Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 122

Văn bản gốc(Tây Tạng)

Trang 7 / 20 (50.000 ký tự/trang)
རང་གི་མཚན་ཉིད་ཀྱི་རྣམ་པར་སྣང་ལ། ཡིད་ཀྱི་རྣམ་པར་ཤེས་པས་དེ་ལ་ངོ་བོ་ཉིད་དམ་ཁྱད་པར་དུ་རྟོགས་པར་བྱེད་པའོ། །
ཇི་ལྟར་སྣང་ཞེ་ན། སྔོན་པོ་དམར་པོའི་རྣམ་པར་ནི། །མིག་གི་རྣམ་པར་ཤེས་པར་གདའ། །ཞེས་པ་སྟེ། ཉེ་བར་མཚོན་པ་ཙམ་དུ་ཟད་དེ། གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་སྣང་ཞེས་པའོ། །གལ་ཏེ་འཇུག་པའི་རྣམ་པར་ཤེས་པའི་དབའ་རླབས་རྣམས་ཀྱང་ཀུན་གཞི་རྣམ་
པར་ཤེས་པའི་ཡོངས་སུ་འགྱུར་བ་འམ། རིགས་ཉིད་ཡིན་ཞིང་དེ་དང་མཐུན་པར་ཇི་ལྟར་འགྱུར་ཞེས་རྒོལ་བ་ནི། དབའ་རླབས་ཞེས་པ་ལ་སོགས་པའོ། །རྒོལ་བའི་དོན་ནི་དབའ་རླབས་ཡུལ་གྱི་རྣམ་པར་གསལ་བར་སྣང་བ་དང་། ཀུན་གཞི་དེ་ལས་བཟློག་པ་ཇི་ལྟར་མཚུངས་ཞེས་པའོ། །
ལན་གྱི་དོན་ནི་དོན་དམ་པར་སྔོན་པོ་དང་། དམར་པོ་ལ་སོགས་པའི་རྣམ་པར་སྣང་བ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དབའ་རླབས་དག་ལ་མ་མཆིས་ཞེས་པ་སྟེ། དེའི་དོན་ཡང་གལ་ཏེ་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བདག་
ལ་ཡོད་ལ། རྣམ་པར་ཤེས་པ་གཅིག་གི་བདག་ཉིད་དུ་ཡོད་དམ་འོན་ཏེ་དུ་མར་ཡོད་ཅེས་བརྟག་པར་བྱའོ། །དེ་ལ་འདིར་རྣམ་བདེན་པ་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བ་རྣམས་ནི་སྔར་བསྟན་པ་ལྟར་ལྷན་ཅིག་དམིགས་པ་ངེས་པ་ལ་སོགས་པའི་གཏན་ཚིགས་ཀྱིས་སྔོན་པོ་ལ་སོགས་པའི་
རྣམ་པ་སེམས་ཉིད་དུ་གྲུབ་ཅིང་། སེམས་ཀྱང་གཅིག་པ་ཉིད་དུ་གྲུབ་སྟེ། སྣ་ཚོགས་སུ་སྣང་བ་ཉིད་ཀྱི་ཕྱིར་ཞེས་པའོ། །དེའི་ཁྱད་པར་གྱི་དོན་ནི་དཀར་དམར་སྣ་ཚོགས་སུ་སྣང་བ་ཤེས་པ་དུ་མའི་བདག་ཉིད་ཡིན་ན། རང་རང་གི་རང་བཞིན་ཙམ་མྱོང་གི་ཕན་ཚུན་གྱི་རྣམ་པ་མྱོང་བ་མེད་
པས་སྣ་ཚོགས་སུ་སྣང་བ་མི་འཐད་དེ། ཇི་ལྟར་སྐྱེས་བུ་ལྔས་ཁ་དོག་རྣམ་པ་ལྔ་ལ་སོ་སོར་བལྟས་པ་ན། སོ་སོར་སྣང་བའི་བློ་དུ་མ་ཡིན་པས། ཁྲ་བོའམ་སྣ་ཚོགས་སུ་སྣང་བ་མི་འཐད་དེ། འགའ་ཞིག་ལ་དཀར་པོར་སྣང་བའི་བློས་རྣམ་པ་དེ་ཉིད་མྱོང་གི་གཞན་མ་མྱོང་བའི་ཕྱིར་རོ། །

སྣང་བ་གཞན་ཡང་དེ་དང་མཚུངས། །ཞེས་པའོ། །འདི་ནི་མི་འཐད་དེ། ལྷན་ཅིག་དམིགས་པ་ངེས་པ་ལ་སོགས་པའི་གཏན་ཚིགས་ཀྱིས་དོན་དམ་པར་སེམས་སུ་གྲུབ་པ་ནི་མི་འཐད་པ་ཉིད་དུ་སྔར་བསྟན་ལ། གཞན་ཡང་སྔོན་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ཤེས་པ་གཅིག་
ཉིད་ཡིན་ན། དེ་ཉིད་ཕྱི་རོལ་གྱི་རྫས་གཅིག་ཉིད་ཡིན་ཞེས་ཀྱང་ཅི་སྟེ་མི་བརྩད། གལ་ཏེ་ཆ་སྣ་ཚོགས་སུ་སྣང་བའི་ཕྱིར་ཕྱི་རོལ་གཅིག་གི་བདག་ཉིད་མིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཤེས་པ་གཅིག་གི་བདག་ཉིད་ཀྱང་མ་ཡིན་ཏེ། དོན་འདི་ནི་སྔར་ཕྱི་རོལ་གཅིག་པ་ཉིད་འགོག་པའི་སྐབས་སུ་རྒྱས་
པར་བསྟན་ནོ། །གལ་ཏེ་འདིར་ཕྱི་རོལ་གྱི་རྫས་གཅིག་གི་བདག་ཉིད་འགོག་པ་ནི་ཚོན་གྱིས་བསྒྱུར་བ་དང་། མ་བསྒྱུར་བ་ལ་སོགས་པའི་ཆོས་འགལ་བར་གནས་པའི་སྒོ་ནས་འགོག་ལ། དེ་ཉིད་ཤེས་པ་གཅིག་ཏུ་ཁས་ལེན་པ་ལ་ནི་མི་མཚུངས་ཏེ། ཤེས་པ་ནི་ཚོན་གྱིས་བསྒྱུར་བར་
མི་འཐད་པའི་ཕྱིར་རོ་ཞེ་ན། དེ་ཅི་ཤེས་པར་ཁས་བླངས་ཞེས་ཀྱི་དེ་ཙམ་གྱིས་ཤེས་པའི་ངོ་བོ་དོན་དམ་པར་གྲུབ་བམ་ཞེས་དྲི་བར་བྱའོ། །དེ་ལྟར་མ་གྲུབ་པོ་ཞེ་ན། དེ་ཉིད་ཀྱི་ཕྱིར། སྔོན་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཆོས་ཅན་དོན་དང་ཤེས་པའི་ཁྱད་པར་དུ་མ་བྱས་པ་ལ། ཚོན་གྱིས་
བསྒྱུར་བ་དང་མ་བསྒྱུར་བའི་འགལ་བའི་གཏན་ཚིགས་གཅིག་ཉིད་གྲུབ་ན། དེ་ཤེས་པར་ཁས་བླངས་པའི་ཚེ་གཏན་ཚིགས་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ། ཆོས་ཅན་དང་གཏན་ཚིགས་སྔ་མ་ཉིད་ལས་མ་འཕོས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ལྷ་སྦྱིན་གྱི་མདོག་སྔོ་བསངས་ཉིད་
དུ་ཚད་མས་གྲུབ་པ་ན། དེ་དམངས་རིགས་ཉིད་དུ་ཁས་བླངས་པས་སྔོ་བསངས་ཉིད་དུ་མི་གྱུར་པ་ནི་མ་ཡིན་ཏེ། རིགས་ཀྱི་ཁྱད་པར་གང་དུ་ཁས་བླངས་ཀྱང་ཁ་དོག་སྔོ་བསངས་ཉིད་དུ་ཚད་མས་གྲུབ་པ་བཞིན་དུ་མི་འགྱུར་བ་བཞིན་ནོ། །དེ་ལྟ་མ་ཡིན་ན། ཕྱི་རོལ་གཅིག་པ་ཉིད་དུ་
ཁས་ལེན་པས་དེ་ལ་ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བའི་འགལ་བ་མི་འཐད་དོ་ཞེས་ཅི་སྟེ་མི་བརྗོད། །གལ་ཏེ་གཅིག་ཏུ་ཁས་བླངས་པ་ཙམ་གྱིས་གཅིག་ཏུ་འགྱུར་བ་ནི་མ་ཡིན་ལ། ཇི་ལྟར་སྔོན་པོ་ལ་སོགས་པར་སྣང་བའི་ཆོས་ཅན་ལ་ནི་གཏན་ཚིགས་དེ་མ་གྲུབ་པ་མ་ཡིན་ནོ་

ཞེ་ན། དེ་བཞིན་དུ་ཤེས་པར་ཁས་བླངས་པ་ཙམ་གྱིས་ཀྱང་ཤེས་པ་ཉིད་དུ་ནི་མི་འགྱུར་ལ། དེ་ལྟར་སྣང་བའི་ཆོས་ཅན་ལ་ནི་གཏན་ཚིགས་དེ་གྲུབ་པས་ཅིའི་ཕྱིར་ནི་མི་མཚུངས་སྙམ་དུ་སེམས་པའོ། །གཞན་ཡང་སྣ་ཚོགས་པ་སྣང་བ་ཉིད་ཀྱི་ཕྱིར། ཤེས་པ་གཅིག་གི་བདག་ཉིད་
ཡིན། ཞེས་པ་ནི་བསྒྲུབ་བྱ་ལས་བཟློག་པའི་ཆོས་ཀྱིས་ཁྱབ་པའི་ཕྱིར་གཏན་ཚིགས་འགལ་བ་ཉིད་ཡིན་པ་འམ། ཡང་དོན་དམ་པར་སྣ་ཚོགས་སུ་སྣང་བའི་ཕྱིར་ཞེས་གཏན་ཚིགས་སུ་འགོད་ན་ནི་མ་གྲུབ་ལ། ཀུན་རྫོབ་ཏུ་སྣ་ཚོགས་སུ་སྣང་བའི་ཕྱིར་དོན་དམ་པར་དེ་ལྟར་སྣང་
བའི་ཤེས་པ་གཅིག་ཉིད་དུ་སྒྲུབ་ན། ཁྱབ་པ་མ་གྲུབ་པོ་ཞེས་སྤྱིར་བསྟན་པར་བྱའོ། །དེ་ལྟར་སྣ་ཚོགས་གཉིས་སུ་མེད་པའི་ཕྱོགས་བཀག་ནས་གཞན་དག་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི་ཤེས་པ་དུ་མའི་བདག་ཉིད་དུ་ཡོད་དོ་ཞེ་ན། འདི་ཡང་མི་འཐད་དེ། དུ་མ་རྩོམ་པར་བྱེད་
པའི་སྔོ་སྣང་ལ་སོགས་པའི་ཤེས་པ་སོ་སོ་བ་གཅིག་ཉིད་ཡིན་ནམ། འོན་ཏེ་དུ་མ་ཞིག་ཚེ་ཐུག་པ་མེད་པར་ཁས་ལེན། དང་པོ་ལྟར་ན་རྡུལ་ཕྲ་རབ་ཀྱི་དཔྱད་པ་མཚུངས་ཏེ། ཇི་ལྟར་དབུས་ཕྱོགས་སུ་དཀར་པོར་སྣང་བ་ལ། དེའི་ཤར་ཕྱོགས་སུ་སྔོན་པོར་སྣང་བ་བལྟས་ཤིང་སྦྱར་
བའི་ཕྱོགས་དེ་ཉིད་དུ་ལྷོ་ཕྱོགས་ལ་སོགས་པར་སོ་སོར་སྣང་བ་རྣམས་ཀྱིས་བལྟས་ཤིང་སྦྱར་ན། ཐམས་ཅད་ཤར་ཕྱོགས་ཀྱི་གོགས་ཉིད་དུ་སྣང་བར་འགྱུར་ལ། འོན་ཏེ་དེ་དག་གིས་ཕྱོགས་སོ་སོར་བལྟས་ཤིང་སྦྱར་རོ་ཞེ་ན། དེ་ལྟ་ན་དབུས་ཀྱི་དཀར་པོར་སྣང་བ་དེ་ཉིད་ཆ་བཞིར་
འགྱུར་བས་གཅིག་པ་ཉིད་ཉམས་སོ། །གལ་ཏེ་རྡུལ་ཕྲ་རབ་ལུས་ཅན་གྱིས་དཔྱད་ལ། སེམས་ལུས་ཅན་མ་ཡིན་པས་མི་མཚུངས་ཏེ། དེ་ནི་ཡུལ་དང་ཕྱོགས་ཀྱིས་མ་བསྡུས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྟར་སེམས་སུ་ཁས་བླངས་ཀྱང་དོན་དམ་པར་སེམས་སུ་གྲུབ་པ་ནི་མེད་
ལ། སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་ནི་ཡུལ་དང་ཕྱོགས་ལ་སོགས་པས་བསྡུས་པར་སྣང་བས་ཅིའི་ཕྱིར་ན་དཔྱད་པ་མི་འཇུག་ཅེས་པའོ། །དེ་ལྟ་མ་ཡིན་ན། རྡུལ་ཕྲ་རབ་ཆ་ཤས་མེད་པ་ལས་ཤར་དང་ལྷོ་ལ་སོགས་པའི་ཆ་མི་འཐད་པས་རྣམ་རིག་ཙམ་དུ་སྨྲ་བ་རྣམས་ཀྱིས་དྲུག་གིས་

ཅིག་ཅར་སྦྱར་བ་ལ་སོགས་པའི་བརྟག་པ་བྱས་པ་ཡང་མི་འཇུག་གོ། །གལ་ཏེ་ཆ་མེད་པར་ཁས་བླངས་ཀྱང་དེ་ལྟར་གྲུབ་པ་ནི་མ་ཡིན་ལ། འོན་ཀྱང་རྡུལ་ཕྲ་རབ་རྣམས་འདབ་ཆགས་སུ་གནས་པ་ལས་རགས་པ་རྩོམ་པར་ཁས་ལེན་པ་ན། དོན་གྱིས་ཤར་ལ་སོགས་
པར་ཁས་ལེན་དགོས་པས་དེ་ལྟ་བུའི་དཔྱད་པ་འཇུག་གོ་ཞེ་ན། འདིར་ཤེས་པར་ཁས་བླངས་པ་ཙམ་གྱིས་ཤེས་པར་གྲུབ་པ་ནི་མ་<མིན་‚ཡིན་>ལ། འོན་ཀྱང་རྡུལ་སྔོན་པོ་ལ་སོགས་པའི་རྣམ་པ་འདབ་ཆགས་སུ་སྣང་བ་ལས་རགས་པར་སྣང་ལ་རྩོམ་པར་ཁས་ལེན་པ་ན་དེ་ལྟ་བུའི་དཔྱད་པ་ཅི་སྟེ་མི་
འཇུག་ཅེས་པའོ། །གལ་ཏེ་ཤེས་པའི་ཕྲ་རབ་དུ་མ་ཉི་ཚེར་ཁས་ལེན་ན། སའི་དཀྱིལ་འཁོར་རྒྱས་པར་སྣང་བ་དང་། སྐྲའི་རྩེ་མོའི་ཁྱོན་ཙམ་དུ་སྣང་བ་གཉིས་རྣམ་པ་ཆེ་ཆུང་གི་ཁྱད་པར་མེད་པར་ཐལ་ཏེ། རྩོམ་བྱེད་ཀྱི་ཤེས་པའི་རྡུལ་ཕྲ་རབ་ལ་མང་ཉུང་གི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་
པ་ལ་སོགས་པ་སྔར་རྡུལ་ཕྲ་རབ་ལ་དཔྱད་པ་བྱས་པ་དང་མཚུངས་པར་བལྟ་བར་བྱའོ། དེ་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་འཇུག་པའི་རྣམ་པར་ཤེས་པའི་དབའ་རླབས་ལ་མེད་ཅིང་། རྣམ་པ་ལས་མ་གཏོགས་པའི་དབའ་རླབས་ཀྱང་གྲུབ་པ་མེད་པས་དོན་དམ་པར་ཀུན་གཞི་དང་
མཐུན་པ་སྟེ། ཀུན་གཞི་ཡང་སྔར་བསྟན་པ་ལྟར་དོན་དམ་པའི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་ན་དེ་རྣམས་ཀྱི་འཇུག་པ་བསྟན་པ་དང་འགལ་ལོ་ཞེ་ན། མཚན་ཉིད་དོན་དུ་ཞེས་པ་ལ་སོགས་པས་ལན་བསྟན་ཏོ། དོན་དམ་པར་ནི་རྣམ་པར་ཤེས་པའི་ཆོས་ཉིད་དེ་བཞིན་ཉིད་ལ། རྒྱུན་གྱིས་
འཇུག་པ་མེད་ལ། ཡུལ་ལ་འཇུག་པ་ནི་ཀུན་རྫོབ་ཏུ་ཡང་མེད་དེ། གཟུང་བའི་ཡུལ་མེད་པའི་ཕྱིར་རོ། །གལ་ཏེ་གཟུང་བའི་ཕྱི་རོལ་གྱི་བདག་ཉིད་མེད་ཀྱང་ཤེས་པའི་ནང་དུ་གཏོགས་པའི་གཟུང་བ་ནི་ཀུན་རྫོབ་ཏུ་ཡོད་དོ་ཞེ་ན། མ་ཡིན་ཏེ། དེ་ཡང་གཟུང་བའི་མཚན་ཉིད་དུ་གྲུབ་པ་མ་
ཡིན་ཏེ། གཟུང་དང་འཛིན་པས་སྟོང་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་གཟུང་བའི་ཡུལ་འགའ་ཞིག་ཡོད་ན། དེའི་ལྟོས་སར་གྱུར་པ་འཛིན་པའི་དབའ་རླབས་ཀྱང་དེ་ལྟར་སྣང་བ་དང་། མཐུན་པར་གྲུབ་པར་འགྱུར་བ་ཞིག་ན། གཟུང་བ་

