Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 122

Văn bản gốc(Tây Tạng)

Trang 6 / 20 (50.000 ký tự/trang)
ྱེན་བཞིའི་བྱེ་བྲག་ཐ་དད་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་ཚད་མས་གྲུབ་པ་མེད་པས་ཁས་བླང་བར་མི་བྱའོ། །དེ་ལྟར་ན་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུན་<ན་‚ནི་>སྐད་ཅིག་ལས་ཐ་དད་པར་རྫས་སུ་གྲུབ་པ་མེད་པས་སྐད་ཅིག་གི་མཐར་ཐུག་ལ། སྐད་ཅིག་ཀྱང་ཐོག་མ་དང་དབུས་ལ་

སོགས་པའི་བྱེ་བྲག་གིས་ཐ་དད་པ་སྟེ་སྔར་བསྟན་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དབང་གི་རང་བཞིན་འདུས་བྱས་པའི་དངོས་པོ་ནི་དོན་དམ་པར་སྟོང་པ་ཉིད་ཅེས་བྱའོ། །གཞན་ཡང་འཇུག་པའི་རྣམ་པར་ཤེས་པ་དང་། རྟེན་ཀུན་གཞི་རྣམ་པར་ཤེས་པ་གཅིག་དང་ཐ་
དད་ལས་གྲོལ་བ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་སྟེ། སྐབས་ཀྱི་དོན་འདི་རྣམས་ཀྱང་། སྔར་གྱི་རྐྱེན་གྱིས་སྐྱེ་བ་ཇི་ལྟ་བུ། །འབྲས་བུ་ཅི་ལགས་རྒྱུ་ནི་ཅི་ལགས་གང་། །ཞེས་རྒོལ་བའི་ལན་དུ་སྦྱར་ཏེ། ཀུན་རྫོབ་དང་དོན་དམ་པའི་ཚུལ་ཇི་ལྟར་བསྟན་པ་བཞིན་ནོ། །ཡང་འདིར་གལ་ཏེ་ཀུན་
གཞིའི་རྒྱུན་འགགས་པ་ན་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཐམས་ཅད་རྒྱ་མཚོ་དང་རླབས་བཞིན་དུ་འགག་པར་འགྱུར་ཏེ། དེ་ལྟ་ན་ཆད་པར་སྨྲ་བའི་མུ་སྟེགས་རྒྱང་འཕེན་པ་དག་སེམས་ཅན་གྱི་ལུས་ནི་ཆང་དང་། ཆང་གི་ནུས་པ་ལྟར་སེམས་ལས་ཐ་དད་པ་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་མངོན་པར་
གསལ་བའི་སེམས་པ་ཅན་ཞེས་བྱ་བ་ལ། དེ་ཡང་འཆི་བའི་དུས་བྱས་པ་ན་མངོན་པར་མི་གསལ་བའི་སེམས་པ་ཅན་འབྱུང་བ་བཞིའི་བག་ལ་ཞ་བར་འགྱུར་ཏེ། དེ་ལས་གཞན་འཇིག་རྟེན་སྔ་ཕྱིས་བསྡུས་པའི་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ལས་དང་འབྲས་བུའི་འབྲེལ་བ་
ནི་མེད་དོ་ཞེས་སྨྲ་བ་དང་ཁྱད་པར་མེད་པར་འགྱུར་ཞེས་པའོ། །འདིར་ཡུལ་ལ་འཛིན་པ་ནི་མངོན་པར་གསལ་བའི་སེམས་པའོ། །རྒྱུན་ཆད་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེས་བསྡུས་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་ཞེས་པའོ། །ཐོག་མ་མེད་པའི་དུས་ཀྱི་རྒྱུན་ནི་
འཁོར་བ་སྟེ། གཉེན་པོ་གོམས་པ་མེད་པར་རྒྱུན་ཆད་པར་འགྱུར་ཞེས་པའོ། །དེ་ལ་ཐོག་མ་མེད་པ་ནི་གཞན་གྱི་ལུགས་རྗེས་སུ་བརྗོད་པ་ཡིན་གྱི་དེ་དག་གི་ལུགས་ཀྱིས་ནི་འཁོར་བ་ལ་ཐོག་མ་མེད་པར་མི་འདོད་དོ། །གལ་ཏེ་དེ་ལས་གཞན་པའི་མུ་སྟེགས་པ་རྣམས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་ལ་
