན་ཐེག་པ་ཡིན་པས་སོ། །ཉན་ཐོས་ལ་སོགས་པའི་གང་ཟག་རྣམས་བདག་མེད་པ་འདྲ་བས་བདག་མེད་པ་
མཚུངས་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། འགྲོ་བ་པོས་ན་ཐེག་པ་ཡིན་པས་སོ། །རྣམ་པར་གྲོལ་བ་མཚུངས་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། འགྲོ་བས་ན་ཐེག་པ་ཡིན་པས་སོ། །ཉན་ཐོས་ལ་སོགས་པའི་རིགས་སུ་མ་ངེས་པ་རྣམས་ཐེག་པ་ཆེན་པོས་ངེས་པར་འབྱུང་བས་ན་རིགས་

ཐ་དད་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། འདིས་འགྲོ་བས་ན་ཐེག་པ་ཡིན་པས་སོ། །བསམ་པ་གཉིས་ཐོབ་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དགོངས་པ་བརྙེས་པའི་ཕྱིར་དང་། ཉན་ཐོས་དེའི་
རིས་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་སྤྱད་པ་རྣམས་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པས་རྗེས་སུ་བཟུང་བའི་ཁྱད་པར་ཕྱོགས་ཙམ་ཐོབ་པར་བྱ་བའི་ཕྱིར་རྒྱུད་ཐ་མི་དད་པར་མོས་པའི་སྒོ་ནས་བདག་ཉིད་ཀྱིས་སངས་རྒྱས་ཀྱི་དགོངས་པ་ཐོབ་པའི་ཕྱིར་རོ། །དེ་ལྟར་ན་བསམ་པ་
གཅིག་པ་ཉིད་ཐོབ་པས་སངས་རྒྱས་དང་། ཉན་ཐོས་རྣམས་གཅིག་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །སྤྲུལ་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། ཇི་སྐད་དུ། ང་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ལྟ་བུ་སྟེ། གདུལ་བྱ་
རྣམས་ཀྱི་དོན་དུ་དེ་ལྟར་སྟོན་པའི་ཕྱིར་རོ། །མཐར་ཐུག་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད་དེ། གང་ཕན་ཆད་བགྲོད་པར་བྱ་བ་མེད་པ་དེ་ནི་ཐེག་པ་ཡིན་པས་སངས་རྒྱས་ཉིད་ཁོ་ན་ཐེག་པ་གཅིག་པ་ཡིན་ནོ། །དེ་ལྟ་བས་ན་མདོ་དེ་དང་དེ་ལས་ནི་དགོངས་པ་དེ་དང་དེས་ཐེག་པ་གཅིག་པ་
ཉིད་དུ་གསུངས་པར་རིག་པར་བྱའི། །ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་སངས་རྒྱས་རྣམས་ཀྱིས་དགོངས་པ་དེ་དང་དེས་ཐེག་པ་གཅིག་པ་ཉིད་དུ་བཤད་ཅེ་ན། ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་དག་ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་
རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཁ་ཅིག་དྲང་བའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ། །གཞན་དག་ཡང་དག་པར་བཟུང་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ། །ཉན་
ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའི། །དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་བྲལ་མིན་འདི་དམན་པའོ། །ཉན་ཐོས་མ་ངེས་པ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐེག་པའི་དོན་མཐོང་བ་ནི་བདེན་པ་མཐོང་བ་ཐེག་པ་ཆེན་

པོས་ངེས་པར་འབྱུང་བ་གང་ཡིན་པའོ། །ཐེག་པའི་དོན་མ་མཐོང་བ་ནི་བདེན་པ་མ་མཐོང་བ་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་གང་ཡིན་པའོ། །དོན་མཐོང་བ་ཡང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་མ་བྲལ་བའོ། །དོན་མཐོང་བ་རྣམ་པ་གཉིས་སུ་བཤད་
པ་གང་ཡིན་པ་དེ་ནི་དམན་པ་ཡིན་ཏེ། རྟོག་པ་བུལ་བ་ཡིན་པར་རིག་པར་བྱའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །དོན་མཐོང་བ་དེ་གཉིས་ནི་འཕགས་པའི་ལམ་ཐོབ་པ་སྲིད་པ་
དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ལྡན་པར་རིག་པར་བྱའོ། །འཕགས་པའི་ལམ་དེ་སྐྱེ་བར་བསྒྱུར་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ལྟ་བས་ན་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཡིན་ནོ། །གཅིག་ནི་སྨོན་ལམ་དབང་གིས་ན། །སྐྱེ་བ་རབ་ཏུ་སྒྲུབ་
པར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །དེ་གཉིས་ལ་གཅིག་སྟེ་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་ནི་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་འཛིན་ཏོ། །ཅིག་ཤོས་ནི་ཕྱིར་མི་འོང་བ་དང་ལྡན་པའི་སྟོབས་ཀྱིས་སྤྲུལ་པ་དག་
གིས་འཛིན་ཏོ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དེ་གཉི་ག་ཡང་རང་གི་ཉན་ཐོས་ཀྱིས་སེམས་སྐྱོ་བ་དང་ལྡན་པ་ཡང་དང་ཡང་དུ་ཀུན་ཏུ་འབྱུང་བས་མྱ་ངན་ལས་འདས་པ་
ལ་ལྷག་པར་དགའ་བའི་ཕྱིར་རྟོགས་པ་བུལ་བ་ཡིན་པར་འདོད་དེ། ཡུན་རིང་མོ་ཞིག་ན་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ། །དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་
འཐོབ་པར་འགྱུར། །བདེན་པ་མཐོང་བ་འདོད་ཆགས་དང་མ་བྲལ་བ་དོན་མ་བྱས་པ་སློབ་པ་གང་ཡིན་པ་དེ་ནི། སངས་རྒྱས་མེད་པའི་དུས་སུ་སྐྱེས་ནས་སྤྲུལ་པ་དོན་དུ་གཉེར་བས་བསམ་གཏན་གྱི་དོན་དུ་བརྩོན་པར་འགྱུར་ཞིང་སྤྲུལ་པ་དེ་ལ་ཡང་བརྟེན་ནས་རིམ་གྱིས་བྱང་ཆུབ་དམ་

པ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གནས་སྐབས་གསུམ་ལ་གནས་པ་དེ་ལ་དགོངས་ནས། དཔལ་ཕྲེང་གི་མདོ་ལས་མེའི་དཔེས་ཉན་ཐོས་སུ་གྱུར་ནས། རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ་ཞེས་གསུངས་ཏེ།
གང་གི་ཚེ་སྔོན་བདེན་པ་མཐོང་བའི་གནས་སྐབས་དང་། །གང་གི་ཚེ་སངས་རྒྱས་མེད་པའི་དུས་སུ་བདག་ཉིད་ཀྱིས་བསམ་གཏན་བསྐྱེད་ནས་སྐྱེ་བའི་ལུས་བོར་ཏེ། སྤྲུལ་པའི་ལུས་འཛིན་པ་དང་། གང་གི་ཚེ་བྱང་ཆུབ་དམ་པ་འཐོབ་པའི་གནས་སྐབས་སོ། །རིག་པའི་གནས་ཡོངས་སུ་
ཚོལ་བ་ལ་ཚིགས་སུ་བཅད་པ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །རིག་པའི་གནས་ནི་རྣམ་
པ་ལྔ་སྟེ། ནང་རིག་པ་དང་། གསོ་བ་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ། །དེ་དག་གང་གི་ཕྱིར་བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་སྟོན་ཏེ། བྱེ་བྲག་མེད་པར་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །
བྱེ་བྲག་ཏུ་ནི་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་ནི་གཞན་དེ་དག་ལ་མ་མོས་པ་རྣམས་ཚར་བཅད་པའི་ཕྱིར་ཡོངས་སུ་ཚོལ་ལོ། །གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་ནི་གཞན་དེ་དག་ལ་མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་ཚོལ་ལོ། །ནང་རིག་པ་ནི་
བདག་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་ལོ། །ཁམས་བརྟས་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བཅུ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་གང་དག་ཁམས་བརྟས་པར་བྱེད་པ་དེ་
དག་ཁོ་ན་ཚིགས་སུ་བཅད་པ་འདི་དག་གིས་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་ནི་འདི་ཡིན་ཏེ། རྒྱུ་དམིགས་ནས་ནི་དགའ་བ་དང་། །རྟེན་ལ་དེ་རྗེས་དྲན་པ་དང་། །འབྲས་བུ་ཐུན་མོང་འདོད་པ་དང་། ཇི་ལྟར་བྱང་ཆུབ་བཞིན་མོས་པའོ། །དེ་དག་ཀྱང་རྒྱུ་དམིགས་ནས་དགའ་