ཉིད་མེད་པའི་ཕྱིར་དེ་ལ་ལྟོས་པའི་འཛིན་པ་མི་འཐད་དོ་ཞེས་པའོ། །དེ་ལྟར་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཙམ་ཉིད་ཡིན་ཞིང་། དོན་དམ་པར་སེམས་ཀྱི་ངོ་བོ་ཡང་མ་གྲུབ་པ་མེད་དོ་ཞེས་སྔར་རྒྱས་པར་བསྟན་ལ། འདིར་ནི་ཁྱད་པར་དུ་རྣམ་པ་བདེན་པའི་ཕྱོགས་བཀག་པའོ། །ཡང་རྣམ་
པ་བརྫུན་པའི་ཕྱོགས་ཀྱང་འོག་ནས་འགོག་པར་འགྱུར་རོ། །ལུས་དང་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་དབའ་རླབས་སེམས་དང་མཐུན་ཞིང་། སེམས་ཀྱི་འཇུག་པ་ཡང་དབའ་རླབས་དང་འདྲ་བར་སྟོན་པ་སྟེ། འདིའི་དོན་ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ། །དབའ་རླབས་དངོས་པོར་
ཞེན་པ་ལ་སོགས་པས་ནི་དཔེ་བསྟན་པའི་སྒོ་ནས་བྱིས་པ་རྣམས་ཀྱིས་ཀྱང་དེ་དག་གི་འཇུག་པ་སྤྱིའི་ཚུལ་དུ་རྟོགས་པར་རིགས་ཤིང་། དེ་ཉིད་ཀྱི་ཕྱིར་དཔེ་ཡང་ཉེ་བར་དགོད་པ་ཡིན་ཞེས་པའོ། །སྔར་རྟོགས་པར་དཀའ་བ་ཉིད་དུ་བསྟན་པ་ནི་རང་གི་མཚན་ཉིད་ཇི་ལྟ་བ་ཡིན་པས་འགལ་བའི་ཉེས་
པར་མི་འགྱུར་རོ། །འདིར་དབའ་རླབས་དངོས་པོ་ཞེས་པ་ནི་དཔེའི་དབང་དུ་བྱས་ཏེ་བསྟན་པ་ཡིན་ལ། སྔར་བསྟན་པའི་དབའ་རླབས་ཞེས་པ་རྣམས་ནི་དཔེས་མཚོན་པའི་དོན་གྱི་དབང་དུ་བྱས་པའོ། །སྐྱེ་བོ་བཟང་ངན་ཞེས་པ་ལ་སོགས་པས་ནི་སངས་རྒྱས་རྣམས་ཀྱི་ཆོས་བཤད་པ་
འཇུག་པའི་བྱེ་བྲག་གདུལ་བྱའི་ཁྱད་པར་གྱིས་མི་འདྲ་བ་ཉིད་དུ་སྟོན་ཏེ། དེ་ལ་དང་པོར་རྒོལ་བའི་དོན་ནི་དེ་བཞིན་གཤེགས་པ་ལ་ཐུགས་རྗེ་ཆེན་པོ་ཕྱོགས་རིས་མེད་པ་མངའ་བས། །ཐམས་ཅད་ལ་ཡང་དག་པའི་དོན་མཚུངས་པ་ཉིད་དུ་སྟོན་པར་རིགས་ཏེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་
སེམས་ཅན་རྣམས་ལ་མཉམ་པོར་འཆར་བ་བཞིན་ནོ། །གལ་ཏེ་ཐམས་ཅད་ལ་ཡང་དག་པའི་དེ་བཞིན་ཉིད་དུ་གསུངས་ན། །གསུང་རབ་དག་ལས་སེམས་ཙམ་དངོས་པོར་བསྟན་པ་འམ། །ཕྱིའི་དོན་ལ་བསྟན་པ་ལ་དེ་བཞིན་ཉིད་མ་མཆིས་ཞེས་པ་སྟེ། བསྟན་པའི་དོན་ལ་ཚད་མས་གནོད་
པས་དེ་བཞིན་ཉིད་ཀྱི་ངོ་བོར་མ་གྲུབ་ཅེས་པའོ། །ཆོས་ལ་རབ་ཏུ་བཞུགས་མཛད་ཅིང་། །ཞེས་པ་ནི་རང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་པའམ། སངས་རྒྱས་ཉིད་ཀྱི་ཆོས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐབས་དང་ཤེས་རབ་དབྱེར་མེད་པའི་བདག་ཉིད་ལ་རྟག་

ཏུ་བཞུགས་ནས་ཞེས་པའོ། །ཚིག་འདི་བསྟན་པའི་དགོས་པ་ཡང་ཐུགས་རྗེས་སེམས་ཅན་གྱི་དོན་བྱེད་པ་ན་རང་ཉིད་ཆོས་ཀྱི་དབྱིངས་ལས་གཡེངས་པར་འགྱུར་བར་སྲིད་པས་དེ་འདྲ་བ་དགག་པའི་དོན་དུའོ། །ཇི་ལྟར་རྒྱ་མཚོ་ཞེས་པ་ལ་སོགས་པས་ལན་སྟོན་
ཏེ། །དེ་ལ་དང་པོར་ཀུན་རྫོབ་ཏུ་རྣམ་པར་ཤེས་པའི་འཇུག་ཚུལ་གཞན་གྱི་སྒོ་ནས་བསྟན་ཏེ། དེའི་དོན་ཡང་ཇི་ལྟར་མེ་ལོང་གི་ངོས་ལ་རྫས་སུ་མ་གྲུབ་པའི་གཟུགས་སྣང་བ་དང་། རྨི་ལམ་ལ་སོགས་པའི་གནས་སྐབས་ན་ཡང་དངོས་པོ་ལ་མེད་པའི་གཟུགས་ལ་སོགས་པ་རིམ་མམ་
ཅིག་ཅར་གྱིས་སྣང་བ་བཞིན་དུ་རྣམ་པར་ཤེས་པ་རྣམས་ཀྱང་རང་གི་སྤྱོད་ཡུལ་དུ་སྣང་བ་ལས། རྫས་སུ་གྲུབ་པའི་ཡུལ་དང་མི་ལྡན་ཡང་རིམ་མམ་ཅིག་ཅར་གྱིས་འཇུག་ཅིང་སྣང་བ་སྟེ། །དེ་ལ་རྣམ་པར་ཤེས་པ་ནི་ཀུན་གཞི་དང་ཡིད་ཀྱི་རྣམ་པར་ཤེས་པ་འམ། །ཡང་ན་རྣམ་པ་དྲུག་གི་བདག་ཉིད་
དོ། །ཡིད་ཀྱིས་དེ་བཞིན་སྙེམས་པར་བྱེད། །ཅེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་ལ་ང་ཡིར་འཛིན་པ་སྟེ། །བདག་ཏུ་ང་རྒྱལ་བའོ། །ནང་དུ་མཉམ་པར་གཞག་པའི་གནས་སྐབས་ན་ནི་དེ་འདྲ་བའི་འཇུག་པའི་རིམ་པ་མེད་ཅེས་པའོ། །དེ་ལྟར་ན་ཡུལ་དང་ཡུལ་ཅན་གྱི་ངོ་བོ་སྣ་
ཚོགས་སུ་བཤད་པ་ནི་དོན་དམ་པར་གྲུབ་པ་མེད་ཅེས་རི་མོའི་དཔེའི་སྒོ་ནས་སྟོན་པར་བྱེད་དེ། དེ་ཡང་། །ཚོན་ལ་རི་མོ་ཡོད་མ་ཡིན། །ཞེས་པས་དཔེ་ཉིད་གསལ་བར་འཆད་དེ། །ཇི་ལྟར་ཚོན་རྩི་གཅིག་པུ་ལ་རི་མོ་སྐྱེད་པའི་ནུས་པ་ཡོད་པ་མ་ཡིན་ཏེ། རྐྱེན་གཞན་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་
རོ། །དེ་བཞིན་དུ་པིར་དང་སྣོད་དང་སྐྱེས་བུའི་རྩོལ་བ་དག་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་དེ་རྣམས་རེ་རེ་ལ་འབྲས་བུ་སྐྱེད་ནུས་པ་མེད་ཀྱང་། །དེ་རྣམས་ཚོགས་པ་ལ་ཡོད་དོ་ཞེ་ན། ཚོགས་པ་ཅན་རེ་རེ་བ་རྣམས་མ་གཏོགས་པའི་ཚོགས་ནི་གྲུབ་པ་མེད་དེ། །དེའི་དོན་ཞིབ་ཏུ་འོག་ནས་སྟོན་པར་
འགྱུར་རོ། །དེ་ལྟར་དཔྱད་པའི་དོན་མ་གྲུབ་ཀྱང་། །མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཚོན་ལ་སོགས་ལས་རི་མོ་སྐྱེད་པར་སྣང་ཞིང་། །དེ་ལྟར་རྣམ་པར་བརྟག་པར་བྱ་བཞིན་དུ་ཤེས་པ་དང་ཤེས་བྱའི་བདག་ཉིད་སྣ་ཚོགས་སུ་བཤད་པ་ཡང་། སོ་སོ་བ་དང་འདུས་པའི་རྐྱེན་ལས་སྐྱེ་བ་མ་ཡིན་

ཞིང་། མ་སྐྱེས་པའི་ངོ་བོར་ཡང་གྲུབ་པ་མ་ཡིན་མོད་ཀྱི། ཀུན་རྫོབ་རྣམ་པར་གཞག་པ་ཙམ་དུ་དེ་ལྟར་སྣང་བ་དང་། དམིགས་པ་ཅན་གྱི་སེམས་ཅན་རྣམས་དྲང་བའི་དོན་དུ་དེ་ལྟར་བསྟན་པའོ། །ཡང་དག་པའི་དོན་ལ་ནི་བརྗོད་བྱ་རྗོད་བྱེད་ཀྱི་ཆོས་ཐམས་ཅད་མེད་ཅིང་། །ཡོད་པར་བསྟན་པ་ནི་
ཕྱིན་ཅི་ལོག་ཡིན་མོད་ཀྱི། །སེམས་ཅན་རྣམས་དྲང་བའི་དོན་དུ་བསྟན་པ་ཡིན་པས། དེ་བཞིན་གཤེགས་པ་ལ་བརྫུན་གསུངས་པའི་ཉེས་པ་མི་མངའོ། །དེ་ལྟ་ན་ཡང་དག་པའི་དོན་སུ་ལ་སྟོན་ཞེ་ན། ཆོས་རྣམས་ལ་ནི་ཞེས་པ་ལ་སོགས་པའོ། །ཇི་ལྟར་སྒྱུ་མ་ཞེས་པ་ལ་སོགས་པས་ནི་
སྔར་གྱི་དོན་ཉིད་བསྡུས་ཏེ་བསྟན་པའོ། །དེ་ལྟར་གདུལ་བྱའི་བྱེ་བྲག་མི་འདྲ་བས་བཤད་པ་འཇུག་པའི་བྱེ་བྲག་ཀྱང་མི་འདྲ་བ་ཉིད་དུ་དཔེའི་སྒོ་ནས་གསལ་བར་བསྟན་པ་ནི། །གཞན་ལ་གང་ཞིག་ཅེས་པ་ལ་སོགས་པའོ། །སེམས་ཙམ་དུ་ཡང་ཞེས་པ་ནི་མཚོན་པ་ཙམ་སྟེ། གདུལ་
བྱའི་ཁྱད་པར་ལ་གང་ཟག་དང་ཕྱིའི་དོན་ཡང་ཡོད་པར་སྟོན་པའོ། །དེ་ལྟར་བསྟན་པའི་དོན་དེ་ཉིད་དབང་པོ་མཆོག་དང་ལྡན་པ། ཐེག་པ་ཆེན་པོའི་རིགས་ཅན་ལ་ནི་མ་ཡིན་ཞེས་པ་སྟེ། ཤེས་པར་ཟད་དོ། །དེ་ལྟར་རྣམ་པར་ཤེས་པ་རྣམས་ཡུལ་ལ་ཇི་ལྟར་འཇུག་པ་དང་ལྡོག་པའི་ཚུལ་
བསྟན་ནས། གཉིས་ཀྱི་མཐའ་བརྗོད་ཇི་ལྟ་བུ། ཞེས་པ་ལ་སོགས་པའི་ལན་དུ་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མ་བློའི་མདུན་དུ་བྱས་པ་ནི་གཡང་སའི་གནས་སུ་གྱུར་པའི་མཐའ་ཉིད་ཡིན་པས་དེ་རྣམས་རྣམ་པར་བཀག་པའི་དེ་བཞིན་ཉིད་སྟོན་ཏེ། དེ་ལ་དང་པོར་དེ་བཞིན་ཉིད་
རྟོགས་པའི་ཡན་ལག་དང་ལྡན་པར་བྱའོ་ཞེས་དེ་བཞིན་གཤེགས་པས་གདམས་པའི་ཚུལ་དུ་སྟོན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་ནི་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཉིད་ཡིན་ཞིང་ཐ་དད་པའི་སྤྱོད་ཡུལ་གྲུབ་པ་
མེད་པ་ལ་དེ་བཞིན་དུ་རྟོགས་ཤིང་དོན་དམ་པར་སེམས་ཀྱི་རྣམ་པར་རྟོག་པ་ཉིད་ཀྱང་ངོ་བོ་ཉིད་མེད་པར་རྟོགས་པར་འདོད་པས། འདུ་བ་དང་འདུ་འཛི་སྟེ། རྙེད་པ་དང་བཀུར་སྟི་མང་པོ་དང་། གཡོག་འཁོར་ལ་སོགས་པ་སྐྱེ་བོ་མང་པོའི་ཚོགས་དང་། གཉིད་དང་རྨུགས་པ་དང་། རྒོད་