སོགས་པའི་ཚུལ་ཇི་ལྟར་འདོད་ཅེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་དང་སྣང་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། སྔར་བསྟན་པའི་རྐྱེན་རྣམས་ལས་ཤེས་པའོ། །དེ་དག་གི་རྒྱུ་ནི་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་མིག་གི་བློ་ལ་སོགས་པ་རྣམ་པར་འགྱུར་

བ་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་དང་། ནང་གི་སྐྱེས་བུ་རིག་པའི་བདག་ཉིད་དུ་གྱུར་པ་ཡུལ་འཛིན་ཅིང་ལོངས་སྤྱོད་པའི་བྱེད་པ་པོར་འདོད་པ་དང་། ཡང་རིག་བྱེད་ཀྱི་མཐའ་པ་དག་སྣ་ཚོགས་པ་ཐམས་ཅད་སྐྱེས་བུའི་རྣམ་པར་རིག་པ་ཙམ་ཉིད་ཀྱི་རྣམ་པར་འཕྲུལ་པ་སྟེ། དེ་ཉིད་ཀྱི་རྒྱུ་ལས་བྱུང་བར་
འདོད་པ་དང་། གཞན་ཡང་རིག་པ་ཅན་དང་བྱེ་བྲག་པ་རྣམས་དབང་ཕྱུག་གི་བྱིན་གྱི་རླབས་ཀྱིས་བདག་དང་ཡིད་ཀུན་དུ་སྦྱོར་བ་ལས་ཤེས་པ་སྐྱེ་བར་འདོད་པ་དང་། འགའ་ཞིག་གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བ་རྣམས་ཁྱད་པར་དུ་འཕགས་པའི་བློ་དབང་ཕྱུག་སྔོན་དུ་སོང་བར་འདོད་པ་དང་།
དངོས་པོ་ཐམས་ཅད་དུས་ཀྱི་དབང་གིས་འབྱུང་བར་འདོད་པ་དང་། རིགས་མཐུན་པས་རྡུལ་ཕན་ཚུན་སྦྱོར་བ་ལས་རགས་པ་ཡན་ལག་ཅན་གྱི་རྫས་རྩོམ་པར་འདོད་ཅིང་། དེ་ལས་ཡོན་ཏན་ལ་སོགས་པ་སྐྱེ་བ་འདོད་པ་སྟེ། རྒྱུ་དང་འབྲས་བུའི་ཚུལ་འདི་དག་ནི་ཡང་དག་པའི་ཀུན་རྫོབ་ཉིད་དུ་ཡང་
མི་འཐད་པར་འོག་ནས་བསྟན་པར་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་གྱི་རྐྱེན་གྱིས་སྐྱེ་བའི་ཁྱད་པར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ཀྱིས་བསྡུས་པ། སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཚུལ་མདོར་བསྡུས་ཏེ་བསྟན་པ་འམ། ཡང་། སེམས་ཅན་
དངོས་པོའི་རྣམ་གྲངས་དང་། མངོན་པར་བརྗོད་པ་སུ་ཡིས་བསྐྱེད། །ཅེས་པའི་ལན་བསྡུས་ཏེ་བསྟན་པའོ། །དེ་ལས་འདུ་བའི་དངོས་པོའི་རང་བཞིན་ནི་རྒྱུ་ཀུན་འབྱུང་གི་བདེན་པ་སྟེ། ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུ་རྐྱེན་ཕན་ཚུན་འདུ་ཞིང་སྦྱོར་བའི་དངོས་པོའོ། །དངོས་པོའི་རང་བཞིན་
གྱི་དངོས་པོ་ནི་དེ་ལས་ད་ལྟར་གྱི་མིང་དང་གཟུགས་ལ་སོགས་པའི་ཕུང་པོ་མངོན་པར་འགྲུབ་པ་སྡུག་བསྔལ་གྱི་བདེན་པར་རྟོགས་པའོ། །མཚན་ཉིད་ཀྱི་དངོས་པོ་ནི་ད་ལྟར་གྱི་ཕུང་པོས་བསྡུས་པའི་ཚོར་བ་འམ་ཚོར་བའི་རྒྱུ་ལ་མངོན་པར་ཆགས་པའི་སྲེད་པ་དང་། ལེན་པ་དང་། དེ་དག་གིས་མ་
འོངས་པའི་ཕུང་པོ་འགྲུབ་པར་བྱེད་པའི་འདུ་བྱེད་ཀྱི་ས་བོན་མཐུ་དང་ལྡན་པར་བྱས་པ་སྟེ། སྲིད་པ་ཞེས་གྲགས་པའོ། །དེ་རྣམས་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གཉི་གའི་ཆར་གཏོགས་པ་སྟེ། སྔོན་གྱི་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པ་དང་། མ་འོངས་པའི་ཟག་པ་དང་བཅས་པའི་