བ་ཡིད་ལ་བྱེད་པ་ནས་བདག་ཉིད་མཆོག་ཏུ་ངེས་པར་འཛིན་པ་ཡིད་ལ་བྱེད་པའི་བར་དག་ཡིན་ནོ། །དེ་ལ་རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་པ་ནི། རེ་ཞིག་དང་པོ་ཁོ་ནར་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་བདག་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་མཐོང་བ་དང་། རྒྱུ་
དམིགས་ནས་དགའ་བས་ཕ་རོལ་ཏུ་ཕྱིན་པའི་ཁམས་བརྟས་པར་བྱེད་དོ། །རིགས་ལ་གནས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེའི་འོག་ཏུ་རྟེན་ལ་དེ་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ལ་ཕ་རོལ་ཏུ་ཕྱིན་
པ་རྣམས་ཀྱི་རྟེན་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཡང་དག་པར་རྗེས་སུ་མཐོང་བ་དང་འདི་སྙམ་དུ་འདི་སྐད་བདག་ལ་བྱང་ཆུབ་ཀྱི་སེམས་ཡོད་པས་ན། །གདོན་མི་ཟ་བར་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱེད་དོ། །སེམས་བསྐྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་
རྣམས་ཀྱིས་རང་དང་གཞན་གྱི་དོན་ལ་རབ་ཏུ་སྦྱོར་བའམ་འབྲས་བུ་ཐུན་མོང་འདོད་པ་ཡིད་ལ་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་འདི་དག་གི་འབྲས་བུ་ནི་གཞན་དང་ཐུན་མོང་དུ་གྱུར་ཅིག །གཞན་དུ་མ་གྱུར་ཅིག་སྙམ་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །རང་དང་གཞན་གྱི་དོན་ལ་རབ་ཏུ་
སྦྱོར་བ་ནི། །ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་འགྱུར་བས་དེའི་འོག་ཏུ་ཇི་ལྟར་བྱང་ཆུབ་པ་བཞིན་དུ་མོས་པ་ཡིད་ལ་བྱེད་པ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་སངས་རྒྱས་པ་དང་།
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་བདག་ཀྱང་མོས་སོ་སྙམ་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །ཐམས་ཅད་དུ་ཡང་གོ་རིམས་ནི་དེ་ལྟ་བུར་རིག་པར་བྱའོ། །མཐུ་ནི་རྣམ་པ་བཞི་
དག་གིས། །དགའ་དང་ངེས་པར་མི་སྐྱོ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་ལ། །སྒྲུབ་པ་རྣམ་པ་བཞི་ཡིན་ནོ། །མཐུས་དགའ་བ་ཡིད་ལ་བྱེད་པ་ནི་མཐུ་རྣམ་པ་བཞི་ཡང་དག་པར་མཐོང་ནས་དགའ་བའི་ཕྱིར་རོ། །མཐུ་རྣམ་པ་བཞི་ནི། མི་མཐུན་

པའི་ཕྱོགས་སྤོང་བ་དང་། ཚོགས་ཡོངས་སུ་སྨིན་པ་དང་། རང་དང་གཞན་ལ་ཕན་པ་དང་། ཚེ་ཕྱི་མ་ལ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་འབྱིན་པ་ཉིད་དོ། །སེམས་ཅན་དང་། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ངེས་པར་
སྐྱོ་བ་མེད་པ་ཡིད་ལ་བྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལོག་པར་སྒྲུབ་པ་དང་། སྡུག་བསྔལ་འབབ་པ་ཐམས་ཅད་ཀྱི་ངེས་པར་སྐྱོ་བ་མེད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བྱང་ཆུབ་དམ་པ་ཐོབ་པར་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་སྒྲུབ་པ་རྣམ་པ་
བཞི་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སོ་སོར་འཆགས་པ་དང་། གཉེན་པོ་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་དང་། དེའི་ཆེད་ཀྱི་ཆོས་བཤད་པའི་ཕྱིར་སངས་རྒྱས་ལ་གསོལ་བ་གདབ་པ་དང་། དེ་དག་བྱང་ཆུབ་ཏུ་བསྔོ་བའོ། །
རབ་དང་ཡང་དག་ནོད་པ་དང་། །གཞན་ལ་སྦྱིན་པར་འདུན་པ་དང་། །གོ་ཆ་དང་ནི་སྨོན་ལམ་དང་། །མངོན་པར་དགའ་དང་བྱ་བའི་ཡིད། །མོས་པའི་སྟོབས་བསྐྱེད་པ་ལས་བརྩམས་ནས། ཕ་རོལ་ཏུ་ཕྱིན་པའི་ཆེད་ཀྱི་ཆོས་དང་དོན་ལ་རབ་ཏུ་དང་བ་ཡིད་ལ་བྱེད་པའོ། །ཆོས་ཡོངས་སུ་
ཚོལ་བ་ལས་བརྩམས་ཏེ་ཡང་དག་པར་ནོད་པ་ཡིད་ལ་བྱེད་པ་ནི། ཆོས་དེ་ཉིད་ལ་མི་སྨོད་པའི་ཚུལ་གྱིས་ཡོངས་སུ་འཛིན་པའི་ཕྱིར་རོ། །བཤད་པ་ལས་བརྩམས་ནས། སྦྱིན་པར་འདུན་པ་ཡིད་ལ་བྱེད་པ་ནི། །གཞན་དག་ལ་ཆོས་དང་དོན་རབ་ཏུ་བཤད་པའི་ཕྱིར་རོ། །སྒྲུབ་པ་
ལས་བརྩམས་ཏེ་གོ་ཆ་ཡིད་ལ་བྱེད་པ་ནི། སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོ་ཆ་གྱོན་པའི་ཕྱིར་རོ། །སྨོན་ལམ་ཡིད་ལ་བྱེད་པ་ནི། དེ་ཡོངས་སུ་རྫོགས་པའི་རྐྱེན་དང་ཕྲད་པར་བྱ་བའི་ཕྱིར་རོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི། ཀྱེ་མ་བདག་ནི་
སྦྱིན་པ་ལ་སོགས་པ་སྒྲུབ་པས་ཡང་དག་པར་སྒྲུབ་པར་བྱེད་དོ་སྙམ་དུ་མངོན་པར་དགའ་བའི་ཕྱིར་ཏེ། ཡིད་ལ་བྱེད་པ་གསུམ་པོ་འདི་དག་ཁོ་ན་གདམས་ངག་རྗེས་སུ་སྟོན་པ་དང་སྦྱར་བར་བྱའོ། །ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པ་ནི་ཀུན་ཏུ་རྟོག་པ་དག་གིས་རྣམ་པ་

ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ཡིད་ལ་བྱེད་པའི་ཕྱིར་རོ། །སྦྱིན་སོགས་རྣམ་པ་དྲུག་ལ་ནི། །མཐུ་ཐོབ་པ་དང་ཡོངས་སྨིན་དང་། །མཆོད་པ་དང་ནི་བསྟེན་པ་ལ། །ཡང་དག་སྤྲོ་བ་མཆོག་དང་བརྩེ། །སྤྲོ་བ་ཡིད་ལ་བྱེད་པ་ནི་རྣམ་པ་བཞི་སྟེ། སྦྱིན་པ་ལ་སོགས་པ་རྣམ་པ་
དྲུག་པོ་སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དང་། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་རྣམ་པ་དྲུག་ལ་མཐུ་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དག་ཁོ་ནས་བསྡུ་བའི་དངོས་པོའི་སྦྱོར་བས་སེམས་ཅན་ཡོངས་སུ་སྨིན་པ་དང་། མཆོད་པ་སྟེ། སྦྱིན་པས་རྙེད་པ་དང་།
བཀུར་སྟིའི་མཆོད་པ་དང་། ལྷག་མ་རྣམས་ཀྱིས་སྒྲུབ་པའི་མཆོད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་འདོམས་པའི་དོན་དུ་དགེ་བའི་བཤེས་གཉེན་བསྟེན་པ་ལ་སྤྲོ་བ་ཡིད་ལ་བྱེད་པར་རིག་པར་བྱའོ། །བརྩེ་བ་ཡིད་ལ་བྱེད་པ་ནི་ཚད་མེད་པ་བཞིས་ཡིན་ཏེ། སྦྱིན་པ་ལ་
སོགས་པ་སྒྲུབ་པས་བྱམས་པ་དང་། སེར་སྣ་ལ་སོགས་པ་དང་འགྲོགས་པས་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། སེམས་ཅན་སྦྱིན་པ་ལ་སོགས་པ་དང་ལྡན་པ་རྣམས་ལ་དགའ་བ་དང་། དེ་དག་ལ་ཀུན་ནས་ཉོན་མོངས་པ་མེད་པར་མོས་པའི་སྒོ་ནས་བཏང་སྙོམས་སུ་བྱེད་པ་
ཡིན་ནོ། །མ་བྱས་ངན་པར་བྱས་པ་ལ། །ངོ་ཚ་འགྱོད་དང་ཡུལ་ལ་དགའ། །སྐྱོ་ལ་དགྲ་བོའི་འདུ་ཤེས་དང་། །འགོད་དང་བརྗོད་པའི་བློ་གྲོས་སོ། །ངོ་ཚ་ཤེས་པའི་ཆོས་ལས་བརྩམས་ཏེ། ངོ་ཚ་བ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་མ་བྱས་པ་འམ། ཡོངས་སུ་མ་
རྫོགས་པ་འམ། ལོག་པར་བྱས་པ་དག་ལ་ངོ་ཚ་བའོ། །ངོ་ཚ་ནས་ནི་འཇུག་པ་དང་ལྡོག་པར་བྱ་བའི་ཕྱིར་དང་། ཡུན་མི་རིང་བར་འགྱོད་པར་བྱེད་དོ། །མགུ་བ་ལས་བརྩམས་ཏེ་སྦྱིན་པ་ལ་སོགས་པ་དམིགས་པ་ལ་དགའ་བ་ཡིད་ལ་བྱེད་པ་ནི་སེམས་རྣམ་པར་གཡེང་བ་མེད་
པར་ཀུན་ཏུ་འཛིན་པའི་ཕྱིར་རོ། །སྐྱོ་བ་མེད་པ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བས་སྐྱོ་བ་ལ་དགྲ་བོའི་འདུ་ཤེས་སུ་བྱེད་པའི་ཕྱིར་རོ། །འགོད་པར་འདུན་པ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསྟན་བཅོས་ལ་འགོད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །

འཇིག་རྟེན་གྱི་ཤེས་པ་ཉིད་ལས་བརྩམས་ཏེ་བརྗོད་པ་ཡིད་ལ་བྱེད་པ་ནི། བསྟན་བཅོས་དེ་ཉིད་འཇིག་རྟེན་ལ་སྣོད་ཇི་ལྟ་བ་བཞིན་དུ་བརྗོད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སྦྱིན་སོགས་རྫོགས་པའི་བྱང་ཆུབ་ཀྱི། །རྟེན་ཡིན་དབང་ཕྱུག་ལ་སོགས་མིན། །
གཉིས་པོ་དག་ལ་སྐྱོན་དང་ནི། །ཡོན་ཏན་སོ་སོ་ཡང་དག་རིག །རྟེན་ཡིད་ལ་བྱེད་པ་ནི་བྱང་ཆུབ་འཐོབ་པའི་རྟེན་ནི་སྦྱིན་པ་ལ་སོགས་པ་ཡིན་གྱི། དབང་ཕྱུག་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་ཡིད་ལ་བྱེད་པ་ནི་སེར་སྣ་དང་སྦྱིན་པ་ལ་སོགས་པ་མི་
མཐུན་པའི་ཕྱོགས་དང་གཉེན་པོ་དག་ལ་སྐྱོན་དང་ཡོན་ཏན་དུ་སོ་སོ་ཡང་དག་པར་རིག་པའི་ཕྱིར་རོ། །བསགས་པ་རྗེས་སུ་དྲན་པ་ཡིས། །དགའ་དང་དོན་ཆེན་མཐོང་བ་དང་། །རྣལ་འབྱོར་རྣམ་པར་མི་རྟོག་དང་། །དེ་འཛིན་རྐྱེན་དང་ཕྲད་འདོད་པ། །བསགས་པ་རྗེས་སུ་དྲན་པས་དགའ་
བ་ཡིད་ལ་བྱེད་པ་ནི། སྦྱིན་པ་ལ་སོགས་པ་བསགས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡང་དག་པར་མཐོང་བའི་ཕྱིར་རོ། །དོན་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་ནི། སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོའི་དོན་གྱིས་བྱང་ཆུབ་ཆེན་པོ་འཐོབ་
པའི་དོན་དུ་ཡང་དག་པར་མཐོང་བའི་ཕྱིར་རོ། །འདོད་པ་ཡིད་ལ་བྱེད་པ་ནི་དེ་ཡང་རྣམ་པ་བཞི་སྟེ། རྣལ་འབྱོར་འདོད་པ་ཡིད་ལ་བྱེད་པ་ནི། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་སྒོམ་པར་འདོད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་འདོད་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་རྫོགས་པར་བྱ་བའི་དོན་དུ་ཐབས་ལ་མཁས་པར་འདོད་པའི་ཕྱིར་རོ། །འཛིན་པར་འདོད་པ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཆེད་ཀྱི་ཆོས་དང་དོན་འཛིན་པར་འདོད་པའི་ཕྱིར་རོ། །རྐྱེན་དང་ཕྲད་པར་འདོད་པ་ཡིད་ལ་བྱེད་པ་ནི། ཡང་དག་པའི་སྨོན་ལམ་མངོན་པར་འདུ་བྱེད་པའི་
ཕྱིར་རོ། །ལོག་པར་འཛིན་པ་རྣམ་པ་བདུན། །སྤོང་བའི་མཐུ་ནི་ཐོབ་པ་དང་། །ངོ་མཚར་ངོ་མཚར་མེད་པ་ལ། །འདུ་ཤེས་རྣམ་པ་བཞི་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ལོག་པར་འཛིན་པ་རྣམ་པ་བདུན་སྤོང་བའི་མཐུ་ཐོབ་པ་ཡིད་ལ་བྱེད་པ་ལ་ལོག་པར་འཛིན་པ་རྣམ་པ་

བདུན་ནི་མེད་པ་ལ་ཡོད་པར་འཛིན་པ་དང་། ཉེས་པ་དང་ལྡན་པ་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་འཛིན་པ་དང་། ཡོན་ཏན་དང་ལྡན་པ་ལ་ཡོན་ཏན་དང་ལྡན་པ་མ་ཡིན་པ་ཉིད་དུ་འཛིན་པ་དང་། འདུ་བྱེད་ཐམས་ཅད་ལ་རྟག་པ་དང་། བདེ་བར་ལོག་པར་འཛིན་
པ་གཉིས་དང་། ཆོས་ཐམས་ཅད་ལ་བདག་ཏུ་ལོག་པར་འཛིན་པ་དང་། མྱ་ངན་ལས་འདས་པ་ལ་མ་ཞི་བར་ལོག་པར་འཛིན་པ་སྟེ། དེ་དག་གི་གཉེན་པོར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང་། ཆོས་ཀྱི་སྡོམ་བཞི་སྟོན་ཏོ། །ངོ་མཚར་ལ་འདུ་
ཤེས་རྣམ་པ་བཞི་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྒྱ་ཆེ་བའི་འདུ་ཤེས་དང་། ཡུན་རིང་བའི་འདུ་ཤེས་དང་། ལན་ལ་རེ་བ་མེད་པའི་འདུ་ཤེས་དང་། རྣམ་པར་སྨིན་པ་ལ་མི་ལྟ་བའི་འདུ་ཤེས་སོ། །ངོ་མཚར་མེད་པ་ལ་ཡང་འདུ་ཤེས་རྣམ་པ་བཞི་ཡིད་ལ་བྱེད་དེ།
ངོ་མཚར་མེད་པ་རྣམ་པ་བཞི་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་ཡིན་ན་འབྲས་བུ་སངས་རྒྱས་ཉིད་མངོན་པར་འགྲུབ་པ་དང་། གཉིས་པོ་དེ་ཉིད་ཡོད་ན་རང་དང་གཞན་ལ་སེམས་མཉམ་པར་འཇོག་པ་དང་། དེ་དག་པས་ཁྱད་པར་དུ་འཕགས་པ་བརྒྱ་བྱིན་ལ་སོགས་
པ་ལས་མཆོད་པ་ལ་སོགས་པ་རྙེད་དུ་ཟིན་ཀྱང་ལན་ལ་རེ་བ་མེད་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་དང་ལོངས་སྤྱོད་འཐོབ་ཏུ་ཟིན་ཀྱང་རྣམ་པར་སྨིན་པ་ལ་མི་ལྟ་བ་ཉིད་དོ། །སེམས་ཅན་རྣམས་ལ་སྙོམས་པ་དང་། །བདག་ཉིད་ཆེན་པོ་མཐོང་བ་དང་། །
གཞན་གྱི་ཡོན་ཏན་ལན་རེ་དང་། །གསུམ་དུ་སྨོན་དང་རྒྱུན་དུའོ། །སྙོམས་པ་ཡིད་ལ་བྱེད་པ་ནི། །སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བདག་ཉིད་ཆེན་པོ་མཐོང་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་
སེམས་ཅན་ལ་ཕན་པ་ཉིད་དུ་ཡང་དག་པར་མཐོང་བའི་ཕྱིར་རོ། །ལན་རེ་བ་ཡིད་ལ་བྱེད་པ་ནི། གཞན་དག་ལ་སྦྱིན་པ་ལ་སོགས་པའི་ཡོན་ཏན་ལ་འཇུག་པས་སོ། །སྨོན་པ་ཡིད་ལ་བྱེད་པ་ནི། སེམས་ཅན་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་གནས་གསུམ་དུ་སྨོན་པའི་ཕྱིར་ཏེ། བྱང་