པ་དང་འགྱོད་པ་དང་། འདོད་པ་དང་། འདུན་པ་དང་། གནོད་སེམས་དང་ཐེ་ཚོམ་དུ་གྱུར་པའི་སྒྲིབ་པ་ལྔ་སྤང་བར་བྱ་ཞིང་། དེ་ཉིད་ཀྱིས་སྲོད་དང་ཐོ་རངས་དང་ནམ་གྱི་གུང་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པར་བྱའོ་ཞེས་པ་ལ་སོགས་པ་ཤེས་པར་ཟད་དོ། །
སེམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་སྟེ། སངས་རྒྱས་ཀྱི་རིགས་སམ། །རང་བཞིན་ལ་སོགས་པ་ཉིད་དུ་བསྟན་ཏོ། །ཤེས་རབ་དང་ཡེ་ཤེས་ཀྱི་མཚན་ཉིད་ནི་འདིར་གོ་རིམས་བཞིན་དུ་ཆོས་ཀྱི་དབྱེ་བ་རབ་ཏུ་ཤེས་པ་དང་། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་
ཤེས་པ་སྟེ། །དེ་འདྲ་བའི་མཚན་ཉིད་རྣམ་པར་དགོད་པ་ལ་གནས་ཞེས་པ་སྟེ། །དེ་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པ་ས་བདུན་པ་མན་ཆོད་ཀྱི་གནས་སྐབས་ཀྱིས་བསྡུས་པའོ། །གོང་དུ་ཞེས་པ་ནི་དེ་ལས་ལྷག་ཏུ་སྟེ། །ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱེད་པའོ། །དེ་ཉིད་གང་ཞེ་ན། སྣང་
བ་མེད་པའི་མཚན་ཉིད་དེ། །ས་བརྒྱད་པའི་གནས་ཀྱིས་བསྡུས་པ་གཉིས་སུ་སྣང་བ་ལ་སོགས་པའི་མཚན་མ་མེད་པ་ཞི་བའི་བསམ་གཏན་ལ་མཉམ་པར་གཞག་པའོ། །སངས་རྒྱས་ཐམས་ཅད་ཀྱི་རང་གི་སྨོན་ལམ་གྱི་བྱིན་གྱི་རླབས་ཀྱི་མཚན་ཉིད་ནི་དེ་རྣམས་ཀྱིས་སྔོན་ཚོགས་བསགས་
ཤིང་། སྨོན་ལམ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཀྱང་དེ་བཞིན་དུ་ཚོགས་བསགས་ཤིང་། སྨོན་ལམ་བཏབ་པའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྱག་གླང་པོའི་སྣ་ལྟ་བུའོ། །དེ་མགོ་ལ་བཞག་ཅིང་ཚིག་ཏུ་བརྗོད་པར་སྣང་བའི་སྒོ་ནས་
ཀྱང་སངས་རྒྱས་ཉིད་ཐོབ་པའི་ཚོགས་རྫོགས་པར་བྱ་བའི་དོན་དུ་ཞི་བའི་བསམ་གཏན་ལས་བསླངས་ནས་སེམས་ཅན་གྱི་དོན་ལ་སོགས་པ་ལ་སྦྱོར་བའོ། །དེ་ལྟར་ཡང་། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ས་
བཅུ་པ་ལས། ས་བརྒྱད་པ་ལ་ཞི་བའི་བསམ་གཏན་ལ་སྙོམས་པར་ཞུགས་པ་ནས་སངས་རྒྱས་རྣམས་ཀྱིས་དེ་ལས་བསླངས་ནས་སེམས་ཅན་གྱི་དོན་ལ་བསྐུལ་བ་ཉིད་དུ་གསུངས་པས་སོ། །འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་མཚན་ཉིད་ནི་དེ་ལྟར་སེམས་ཅན་གྱི་དོན་ལ་སོགས་པ་ལ་སྦྱར་བ་ན་ཡང་

དེ་རྣམས་སེམས་སྣང་བ་ཙམ་གྱི་རང་བཞིན་དུ་རྟོགས་ཤིང་། དེའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་མི་གཡོ་བའོ། །བོང་བུ་ཐེང་པོ་ལྟ་བུ་ཞེས་པ་ལ་སོགས་པའི་དོན་ནི་ས་བདུན་པ་མན་ཆོད་དུ་རྣམ་པར་ཤེས་པའི་ཚོགས་རྣམས་གནས་མ་གྱུར་ཅིང་། མཚན་མ་འམ་རྩོལ་བ་དང་བཅས་པའི་
གནས་སྐབས་ཡིན་པས། བགྲོད་པར་བྱ་བའི་གནས་ཇི་ལྟ་བར་འགྲོ་བ་ལ་ཅུང་ཟད་ཐོགས་པར་གྱུར་པའོ། །དེའི་ཕྱིར་སྔར་བསྟན་པའི་མཚན་ཉིད་གསུམ་ཁོང་དུ་ཆུད་པས་སྔར་གྱི་དམན་པའི་གནས་སྐབས་སྤངས་ཏེ། རྒྱལ་བའི་སྲས་ཀྱིས་བརྒྱད་པ་ཐོབ་ནས་དགུ་པ་ལ་སོགས་པ་ལ་སྦྱོར་བའི་
རིམ་གྱིས་སངས་རྒྱས་ཉིད་དུ་འགྱུར་བའོ། །འདིར་དེའི་གོང་དུ་ཞེས་པ་ནི་ས་བརྒྱད་པ་ལ་སོགས་པའི་སྔོན་རོལ་ལོ། །དེ་ལ་ཞེས་པ་ལ་སོགས་པས་སྔར་གྱི་མཚན་ཉིད་གསུམ་པོ་ཇི་ལྟར་འབྱུང་བའི་ཚུལ་སྟོན་ཏོ། །དེ་ལ་དང་པོའི་དོན་ནི་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མུ་སྟེགས་ལ་སོགས་
པ་རྣམས་ལ་ཡང་། སྲོག་དང་རྩོལ་བ་བསྡམས་པའམ། །བགྲང་དང་རྗེས་འགྲོ་ལྡོག་པ་དང་། །ཞེས་པ་ལ་སོགས་པ་སྲོག་གི་རླུང་ལ་བསླབས་པའི་དབང་གིས་རྣམ་པར་རྟོག་པ་ལ་སོགས་པའི་སྣང་བ་མེད་པའི་ཏིང་ངེ་འཛིན་ཡོད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་དང་རྗེས་སུ་མཐུན་པའི་ཐབས་
ལ་བསླབས་ཤིང་འདྲིས་པར་བྱས་པས་དེ་འདྲ་བའི་ཏིང་ངེ་འཛིན་ཐོབ་པོ་ཞེས་གསུངས་སོ། །འདིར་དེ་དག་དང་བྱང་ཆུབ་སེམས་དཔའི་ཁྱད་པར་ནི་ཇི་ལྟར་སྐྱེས་བུ་མིག་བཙུམས་པ་ན། བུམ་པ་ལ་སོགས་པའི་གཟུགས་མི་སྣང་བ་དང་། མིག་དང་ལྡན་པས་དབང་པོ་ལེགས་པར་བྱས་པ་ན་བུམ་
པ་ལ་སོགས་པའི་གཟུགས་སྣང་དུ་རུང་བ་ལས་མ་དམིགས་པས་ཡོད་པའི་སྒྲོ་འདོགས་ཆོད་ཅིང་། མེད་པར་རྟོགས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མཚན་མའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་དེ་འདྲ་བའི་སྣང་བ་མེད་པས་ཞི་གནས་དང་ལྷག་མཐོང་
ཟུང་དུ་འབྲེལ་པ་ཉིད་ཡིན་ལ། གཞན་ནི་དེ་ལས་བཟློག་པའོ། །ཡང་རྣམ་པ་གཅིག་ཏུ་ན་ཉན་ཐོས་ལ་སོགས་པའི་གང་ཟག་དང་། ཆོས་ཀྱི་བདག་ཏུ་དམིགས་པ་དང་བཅས་པའི་བསམ་གཏན་དང་དེའི་ཡུལ་ལ་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཡོངས་སུ་དཔྱོད་ཅིང་འདྲིས་

པར་བྱས་པ་ལས། དེ་རྣམས་སྟོང་པ་ཉིད་དུ་རྟོགས་པས་སྣང་བ་མེད་པའི་ཏིང་ངེ་འཛིན་འབྱུང་བ་སྟེ། ཇི་སྐད་དུ། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཉིད་བཤད་པ་ལྟ་བུའོ། །གཉིས་པའི་དོན་ནི་ཤེས་པར་སླའོ། །འདིར་སྨོན་
ལམ་ནི་སྔར་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་སྨོན་ལམ་ཡང་དེའི་རྒྱུ་ཉིད་དུ་གྱུར་པའོ། །དེ་ལ་འདིར་བྱིན་གྱི་རླབས་ནི་དེ་དག་གི་མཐུ་ཡིན་ལ། མཚན་ཉིད་ནི་དེའི་འབྲས་བུར་གྱུར་པ་ཚོགས་གཉིས་རྫོགས་པར་བྱེད་པའོ། །གསུམ་པའི་དོན་ལ་སངས་རྒྱས་ཀྱི་ཆོས་ཐམས་
ཅད་ཅེས་པ་ས་བརྒྱད་པ་ཡན་ཆད་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཐམས་ཅད་ཐོབ་པར་གསུངས་པ་དང་། ཕུང་པོ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ལུས་ཏེ། ཡིད་ཀྱི་
རང་བཞིན་གྱི་ལུས་སྒྱུ་མ་ལྟ་བུ་ཐོབ་པས། སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་བའི་རྟོགས་པའི་རྒྱུན་གོང་ནས་གོང་དུ་འཇུག་པ་ལས་འབྱུང་ཞེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྐབས་ཀྱི་དོན་བསྡུས་ཏེ་བསྟན་པའོ། །དེ་ལྟར་དེ་བཞིན་གཤེགས་པས་སྤྱིའི་
ཚུལ་དུ་གདམས་པའི་དོན་འཁོར་གྱི་གཙོ་བོས་ཞུས་པ་ནི། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །འདིར་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་ཙམ་སྨོས་ཀྱི་དེའི་ཡུལ་མ་སྨོས་པ་མི་འཐད་དེ། དེ་ལ་ཡང་གཞན་
དག་རྨོངས་པར་འགྱུར་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཡེ་ཤེས་ལས་ཐ་དད་པའི་གཟུང་བའི་ཡུལ་གྲུབ་པ་མེད་པའི་ཕྱིར་རོ། །གང་ལ་གནས་ཞེས་པ་ནི་དབྱིངས་དང་ནམ་མཁའ་དབྱེར་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ལ་གནས་པའོ། །གང་ཟག་དང་ཆོས་ལ་བདག་མེད་པའི་རབ་
ཏུ་རྒྱུ་བ་ཞེས་པ་ནི་བདག་མེད་གཉིས་རྟོགས་པའི་ཤེས་རབ་ཀྱི་རྒྱུན་རྒྱུད་དེ། དེ་ཉིད་ཀྱི་དྲི་མ་ས་བོན་དང་བཅས་ཏེ་སྦྱངས་པའོ། །ཆོས་ལྔ་དང་རང་བཞིན་རྟོགས་པ་ལས་རྣམ་པར་ལོག་པ་ནི་དེ་དག་གི་རྣམ་པར་དབྱེ་བ་རྟོགས་པ་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་སྣང་བ་དང་བཅས་པ་ལས་ལོག་པ་

ཆོས་ཀྱི་སྐུ་ཤེས་རབ་དང་ཡེ་ཤེས་ཤིན་ཏུ་འབྲེལ་པ་སྟེ། ཡེ་ཤེས་རིག་པ་དང་། དབྱིངས་དང་སྟོང་པ་ཉིད་དབྱེར་མེད་པའི་ཚུལ་དུ་རྟོགས་པ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྤྱོད་ཡུལ་མངོན་པར་རྟོགས་ཤིང་གོམས་པའི་སྒོ་ནས་མངོན་པར་གྲུབ་པ་སྟེ། ཡེ་ཤེས་ཀྱི་ཚོགས་བསྟན་པའོ། །སངས་རྒྱས་
ཀྱི་ཞིང་ཐམས་ཅད་དང་ཞེས་པ་ལ་སོགས་པས་ནི་ཞིང་དང་གནས་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སངས་རྒྱས་ལ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་སྟེ། སྔར་བསྟན་པ་ལྟར་མཐར་གྱིས་འོག་མིན་གྱི་གནས་སུ་ཉེ་བར་སོང་སྟེ། དེ་
བཞིན་<གཤེསས་‚གཤེགས་>པའི་ལོངས་སྤྱོད་རྫོགས་པའི་སྐུ་རབ་ཏུ་ཐོབ་པར་འགྱུར་བའི་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་རབ་ཏུ་འབྱེད་པའི་རང་བཞིན་ཟབ་མོའི་ཆོས་ཀྱི་རྣམ་གྲངས་སྔར་བསྟན་པ་དགག་བྱ་དང་དེ་དགག་པར་བརྗོད་པའི་ཚིག་བརྒྱ་རྩ་བརྒྱད་ཤིན་ཏུ་ཕྱེ་བའི་གནས་ཏེ་དེ་དག་ཐམས་ཅད་
ལ་བདེན་པའི་དོན་གྲུབ་པ་མེད་པས་ཚིག་ཙམ་ཉིད་ཡིན་ཞིང་། ཚིག་ཉིད་ཀྱང་དོན་ལ་ལྟོས་པས་དངོས་པོར་མི་འཐད་ཅེས་པའོ། །དེའི་ཕྱིར་དགག་བྱ་དང་། བཀག་པའི་ཆོས་ཀྱི་མཚན་མར་འཛིན་པ་ནི་མཐའ་ཉིད་དུ་འགྱུར་བ་དེ་ལྟར་བདག་ལ་བཤད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་
ཞེས་པ་ལ་སོགས་པས་ལན་ལྡོན་པར་བྱེད་དེ། རེ་ཞིག་དང་པོར་མཐའ་གཉིས་སུ་འཛིན་པའི་ཚུལ་ནི་ཕྱི་རོལ་པའམ་རང་གི་སྡེ་པ་ཡང་རུང་སྟེ། ལོག་པར་ལྟ་བ་ཅན་ཐམས་ཅད་མུ་སྟེགས་ཉིད་དུ་འོག་ནས་སྟོན་པར་འགྱུར་ལ། །དེ་དག་ལས་ཀྱང་འགའ་ཞིག་སྔ་ན་མེད་པ་དང་། ཞིག་ནས་
མེད་པ་དང་། བུམ་པ་དང་སྣམ་བུ་ལ་སོགས་པ་ཕན་ཚུན་གཅིག་ལ་གཅིག་མེད་པ་དང་། རི་བོང་གི་རྭ་ལ་སོགས་པ་གཏན་ནས་མེད་པའོ་ཞེས་མེད་པའི་མཚན་མར་འཛིན་ལ། དགག་པར་བྱ་བའི་དོན་དེ་དག་གིས་དབེན་པའམ། དེ་དག་གིས་བཟློག་ཟླར་གྱུར་པ་རི་བོང་གི་མགོ་བོ་དང་། གླང་གི་
རྭ་ལ་སོགས་པ་ནི་དངོས་པོ་ཡོད་པའོ་ཞེས་ཡོད་པའི་མཐར་རྣམ་པར་རྟོག་པའོ། །དེ་ལ་མུ་སྟེགས་ཀྱི་ལྟ་བ་ཅན་ཞེས་པ་ནི་དེ་དག་ནི་གྲུབ་པའི་མཐའ་ལ་བརྟེན་པའོ། །མུ་སྟེགས་ཅན་ཞེས་པ་ནི་གྲུབ་པའི་མཐའ་མ་ཐོས་ཀྱང་རང་བཞིན་གྱིས་ཕྱིན་ཅི་ལོག་པའོ། །དེ་ལྟར་མངོན་པར་ཞེན་པའི་