ཕུང་པོ་འགྲུབ་པར་བྱེད་པའི་རྒྱུར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པས་མཚན་ཉིད་ཀྱི་དངོས་པོ་ཞེས་བྱའོ། །འབྱུང་བ་ཆེན་པོའི་རང་བཞིན་གྱི་དངོས་པོ་ནི་དེ་དག་གིས་བསྡུས་པ་ཕྱི་དང་ནང་གི་འབྱུང་བ་སྟེ། སེམས་ཅན་གྱི་སྐྱེ་
བའི་གནས་ཀྱིས་བསྡུས་པའོ། །དེ་ཡང་སེམས་ཀྱི་སྣང་བ་ལས་མ་གཏོགས་པ་བེམས་པོའི་ངོ་བོ་ནི་གྲུབ་པ་མེད་ཅེས་བསྟན་ཏོ། །རྒྱུའི་དངོས་པོ་ནི་འདུ་བྱེད་ཀྱི་ས་བོན་དང་ལྡན་པ་ཀུན་གཞི་རྣམ་པར་ཤེས་པ་སྟེ། མ་རྟོགས་ན་འཁོར་བའི་ཉེ་བར་ལེན་པའི་རྒྱུར་འགྱུར་བའོ། །རྐྱེན་གྱི་དངོས་
པོ་ནི་མ་རིག་པ་དང་འདུ་བྱེད་དང་སྲེད་པ་ལ་སོགས་པ་སྟེ། སྔར་གྱི་འདུ་བའི་དོན་ཉིད་ཀྱང་གསལ་བར་བསྟན་པ་སྟེ། འོན་ཀྱང་ད་ལྟར་གྱི་གནས་སྐབས་ལས་མ་འོངས་པའི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུ་དང་རྐྱེན་ལ་སྦྱོར་བས་ཟློས་པའི་ཉེས་པར་འགྱུར་བ་ནི་མ་ཡིན་ནོ། །འགྲུབ་པའི་དངོས་
པོ་ནི་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་སྐྱེ་བ་དང་རྒ་ཤིས་བསྡུས་པ་དང་། མ་འོངས་པའི་ཕུང་པོ་འགྲུབ་པ་སྟེ། དེ་ལྟར་ན་སྲེད་པའི་ཡན་ལག་རྣམས་ཀྱང་ཚེ་གསུམ་གྱིས་བསྡུས་པ་སྟེ། ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་དེ་
རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དོན་དམ་པའི་བདེན་པ་སྟོན་ཏེ། སྔར་གྱི་དེ་བཞིན་ཉིད་ནི་རྣམ་པ་དུ་ཞེས་པའི་ལན་དུ་སྦྱར་བར་བྱའོ། །དེ་ལ་སེམས་ཀྱི་སྤྱོད་ཡུལ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་སྤྲོས་པ་གཅོད་བྱེད་ཀྱི་རྗེས་སུ་དཔག་པའི་
ཚད་མའི་ཡུལ་ལོ། །དེ་ཡང་སླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཞེས་པ་དང་། དེས་གཏན་ལ་ཕབ་པའི་དོན་དམ་པ་སྟེ་ཞེས་གསུངས་པའོ། །ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བའི་ཤེས་རབ་དྲོད་དང་རྩེ་མོའི་གནས་སྐབས་ཀྱིས་བསྡུས་པ་ཅུང་
ཟད་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དེ། དེ་སྐད་དུ་ཡང་ཡེ་ཤེས་ཀྱི་ཚོགས་ནི་དྲོད་དང་རྩེ་མོའི་གནས་སྐབས་ཡན་ཆད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པས་སོ། །ལྟ་བ་གཉིས་ཀྱི་སྤྱོད་ཡུལ་ནི་གང་ཟག་དང་ཆོས་ཀྱི་

བདག་ཏུ་ལྟ་བ་དང་བཅས་པ་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དེ། དེ་སྐད་དུ་ཡང་། གང་ཟག་དང་ཆོས་ཀྱི་བདག་ལ་ཀུན་དུ་རྨོངས་པས་ས་དང་པོ་ལ་སྒྲིབ་པོ་ཞེས་སྔར་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལས་ཀྱང་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་གོ་རིམས་བཞིན་དུ། གང་ཟག་རྫས་ལ་བརྟེན་པ་དང་། སྐྱེས་བུ་བཏགས་པ་ལ་བརྟེན་པའི་འཛིན་པའི་རྟོག་པ་གཉིས་དང་ལྡན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་ནི་དེ་