ཆུབ་སེམས་དཔའི་སའི་མཐར་ཐུག་པ་དང་། སངས་རྒྱས་ཀྱི་སའི་མཐར་ཐུག་པ་དང་། སེམས་ཅན་གྱི་དོན་བྱེད་པར་སྨོན་པའི་ཕྱིར་རོ། །རྒྱུན་དུ་ཡིད་ལ་བྱེད་པ་ནི། །སྦྱིན་པ་ལ་སོགས་པས་དུས་དོན་ཡོད་པར་བྱེད་པར་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སངས་
རྒྱས་བསྟན་པ་སྒྲུབ་པའི་ཕྱིར། །ཚུ་རོལ་མི་གནས་སེམས་པ་དང་། །དེས་དམན་དར་བའི་སེམས་ཅན་ལ། །མི་དགའ་བ་དང་རབ་དགའ་བའོ། །ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི། ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་ཚུ་རོལ་དུ་མི་གནས་པའི་ཡིད་ལ་བྱེད་པའི་ཕྱིར་རོ། །མི་དགའ་བ་
ཡིད་ལ་བྱེད་པ་ནི། སེམས་ཅན་སྦྱིན་པ་ལ་སོགས་པས་དམན་པ་རྣམས་ལའོ། །དགའ་བ་ཡིད་ལ་བྱེད་པ་ནི། སེམས་ཅན་སྦྱིན་པ་ལ་སོགས་པས་དར་བ་རྣམས་ལའོ། །སྒོམ་པ་བཅོས་དང་ཡང་དག་ལ། །མ་དད་པ་དང་དད་པ་དང་། །དང་དུ་མི་ལེན་ཡིད་བྱེད་དང་། །ལུང་བསྟན་
ངེས་པར་དགའ་བའོ། །མ་དད་པ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་བསྒོམ་པ་ལའོ། །དད་པ་ཡིད་ལ་བྱེད་པ་ནི་ཡང་དག་པ་ལའོ། །དང་དུ་མི་ལེན་པ་ཡིད་ལ་བྱེད་པ་ནི། །སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྦྱིན་པ་ལ་སོགས་པས་འདུལ་བར་མངོན་པར་
འདུ་བྱེད་པའི་ཕྱིར་རོ། །དགའ་བ་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལུང་བསྟན་པ་འཐོབ་པར་དགའ་བ་ཡིད་ལ་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ངེས་པའི་ས་ལ་གནས་པ་འཐོབ་པར་དགའ་བ་ཡིད་ལ་བྱེད་པའོ། །ཕྱི་མའི་ཚེ་ལ་མཐོང་བའི་
ཕྱིར། འཇུག་སེམས་མཉམ་པར་ལྟ་བའི་ཕྱིར། །མཆོག་ཆོས་རྣམས་ལ་ཞུགས་པ་ཡིས། །བདག་ཉིད་མཆོག་ཏུ་ངེས་འཛིན་ཕྱིར། །ཚེ་ཕྱི་མ་ལ་མཐོང་བའི་ཕྱིར་འཇུག་པ་ཡིད་ལ་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཡིན་ཕན་ཆད་འགྲོ་བ་གང་དུ་སོན་ཡང་སྦྱིན་པ་ལ་སོགས་པ་གདོན་མི་ཟ་བར་
བྱ་དགོས་སོ་སྙམ་དུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །མཉམ་པ་ཉིད་དུ་ལྟ་བ་ཡིད་ལ་བྱེད་པ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་བདག་ལྷན་ཅིག་ཕ་རོལ་ཏུ་ཕྱིན་པ་རྟག་ཏུ་བྱ་བར་མོས་པའི་ཕྱིར་རོ། །བདག་ཉིད་མཆོག་ཏུ་ངེས་པར་འཛིན་པ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་

ཕྱིན་པ་མཆོག་གི་ཆོས་ལ་ཞུགས་པས་བདག་ཉིད་གཙོ་བོའི་ངོ་བོར་ཡང་དག་པར་མཐོང་བའི་ཕྱིར་རོ། །ཕ་རོལ་ཕྱིན་བཅུའི་རྒྱུས་བྱུང་བ། དགེ་བ་ཡིད་ལ་བྱེད་འདི་དག །རྟག་ཏུ་བྱང་ཆུབ་སེམས་དཔའ་ཡི། །ཁམས་ནི་བརྟས་པར་བྱེད་པ་ཡིན། །ཞེས་བྱ་བ་ནི། མཇུག་སྡུད་པའི་ཚིགས་སུ་
བཅད་པ་སྟེ་དོན་གོ་བར་ཟད་དོ། །ཆོས་ཡོངས་སུ་ཚོལ་བའི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རྒྱས་དང་ལྷག་པའི་བསམ་དང་ཆེན་པོ་ནི། །བརྟན་པའི་ཡོངས་སུ་ཚོལ་བ་ཡིན་པར་འདོད། །དེ་དག་གི་ནི་སྤང་དང་བཅས་པ་དང་། །སྤང་བ་མེད་དང་དེ་བཞིན་དབང་འབྱོར་
པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོལ་བ་ནི། །སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང་། །སྐུ་ཡོངས་རྫོགས་དང་ང་རྒྱལ་མང་བ་དང་། །ང་རྒྱལ་ཕྲ་དང་ང་རྒྱལ་མེད་པར་འདོད། །ཆོས་ཡོངས་སུ་ཚོལ་བ་ནི་རྣམ་པ་བཅུ་གསུམ་སྟེ། རྒྱས་པ་ནི་ཐོས་པ་ལ་མོས་པ་རྒྱས་
པས་སོ། །ལྷག་པའི་བསམ་པ་ནི་ཆོས་ཀྱི་སྒོའི་རྒྱུན་གྱིས་སོ། །ཆེན་པོ་ནི་དབང་འབྱོར་པ་ཐོབ་པ་རྣམས་ཀྱིའོ། །སྤང་བ་དང་བཅས་པ་ནི་དང་པོའོ། །སྤང་བ་མེད་པ་ནི་གཉིས་པའོ། །དབང་འབྱོར་པ་ནི་གསུམ་པའོ། །སྐུ་མེད་པ་ནི་ཐོས་པ་དང་བསམས་པ་ལས་བྱུང་བ་སྟེ། ཆོས་
ཀྱི་སྐུ་དང་བྲལ་བའི་ཕྱིར་རོ། །སྐུ་དང་བཅས་པ་ནི་མོས་པས་སྤྱོད་པ་ནི་བསྒོམས་པ་ལས་བྱུང་བའོ། །སྐུ་ཐོབ་པ་ནི་ས་བདུན་པོ་དག་ལའོ། །སྐུ་ཡོངས་སུ་རྫོགས་པ་ནི་ས་ལྷག་མ་རྣམས་ལའོ། །ང་རྒྱལ་མང་བ་ནི་མོས་པས་སྤྱོད་པའི་ས་ལའོ། །ང་རྒྱལ་ཕྲ་བ་ནི་ས་བདུན་པ་དག་
ལའོ། །ང་རྒྱལ་མེད་པ་ནི་ས་ལྷག་མ་རྣམས་ལའོ། །རྒྱུ་གཉིས་ཀྱི་ཆོས་ཡོངས་སུ་བཙལ་བ་ལ་ཚིགས་སུ་བཅད་པ། བསྟན་བཅོས་གཟུགས་དང་གཟུགས་མིན་ལ། །མཚན་དང་དེ་བཞིན་ནད་མེད་དང་། །མངོན་ཤེས་རྣམས་ཀྱིས་དབང་ཕྱུག་དང་། །དེ་ཟད་མི་ཤེས་ཉིད་ཀྱི་རྒྱུ། །
ཆོས་ནི་གཟུགས་ལ་ནི་མཚན་གྱི་རྒྱུའོ། །གཟུགས་མ་ཡིན་པ་ལ་ནི་ནད་མེད་པའི་རྒྱུ་སྟེ། ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །མངོན་པར་ཤེས་པ་རྣམས་ཀྱིས་དབང་ཕྱུག་གི་རྒྱུ་ཡང་ཡིན་ནོ། །དེ་དག་ཟད་མི་ཤེས་པ་ཉིད་ཀྱི་རྒྱུ་ཡང་ཡིན་ཏེ། ཕུང་པོའི་ལྷག་མ་