རྒྱུ་མཚན་ཡང་རི་བོང་གི་རྭར་རྣམ་པར་རྟོག་པ་ལ་སོགས་པའི་བློ་དེ་འདྲ་བའི་རྣམ་པར་སྣང་བ་མེད་པའི་ཕྱིར། དེའི་ཡུལ་རི་བོང་ལ་རྭ་མེད་དོ་སྙམ་སྟེ། དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡང་ཕན་ཚུན་གྱི་བདག་ཉིད་མེད་པ་དང་། སྔོན་དང་
ཕྱི་མའི་གནས་སྐབས་སུ་མེད་དོ་ཞེས་རྣམ་པར་རྟོག་གོ། །རྒྱུ་ཟད་པའི་རང་བཞིན་ཞེས་པ་ནི་དེ་འདྲ་བའི་རྟོག་པ་ལ་སོགས་པ་འབྱུང་བའི་རྒྱུ་རྐྱེན་གཞན་ཟད་པའི་དབང་གིས་མེད་པ་ཡིན་གྱི། རྭ་མེད་པའི་མཚན་མ་ཇི་ལྟར་བཟུང་བ་བཞིན་གནས་པ་ལ་བརྟེན་ནས་དེ་འདྲ་བའི་བློ་མེད་པར་འགྱུར་བ་ནི་
མ་ཡིན་ནོ་ཞེས་པའོ། །བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་ཡོད་པའི་མཐར་རྟོག་པའི་ཚུལ་སྟོན་ཏེ། དེ་ལ་དཔེའི་ཚུལ་གྱི་ཁྱད་པར་ནི་བ་ལང་གི་རྭ་ལ་སོགས་པ་ཡོད་པར་འཇོག་པའི་གཏན་ཚིགས་དོན་བྱེད་པར་ནུས་པ་དང་། གང་ཞིག་དོན་བྱེད་པར་ནུས་པ་དེ་ནི་
ཡོད་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་དེ་ལས་བཟློག་པའི་རི་བོང་གི་རྭ་མེད་པར་མངོན་པར་ཆགས་ཤིང་ཞེན་པ་རྣམས་དེ་དང་མི་མཐུན་པ་བ་ལང་གི་རྭ་ཡོད་དོ་སྙམ་དུ་རྣམ་པར་རྟོག་པའོ། །བློ་གྲོས་ཆེན་པོ་མཐའ་གཉིས་ཞེས་པ་ལ་སོགས་པས་དེ་འདྲ་
བའི་ལྟ་བ་འོར་ཅིག་པར་གདམས་པའོ། །སེམས་ཀྱི་ཁམས་ཉིད་རྣམ་པར་རྟོག་པ་སྟེ། ཁམས་ཀྱི་དོན་ནི་རྒྱུའམ་དབྱིངས་སོ། །དེའི་ཕྱིར་ལུས་དང་ལོངས་སྤྱོད་དང་། གནས་དང་འགྲོ་བ་རྣམས་སུ་རྣམ་པར་རྟོག་པར་བརྟགས་པ་ནི་རྟོག་པའི་རང་བཞིན་ནམ། དེའི་རྒྱུ་ལས་བྱུང་བ་སྟེ།
དེས་སྒྲོ་བཏགས་པའོ། །དེ་ལྟ་བུའི་རང་བཞིན་གྱི་རི་བོང་གི་རྭ་མེད་དོ་ཞེས་རྣམ་པར་རྟོག་པའི་བློའི་མདུན་དུ་མེད་པའི་མཚན་མར་སྒྲོ་བཏགས་པ། དེ་ཁོ་ན་ཉིད་དུ་ཡོད་པ་དང་མེད་པའི་མཚན་མ་ལས་རྣམ་པར་ལོག་པ་ལ་མེད་པའི་མཚན་མར་བརྟག་པར་མི་བྱ་ཞེས་པའོ། །དེ་བཞིན་དུ་ཆོས་
ཐམས་ཅད་ཀྱང་ཡོད་པ་དང་། མེད་པ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པའི་བློ་ཡིས་བཅོས་ཤིང་བརྟགས་པ་ལས་ལོག་པ་སྟེ། དེ་ལྟ་དེ་ལྟར་བརྟག་པར་མི་བྱ་སྟེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །

འདི་ཉིད་དུ་ཡང་སྔར་བསྟན་པ་སྟེ། དེ་ལྟར་རྣམ་པར་རྟོག་པའི་བློ་ཡིས་སྤྲོས་པ་ཐམས་ཅད་དང་བྲལ་བའོ་ཞེས་མཚན་མར་བཟུང་ཞིང་མདུན་དུ་བྱས་ན། དེ་ཡང་ཕྱིན་ཅི་ལོག་ཉིད་དུ་འགྱུར་བའོ་ཞེས་བསྟན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དམ། རི་བོང་གི་རྭ་དང་། ནམ་
མཁའི་པད་མ་ལ་སོགས་པ་ཀུན་རྫོབ་ཙམ་དུ་ཡང་དངོས་པོའི་ངོ་བོ་བཀག་པ་ཙམ་ནི་དེ་ལྟར་བདེན་མོད་ཀྱི། དེ་དག་མེད་པའོ་ཞེས་རྣམ་པར་རྟོག་པའི་བློ་ཡིས་མདུན་དུ་བྱས་ཤིང་མཚན་མར་བཟུང་བ་ནི་ཕྱིན་ཅི་ལོག་གཡང་སའི་མཐའ་ཞེས་བྱའོ། །མེད་པ་ལས་རྣམ་པར་ལོག་ཞེས་པ་ཡང་
དེ་འདྲ་བའི་རང་བཞིན་གྱི་མེད་པ་ལས་ལོག་པ་སྟེ། གཞན་དུ་ན། དགག་པ་བཀག་པ་སྒྲུབ་པར་འགྱུར། །ཞེས་པ་ལ་སོགས་པའི་ཉེས་པ་སྔར་བསྟན་ནོ། །བློ་གྲོས་ཆེན་པོ་གང་ཡང་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་ལ་གནས་པ་རྣམས་དེ་ལྟར་རྟོག་མོད་ཀྱི། ཡང་དག་པར་ན་དེ་དག་
གིས་རི་བོང་གི་རྭ་མེད་ཅིང་། བ་ལང་གི་རྭ་ལ་སོགས་པ་ཡོད་ཅེས་བརྟག་པར་མི་བྱ་སྟེ། ཡོད་པ་དང་མེད་པ་ཕན་ཚུན་ལྟོས་པའི་རྒྱུའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་ལྟོས་པར་བྱ་བ་བ་ལང་གི་རྭ་ལ་སོགས་པ་ཡོད་པའི་ཕྱིར། དེ་ལས་བཟློག་པ་རི་བོང་གི་རྭ་མེད་པ་ཉིད་དུ་བརྟག་པར་འོས་སོ་ཞེ་
ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་རྣམ་པར་ལོག་ཅེས་པའི་དོན་ནི་ཐམས་ཅད་མཁྱེན་པའི་མཁྱེན་པ་ལ་ཡང་མི་སྣང་བའི་ཕྱིར་རོ་ཞེས་བདེན་པ་གཉིས་ཀྱི་རབ་ཏུ་བྱེད་པ་ལས་བཤད་པའམ། གཞན་ཡང་གཟུགས་རྣམས་མི་
མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། འདུ་ཤེས་མཐོང་བ་མེད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལས་བཤད་པ་བཞིན་ནོ། །དེ་ནས་ཞེས་པ་ལ་སོགས་པ་གདུལ་བྱའི་ཐེ་ཚོམ་བཅད་པར་བྱ་བའི་དོན་དུ་ཞུས་པ་སྟེ། དེའི་དོན་ནི་རི་བོང་གི་རྭར་རྣམ་པར་རྟོག་ཅིང་སྣང་བའི་བློ་མ་
དམིགས་པས་བློའི་ཡུལ་དུ་གྱུར་པ་དེ་ལས་ཐ་དད་པ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་རི་བོང་གི་རྭ་མེད་དོ་ཞེས་དཔག་པར་བྱ་སྟེ། ཇི་ལྟར་ཕྱི་རོལ་གྱི་ངོ་བོར་གྱུར་པའི་དངོས་པོ་འགའ་ཞིག་ཡོད་ན། དེ་ལྟར་སྣང་བའི་བློ་དམིགས་པར་འགྱུར་ཏེ། གླང་གི་རྭ་ལ་སོགས་པ་བཞིན་ནོ་སྙམ་དུ་སེམས་

པའོ། །ལན་གྱི་དོན་ནི་གལ་ཏེ་རི་བོང་གི་རྭ་ལ་སོགས་པའི་དངོས་པོ་ཡོད་ན་དེར་སྣང་བའི་ཡུལ་ཅན་གྱི་བློ་ནི་འབྲས་བུ་ཉིད་དུ་འགྱུར་ན། ཡུལ་ནི་རྒྱུ་ཉིད་དུ་འགྱུར་བ་སྟེ། ཇི་སྐད་དུ། ཚད་མ་རྣམ་པར་གཏན་ལ་དབབ་པ་ལས། རྣམ་པར་རྟོག་པར་ནུས་པའི་ཕྱིར། ཤེས་པའི་
ཡུལ་ནི་རྒྱུ་ཉིད་ཡིན་ལ། རྒྱུ་མ་ཡིན་པ་ནི་ཡུལ་དུ་མི་འགྱུར་རོ་ཞེས་གསུངས་པ་དང་། རྣམ་འགྲེལ་ལས་ཀྱང་། རྒྱུ་མིན་ཡུལ་ཡང་ཇི་ལྟར་རུང་། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་རི་བོང་གི་རྭར་རྣམ་པར་རྟོག་པ་ལ་སོགས་པ་ཡུལ་ཅན་གྱི་བློ་འབྲས་བུར་གྱུར་པ་བཀག་པས་རྒྱུ་བཀག་
པ་ནི་འཁྲུལ་པ་ཉིད་དེ། ཇི་ལྟར་ས་ཕྱོགས་སུ་ཤ་ཟར་སྣང་བའི་བློ་བཀག་པས་ཤ་ཟ་དགག་པར་མི་ནུས་པ་ལྟ་བུའོ། །འདིར་དེ་ནི་ཞེས་བྱ་བའི་དོན་ནི་གལ་ཏེ་ཕྱི་རོལ་གྱི་དངོས་པོར་གྱུར་པའི་རི་བོང་གི་རྭ་ལ་སོགས་པ་ཡོད་ན། དེ་ཉིད་དེར་སྣང་བའི་ཡུལ་ཅན་རྣམ་པར་རྟོག་པའི་བློ་ལ་སོགས་
པའི་རྒྱུ་ཡིན་ཏེ། དེ་ལ་བརྟེན་ཏེ་བློ་བྱུང་ཞེས་པའོ། །གལ་ཏེ་འདིར་ཤ་ཟ་ལ་སོགས་པ་ནི་རང་བཞིན་གྱི་སྐལ་བ་ཡིན་པས་ཡོད་ཀྱང་དེར་སྣང་བའི་བློ་མི་འགྱུར་ལ། རི་བོང་གི་རྭ་ནི་ཡོད་པར་གྱུར་ན་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་ཞིང་མིག་གི་དབང་པོ་ལ་སོགས་པ་དམིགས་པའི་
རྐྱེན་གཞན་དག་ཀྱང་ཚང་བས་དམིགས་པ་ཁོ་ནར་འགྱུར་ཏེ་གླང་གི་རྭ་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ལྟར་བདེན་མོད་ཀྱི། འདིར་རི་བོང་གི་རྭ་མེད་ཅེས་རྣམ་པ་ཐམས་ཅད་དུ་མེད་པར་བཀག་པའི་དོན་དང་། དེར་སྣང་བའི་བློ་བཀག་པ་ཙམ་གྱི་མེད་པར་དགག་པ་ལ་ནི་གོ་བྱ་གོ་བྱེད་དུ་མི་འཐད་
པ་ཉིད་དུ་སྔར་རྒྱས་པར་བསྟན་ལ། གཞན་ཡང་མེད་དོ་ཞེས་རྣམ་པར་རྟོག་པའི་བློའི་མདུན་དུ་མཚན་མར་བཟུང་བ་དང་། དེར་སྣང་བའི་རྣམ་པར་རྟོག་པ་ལ་སོགས་པའི་བློ་མེད་ཅེས་མཚན་མར་བཟུང་བ་ནི་སྒྲོ་བཏགས་པའི་དོན་ཏེ། ཇི་ལྟར་བཏགས་པ་བཞིན་མི་བདེན་པས་ཁྱད་པར་
དུ་ཡང་གོ་བྱ་དང་གོ་བྱེད་མི་འཐད་པ་ཉིད་དོ། །གལ་ཏེ་དེ་ལྟ་ན་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཇི་ལྟར་སྣང་བ་སྒྱུ་མ་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡང་མི་འཐད་དོ་ཞེ་ན། འདིར་ཡང་སྒྱུ་མ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པའི་བློས་བརྟགས་པ་ནི་དེ་

ལྟར་བདེན་པ་མ་ཡིན་ནོ་ཞེས་སྔར་བསྟན་ལ། གོ་བྱ་གོ་བྱེད་དུ་འགྱུར་བའི་ཚུལ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱང་སྔར་རྒྱས་པར་གཏན་ལ་ཕབ་བོ། །སྐབས་སུ་བབ་པའི་དོན་འདིར་ཡང་རི་བོང་གི་རྭ་ལ་སོགས་པའི་དངོས་པོ་བཀག་པ་དེའི་མགོ་ལ་སོགས་པར་སྣང་བའི་ཆོས་ཅན་གྱི་ཆོས་སུ་
བསྐོར་བ་སྒྱུ་མ་ལྟ་བུའི་དོན་དང་། དེ་ལྟར་དམིགས་པའི་བློ་བཀག་པའི་ངོ་བོ་ནི་གོ་བྱ་གོ་བྱེད་དུ་འཐད་ཅིང་སྒྱུ་མ་དོན་དམ་པའི་ངོ་བོ་ཉིད་མེད་ཅེས་བྱའོ། །འདིར་མི་འཐད་པ་ཉིད་དུ་བསྟན་པའི་དོན་ནི་རི་བོང་གི་རྭ་མེད་ཅེས་རྣམ་པར་རྟོག་པའི་བློས་མདུན་དུ་བྱས་ཤིང་མཚན་མར་བཟུང་བའི་དོན་
ཏེ། དེ་འདྲ་བའི་དངོས་པོ་བཀག་པ་ཙམ་བློའི་བྱེད་པས་སྒྲོ་མ་བཏགས་པ་ནི་དེ་བཞིན་དུ་བདེན་པའོ། །དེ་ཉིད་ཀྱི་ཕྱིར་གཞན་དག་སྐབས་ཀྱི་མདོ་འདི་རྣམས་ཀྱི་དོན་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་ཐམས་ཅད་དང་བྲལ་བ་རབ་ཏུ་མི་གནས་པའི་དོན་ཉིད་བསྟན་པ་ཡིན་ནོ་ཞེས་སྨྲ་བའི་
ལོག་པར་རྟོགས་པ་བསལ་བའོ། །ཐ་དད་པ་དང་ཞེས་པ་ལ་སོགས་པས་ནི་ཇི་ལྟར་བ་ལང་གི་རྭ་དང་མཚུངས་པར་རི་བོང་གི་རྭ་ཡོད་པར་གྱུར་ན་ཡང་དོན་དམ་པའི་དེ་ཁོ་ན་ཉིད་དུ་བསམས་ན། རྭ་དང་དེ་ལྟར་རྣམ་པར་རྟོག་པའི་བློ་གཉིས་གཅིག་དང་ཐ་དད་པ་ལས་གྲོལ་བའི་ཕྱིར། དེ་འདྲ་བའི་
བློ་ཡོད་པ་མ་ཡིན་པས་དེ་ལ་ལྟོས་ཏེ་རི་བོང་གི་རྭ་མེད་དོ་ཞེས་རྣམ་པར་རྟོག་པའི་བློ་ཡིས་མཚན་མར་བཟུང་བ་ནི་མི་བདེན་ཞེས་པའོ། །དེའི་དོན་ཡང་རི་བོང་གི་རྭ་དང་དེར་སྣང་བའི་རྣམ་པར་རྟོག་པ་ལ་སོགས་པའི་བློ་གལ་ཏེ་ཐ་དད་ན་ནི་བློ་རྭའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། ཐ་དད་པ་དུས་
མཉམ་པ་དང་མི་མཉམ་པ་གཉིས་ཀ་ཡང་རྒྱུར་མི་འཐད་པའི་ཕྱིར་རོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་དེའི་རྒྱུ་ལས་བྱུང་བ་སྟེ། ཐ་དད་པ་ས་ཡིན་པའི་རྟགས་ལས་རྟོགས་པའི་རྗེས་སུ་དཔག་པས་བློ་དེ་ཡང་མེད་པར་འགྱུར་ཞེས་རྟོགས་པའམ། ཕ་རོལ་ལ་ཐལ་བའི་དོན་དུ་སྦྱོར་བས་ཏེ། དེའི་རྒྱུ་མཚན་མ་
ཡང་རྭ་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་པའོ། །དེའི་ཁྱབ་པའི་དོན་ནི་གླང་གི་རྭ་དང་མཚུངས་པའི་རི་བོང་གི་རྭ་ཡང་རིགས་པ་དམ་པས་རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་མི་དམིགས་པས་ཞེས་པ་སྟེ། མེད་པ་དང་ཐ་དད་མེད་པའི་ཕྱིར་མེད་པ་ཉིད་དུ་འགྱུར་ཞེས་པའོ། །དེ་ལྟར་ན་བློ་དང་རྭ་གཉིས་