འདྲ་བའི་རྣམ་རྟོག་རགས་པ་སྤངས་པ་མཐོང་ལམ་ཡན་ཆོད་ཀྱི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དེ་སྐད་དུ་ཡང་། སྔར་གྱི་ལྟ་བ་གཉིས་ལ་སོགས་པ་མཐོང་བ་དང་། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཉིད་དུ་གསུངས་པ་དང་
དེ་འདྲ་བའི་རྨོངས་པའི་སྒྲིབ་པ་སྤངས་པས་ས་དང་པོ་ཐོབ་པ་ཉིད་དུ་གསུངས་པས་སོ། །སྣང་བ་མེད་པའི་སྤྱོད་ཡུལ་ནི་མདོ་སྡེ་འདི་ཉིད་ལས། །སྣང་བ་མེད་པ་བརྒྱད་པ་སྟེ། །ཞེས་གསུངས་པས་ཁྱད་པར་དུ་ས་བརྒྱད་པ་ཡན་ཆད་ཀྱི་ཡེ་ཤེས་དང་དེའི་ཡུལ་ལོ། །སྲས་ཀྱི་ས་ལས་འདའ་བའི་
སྤྱོད་ཡུལ་ནི་སངས་རྒྱས་ཀྱི་ས་ལ་འཇུག་པ་དཔའ་བར་འགྲོ་བ་འམ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཡེ་ཤེས་དང་དེའི་ཡུལ་ལོ། །དེ་བཞིན་གཤེགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཆོས་ཀྱི་སྐུའི་ཡེ་ཤེས་མཉམ་པར་གཞག་པ་
དང་རྗེས་ཀྱི་གནས་སྐབས་དང་དེའི་ཡུལ་དུ་འགྱུར་བའོ། །འདིར་ཐམས་ཅད་དུ་ཡང་ཡུལ་དང་ཡུལ་ཅན་ཐ་དད་པ་ནི་མིན་ཏེ། འོན་ཀྱང་སོ་སོ་རང་རིག་པའི་ཚུལ་དུ་རང་རང་གི་ཆོས་ཉིད་ལ་སྒྲོ་འདོགས་གཅོད་པའོ། །གལ་ཏེ་དེ་ལྟ་ན་ཐོག་མར་བསྟན་པ་རྗེས་སུ་དཔག་པའི་ཚད་མ་རྟོག་མེད་དུ་
འགྱུར་རོ་ཞེ་ན། རང་གི་རང་བཞིན་དུ་གྱུར་པའི་སྣང་བ་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་གཅོད་པའི་ཆ་ནས་རྟོག་པ་མེད་ཅིང་མ་འཁྲུལ་པ་ཉིད་དུ་འགྱུར་བ་ནི་འདོད་པ་ཉིད་ཡིན་ནོ། །འོན་ཀྱང་རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་ཅིང་སྤྱིའི་རྣམ་པ་སྒྲོ་བཏགས་ལ་འཛིན་པའི་ཆ་ནས་རྟོག་པ་དང་

བཅས་ཤིང་འཁྲུལ་བ་ཉིད་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མི་འདྲ་བར་བསྟན་པའོ། །དེ་ཡང་ཇི་ལྟར་ཐ་མལ་པ་རྣམས་ཀྱི་རྣམ་པར་རྟོག་པ་རང་གི་རང་བཞིན་ལ་ལྟོས་ཏེ་རང་རིག་པ་མངོན་སུམ་གྱི་ཚད་མ་ཡིན་ཀྱང་སྒྲ་དོན་སྤྱིའི་རྣམ་པ་ཐ་དད་པ་ལྟ་བུར་སྣང་ཞིང་ཞེན་པ་
པས་དེ་ཉིད་རྟོག་པའི་བདག་ཉིད་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་དེ་འདྲ་བའི་གང་ཟག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའོ་ཞེས་མི་བརྗོད་པ་བཞིན་ནོ། །དེ་སྐད་དུ་ཡང་། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པར་འདོད། །རང་གི་ངོ་བོའི་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །
ཞེས་ཚད་མ་རྣམ་འགྲེལ་ལས་བསྟན་པ་དང་རྗེས་སུ་མཐུན་པར་འདིར་ཡང་རྐང་པ་གཉིས་ཀྱི་རྗེས་སུ། སྤྲོས་བྲལ་ཆོས་ཉིད་སྒྲ་དོན་མིན། །དེ་ཕྱིར་དེ་ལ་རྟོག་མེད་འགྱུར། །ཞེས་ཅི་སྟེ་མི་བརྗོད། །དེ་ལྟ་ན་ཡང་ཐ་མལ་པའི་མངོན་སུམ་དེ་ལྟ་བུ་དང་རྗེས་སུ་དཔག་པར་གྲགས་པ་ནི་ཕྱིན་ཅི་ལོག་གི་