མ་ལུས་པའི་མྱ་ངན་ལས་འདས་པ་ན་ཡང་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚངས་པས་ཞུས་པའི་མདོ་ལས། ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཡོངས་སུ་ཚོལ་བར་འགྱུར་ཏེ། དཀོན་པའི་དོན་གྱིས་རིན་
པོ་ཆེའི་འདུ་ཤེས་དང་། ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སྨན་གྱི་འདུ་ཤེས་དང་། ཆུད་མི་ཟ་བའི་དོན་གྱིས་ནོར་གྱི་འདུ་ཤེས་དང་། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དོན་གྱིས་མྱ་ངན་ལས་འདའ་བའི་འདུ་ཤེས་དང་ལྡན་པ་ཞེས་གསུངས་སོ། །
མཚན་རྣམས་ནི་མཛེས་པར་བྱེད་པའི་ཕྱིར་རིན་པོ་ཆེ་ལྟ་བུ་སྟེ། དེ་བས་ན་དེའི་རྒྱུ་ཡིན་པའི་ཕྱིར་ཆོས་ལ་རིན་པོ་ཆེར་འདུ་ཤེས་སོ། །ནད་མེད་པའི་རྒྱུ་ཡིན་པའི་ཕྱིར་སྨན་དུ་འདུ་ཤེས་སོ། །མངོན་པར་ཤེས་པ་རྣམས་ཀྱིས་དབང་ཕྱུག་གི་རྒྱུ་ཡིན་པའི་ཕྱིར་ནོར་དུ་འདུ་ཤེས་སོ། །
དེ་དག་ཟད་མི་ཤེས་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། ཟད་པས་འཇིགས་པ་མེད་པའི་དོན་གྱིས་སོ། །རྣམ་པར་རྟོག་པ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང་། །སྒྲོ་འདོགས་སྐུར་
པའི་རྟོག་དང་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །བྱང་ཆུབ་སེམས་དཔས་རྣམ་པར་རྟོག་པ་རྣམ་པ་བཅུ་སྤང་བར་བྱ་སྟེ། མེད་པར་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལས། འདི་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་པར་ཞེས་གསུངས་པ་ཡིན་ནོ། །ཡོད་པར་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྒྲོ་འདོགས་
པའི་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པ་ཡིན་ནོ། །སྐུར་པ་འདེབས་པའི་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཅིག་པ་ཉིད་དུ་རྣམ་པར་

རྟོག་པ་ནི་གང་གི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་གང་གི་གཉེན་པོར་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་སོ་ཞེས་
གསུངས་པ་ཡིན་ནོ། །རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་གཟུགས་གང་ཡིན་པ་དེ་ནི་མིང་ཙམ་མོ་ཞེས་གསུངས་པ་ཡིན་ནོ། །ཁྱད་པར་ལ་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་གཟུགས་ལ་ནི་སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་
ཡང་མེད། རྣམ་པར་བྱང་བ་ཡང་མེད་དོ་ཞེས་གསུངས་པ་ཡིན་ནོ། །མིང་ཇི་ལྟ་བ་དེ་བཞིན་དུ་དོན་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་གི་གཉེན་པོར་མིང་ནི་བཅོས་མ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་ཇི་ལྟ་བར་མིང་དུ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་
གང་གི་གཉེན་པོར་བྱང་ཆུབ་སེམས་དཔས་མིང་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མ་མཐོང་ན་མངོན་པར་མི་ཞེན་ཏོ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དོན་ཇི་ལྟ་བར་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་བློ་གྲོས་དགེ་བ་བརྩོན་འགྲུས་དྲག་བསྟེན་ནས། །དེ་
བཞིན་ཉིད་བཅས་གཉིས་ཀྱི་ཆོས་ཉིད་ཡོངས་བཙལ་བ། །དེ་ཕྱིར་རྟག་ཏུ་སྐྱེ་དགུ་རྣམས་ཀྱི་སྟོན་པར་འགྱུར། །དེ་ནི་རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང་། །མཇུག་སྡུད་པའི་ཚིགས་སུ་བཅད་པ་འདིས་ཡོངས་སུ་ཚོལ་བའི་ཆེ་བའི་བདག་ཉིད་རྣམ་པ་གསུམ་སྟོན་ཏེ། ཐབས་ཀྱིས་ཆེ་
བའི་བདག་ཉིད་ནི་བརྩོན་འགྲུས་དྲག་པོ་ཉིད་ཀྱི་ཕྱིར་དང་། ཀུན་རྫོབ་དང་དོན་དམ་པའི་ཆོས་ཉིད་ཡོངས་སུ་ཚོལ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཉིད་དང་བཅས་པ་ནི་བདེན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་དོན་གྱི་ཆེ་བའི་བདག་ཉིད་སྐྱེ་དགུ་རྣམས་ཀྱི་སྟོན་པར་འགྱུར་བའི་ཕྱིར་རོ། །རང་
གི་དོན་གྱི་ཆེ་བའི་བདག་ཉིད་ནི་རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང་བའི་ཕྱིར་རོ། །ཆོས་ཡོངས་སུ་ཚོལ་བའི་སྐབས་རྫོགས་སོ།། །།ཆོས་སྟོན་པ་ལ་སེར་སྣ་དགག་པའི་ཚིགས་སུ་བཅད་པ། བརྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚེགས་ཆེས་རྙེད་ཅིང་སྙིང་པོ་མེད་པ་