ཀའི་དངོས་པོ་མེད་ན། རྒྱུ་མཚན་གང་གིས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཏེ། མེད་པ་ཉིད་དུ་འགྱུར་ཏེ། དེ་འདྲ་བའི་མཚན་མ་གྲུབ་པར་མི་འགྱུར་ཞེས་པའོ། །གལ་ཏེ་བ་ལང་གི་རྭ་ཡོད་པ་ལ་ལྟོས་ཏེ་རི་བོང་གི་རྭ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། བློ་གྲོས་ཆེན་
པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདྲ་བའི་ལྟོས་པ་མ་གྲུབ་པས་དེ་ལ་ལྟོས་པ་མེད་པའི་མཚན་མར་བཟུང་བར་བྱ་བའི་དོན་གྲུབ་པ་མེད་ཅེས་པའོ། །དེའི་ཕྱིར་གང་དག་རི་བོང་གི་མགོ་བོ་རྭ་དང་ལྡན་པར་བསྐྱེད་པའི་རྒྱུ་ནི་མེད་ལ། བ་ལང་གི་རྭ་ལ་སོགས་པ་ནི་དེ་ལས་བཟློག་པས་
རྒྱུ་མི་མཉམ་པའི་ཕྱིར་ཞེས་པ་ལ་སོགས་པ་སྟེ་ཤེས་པར་ཟད་དོ། བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་ནི་དེའི་རང་བཞིན་ཅན་གཞན་ལ་སྦྱར་བ་སྟེ། ཕྱིན་ཅི་ལོག་ཏུ་ལྟ་བའི་མུ་སྟེགས་ཅན་གང་དག་ཐོགས་པ་དང་བཅས་པའི་གཟུགས་ཡོད་པ་ལ་ལྟོས་ཏེ། དེ་ལས་བཟློག་པ་ནམ་
མཁའ་ཐོགས་པར་བྱེད་པའི་དངོས་པོ་མེད་པའོ་ཞེས་མཚན་མར་འཛིན་པའམ། དེ་ལ་སོགས་པ་འདུས་མ་བྱས་རྫས་སུ་གྲུབ་པར་འདོད་པ་ནམ་མཁའི་རང་བཞིན་ཡོངས་སུ་རྟོག་པ་ལ་མི་མཁས་པ་སྟེ། གཟུགས་ཀྱང་ནམ་མཁའི་ངོ་བོ་དང་བྲལ་བའི་དངོས་པོ་ཡོད་པར་རྟོག་པར་བྱེད་པ་ནི་ཕྱིན་ཅི་
ལོག་པ་ཉིད་ཡིན་ཏེ། དོན་དམ་པར་གཟུགས་རྣམས་ཀྱི་འབྱུང་བའི་རྗེས་སུ་ཞུགས་ཞེས་པ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སུ་སྣང་བ་ནི་རང་རང་གི་ངོ་བོས་སྟོང་པའི་ཕྱིར་ནམ་མཁའ་དང་མཚུངས་པའམ་དེའི་བདག་ཉིད་ཡིན་ཏེ། གཟུགས་ཉིད་ཀྱང་ནམ་མཁའ་སྟེ་ཞེས་པ་
དང་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་ཉིད་ཀྱང་གཟུགས་ཏེ། དོན་དམ་པར་དེ་དག་དབྱེར་མེད་པའི་ཕྱིར། ཕན་ཚུན་འགལ་བའི་ངོ་བོ་ཉིད་དུ་གཅིག་ལ་གཅིག་ལྟོས་པའི་དབང་གིས་བརྟག་པར་མི་བྱའོ། །དེ་སྐད་དུ་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེས་གཟུགས་ལ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་གཟུགས་ཀྱི་ངོ་བོས་སྟོང་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་གསུངས་པ་དང་། རིགས་པས་ཀྱང་དེ་བཞིན་དུ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་གཟུགས་དང་ནམ་མཁའ་ཕན་ཚུན་འགལ་བ་ཉིད་དུ་

དམིགས་པ་ཇི་ལྟར་ཞེ་ན། ཀུན་རྫོབ་ཏུ་དེ་ལྟར་རྣམ་པར་གཞག་པའི་རྒྱུ་ཐ་དད་པ་ནི་གཞག་པ་དང་གཞིའི་ཚུལ་དུ་གྱུར་པར་ཡིད་ཆེས་པར་བྱའོ་ཞེས་པ་སྟེ། ཇི་ལྟར་གཞག་པར་བྱ་བ་བུམ་པ་དང་། དེའི་གཞི་ས་ཕྱོགས་དང་འདྲ་བར་རི་དང་ས་གཞི་ལ་སོགས་པའི་གཟུགས་གཞིར་གྱུར་པ་དང་། དེ་ལ་རྟེན་
ཅིང་འབྱར་བར་སྣང་བ་ནམ་མཁའ་སྟེ། ཀུན་རྫོབ་ཙམ་དུ་ཕན་ཚུན་འགལ་བའོ། །ཡང་ནམ་མཁའི་གོ་སྐབས་ན་གནས་པའི་གཟུགས་བྱ་དང་གནམ་དུ་འཕངས་པ་ལ་སོགས་པ་ནི་གཞག་པ་ཞེས་བྱ་ལ། ནམ་མཁའ་ནི་དེ་དག་གི་གཞིའི་ཚུལ་དུ་བལྟ་བར་བྱའོ། །གཞན་ཡང་ཀུན་རྫོབ་ཙམ་དུ་
འབྱུང་བ་རྣམས་སྐྱེ་བ་ནི་ཕན་ཚུན་དུ་རང་གི་མཚན་ཉིད་ཀྱི་བྱེ་བྲག་གིས་ཐ་དད་པ་སྟེ། ཚ་ཞིང་སྲེག་པ་དང་གཤེར་བ་ལ་སོགས་པའི་ཁྱད་པར་གྱིས་ཐ་དད་པའོ། །ནམ་མཁའ་ལ་ཡང་མི་གནས་ཞེས་པ་དེའི་རང་བཞིན་གྱིས་མི་གནས་པའོ། །དེ་དག་ལ་ཡང་ནམ་མཁའ་མེད། །ཅེས་པ་སྟེ། དེ་
དག་གི་བདག་ཉིད་ཀྱི་ཚུལ་དུ་མེད་པའོ། །དེ་ལྟར་ན་གཟུགས་དང་ནམ་མཁའ་ཀུན་རྫོབ་ཙམ་དུ་ཕན་ཚུན་འགལ་བ་ཉིད་དུ་བལྟ་བར་བྱའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་སྔར་གྱི་དོན་ལ་སྦྱར་ཏེ་བསྟན་པའོ། །རི་བོང་གི་རྭ་མེད་དོ་ཞེས་པའི་མཚན་མར་བཟུང་བ་ནི་བ་ལང་གི་རྭ་ཡོད་པ་
ལ་ལྟོས་ཞེས་པའོ། །དེ་སྟེ་གཞན་ལ་ལྟོས་ཞེས་པ་བུམ་པ་ལ་སོགས་པ་ཡོད་པའི་ཆོས་ཅན་གཞན་ལའོ། །དེ་ཡང་དེ་ལྟ་བུ་ཞེས་པ་ནི་རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་མ་གྲུབ་པའོ། །སྐབས་ཀྱི་དོན་འདི་རྣམས་སྔར་བསྟན་པའི་ཆོས་དང་ཆོས་མེད་པ་རྣམ་པར་བཀག་པ་དང་ཡང་སྦྱར་བར་
བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ཉེ་བར་གདམས་པའི་ཚུལ་གྱིས་བསྡུས་ཏེ་བསྟན་པའོ། །ཚིགས་སུ་བཅད་པའི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །གལ་ཏེ་སྣང་བ་མེད་ན་དེ་ལས་སེམས་འབྱུང་བ་མི་འཐད་དོ་ཞེ་ན། ཕྱི་རོལ་གྱི་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་སེམས་
ཀྱི་ངོ་བོར་ཡོད་ཅིང་། དེ་འདྲ་བའི་ས་བོན་སྔ་མ་ལས་བྱུང་བའོ། །འདྲ་བ་ནི་དེ་འདྲ་བའི་རྣམ་པར་སྣང་བའོ། །དག་པ་ཞེས་པ་ནི་དེ་དག་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་དྲི་མའོ། །འབྲེལ་ཞེས་པ་ནི་སྔ་མ་ལྟར་ཕན་ཚུན་ལྟོས་པའི་ཚུལ་དུའོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པ་ནི་རིང་དང་

ཞེས་པ་ལ་སོགས་པ་སྟེ། རིང་པོ་སྒྲུབ་པ་ཐུང་ངུ་ལ་ལྟོས་ཞེས་པ་ལ་སོགས་པ་གོ་བར་ཟད་དོ། །རྣམ་པར་བརྟག་མི་བྱ་ཞེས་པ་ནི་བརྟག་བྱའི་ཡུལ་གྲུབ་པ་མེད་པས་གཟུགས་ཀྱི་དངོས་པོར་མི་རྟག་པའོ། །ཀུན་རྫོབ་སེམས་ཙམ་གྱི་ཚུལ་དུ་གཞག་པ་ནི་ངན་པའི་ལྟ་བ་ལ་
གནས་པ་རྣམས་ཀྱིས་རྟོགས་པར་མ་ནུས་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་བཤད་པ་དག་ཀྱང་ཇི་ལྟར་འགྱུར་ཞེས་དྲིས་པའི་ལན། གདུལ་བྱའི་སེམས་རྒྱུད་རྣམ་པར་སྦྱང་བའི་དོན་དུ་དེ་བཞིན་གཤེགས་པའི་བཤད་པ་འཇུག་པའི་ཚུལ་དུ་སྟོན་ཏེ། དེ་ལ་
དང་པོར་གདུལ་བྱ་ཁམས་དང་མོས་པ་དམན་པ་ཟབ་མོ་བཤད་པའི་སྐལ་བ་དང་མི་ལྡན་པ་རྣམས་ལ། ཐོག་མར་གང་ཟག་དང་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པའི་རིམ་གྱིས་སེམས་བྲིད་ཅིང་དེ་ཁོ་ན་ཉིད་ཟབ་མོ་ལ་བརྒྱུད་ནས་སྦྱོར་བར་བྱེད་དེ། ཇི་སྐད་དུ། དེ་ཉིད་ཚོལ་ལ་ཐོག་མར་
ནི། ཐམས་ཅད་ཡོད་ཅེས་བརྗོད་པར་བྱའོ། །ཞེས་པ་ལ་སོགས་པ་ལྟ་བུའོ། །ཡང་གང་དག་དབང་པོ་ཡོངས་སུ་སྨིན་པ་དེ་ཁོ་ན་ཉིད་བཤད་པའི་སྐལ་བ་དང་ལྡན་པ་རྣམས་ལ། དེ་ཉིད་ཅིག་ཅར་བསྟན་པའི་སྒོ་ནས་དེ་དག་གི་སེམས་ཀྱི་རྒྱུད་རྣམ་པར་སྦྱོང་བར་བྱེད་དེ། ཆོས་རྣམས་ལ་
ནི་གནས་བཅས་ཤིང་། །རྣལ་འབྱོར་ཅན་ལ་ཡང་དག་བསྟན། །རྒྱལ་བའི་སྲས་ལ་འདི་བསྟན་གྱི། །བྱིས་པ་རྣམས་ལ་བཤད་མ་ཡིན། །ཞེས་སྔར་བསྟན་པའམ། དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པ་ཉིད། །ཅེས་གསུངས་པ་ལྟ་བུའོ། །རང་གི་སེམས་
སྣང་བའི་རྒྱུད་ནི་སྔར་བསྟན་པ་ལྟར་སྣ་ཚོགས་སུ་སྣང་བ་རང་རང་གི་སེམས་ཀྱི་ངོ་བོར་གྱུར་པ་སྟེ། སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོར་གྱུར་པ་རྣམ་པར་དག་པར་བྱ་བའི་ཕྱིར། །བཤད་པའི་བྱེ་བྲག་ཇི་ལྟར་འབྱུང་། །ཞེས་གསོལ་བ་
བཏབ་པའོ། །ཅིག་ཅར་རམ་རིམ་གྱིས་འཇུག་ཅེས་པ་ནི་ཟབ་མོ་ཅིག་ཅར་རམ་རིམ་གྱིས་ཞེས་པ་ནི་ཤེས་པར་ཟད་དོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། །མེ་ལོང་གི་ནང་དུ་ཞེས་པ་ལ་སོགས་པས་ནི་སྔ་མ་ལྟར་གདུལ་བྱའི་ཁྱད་པར་ལ་ཅིག་ཅར་བཤད་པ་འཇུག་པའི་ཚུལ་བསྟན་པའོ། །གཟུགས་སུ་སྣང་བ་

དུ་མའི་རྐྱེན་ཅིག་ཅར་ཚོགས་པ་ན། །དེ་ལྟར་སྣང་བར་བྱའོ་སྙམ་པའི་རྟོག་པ་མེད་ཀྱང་ཅིག་ཅར་སྣང་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ནི་དབང་པོ་ཡོངས་སུ་སྨིན་པ་ཐམས་ཅད་དེ། །རྣམ་པར་མི་རྟོག་ཅིང་གཉིས་ཀྱི་རྣམ་པར་སྣང་བ་མེད་པ་སོ་སོ་རང་རིག་པའི་སྤྱོད་ཡུལ་རྣམས་ཅིག་ཅར་ཟབ་
མོ་བསྟན་པའི་སྒོ་ནས་སྦྱོང་བའོ། །གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་ལ་སོགས་པ་ཇི་ལྟར་རིགས་པ་བཞིན་བག་ཆགས་དང་བཅས་ནས་སྤངས་པ་སྟེ། །ཇི་སྐད་དུ། །དགེ་སློང་དག་འཕགས་པའི་ཤེས་རབ་ཀྱི་མིག་
གིས་སྤངས་པ་ནི་སྤངས་པའོ་ཞེས་གསུངས་པས་མཐོང་བའི་ལམ་ཐོབ་པ་ཡན་ཆོད་ཀྱི་སྤང་བྱ་སྤངས་པ་ནི་བག་ཆགས་དང་བཅས་ཏེ་སྤངས་པའོ། །དེ་རྣམས་ལ་རྒྱལ་བའི་ཡེ་ཤེས་ཉན་ཐོས་ལ་སོགས་པའི་བསམ་པའི་ཡུལ་མ་ཡིན་པའི་ཡུལ་དང་སྤྱོད་ཡུལ་ཞེས་པས་ཏེ། གོ་རིམས་བཞིན་
དུ་དེ་ཁོ་ན་ཉིད་ཀྱི་དོན་དང་། ཀུན་རྫོབ་ཀྱི་རྣམ་པར་དབྱེ་བའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ཁྱད་པར་དུ་སྐུ་གསུམ་གྱི་བདག་ཉིད་ཀྱི་སངས་རྒྱས་རྣམས་ཀྱི་བསྟན་པ་འཇུག་པའི་བྱེ་བྲག་སྟོན་ཏེ། དེ་ལ་རྒྱུ་འདྲ་བའི་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ།
དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་ཆོས་ཀྱི་སྐུའི་རྒྱུ་ལས་བྱུང་བ་སྟེ། དེ་ཉིད་ཀྱང་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་ཀྱི་སྐུ་མ་ཡིན་གྱི། ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་རྒྱུ་འདྲ་ཞེས་པའོ། །དེ་ནི་གདུལ་བྱ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཐེག་པ་
ཆེན་པོའི་དོན་ཟབ་མོ་ཅིག་ཅར་བསྟན་པའི་སྒོ་ནས་ཡོངས་སུ་སྨིན་པར་བྱས་པ་སྟེ། མི་མཐུན་པའི་ཕྱོགས་སྤོང་དུ་རུང་བ་དང་། གཉེན་པོ་ཡེ་ཤེས་སྐྱེད་དུ་རུང་བར་བྱས་པ་ནི་ཡོངས་སུ་སྨིན་པའོ་ཞེས་ས་བཅུའི་མགོན་པོས་གསུངས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་དགོངས་པ་ངེས་
པར་འགྲེལ་པ་ལ་སོགས་པ་དག་ལས། ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་པ་འམ། རྣལ་འབྱོར་ཆེན་པོའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ་ཞེས་པ་ལ་སོགས་པ་