དག །རབ་དགའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་ན། །ཆོས་ཡངས་སྐྱེ་དགུ་རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚེགས་ཆེས་རྙེད་མིན་ཞིང་། །ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་ཅིག་མ་ཡིན་སྨོས་ཅི་
དགོས། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེས་སྲོག་དང་ལོངས་སྤྱོད་ཚེགས་ཆེན་པོས་རྙེད་ཅིང་ཟད་པར་འགྱུར་བས་སྙིང་པོ་མེད་པ་དག་ཀྱང་སེམས་ཅན་སྡུག་བསྔལ་བར་འགྱུར་བ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་རྟག་ཏུ་གཏོང་ན། ཆོས་གང་ཞིག་ཚེགས་ཆེན་པོས་རྙེད་པ་མ་
ཡིན་ཞིང་། ཤིན་ཏུ་བཏང་ཡང་ཟད་པ་མེད་ལ། འཕེལ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཆོས་ལ་དོན་མེད་པ་ཉིད་དང་དོན་ཡོད་པ་ཉིད་ཀྱི་ཚིགས་སུ་བཅད་པ་གཉིས་ཏེ། གང་ཕྱིར་སོ་སོ་རང་རིག་བྱ་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་མ་བསྟན། །ཐུགས་རྗེའི་བདག་ཉིད་སྦྲུལ་
ཆེན་ལྟ་བུས་རིགས་བཤད་དབུགས་འདྲའི་ཆོས་རྣམས་ཀྱིས། །སྐྱེ་བོ་ཉིད་ཀྱི་ཆོས་ལ་ཀུན་ནས་དྲངས་ཏེ་ཉིད་ཞི་ཞལ་གྱི་སྒོ། །རྣམ་པར་དག་པ་རྒྱ་ཆེན་ཐུན་མོང་ཟད་མི་ཤེས་ལ་ཡང་དག་བཀོད། །དེ་ལ་སྦྲུལ་ཆེན་པོ་ལྟ་བུ་ནི་སངས་རྒྱས་རྣམས་སོ། །དེ་དག་ཉིད་ཀྱི་ཞི་བ་ཞལ་གྱི་སྒོ་
ནི་ཆོས་ཀྱི་སྐུ་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་དག་པས་རྣམ་པར་དག་པ་རྒྱ་ཆེ་བ་དང་། སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་དང་། གཏན་དུ་བའི་ཕྱིར་ཟད་མི་ཤེས་པ་ཡང་ཡིན་ནོ། །དེ་ལྟས་རྣལ་འབྱོར་ཅན་གྱིས་སྒོམ་པ་གང་
ཡིན་དེ་ནི་དོན་མེད་མིན། །དེ་ལྟས་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །དེ་ལྟ་བས་ན་རྣལ་འབྱོར་
ཅན་རྣམས་ཀྱི་བསྒོམ་པ་དོན་མེད་པར་མི་འགྱུར་ཏེ། དེའི་དབང་གིས་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་རྟོགས་པའི་ཕྱིར་རོ། །བསྟན་པ་ཡང་དོན་མེད་པར་མི་འགྱུར་ཏེ། རིགས་པར་བཤད་པའི་ཆོས་རྣམས་ཀྱིས་ཉིད་ཀྱི་ཆོས་ཉིད་ལ་སྐྱེ་བོ་ཀུན་ནས་འདྲེན་པའི་ཕྱིར་རོ། །

བསྒོམ་པ་དང་། བཤད་པ་ཇི་ལྟར་ན་དོན་མེད་པར་མི་འགྱུར་བ་དེ་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྟོན་ཏོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྟོན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། སེམས་དཔའ་མཆོག་གི་སྟོན་པ་ནི། །ལུང་དང་རྟོགས་དང་དབང་འབྱོར་ལས། །ཁ་
དང་གཟུགས་ནི་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །དེ་ལ་དབང་འབྱོར་པ་ལས་ནི་ས་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་གང་ཡིན་པའོ། །གཟུགས་ཐམས་ཅད་ལས་ནི་ཤིང་དང་སིལ་སྙན་ལ་སོགས་པའི་བར་ལས་ཀྱང་འབྱུང་བ་ཡིན་ནོ། །ལྷག་མ་ནི་དོན་གོ་
བར་ཟད་དོ། །སྟོན་པ་ཕུན་སུམ་ཚོགས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཚིགས་སུ་བཅད་པ་འདི་ནི་འཕགས་པ་ཚངས་པས་ཞུས་
པའི་མདོ་ལས། ཆོས་བཞི་པོ་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། བདག་ཉིད་ཀྱི་ཤེས་རབ་སྦྱངས་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་དག་པར་སྟོན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ནི་ཆེས་ཀྱི་སྦྱིན་པ་ཆེན་པོ་རྣམ་པར་འབྱེད་དོ་ཞེས་གང་གསུངས་པའི་དོན་བཞི་སྟོན་པ་ཡིན་ཏེ། གཅིག་གིས་ནི་མང་དུ་ཐོས་པའི་ཕྱིར་སྟོན་པ་རྒྱ་ཆེན་པོར་འགྱུར་རོ། །གཉིས་པས་ནི་ཤེས་རབ་ཆེ་བའི་ཕྱིར་ཐེ་ཚོམ་སྤོང་བ་སྟེ། གཞན་དག་གི་ཐེ་ཚོམ་གཅོད་པའི་ཕྱིར་རོ། །
གསུམ་པས་ནི་ཁ་ན་མ་ཐོ་བ་མེད་པའི་ལས་ཅན་ཡིན་པའི་ཕྱིར་གཟུང་བར་འོས་པའོ། །བཞི་པས་ནི་བདེན་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་རྣམ་པ་གཉིས་སྟོན་པར་འགྱུར་རོ། །སེམས་
དཔའ་མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་བ། །གསལ་ཞིང་སྣ་ཚོགས་རིགས་པ་དང་། །འགོ་ཞིང་ཟང་ཟིང་མེད་ཀུན་འགྲོ། །ཚིགས་སུ་བཅད་པ་གཉིས་པ་འདི་ལ་འཇམ་པ་ནི་གཞན་གྱིས་བརྒལ་བ་ལ་ཚིག་རྩུབ་མོ་མི་འབྱིན་པའི་ཕྱིར་རོ། །རྒྱགས་པ་དང་

བྲལ་བ་ནི་བསྟོད་དམ་གྲུབ་ན་རྒྱགས་པར་མི་འགྱུར་པའི་ཕྱིར་རོ། །མི་སྐྱོ་བ་ནི་དུབ་པ་མེད་པའི་ཕྱིར་རོ། །གསལ་བ་ནི་ཟད་པར་སྟོན་པས་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་ཕྱིར་རོ། །སྣ་ཚོགས་ནི་མི་ཟློས་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་
ཕྱིར་རོ། །འགོ་བ་ནི་ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི། དད་པའི་ལྷག་པར་བྱ་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །ཀུན་ཏུ་འགྲོ་བ་ནི་ཐེག་པ་གསུམ་ཅར་ལ་འགྲོ་བའི་ཕྱིར་རོ། །ཚིག་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ། རྒྱལ་སྲས་ཚིག་ནི་མི་ཞན་
པ། །སྙན་ཞིང་ལེགས་བཤད་གྲགས་པ་དང་། །ཅི་རིགས་པ་དང་ཟང་ཟིང་མེད། །རན་ཞིང་དེ་བཞིན་ཡངས་པ་ཡིན། །མི་ཞན་པ་ནི་གྲོང་ཁྱེར་པ་སྟེ། འཁོར་ལ་ཁྱབ་པའི་ཕྱིར་རོ། །སྙན་པ་ནི་སྙན་ཞིང་འཇེབས་པའོ། །ལེགས་པར་བཤད་པ་ནི་རྣམ་པར་གསལ་བ་སྟེ། ཡི་གེ་
ལེགས་པར་ངེས་པར་བཤད་པའི་ཕྱིར་རོ། །གྲགས་པ་ནི་རྣམ་པར་རིག་པར་བྱེད་པ་སྟེ། གྲགས་པ་བརྗོད་པའི་ཕྱིར་རོ། །ཅི་རིགས་པ་ནི་མཉན་པར་འོས་པ་སྟེ། གདུལ་བྱ་དང་མཐུན་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི་བརྟེན་པ་མེད་པ་སྟེ། རྙེད་པ་དང་། བཀུར་སྟི་དང་། ཚིགས་
སུ་བཅད་པ་ལ་མི་བརྟེན་པའི་ཕྱིར་རོ། །རན་པ་ནི་མི་མཐུན་པ་མེད་པ་སྟེ། རན་པ་ལ་མི་སྐྱོ་བའི་ཕྱིར་རོ། །ཡངས་པ་ནི་གཏུགས་པ་མེད་པའོ། །ཡི་གེ་ཕུན་སུམ་ཚོགས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། བསྟན་དང་དེ་བཞིན་བཤད་པ་དང་། །ཐེག་དང་མཐུན་དང་བདེ་བ་དང་། །
གྲགས་པ་དང་ནི་ཅི་རིགས་དང་། །ངེས་པར་འབྱུང་དང་མཐུན་པའི་ཕྱིར། །བསྟན་པ་ནི་ཚིག་དང་ཡི་གེ་རིགས་པ་སྟེ། རིགས་པ་དང་མི་འགལ་བའི་ཕྱིར་རོ། །བཤད་པ་ནི་འབྲེལ་པ་སྟེ། བསྟན་པ་དང་མི་འགལ་བའི་ཕྱིར་རོ། །ཐེག་པ་དང་མཐུན་པ་ནི་མཐུན་པ་སྟེ། ཐེག་པ་གསུམ་
ཅར་དང་མི་འགལ་བའི་ཕྱིར་རོ། །བདེ་བ་ནི་རུང་བ་སྟེ། སྒྲ་ཉམ་ང་བ་མེད་པའི་ཕྱིར་རོ། །གྲགས་པ་ནི་འབྱོར་པ་སྟེ། དོན་གྲགས་པ་ཉིད་ཀྱིས་འདོན་པའི་ཕྱིར་རོ། །ཅི་རིགས་པ་ནི་འཕྲོད་པ་སྟེ། གདུལ་བྱ་དང་མཐུན་པའི་ཕྱིར་རོ། །ངེས་པར་འབྱུང་བ་ནི་འཚམ་པ་སྟེ། མྱ་ངན་ལས་