གསུངས་པ་ལྟ་བུའོ། །འོག་མིན་གྱི་ཕོ་བྲང་དང་གཞལ་མེད་ཁང་ན་རྣམ་གྲངས་ཉིད་དུ་རྟོགས་པའམ། སྤྱི་དང་བྱེ་བྲག་སྟེ་གནས་ཁྱད་པར་ཅན་དེ་ལྟ་བུར་སྣང་བའོ། །རྣལ་འབྱོར་གྱི་རྣལ་འབྱོར་ཅན་དུ་གཞག་གོ་ཞེས་པའི་དོན་ནི། ཆགས་མེད་མཉམ་པར་གཞག་པ་
སྟེ། མཐར་གྱིས་སྟུག་པོར་བཞུགས་ནས་སུ། །རྣམ་པར་སངས་རྒྱས་སངས་རྒྱས་སར། །ཆོས་ཀྱི་དབང་པོར་བདག་གྱུར་ཏེ། །སྟུག་པོའི་དཀྱིལ་ན་སྲས་དང་བཅས། །ཆོས་ཀྱི་བདག་པོར་རྣམ་པར་མཛེས། །ཞེས་པ་ལ་སོགས་པ་སྟུག་པོ་བཀོད་པའི་རྒྱན་ལས་བཤད་པ་ལྟར་
ལོངས་སྤྱོད་རྫོགས་པའི་སངས་རྒྱས་སམ། དེའི་སྲས་སུ་གྱུར་པའི་ས་ལ་རྣམ་པར་འཇོག་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་སངས་རྒྱས་དང་། དེའི་རྒྱུ་མཐུན་པའི་རྒྱུར་གྱུར་པའི་ལམ་གྱིས་བསྡུས་པ་སོ་སོ་རང་རིག་པའི་
ཡེ་ཤེས་ནི་གོ་རིམས་བཞིན་དུ་གཟུགས་སྐུ་གཉིས་སུ་སྣང་བས་སེམས་ཅན་གྱི་དོན་བྱེད་པར་ནུས་པ་དང་། མཐའ་གཉིས་སུ་ལྟ་བ་ཐམས་ཅད་ཅིག་ཅར་རྣམ་པར་སྤངས་པའི་སྒོ་ནས་མཛེས་ཤིང་བརྒྱན་པར་གྱུར་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཆོས་ཉིད་ཀྱི་
སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོ་ཉིད་དང་འདྲ་བར་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་ཀྱི་བཤད་པ་འཇུག་པའི་ཚུལ་གསལ་བར་སྟོན་ཏེ། དེའི་དོན་ནི་ཡང་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། རང་བཞིན་གསུམ་རྣམ་པར་ཕྱེ་སྟེ་ཕྱིན་ཅི་མ་ལོག་
པར་གསུངས་པའོ། །དེ་ལ་འདིར་གཞུང་གི་དོན་ནི་འདྲ་བར་བྱུང་བའི་སངས་རྒྱས་ནི་སྟོན་ཏོ་ཞེས་འོག་ཏུ་འབྲེལ་བར་བྱའོ། །ཚུལ་ཇི་ལྟར་སྟོན་ཞེ་ན། སྒྱུ་མའི་ཡན་ལག་ཅེས་པ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྩྭ་དང་ཤིང་ལ་སོགས་པའི་སྒྱུ་མའི་རྐྱེན་གྱི་ཡན་ལག་མང་པོས་བསྒྲུབས་པའི་
སྐྱེས་བུ་ཡང་དག་པར་སྐྱེས་བུའི་བདག་ཉིད་མ་ཡིན་པ་སྣ་ཚོགས་ལ། ལྟད་མོའི་སྐྱེ་བོ་རྣམས་དེའི་བདག་ཉིད་དུ་མངོན་པར་ཞེན་པའོ། །བདག་ཉིད་མ་ཡིན་པ་ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་ཞེས་པ་སྟེ། ཕྱིན་ཅི་མ་ལོག་པའི་བློའི་ངོ་ན་དེ་ལྟར་མ་དམིགས་པའི་ཕྱིར་ཞེས་པའོ། །དེ་བཞིན་དུ་རང་

དང་སྤྱིའི་མཚན་ཉིད་དུ་གཏོགས་པའི་ཆོས་ཐམས་ཅད་བརྟགས་པའི་རང་བཞིན་ལ་དངོས་པོར་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་སྟེ། དེ་འདྲ་བའི་ཞེན་པས་དངོས་སུ་སྒྲོ་བཏགས་པའམ། །བརྟགས་པའི་དབང་གིས་དེ་ལྟར་སྣང་བའོ་ཞེས་སྟོན་ཏོ། །མངོན་པར་ཞེན་པ་དེ་ཉིད་གང་ལས་བྱུང་ཞེ་ན། རང་
གི་སེམས་སྣང་བ་ཞེས་པ་ལ་སོགས་པ་སྟེ། དེ་འདྲ་བའི་བག་ཆགས་རྒྱུའི་ཉིད་དམ། མངོན་པར་ཞེན་པའི་སྐད་ཅིག་མ་དང་འབྲེལ་པ་སྟེ། དེ་དག་གི་དབང་གིས་<བྱང་‚བྱུང་>ཞེས་པའོ། །དེ་ལྟ་ན་བརྟགས་པའི་རང་བཞིན་ཇི་ལྟར་བྱུང་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་རྣམ་
གྲངས་ཀྱིས་ན་ཀུན་དུ་བརྟགས་པ་ཡང་གཞན་གྱི་དབང་ཉིད་དུ་འགྱུར་ཏེ། ཇི་ལྟར་རྣམ་པར་རྟོག་པའི་སྣང་བ་ནི་དེ་ལྟར་རྟོགས་པར་བྱེད་པའི་བློ་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་ཡང་བློ་སྔ་མའམ་བག་ཆགས་ཀྱིས་གཞན་གྱི་དབང་ཉིད་དུ་འགྱུར་བའོ། །གལ་ཏེ་རྟོག་པའི་སྣང་བ་བློ་དང་མི་མཐུན་
པར་སྣང་བ་བློའི་བདག་ཉིད་དུ་བདེན་ན། སྔར་ཤེས་པ་ལ་སྣང་བ་བདེན་ན་སྣང་བ་དང་མཐུན་པ་ཉིད་དུ་བདེན་ལ། སྣང་གཞན་དུ་སྣང་བ་ལ་བདེན་གཞན་དུ་བདེན་པ་ནི་མི་འཐད་དོ་ཞེས་པ་ལ་སོགས་པ་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ་རྣམ་པར་རྟོག་པ་ལ་གཟུགས་ལ་སོགས་
པར་སྣང་བ་དང་། སྣང་བ་དེ་ཉིད་ལ་ཕྱི་རོལ་ལམ་དངོས་པོའི་བདག་ཉིད་དུ་ཞེན་ཅིང་སྒྲོ་བཏགས་པ་ནི་མི་འདྲ་བ་ཉིད་དེ། ཇི་ལྟར་དེ་འདྲ་བའི་སྣང་བ་ཕྱི་རོལ་ལམ་དངོས་པོའི་ངོ་བོ་དོན་དམ་པས་དབེན་པ་ཉིད་དུ་རྟོགས་པ་རྣམས་ཡང་། དེ་ལྟ་བུའི་རྣམ་པར་སྣང་བ་མི་འགལ་ཏེ། དཔེར་ན་རྟག་པ་
དང་བདག་ལ་སོགས་པས་དབེན་པ་ཉིད་དུ་ཚད་མས་རྟོགས་པ་རྣམས་ལ་ཡང་། དེ་ལྟར་བརྗོད་པ་ལ་སོགས་པའི་དབང་གིས་དེ་ལྟ་བུའི་རྣམ་པར་སྣང་བ་མི་འགལ་བ་བཞིན་ནོ། །དེས་ན་གཟུགས་ལ་སོགས་པའི་སྤྱིའི་རྣམ་པར་སྣང་བ་ནི་དེ་ལྟར་སྣང་བའི་རྟོག་པའི་བློ་ཉིད་ཡིན་ཏེ། དེ་ལས་ཐ་དད་
པའི་རྟོག་པ་ནི་གནས་སྐབས་དེར་གྲུབ་པ་མེད་ཅིང་། རྟོག་པ་ལས་ཐ་དད་པའམ་དངོས་པོ་མེད་པའི་སྣང་བའང་མི་འཐད་དེ། སྔར་བསྟན་པ་ལྟར་གསལ་བ་སེམས་ཀྱི་མཚན་ཉིད་དང་འབྲེལ་པས་སེམས་ཉིད་ཡིན་ལ། རྟོག་པ་དེ་ཉིད་ལས་གཞན་པའི་སེམས་སུ་ཡང་མི་འཐད་པའི་ཕྱིར་རོ། །

དེའི་ཕྱིར་དེ་ལྟར་སྣང་བ་ནི་རྟོག་པའི་སེམས་དང་མི་མཐུན་པར་སྣང་བ་མ་ཡིན་པས། རྟོག་པའི་སེམས་ཉིད་དུ་བདེན་པ་ལ་འགལ་བ་མེད་ཅེས་པའོ། །ཡང་གཅིག་ཏུ་དགའ་བ་དང་ཡོངས་སུ་གདུང་བ་ལ་སོགས་པ་ནང་ཉིད་དུ་ཉམས་སུ་མྱོང་བའི་བློ་དང་། མི་
མཐུན་པར་སྣང་མོད་ཀྱི་དེ་འདྲ་བའི་བློའི་བདག་ཉིད་དུ་བདེན་པར་ཡང་མི་འདོད་པས་སྐྱོན་མེད་དོ། །རྟོག་པའི་སྣང་བ་དེ་ཉིད་ལ་ཕྱི་རོལ་དང་དངོས་པོའི་ངོ་བོ་ཡང་དག་པར་སྒྲོ་བཏགས་པ་ནི་དེ་བཞིན་དུ་བདེན་པ་མ་ཡིན་ཞིང་། དེ་ལས་གཞན་ཤེས་པའི་དངོས་པོར་ཀྱང་བདེན་པ་མ་
ཡིན་ཏེ། དེའི་ཕྱིར་དེ་འདྲ་བ་ནི་ཀུན་དུ་བརྟགས་པ་ཉིད་ཅེས་བྱའོ། །ཡང་རྣམ་རྟོག་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ནི། རྟོག་པའི་གཟུང་བ་ཡིན་པས་ཀུན་བརྟགས་པ་ཞེས་ཀྱང་བྱ་ལ། །སྔར་བསྟན་པ་ལྟར་རྣམ་གྲངས་འགའ་ཞིག་ནས་གཞན་གྱི་དབང་དུ་ཡང་འགྱུར་
བའོ། །གཞན་གྱི་དབང་དེ་ཉིད་སྒྲོ་བཏགས་པའི་ངོ་བོས་སྟོང་ཞིང་མྱོང་བ་མ་འགགས་པའི་བདག་ཉིད་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་ནི་རྣམ་པར་དག་པའི་དམིགས་ཡུལ་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་ཞེས་ཀྱང་བྱའོ། །དེ་བཞིན་དུ་དངོས་སུ་རྟོག་པ་མེད་པའི་
ཤེས་པ་ལ་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཡང་། དེ་ལྟར་སྣང་བ་ཉིད་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡིན་པས་ཤེས་པ་དང་མི་མཐུན་པར་སྣང་བ་མ་ཡིན་ཞིང་། །དེའི་ཕྱིར་ཤེས་པ་ཉིད་དུ་བདེན་ཅིང་དེ་ཡང་སྒྱུ་མ་ལྟ་བུའི་གཞན་གྱི་དབང་ཉིད་དོ། །
འདིར་རྟོག་པ་མེད་པའི་འཁྲུལ་པ་ཟླ་བ་གཉིས་ལ་སོགས་པར་སྣང་བའི་ཡུལ་ཀུན་དུ་བརྟགས་པ་འམ། །འོན་ཏེ་གཞན་གྱི་དབང་ཡིན་ཞེ་ན། དེ་ལ་ཕྱི་རོལ་གཉིས་ཀྱི་དངོས་པོར་བརྟགས་པ་ནི་མི་བདེན་པའི་དོན་བློའི་བརྟགས་པས་ཀུན་དུ་བརྟགས་པ་ཞེས་བྱ་ལ། དེ་འདྲ་བའི་ཁྱད་པར་
གང་དུ་ཡང་སྒྲོ་བཏགས་པ་མེད་ཅིང་། སྣང་བ་ཙམ་ནི་བློ་ཉིད་ཀྱི་བདག་ཉིད་ཡིན་པས་གཞན་གྱི་དབང་ཞེས་ཀྱང་བྱའོ། །གཞན་ཡང་མ་བརྟགས་པའི་སྣང་བ་ཙམ་ལ་ཀུན་ཏུ་བརྟགས་ཞེས་པའི་སྒྲའི་དོན་མི་འཐད་པས་དངོས་སུ་ནི་ཀུན་དུ་བརྟགས་པ་ཞེས་མི་བྱའོ། །གཞན་གྱི་དབང་གི་རང་བཞིན་

ལ་མངོན་པར་ཞེན་པ་ལས་བྱུང་ཞེས་པ་ནི་གཞན་དབང་སྟོང་པར་མ་རྟོགས་ཤིང་། དངོས་པོར་ཞེན་པས་གསོས་བཏབ་ནས་བྱུང་བའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ནི་སྔ་མའི་དོན་ཉིད་རྒྱས་པར་འཆད་པའོ། །མིར་ལྡན་ཞེས་པ་ནི་མིའི་རྩོལ་བ་དང་ངོ་། ཀུན་བརྟགས་
པའི་རང་བཞིན་ཉིད་རྣམ་པར་རྟོག་པའི་སེམས་ཉིད་ཡིན་ཞིང་། དེ་ཉིད་གཞན་གྱི་དབང་གི་རང་བཞིན་གྱི་རྟོག་པ་ལ་སྣང་ཞེས་པའོ། །གཞན་ནི་ཤེས་པར་ཟད་དོ། །བློ་གྲོས་ཆེན་པོ་ཆོས་ཉིད་ཀྱི་ཞེས་པ་ལ་སོགས་པས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ནི་ཞལ་དང་ཚེམས་ལ་སོགས་པའི་སྒྲོས་
སུ་སྣང་ཞིང་ངག་གི་རིག་བྱེད་དུ་སྣང་བའི་སྒོ་ནས་ཆོས་སྟོན་པ་ནི་མི་འཐད་ལ་འོན་ཀྱང་དེའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་ཉིད་ཀྱི་རྟོག་པ་འཆར་བར་བྱེད་པའི་སྒོ་ནས་སྟོན་ཞེས་བྱའོ། །བློ་གྲོས་ཆེན་པོ་འཕྲུལ་བས་སྤྲུལ་ཞེས་པ་ལ་སོགས་པ་ནི་སྤྲུལ་པའི་
སྐུ་ཡིས་བཤད་པའི་ཚུལ་སྟོན་ཏོ། །དེའི་གདུལ་བྱ་ནི་སེམས་ཅན་སྣ་ཚོགས་པ་ཉིད་ཡིན་པས་ཐེག་པ་སྣ་ཚོགས་པ་ཉིད་སྟོན་པ་སྟེ། ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཅེས་པ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཡེ་ཤེས་དཔལ་
བཟང་པོས་རྒྱུ་དང་འདྲ་བའི་སངས་རྒྱས་ཞེས་པ་སྤྲུལ་པའི་སྐུ་ཉིད་དེ། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པས་རྒྱུ་དེ་དང་འདྲ་བ་མཚན་དང་དཔེ་བྱད་ལ་སོགས་པའི་རྣམ་པར་སྣང་བའོ་ཞེས་འཆད་པ་ནི་མི་འཐད་དེ། རྒྱུ་དང་འདྲ་བའི་སངས་རྒྱས་ཀྱི་བཤད་པ་ནི་སྔར་བསྟན་
པ་ལྟར་གདུལ་བྱ་ཁྱད་པར་ཅན་ལ་ཐེག་པ་ཆེན་པོའི་དོན་རང་བཞིན་གསུམ་གྱི་དེ་ཁོ་ན་ཉིད་ཡིན་པར་བསྟན་ལ། སྤྲུལ་པའི་སྐུའི་བཤད་པ་ནི་ཐེག་པ་སྣ་ཚོགས་པ་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་ལ་སྦྱིན་པ་ནི་ལུས་དང་ལོངས་སྤྱོད་ལ་སོགས་པ་གཏོང་བའི་སེམས་པའོ། །
བསམ་གཏན་ནི་དགེ་བ་རྩེ་གཅིག་པ་སྟེ་དང་པོ་དང་གཉིས་པ་ལ་སོགས་པ་འཇིག་རྟེན་པ་ཡང་ཡིན་ནོ། །ཚུལ་ཁྲིམས་ནི་སྒོ་གསུམ་གྱི་སྤྱོད་པ་ངན་པ་སྤོང་བའི་སེམས་པའོ། །ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པའི་ཏིང་ངེ་འཛིན་ཏེ། ཉན་ཐོས་ལ་སོགས་

པ་རྣམས་དང་ཐུན་མོང་བའོ། །རྣམ་པར་ཐར་པ་ནི་ནང་གཟུགས་ཅན་གྱི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ལ་སོགས་པ་རྣམ་པ་བརྒྱད་ཀྱིས་བསྡུས་པའོ། །རྣམ་པར་ཤེས་པ་འཇུག་པའི་མཚན་ཉིད་ཅེས་པ་ལ་སོགས་པ་ནི་སྔར་བསྟན་པ་ལྟར་རོ། །
མུ་སྟེགས་ཅན་གྱི་ལྟ་བ་བས་ཞེས་པ་ལ་སོགས་པའི་དོན་ནི་ཞི་བ་པ་ལ་སོགས་པས་ཕྱིའི་དོན་གཟུགས་ལ་སོགས་པ་ནི་མེད་ཀྱི། བདག་རིག་པ་གཉིས་སུ་མེད་པ་ཡིན་ལ། བདག་དེ་ཉིད་ཐར་པར་བྱ་བའི་དོན་དུ་གཟུགས་མེད་པའི་ཏིང་ངེ་འཛིན་ནམ། བསམ་གཏན་བསྒོམ་པར་
འདོད་པ་དང་རྗེས་སུ་མཐུན་པར་དེ་དག་གི་དོན་དུ་བདག་གམ་གང་ཟག་ལ་སོགས་པ་ཡོད་ཅིང་། དེ་རྣམས་ཐར་པའི་ཐབས་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་རིམ་པ་ཡང་སྟོན་ཞེས་པའོ། །བློ་གྲོས་ཆེན་པོ་ཆོས་ཉིད་ཀྱི་ཞེས་པ་ལ་སོགས་པས་ཆོས་ཀྱི་སྐུ་ཡིས་བསྟན་
པའི་ཚུལ་ཉིད་གསལ་བར་འཆད་པ་སྟེ། མིག་ལ་སོགས་པའི་དབང་པོའི་ཡུལ་མ་ཡིན་ཞིང་། ཐ་སྙད་པའི་ཚད་མའི་ཡུལ་ལས་ལོག་པའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་བསྟན་པའི་དོན་ཉིད་ངེས་པའི་དོན་མཐར་ཐུག་པ་ཉིད་ཡིན་པས་
དེ་ལ་བརྩོན་པར་བྱའོ་ཞེས་གདམས་པའོ། །འདི་རྣམས་ཀྱང་། །སངས་རྒྱས་རྣམ་པ་དུ་རུ་བརྗོད། །ཅེས་པའི་ལན་དུ་ཡང་སྦྱར་བར་བྱའོ། །བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས། ཉན་ཐོས་ཀྱི་ཐེག་པ་བཤད་པའི་ཚུལ་རྣམ་པར་དབྱེ་བ་སྟེ། རང་སངས་རྒྱས་ལ་ནི་སྡེ་སྣོད་ཀྱི་
ཚུལ་བཤད་པ་དེ་ལས་ཐ་དད་པ་མེད་ཅེས་པའོ། །འདི་རྣམས་ཀྱི་དོན་ཡང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལས་སྐྱོ་ཞིང་ཡིད་འབྱུང་བས་དེ་དག་རྣམ་པར་ཟད་པར་འགྱུར་བའི་ལམ་བསྒོམས་པའི་དབང་གིས་ཀུན་འབྱུང་བ་ཟད་པ་དང་
སྡུག་བསྔལ་གྱི་སྐྱེ་བ་མེད་པའི་ཡེ་ཤེས་འགོག་པའི་བདེན་པ་མངོན་དུ་བྱས་ཏེ། ཟག་པ་མེད་པའི་དབྱིངས་རྣམ་པར་རྟོག་པ་མེད་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་ནི་དེའི་སོ་སོར་རང་གིས་རིག་པའི་ཁྱད་པར་ཡིན་ལ། གཞན་ཡང་ལམ་གྱིས་བསྡུས་པའི་མི་རྟོག་པའི་ཏིང་ངེ་འཛིན་དང་འགོག་

པའི་སྙོམས་པར་འཇུག་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱིའི་ཚུལ་དུ་ཤེས་པར་བྱའོ། །ཇི་ལྟ་བ་བཞིན་དུ་མངོན་དུ་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་མཁས་ཉན་ཐོས་ཡོན་ཏན་
གང་དག་དང་། །དེ་བཞིན་རང་རྒྱལ་ཡོན་ཏན་ཀུན་ལ་སློབ་བྱེད་ཅིང་། །དེ་དག་དེ་ལ་མི་གནས་འདོད་པ་མི་སྐྱེ་སྟེ། །འདི་ནི་བདག་གི་བསླབ་བྱ་ཡིན་སྙམ་དེ་ཕྱིར་སློབ། །ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་ཕུང་པོ་ལ་སོགས་པའི་ཆོས་དབང་ཕྱུག་ལ་སོགས་པས་མ་བྱས་ཤིང་། རང་རང་
གི་རྒྱུ་དང་རྐྱེན་གྱིས་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བ་ནི་རིགས་པ་དང་ལུང་ཤིན་ཏུ་གསལ་བའི་སྒོ་ནས་གྲུབ་པའི་ཕྱིར། དངོས་པོའི་ངོ་བོར་ཡོད་པའོ། །ཞེས་ཆོས་ཀྱི་བདག་ཏུ་མངོན་པར་ཞེན་པ་སྟེ། དེ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དངོས་པོར་རྣམ་པར་
རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་ཤེས་ནས་སྤང་བར་བྱའོ་ཞེས་པའོ། །འདིར་ཚིག་གི་དོན་ནི་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ཏེ་བདག་གི་བས་སྟོང་པ་དང་། བདག་རང་གི་ངོ་བོར་གྱུར་པ་མེད་པ་དང་། སྐྱེ་བ་དང་རྒས་
པ་ལ་སོགས་པ་སྡུག་བསྔལ་བརྒྱད་དང་འབྲེལ་པའམ། སྐྱེ་ཞིང་འཇིག་པའི་དོན་གྱིས་མི་རྟག་པའོ། །དེ་འདྲ་བའི་སྡུག་བསྔལ་ཀུན་འབྱུང་བའི་རྒྱུར་གྱུར་པ་ཀུན་འབྱུང་གི་བདེན་པའི་དབང་དུ་བྱས་ཏེ། རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པ་སྟེ། དེ་འདྲ་བའི་
བདེན་པ་གཉིས་ལ་སྐྱོ་བ་དང་ཡིད་འབྱུང་ཞེས་པའོ། །དེ་འདྲ་བའི་རང་བཞིན་རྒྱུན་ཆད་པས་ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཕྱི་རོལ་པ་རྣམ་པར་འཇིག་པ་མེད་ཅེས་པ་སྟེ། མཉམ་པར་མ་བཞག་པའི་གནས་སྐབས་ཀྱི་ཡུལ་
སྐྱེ་ཞིང་འཇིག་པའི་བདག་ཉིད་རྒྱུན་ཆད་ནས་ཞི་བར་གནས་པའི་འགོག་པའི་རང་བཞིན་མངོན་དུ་བྱས་ནས་གནས་ཞེས་པའོ། །དེ་ཉིད་ཀྱི་དུས་ན་བསམ་གཏན་ལ་སོགས་པ་ལ། འདི་ལྟར་རྣམ་པར་གཞག་ཅེས་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའམ། ཡང་ན་མཉམ་པར་

བཞག་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ཐོབ་པ་དང་། མཐོང་བའི་ལམ་ལ་སོགས་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་མངོན་དུ་བྱས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་སྦྱངས་པ་དང་།
གཉི་གའི་ཆ་ལས་རྣམ་པར་གྲོལ་བ་སྟེ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྤངས་པ་དང་། ཏིང་ངེ་འཛིན་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པ། རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དགྲ་བཅོམ་པ་རྒྱན་དང་བཅས་པའོ། །བག་ཆགས་བསམ་
གྱིས་མི་ཁྱབ་པ་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་དང་བྲལ་བ། འཕགས་པ་སོ་སོ་རང་གིས་རིག་པའི་བདེ་བ་ལ་གནས་པ་ལྷག་པར་རྟོགས་པར་འགྱུར་ཞེས་པ་ནི་དེ་འདྲ་བའི་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་དེ་སྲིད་དུ་སྐྱེ་བ་དང་འཆི་འཕོ་བ་མེད་པའོ། །ཡང་ན་སེམས་ཅན་གྱི་དོན་དུ་དེ་
འདྲ་བ་སྟོན་པ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་མངའ་བ་དེ་ལྟ་བུ་མ་ཐོབ་པའོ། །བག་ཆགས་ཞེས་པ་ནི་སྐྱེ་བ་དང་འཆི་འཕོ་བའི་བག་ཆགས་རྣམ་པར་འགྱུར་བ་ལ་བྱའི་ཉོན་མོངས་པ་ལ་སོགས་པའི་བག་ཆགས་དང་བྲལ་བ་ནི་མ་ཡིན་ཞིང་། འདྲ་བའི་འཆི་འཕོ་བ་དང་
ཡང་གཏན་དུ་བྲལ་བ་མ་ཡིན་ཏེ། ཉོན་མོངས་བག་ཆགས་རྣམས་དང་ལྡན། །ཞེས་པ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་རོ། །འདིར་རྣམ་པ་གཅིག་ཏུ་ན་དེ་དག་གི་མངོན་པའི་ང་རྒྱལ་དང་སྦྱར་ནས་དེ་རྣམས་དང་བྲལ་ཞེས་བསྟན་པའོ། །བདག་གི་སྨོན་ལམ་ནི་སེམས་བསྐྱེད་པའི་
ཡུལ་ལོ། །རིགས་པ་དང་ཞེས་པ་ནི་བྱ་བ་བྱེད་པ་དང་། ལྟོས་པ་དང་ཆོས་ཉིད་ཀྱི་རིགས་པ་སྟེ། དངོས་པོ་རྣམས་ཀྱི་རྒྱུ་དང་འབྲས་བུ་དང་རང་གི་ངོ་བོས་བསྡུས་པའོ། །ལུང་ནི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའོ། །ཚད་མ་ནི་འཐད་པ་སྒྲུབ་པའི་རིགས་པ་སྟེ། ཕུང་པོ་ལ་སོགས་པ་མངོན་
སུམ་དང་རྗེས་སུ་དཔག་པའི་ཚད་མས་ཇི་ལྟ་བ་བཞིན་དུ་གྲུབ་ཅེས་པའོ། །གང་ཟག་ལ་བདག་མེད་པའི་མཚན་ཉིད་དུ་ལྟ་བ་ཕྱིར་བཟློག་སྟེ་ཞེས་པ་ནི་གང་ཟག་ལ་བདག་མེད་པ་ཙམ་དུ་ཕུང་པོ་ལ་སོགས་པའི་ཆོས་སུ་ལྟ་བ་ཕྱིར་བཟློག་ཅེས་པའོ།། །།དེ་ལྟར་བཤད་པ་འཇུག་པའི་

ཚུལ་བསྟན་ནས། བདག་དང་འཇིག་རྟེན་ཅིས་མེད་བརྗོད། །རྟག་དང་འཇིག་གཏམ་ཇི་ལྟ་བུ། །ཞེས་པ་ལ་སོགས་པ་དྲིས་པའི་ལན་དུ། དེ་བཞིན་གཤེགས་པའི་གནས་ཟབ་མོ་གཞན་དང་ཐུན་མོང་མ་ཡིན་པ་ཉིད་དུ་སྟོན་ཏེ། དེ་ལ་དང་པོ་དོན་གྱི་དྲི་བ་འགོད་པ་ནི། དེ་ནས་བཅོམ་ལྡན་འདས་
ཞེས་པ་ལ་སོགས་པའོ། །རྟག་པ་བསམ་གྱིས་མི་ཁྱབ་པར་བཤད་ཅེས་པ་ནི་མདོ་འདི་ཉིད་དམ་གཞན་ལས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་དང་བདག་དང་། གཙང་བ་དང་བདེ་བའི་རང་བཞིན་ཉན་ཐོས་ལ་སོགས་པའི་བསམ་པའི་ཡུལ་ལས་འདས་པ་ཉིད་དུ་བསྟན་པའོ། །
དེ་བཞིན་དུ་མུ་སྟེགས་བྱེད་དག་ཀྱང་རྣམ་གྱུར་ཐམས་ཅད་ཀྱི་རྒྱུར་གྱུར་པ་གཙོ་བོའི་རང་བཞིན་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་འདོད་དེ། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །ཞེས་བསྟན་པའོ། །གཞན་ཡང་ཡུལ་ལོངས་སྤྱོད་པའི་
རྒྱུར་གྱུར་པ་བདག་ཤེས་པ་ནི་རྟག་པ་དང་བསམ་གྱིས་མི་ཁྱབ་པ་ཉིད་དུ་འདོད་ཅིང་གཞན་ཡང་དབང་ཕྱུག་འགྲོ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། ཞི་བ་ལ་སོགས་པ་གཉིས་མེད་པར་སྨྲ་བ་རྣམས་གྲོལ་བའི་རྒྱུར་གྱུར་པ། བདག་རིག་པ་གཉིས་སུ་མེད་པ་ནི་རྟག་པ་དང་བསམ་གྱིས་
མི་ཁྱབ་པ་ཉིད་དུ་འདོད་ཅེས་པ་སྟེ། མཚོན་པ་ཙམ་དུ་ཟད་དོ། །དེ་རྣམས་ལས་དེ་བཞིན་གཤེགས་པའི་གནས་ཟབ་མོ་བསྟན་པ་འདི་ལ་ཁྱད་པར་ཅི་མཆིས་ཞེས་དོན་གྱིས་ཞུས་པའོ། །ལེན་གྱི་དོན་ནི་དེ་དག་གིས་ཐེར་ཟུག་པའི་རྟག་པ་དང་། བསམ་གྱིས་མི་ཁྱབ་པའི་དངོས་པོ་ཡང་དག་
པར་ཁས་ལེན་ཏེ། འོན་ཀྱང་དེ་འདྲ་བའི་བདག་ཉིད་དུ་འགྲུབ་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྒྱུ་དང་རྐྱེན་གྱི་བྱེད་པས་མ་བསྒྲུབས་ན། འབྲས་བུ་སྐྱེད་པའི་དོན་བྱེད་པ་ཡང་མི་འཐད་པས་དེ་འདྲ་བའི་དངོས་པོར་མི་རིགས་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །འདིའི་
སྤྲོས་པ་ཞིབ་ཏུ་ནི་རིགས་པའི་བསྟན་བཅོས་དག་ལས་ཤེས་པར་བྱའོ། །གལ་ཏེ་དེ་དག་རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་ན་ཡང་མི་རྟག་པ་ཉིད་དུ་འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ཞེས་པའོ། །བློ་གྲོས་ཆེན་པོ་ངའི་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་བསྟན་པའི་