འདས་པའི་ཆེད་ཀྱི་ཕྱིར་རོ། །མཐུན་པ་ནི་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཏེ། སློབ་མའི་འཕགས་པའི་ལམ་དང་མཐུན་པའི་ཕྱིར་རོ། །དེ་མདོར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་ཚོགས་ཡིན་ཞེས་བྱ། །བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་
དྲུག་ཅུ་བསམ་མི་ཁྱབ། །ཡན་ལག་དྲུག་ཅུ་བསམ་གྱིས་མི་ཁྱབ་པ་ནི། གསང་བ་པའི་བདག་པོས་བསྟན་པ་ལས། སངས་རྒྱས་ཀྱི་གསུང་རྣམ་པ་དྲུག་ཅུ་བསྟན་པ། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་དང་ལྡན་པར་འབྱུང་སྟེ། མཉེན་པ་དང་།
འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་གང་ཡིན་པའོ། །དེ་ལ་མཉེན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་རེག་ན་བདེ་བའི་ཕྱིར་རོ། །ཡིད་དུ་
འོང་བ་ནི་དོན་བཟང་བའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཡི་གེ་བཟང་བའི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་དང་། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་བ་ནི་
ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་སྒྲུབ་པས་ངེས་པར་འབྱུང་བའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་ཐམས་ཅད་ཀྱིས་མི་
བརྫི་བའི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པའི་ཕྱིར་རོ། །དུལ་བ་ནི་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་བའི་ཐབས་བདེ་བའི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་ནས་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིར་
རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་ཆར་གྱིས་འདུལ་བ་སྟོན་པའི་ཕྱིར་རོ། །རྣར་སྙན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལུས་སིམ་པར་བྱེད་པ་ནི་ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་བསྐྱེད་པའི་

ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་ལོག་པར་ངེས་པ་སེལ་བའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །ཀུན་ཏུ་ཤེས་པར་བྱ་བ་ནི། །ཐོས་པ་ལས་བྱུང་བའི་
ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ། །དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་
ཐོབ་པ་རྣམས་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ། །མངོན་པར་དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི། བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི་
བསམ་དུ་རུང་བའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་པ་ནི་གདུལ་བ་ལ་ཇི་ལྟར་རིགས་པར་སྟོན་པའི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་
ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་བརྗིད་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི་གླུ་དབྱངས་ནི་སྙན་པའི་ཕྱིར་རོ། །ཀ་ལ་པིང་ཀའི་སྒྲ་དབྱངས་ནི་རྣོ་བ་དང་འཇིགས་པའི་ཕྱིར་
རོ། །ཚངས་པའི་སྒྲ་དབྱངས་སུ་བསྒྲགས་པ་ནི་ཐག་རིང་པོར་གྲག་པའི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲག་པ་ནི་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་ནི་མི་འདའ་བར་བྱ་བ་ཡིན་པའི་ཕྱིར་རོ། །རྔའི་
སྒྲ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་སྨད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་ཐམས་

ཅད་ལུང་བསྟན་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་རྗེས་སུ་ཞུགས་པའི་ཕྱིར་རོ། །ཚིག་ཟུར་ཆག་མེད་པ་ནི་བསྙེལ་ཏེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་གདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་
ཕྱིར་རོ། །མི་ཞན་པ་ནི་བསྙེངས་པ་དང་བྲལ་བའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །ཐབ་དང་བཅས་པའི་ཆེད་ནི། སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་
ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མ་ཆད་པའི་ཕྱིར་རོ། །འབྲེལ་པ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི། གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་
པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ། །མི་འགྱུར་བ་ནི་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་རྟབས་པ་ནི་རྟབ་རྟབ་པོར་མི་གསུང་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲག་པ་ནི་འཁོར་
ཉེ་བ་དང་རིང་བས་མཚུངས་པར་ཐོས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི། འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རོ། །སྟོན་པའི་ཆེ་བའི་བདག་ཉིད་ཀྱི་ཚིགས་སུ་བཅད་པ་བཞི་སྟེ། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་
འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །བརྗོད་པ་ནི་ངག་གིས་སོ། །འདོགས་པ་ནི་ཚིག་ཤིན་ཏུ་རིགས་པ་དག་གིས་སོ། །རབ་ཏུ་འཇོག་པ་དང་། རྣམ་པར་འབྱེད་པ་དང་། རྣམ་པར་འབྲེལ་པ་ནི་གོ་རིམས་བཞིན་དུ་བསྟན་པ་དང་།
རྣམ་པར་འབྱེད་པ་དང་། ཐེ་ཚོམ་གཅོད་པ་རྣམས་ཀྱིས་སོ། །གསལ་བར་བྱེད་པ་ནི་བཤད་པ་ལ་ངེས་པའི་སྟོབས་བསྐྱེད་པའི་ཕྱིར་ལན་མང་དུ་བྱེད་པ་དང་ལྡན་པར་སྟོན་པ་ཡིན་ནོ། །སྟོན་པ་ནི་མགོ་སྨོས་པས་གོ་བ་རྣམས་ལའོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་རྣམ་པར་སྤྲོས་

ན་གོ་བ་རྣམས་ལའོ། །སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །འཁོར་གསུམ་གྱིས་དག་པ་ཞེས་བྱ་བ་ནི་གང་གི་སྟོན་པ་སྟེ། ངག་དང་ཚིག་
དག་དང་། ཇི་ལྟར་སྟོན་པ་སྟེ། བསྟན་པ་ལ་སོགས་པའི་རྣམ་པ་དང་། གང་དག་ལ་སྟོན་པ་སྟེ། མགོ་སྨོས་པ་དང་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱིས་སོ། །ཡང་སྟོན་པ་འདི་ཉིད་གོ་རིམས་བཞིན་དུ་ཉེས་པ་བརྒྱད་དང་བྲལ་བར་རིག་པར་བྱ་སྟེ། ལེ་ལོ་དང་ནི་མི་
འགོ་བ། །སྐབས་མི་འབྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བ་བརྟན་མི་བྱེད། །ཉེས་པ་བརྒྱད་པོ་དེ་དག་ཀྱང་ལེ་ལོ་དང་། མི་འགོ་བ་དང་། གོ་སྐབས་མི་འབྱེད་པ་དང་། དོན་ངེས་པ་མ་ཡིན་པ་ཉིད་དང་། ཐེ་ཚོམ་མི་གཅོད་པ་ཉིད་
དང་། །དེ་དང་བྲལ་བ་བརྟན་པོར་མི་བྱེད་པ་སྟེ། ངེས་པར་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །སྐྱོ་བ་དང་ནི་གང་གིས་ཡང་དང་ཡང་དུ་སྟོན་པར་
མི་བྱེད་པའོ། །སེར་སྣ་ཉིད་ནི་ཟད་པར་ཡང་དག་པར་རབ་ཏུ་སྟོན་པར་མི་བྱེད་པའི་ཕྱིར་རོ། །དོན་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་གཉིས་ལྡན་གཟུང་སླ་དང་། །ཡོན་ཏན་བཞི་ལྡན་
ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང་། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཡོན་ཏན་བཞི་ལྡན་གྱི་ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་པའི་
ཆོས་ནི་གོ་རིམས་བཞིན་དུ་ཐོས་པ་དང་། བསམས་པ་དང་། བསྒོམས་པ་དག་གིས་དད་པ་དང་དགའ་བ་དང་། བློའི་རྒྱུ་ཡིན་པའི་ཕྱིར་ཐོག་མ་དང་། བར་དང་ཐ་མར་དགེ་བ་ཡིན་ནོ། །དེ་ལ་དད་པ་ནི་མོས་པ་དང་ཡིད་ཆེས་པའོ། །དགའ་བ་ནི་རིགས་པས་ངེས་པར་བརྟགས་པའི་