ཕྱོགས་ལ་མི་མཚུངས་པ་ཉིད་དུ་སྟོན་ཏེ། རིག་པ་སྒྱུ་མའི་རང་བཞིན་དོན་དམ་པའི་དངོས་པོར་ཡོད་པ་དང་། ཐ་སྙད་ཙམ་དུ་མེད་པའི་མཐའ་གཉིས་སྤངས་པ་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དབུ་མའི་དོན་ནི་དེ་འདྲ་བའི་རང་བཞིན་གྱི་རྒྱུའི་མཚན་ཉིད་སྔ་མ་སྔ་མ་རྣམས་
ལ་བྱུང་བས། རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ལ། རྒྱུ་དང་ལྡན་ཞིང་དེ་འདྲ་བའི་ཆོས་ཉིད་གཞན་དུ་མི་འགྱུར་བས་རྟག་པ་ཞེས་ཀྱང་བྱའོ། །བསམ་གྱིས་མི་ཁྱབ་པའི་དོན་ནི་སྔར་བསྟན་ནོ། །ཀུན་རྫོབ་ཏུ་རིག་པ་སྐད་ཅིག་མ་ཉིད་དུ་ཁས་ལེན་པས་རྒྱུ་དང་ལྡན་པ་ཉིད་མི་འགལ་ལོ། །སྐབས་
ཀྱི་དོན་འདི་ཉིད་ལ་བརྟེན་ནས། སློབ་དཔོན་ཡེ་ཤེས་དཔལ་གྱིས་རང་རིག་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཉིད་དུ་འཇོག་པ་ནི་འཁྲུལ་པ་སྟེ། འདིར་དོན་དམ་པའི་དངོས་པོའི་རྒྱུའི་མཚན་ཉིད་ཅེས་སྨོས་པ་མེད་པ་དང་། རྒྱུ་དང་འབྲས་བུ་འགོག་པའི་ཚད་མ་དུ་མ་འདི་ཉིད་ལས་བསྟན་
པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་སོ་སོར་བརྟགས་པའི་འགོག་པའོ། །<འགག་‚འགོག་>པ་ཞེས་པ་སོ་སོར་བརྟགས་མིན་གྱི་འགོག་པ་སྟེ། འདུས་མ་བྱས་གསུམ་པོ་རྟག་པ་ཉིད་དུ་གཞན་ལ་གྲགས་པ་དཔེར་བྱེད་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་འདྲ་བའི་གནས་
ཟབ་མོ་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་གདམས་པའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་གཞན་གྱི་ཕྱོགས་མི་འཐད་པ་ཉིད་དུ་ཚུལ་གཞན་གྱི་སྒོ་ནས་སྟོན་ཏོ། །བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ངོ་བོར་གྱུར་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་
གི་རང་བཞིན་ཡོན་ཏན་གསུམ་ཉིད་དུ་ཕ་རོལ་པོས་འདོད་པ་རྣམས་ནི་མི་རྟག་པའི་མཚན་ཉིད་ཀྱི་རྒྱུ་རྐྱེན་སྔ་མ་ལས་བྱུང་བས་མི་རྟག་པ་ཉིད་དུ་འགྱུར་ལ། དེ་བཞིན་དུ་བདག་རིག་པ་ཙམ་གྱི་བདག་ཉིད་ཀྱང་མི་རྟག་པའི་མཚན་ཉིད་ཀྱི་རྒྱུ་རིག་པ་སྔ་མ་ལ་སོགས་པའི་རྒྱུ་དང་རྐྱེན་
གྱིས་བྱུང་བས་དེ་ལྟར་འགྱུར་བའོ། །ཡང་བདག་གིས་བྱས་ཞེས་པ་ནི་གྲངས་ཅན་པ་རྣམས་ཀྱིས་འོ་མ་ཉིད་ཞོའི་བདག་ཉིད་ཡིན་པས་དེ་ལས་ཞོ་སྐྱེ་བ་ནི་བདག་ལས་སྐྱེ་བའོ་ཞེས་འདོད་པ་སྟེ། དེ་ཡང་མི་འཐད་པ་ཉིད་དེ། རྒྱུར་མངོན་པར་འདོད་པའི་བདག་ཉིད་གྲུབ་པ་ནི་འབྲས་བུ་ཡང་

གྲུབ་ཟིན་པས་སྐྱེ་བར་འགལ་ལོ། །རྒྱུའི་བདག་ཉིད་མ་གྲུབ་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། ཤིན་ཏུ་ཡང་འབྲས་བུ་སྐྱེད་པར་འགལ་ལོ། །དེས་ན་བདག་གིས་བྱས་པའི་རྒྱུའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བས་ཞེས་པ་ནི་དེ་ལྟར་ཁས་ལེན་པའི་རྒྱུ་མཚན་ཉིད་ལ་བརྟེན་ནས་དེ་
རྟག་པའི་དངོས་པོ་མ་ཡིན་པ་ཉིད་དུ་ཕྱེ་ཞིང་གསལ་བར་བྱས་པའོ། །གཞན་ཡང་བདག་གི་རང་བཞིན་གཅིག་ཉིད་ལ་འགའ་ཞིག་ནི་འབྲས་བུའོ་ཞེས་མ་འཆོལ་བ་ཉིད་དུ་དབྱེ་བ་མི་འཐད་དེ། ཕན་ཚུན་རྒྱུ་འབྲས་འཆོལ་བ་ཉིད་དུ་འགྱུར་ཏེ་རྒྱུ་མཚན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །བློ་
གྲོས་ཆེན་པོ་དེ་སྟེ་ཞེས་པ་ལ་སོགས་པས་ནི་དེ་དག་གི་རྟག་པ་དང་བསམ་གྱིས་མི་ཁྱབ་པ་ནི་དོན་དམ་པར་རྒྱུ་དང་རྐྱེན་གྱིས་མ་བྱས་ཤིང་། བྱས་པའི་དངོས་པོ་ཡང་དག་པར་མེད་པས་དེ་འདྲ་བའི་ཆོས་ཉིད་འགྱུར་བ་མེད་པས་རྟག་པ་ཉིད་དུ་མཐོང་ནས་རྗེས་སུ་དཔོག་པའི་བློ་ཡིས་དེ་
ལྟར་རྟོགས་པ་དག་སྔ་མ་ཉིད་བཤད་པའོ། །དེ་ལྟར་འདོད་པ་ནི་ཁོ་བོ་ཅག་གི་ཕྱོགས་དང་མཚུངས་ཞེས་པ་སྟེ། ཤེས་པར་ཟད་དོ། །ཡང་བློ་གྲོས་ཆེན་པོ་དེ་སྟེ་ཞེས་པ་ལ་སོགས་པས་ན་དེ་ཉིད་དོན་དམ་པར་རྒྱུ་དང་མཚན་ཉིད་དང་ལྡན་པའི་དངོས་པོ་གཅིག་ཏུ་ཁས་ལེན་ན་ནི་དེ་འདྲ་
བ་ཚད་མས་བཀག་པས་དེ་ལྟར་འཇོག་པ་ནི་ཚིག་ཙམ་ལ་བརྟེན་པའི་རྣམ་པར་རྟོག་པའི་སྣང་བ་ལ་དེ་ལྟར་བརྟགས་པ་འབའ་ཞིག་གོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་སྐབས་ཀྱི་དོན་བསྡུས་ཏེ་བསྟན་པའོ། །དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པས་ན་རྟག་
ཞེས་པའི་དོན་ནི་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་ཆོས་ཉིད་དེ་ལས་གཞན་དུ་མི་འགྱུར་བས་རྟག་ཅེས་པའོ། །ཕྱི་རོལ་གྱི་ཞེས་པ་ལ་སོགས་པས་གཞན་གྱི་ལུགས་སྟོན་ཏེ། ཞེས་པ་ལ་སོགས་པ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་ལུགས་ཀྱིས་བདག་དམ་པ་དེ་ཉིད་གཞིག་ཅིང་
གཞོམ་དུ་རུང་བའི་ཕྱི་རོལ་གྱི་དངོས་པོ་མེད་པས་མི་རྟག་ལ། རྟག་པ་ལས་རྗེས་སུ་དཔོག་པ་སྟེ། རྟག་པ་ཉིད་ཀྱི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་རྗེས་སུ་དཔོག་པའོ། །དཔོག་པའི་ཕྱིར་རྟག་པ་མིན་ཞེས་པ་ནི་ཕ་རོལ་པོས་ཚུལ་དེ་ལྟར་འདོད་པ་ནི་ཡང་དག་པ་མ་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་

མེད་ཀྱང་རྟག་པ་མ་ཡིན་པ་འམ། མི་རྟག་པ་ཉིད་དུ་འགྱུར་བ་ལ་འགལ་བ་མེད་དེ། ཁྱབ་པ་ཉིད་མ་གྲུབ་ཅེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ངག་སྔ་མ་ཉིད་ཀྱི་དོན་རྒྱས་པར་བཤད་པའོ། །གང་གི་བ་དེས་ནི་ཞེས་པ་ལ་སྔ་མ་དེ་འདྲ་བའི་དོན་
ཁས་ལེན་པའི་གང་ཟག་དེས་ནི། རྟག་པ་དང་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཇི་ལྟ་བ་བཞིན་མ་རྟོགས་ཤིང་། ཕྱིན་ཅི་ལོག་ཏུ་གྱུར་པས་གཏམ་བྱར་རུང་བ་མ་ཡིན་ཞེས་པ་སྟེ། ཇི་སྐད་དུ། སྡིག་པའི་གྲོགས་པོ་སྤང་བར་བྱ། །ཞེས་པ་ལ་སོགས་པ་ལྟ་བུའོ། །དེ་ལྟར་གནས་
ཟབ་མོ་གཞན་དང་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་ནས། རིགས་དང་ཐེག་པ་ལ་སོགས་པའི་བྱེ་བྲག་སྤྱིར་བསྟན་པ་ནི། བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པའོ། །དེ་ལ་རེ་ཞིག་ཉན་ཐོས་ལ་སོགས་པའི་རིགས་ཅན་དངོས་པོའི་འདུ་ཤེས་ཅན་རྣམས། མྱ་ངན་ལས་འདས་
པ་དང་འཁོར་བའི་ཁྱད་པར་མི་ཤེས་པ་སྟེ། རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་འཁོར་བ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་ཡིན་ཏེ། ཇི་སྐད་དུ། སྲིད་དང་ཞི་བ་མཉམ་ཉིད་དང་། ཞེས་པ་དང་། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། ཞེས་
གསུངས་པ་དང་། དོན་དེ་ཉིད་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས་པའི་ཕྱིར་རོ། །གཞན་ཡང་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་རྟོགས་པའི་མྱ་ངན་ལས་འདས་པ་ནི་འཁོར་བའི་སྡུག་བསྔལ་དོན་དམ་པའི་དངོས་པོར་གྱུར་པ། རང་གི་རྣམ་པར་རྟོག་པས་དེ་བཞིན་
ཉིད་དུ་བརྟགས་པས་འཇིགས་ཤིང་སྐྲག་པ་དང་། དེ་འདྲ་བ་འགགས་པའི་མྱ་ངན་ལས་འདས་པ་བདག་ཉིད་འབའ་ཞིག་བདེ་བར་གནས་པ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་ཡོངས་སུ་ཚོལ་ཏེ། ཏིང་ངེ་འཛིན་གྱི་མྱོས་པས་མྱོས་པ་འམ། ལྷག་མ་མེད་པའི་མྱ་ངན་ལས་འདས་
པའི་དབྱིངས་སུ་རྣམ་པར་རྟོག་པ་ཐམས་ཅད་མེད་པ་དང་། དེ་ཉིད་ཀྱི་ཚེ་དབང་པོ་རྣམས་ཀྱི་ཡུལ་མ་འོངས་པ་རྒྱུན་ཆད་ཅེས་པ་སྟེ། ཡུལ་དང་ཡུལ་ཅན་འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་པས་སོ། །མྱ་ངན་འདའ་བར་རྣམ་པར་རྟོག། ཅེས་པ་ནི་མྱ་ངན་ལས་འདས་པ་མ་ཡིན་པ་ལ་དེའི་འདུ་ཤེས་

སུ་འགྱུར་བ་སྟེ། ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ། །དེ་ལྟར་ཕྱིན་ཅི་ལོག་ཏུ་རྟོག་གི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀུན་གཞི་ཟག་པ་དང་བཅས་པའི་ས་བོན་དང་། རྣམ་པར་སྨིན་པའི་ཆ་ཐམས་ཅད་གནས་གྱུར་པ་སྔོན་དུ་སོང་བ་སངས་རྒྱས་ཀྱི་སས་བསྡུས་པ་མི་གནས་པའི་མྱ་ངན་
ལས་འདས་པ་ཆེན་པོ་འབའ་ཞིག་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་རྟོགས་པར་གྱུར་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྐྱེས་བུ་བླུན་པོ་དེ་དག་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་ནི་བྱང་ཆུབ་གསུམ་གྱིས་བསྡུས་པ་སོ་སོར་ངེས་པའི་ངོ་བོ་རྣམ་པ་གསུམ་ཡིན་ཞིང་། དེ་རྣམས་ཐོབ་པར་བྱེད་པའི་ལམ་གྱི་བདག་ཉིད་ཀྱི་ཐེག་
པ་ཡང་། སོ་སོར་ངེས་པར་ཐ་དད་པ་གསུམ་དུ་སྨྲ་བའོ། །ཐེག་པ་དེ་རྣམས་ཀྱི་ཡུལ་ཡང་ཕུང་པོ་ལ་སོགས་པའི་དངོས་པོ་དང་། དེར་སྣང་བ་སེམས་ཙམ་གྱི་དངོས་པོ་ཉིད་དུ་རྟོག་གི། དོན་དམ་པར་སེམས་ཀྱི་ངོ་བོར་ཉིད་ཀྱང་དམིགས་པ་མེད་པར་མི་སྨྲའོ། །དེའི་ཕྱིར་དེ་དག་ནི་དུས་
གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ངེས་པའི་དོན་གཟུགས་ལ་སོགས་པར་སྣང་བ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་། དོན་དམ་པར་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་མི་ཤེས་ཏེ། དེ་རྣམས་སེམས་ཀྱི་སྤྱོད་ཡུལ་ཐ་དད་པ་ཉིད་དུ་མངོན་པར་ཞེན་པ་ལ་སོགས་པ་
དག །འཁོར་བའི་འགྲོ་བའི་འཁོར་ལོར་རབ་ཏུ་འཁོར། །ཞེས་པ་སྟེ། ཇི་སྐད་དུ། དངོས་པོར་མངོན་པར་ཞེན་ཡོད་ན། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང་། །ཞེས་པ་ལ་སོགས་པ་སྔར་རྒྱས་པར་བསྟན་པ་བཞིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་
པའི་ངེས་པའི་དོན་གང་ཡིན་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་སྟོན་པ་སྟེ། རྣམ་པར་ཤེས་པ་ཙམ་གྱི་གཞན་གྱི་དབང་ཉིད་ཀྱང་དོན་དམ་པར་མི་འཐད་ཅེས་པའོ། །གལ་ཏེ་དེ་ནི་ཉམས་སུ་མྱོང་བའི་ཚད་མས་གྲུབ་པ་དང་། གསུང་རབ་ཀྱི་ཕྱོགས་གཞན་ལས་ཀྱང་གསུངས་པ་མ་ཡིན་
ནམ། ཅིའི་ཕྱིར་དེ་ལྟར་སྟོན་ཅེ་ན། འདི་ལྟ་སྟེ་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་དངོས་པོ་མེད་པ་དང་ཞེས་པ་ལ། དེའི་དོན་ནི་སྔར་བཤད་པ་ལྟར། དེ་ལྟར་སྣང་བ་ཤེས་པ་གཅིག་དང་དུ་མའི་དངོས་པོར་གྲུབ་པ་མེད་པ་དང་། ཚད་མ་གཞན་གྱི་སྒོ་ནས་ཀྱང་བཀག་པས། སྐྱེ་རྒྱུའི་

དངོས་པོ་མེད་པའི་ཕྱིར། དོན་དམ་པར་མ་སྐྱེས་ཞེས་པའོ། །གཞན་ཡང་ཡོད་པ་དང་མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ལ་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་ནི་མི་འཐད་པ་ཉིད་དེ། མེད་པ་ནུས་པ་ཐམས་ཅད་ཀྱིས་སྟོང་
པའི་ཕྱིར་རོ། །ཡོད་པ་ལས་སྐྱེ་བའི་ཕྱོགས་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། འབྲས་བུ་རང་གི་རང་བཞིན་དུ་ཡོད་པ་ལས་སྐྱེ་བ་དང་། དེ་ལས་གཞན་གྱི་དངོས་པོར་ཡོད་པ་ལས་སོ། །དེ་ལ་རང་གི་བདག་ཉིད་ལས་སྐྱེ་བ་ནི་གྲངས་ཅན་རྣམས་ཀྱི་འདོད་པ་སྟེ་སྔར་བཀག་གོ། །གཞན་
ལས་སྐྱེ་བ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པ་ལས་སྐྱེ་བའོ། །རྟག་པ་ལས་སྐྱེ་བར་འདོད་པ་ནི་ཕྱི་རོལ་པ་ཁ་ཅིག་གནས་དང་ལུས་དང་ལོངས་སྤྱོད་ཀྱིས་བསྡུས་པའི་