སྒོ་ནས་ཐོབ་པ་ཉིད་དུ་ནུས་པར་རིག་ནས་རབ་ཏུ་དགའ་བའོ། །བློ་ནི་སེམས་མཉམ་པར་གཞག་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དོན་རྣམ་པ་གཉིས་དང་ལྡན་པས་དེའི་ཕྱིར་དོན་བཟང་པོ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་ལྡན་པའི་ཕྱིར་རོ། །གཟུང་
སླ་བས་དེའི་ཕྱིར་ཚིག་འབྲུ་བཟང་པོ་ཡིན་ཏེ། ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །ཡོན་ཏན་བཞི་ལྡན་གྱི་ཚངས་པར་སྤྱོད་པ་ལ་མ་འདྲེས་པ་ནི་གཞན་དག་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ནི་ཁམས་གསུམ་པའི་ཉོན་མོངས་པ་སྤོང་བ་ཡོངས་སུ་
རྫོགས་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྒོ་ནས་ཟག་པ་མེད་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དྲི་མ་རྣམ་པར་དག་པའི་སྒོ་ནས་ཟག་པ་ཟད་པ་རྣམས་ཀྱི་རྒྱུད་རྣམ་པར་དག་པའི་ཕྱིར་རོ། །ལྡེམ་པོར་དགོངས་པ་རྣམ་པར་དབྱེ་བའི་ཚིགས་
སུ་བཅད་པ་གཉིས་ཏེ། གཞུག་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་ལ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་
ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །སངས་རྒྱས་ཀྱི་བཤད་པ་ལ་ལྡེམ་པོར་དགོངས་པ་རྣམ་པ་བཞིར་རིག་པར་བྱ་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལ་
ལྡེམ་པོར་དགོངས་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་འཇུག་པར་བྱ་བའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་
ནི་ཀུན་བརྟགས་པ་ལ་སོགས་པའི་ངོ་བོ་ཉིད་གསུམ་ལ་བལྟ་བར་བྱ་སྟེ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པར་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་གདུལ་བར་བྱ་བ་ལ་བལྟ་བར་བྱ་སྟེ། ཇི་སྐད་

དུ། སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་ཕན་ཡོན་དང་བཅས་པ་བཤད་པའི་ཞར་ལ་ཚིགས་སུ་བཅད་པ་གཉིས་འཆད་པར་འགྱུར་བ་ལྟ་བུའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པ་ཟབ་མོ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ།
སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་
བྱ་བ་ནི་གང་དག་གིས་བློ་རྣམ་པར་གཡེང་བ་མེད་པ་ལ་སྙིང་པོར་འཛིན་པ་སྟེ། གཙོ་བོར་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་པོ་ནི་སེམས་ཀྱི་རྣམ་པར་གཡེང་བའོ། །ཕྱིན་ཅི་ལོག་ལ་ལེག་པར་གནས། །ཞེས་བྱ་བ་ནི། རྟག་པ་དང་། བདེ་བ་དང་། གཙང་བ་
དང་། བདག་ཏུ་འཛིན་པ་ལས་བཟློག་སྟེ། ཕྱིན་ཅི་ལོག་མི་རྟག་པ་ལ་སོགས་པ་ལ་ཡོངས་སུ་མི་ཉམས་པའི་སྒོ་ནས་ལེགས་པར་གནས་པ་ཡིན་ནོ། །ཉོན་མོངས་པས་ནི་རབ་ཉོན་མོངས། །ཞེས་བྱ་བ་ནི། ཡུན་རིང་པོར་དཀའ་བ་སྤྱོད་པའི་ངལ་བས་ཤིན་
ཏུ་ཉོན་མོངས་པ་ཡིན་ནོ། །དགོངས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །དགོངས་པ་རྣམ་པ་བཞི་ལ་མཉམ་
པ་ཉིད་ལ་དགོངས་པ་ནི། འདི་ལྟར་ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་གཞན་ལ་དགོངས་པ་ནི་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་
མེད་པ་མ་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དོན་ལ་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི། འདི་ལྟར་གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། དུས་

གཞན་ན་སྙམ་དུ་དགོངས་པ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། འདི་ལྟར་དགེ་བའི་རྩ་བ་དེ་ཉིད་ཁ་ཅིག་ལ་ནི་བསྔགས་ལ་ཆུང་ངུས་ཆོག་ཤེས་པ་ཁ་ཅིག་ལ་ནི་སྨད་པ་ལྟ་བུའོ། །ཐེག་པ་ཆེན་པོའི་མདོ་ཤིན་ཏུ་རྒྱས་པ་བསྡུས་པ་ལས་ཚིགས་སུ་བཅད་པ་གཉིས་པོ་
ཕན་ཡོན་དང་བཅས་པ་བླངས་ཏེ། སྨྲས་པ། སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་
གསུངས། །དེས་དེའི་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤོངས་པར་འགྱུར། །གང་ཞིག་ཚིག་གམ་དོན་སྒོ་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་
བརྟས་པ་དང་། །འཆི་བའི་ཚེ་ན་རབ་དགའ་མཆོག །ཇི་ལྟར་འདོད་པར་སྐྱེ་བ་དང་། །ཀུན་ཏུ་ཚེ་རབས་དྲན་པ་དང་། །སངས་རྒྱས་རྣམས་དང་ཕྲད་པ་དང་། །དེ་ལས་ཐེག་མཆོག་ཐོས་པ་དང་། །མོས་པ་བློ་དང་བཅས་པ་དང་། །སྒོ་གཉིས་བྱང་ཆུབ་མྱུར་འཐོབ་
པའོ། །སངས་རྒྱས་ཆོས་ལ་བརྙས་པ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལ་མ་ངེས་པ་ལྡོག་པ་ནི། བྱང་ཆུབ་སེམས་དཔའ་མ་ངེས་པ་རྣམས་ཐེག་པ་ཆེན་པོ་ལས་ལྡོག་པའོ། །ཐེག་པ་མཆོག་གསུངས་པ་ནི་ཐེག་པ་ཆེན་པོ་བསྟན་པ་
ཡིན་ནོ། །སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་འདི་ལྟར་ང་ཉིད་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གངྒཱའི་
ཀླུང་གི་བྱེ་མ་འདི་སྙེད་དང་མཉམ་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་པ་ཆེན་པོའི་རྟོགས་པ་སྐྱེའོ་ཞེས་བྱ་བ་ལྟ་བུའོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་

བྱ་བ་དང་། དེ་བཞིན་གཤེགས་པ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི།
གང་དུ་བཅོམ་ལྡན་འདས་ཀྱིས་ལ་ལར་སྦྱིན་པ་ལ་སོགས་པ་སྨད་ལ། གཞན་དུ་ནི་བསྔགས་པ་ལྟ་བུའོ། །འདོད་ཆགས་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུའོ། །
ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་ལྟ་བུའོ། །འགྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །མ་ངེས་པ་ལྡོག་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་བཤད་པ་དང་། ཐེག་པ་གཅིག་ཏུ་བཤད་པ་ལྟ་
བུའོ། །ཁམས་ཟད་པར་བརྟས་པ་ནི། ཐེག་པ་ཆེན་པོའི་རྟེན་ཅན་གྱི་ཁམས་ཐམས་ཅད་བརྟས་པ་གང་ཡིན་པ་སྟེ། དེའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཐེག་པ་ཆེན་པོ་ཐམས་ཅད་ལ་མོས་པ་འཐོབ་པའི་ཕྱིར་རོ། །སྒོ་གཉིས་ནི་ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་
ཀྱི་སྒོའོ། །མཐོང་བའི་ཆོས་ལ་ནི་ཕན་ཡོན་རྣམ་པ་གཉིས་སོ། །ཚེ་ཕྱི་མ་ལ་ནི་རྣམ་པ་བརྒྱད་དེ། རིམ་གྱིས་གོང་ནས་གོང་དུ་ཁྱད་པར་འཐོབ་པའི་སྒོ་ནས་རིག་པར་བྱའོ། །སྟོན་པའི་ཕན་ཡོན་གྱི་ཚིགས་སུ་བཅད་པ། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །
སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །རྒྱུ་ལྔས་ལེག