བདག་ཉིད་ཡིན་པས། ཡང་དག་པའི་ཡེ་ཤེས་མིན་ཡང་སྤྲོས་པ་གཅོད་པར་བྱེད་པའི་རྗེས་སུ་དཔག་པ་ནི་ཇི་སྙེད་པའི་སྤྲོས་པ་གཅོད་པའི་ཆ་ནས་ཡང་དག་པའི་ཚད་མ་ཡིན་ཞིང་། དེས་སྤྲོས་པ་བཀག་པའི་དོན་ཡང་དོན་དམ་པ་དང་མཐུན་པའི་དོན་དམ་ཞེས་བྱའོ། །དེ་རྣམས་ཀྱིས་ཀྱང་ལམ་དང་
འགོག་པའི་བདེན་པ་བསྡུས་ཏེ། དེ་ལྟར་ན་དངོས་པོའི་རང་བཞིན་དང་། དོན་དམ་པའི་བདེན་པའི་རྣམ་གྲངས་བསྟན་པས་ནི་ཤེས་བྱ་བདེན་པ་བཞི་བསྟན་ཅིང་། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུས་ལ། དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་རྣམ་པ་
ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་དུས་གསུམ་གྱི་སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་དེ་རྣམས་རྟོགས་པའི་ཕན་ཡོན་སྟོན་པ་ནི། འདི་དག་ནི་ཞེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱི་དངོས་པོའི་རང་བཞིན་ཞེས་པ་ལ་
སོགས་པ་ནི་དེ་རྣམས་ཀྱི་རྟོགས་པའི་དངོས་པོའི་རང་བཞིན་ཞེས་པ་ལ་སོགས་པའོ། །དེ་དང་ལྡན་ཞེས་པ་ཡང་རྟོགས་བྱ་ཉིད་དུ་ལྡན་པའོ། །འཇིག་རྟེན་ནི་བྱིས་པའི་སྐྱེ་བོ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་འཕགས་པ་ཉན་ཐོས་དང་རང་རྒྱལ་བའོ། །འཇིག་རྟེན་ལས་འདས་པ་

མཆོག་ནི་ཡང་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སོ། །དེ་རྣམས་ཀྱིས་བསྡུས་པའི་ཆོས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་སྔ་མ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པ་རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པ་སྟེ། དེ་ལ་སྤྱིའི་མཚན་ཉིད་ནི་འདུས་
བྱས་ཐམས་ཅད་ནི་སྐྱེ་བ་དང་གནས་པ་དང་མི་རྟག་ཅེས་པ་འམ། རང་རང་གི་མཚན་ཉིད་དེ། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་། །ཞེས་པ་ལ་སོགས་པའོ། །ཤེས་རབ་ཀྱི་སྤྱན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །རྣམ་པར་འགོད་པ་ནི་རིགས་དང་སྐལ་བ་ཇི་ལྟ་
བ་བཞིན་དུ་བླང་བྱ་དང་དོར་བྱ་ལ་སོགས་པའི་བྱེ་བྲག་མ་འདྲེས་པར་སྟོན་པའོ། །ཚུལ་ཇི་ལྟར་འགོད་ཅེ་ན། མུ་སྟེགས་བྱེད་ཀྱི་ཞེས་པ་ལ་སོགས་པའོ། །དེ་ལ་ཐོག་མར་དབང་པོ་དམན་པ་རྣམས་ལ་སྟོན་པ་ནི། མུ་སྟེགས་བྱེད་ཀྱི་སྨྲ་བ་དང་ལྟ་བ་ངན་པ་སྟེ། གྲུབ་པའི་མཐའ་ཡིས་བློ་མ་
བསྒྱུར་བའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་ཐུན་མོང་དུ་མི་འགྱུར་བ་སྟེ། དེ་དག་དང་མ་འདྲེས་ཤིང་དེ་དག་གི་གཉེན་པོ་ཉིད་དུ་འགྱུར་བའི་ཆོས་སྟོན་པའོ། །ཇི་ལྟར་ན་དེ་རྣམས་དང་ཐུན་མོང་མ་ཡིན་པར་འགྱུར་ཞེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་
པ་རྣམས་ཀྱི་རང་བཞིན་དུ་གྱུར་པའི་ཡུལ་ལ་ཐ་དད་པ་བདེན་པར་རྣམ་པར་རྟོག་པའི་ལྟ་བ་ཁོང་དུ་མ་ཆུད་པ་སྟེ། དེའི་ཡུལ་ཡང་སེམས་ལས་ཐ་དད་མེད་པར་མ་ཤེས་ཤིང་། ཐ་དད་དུ་རྟོགས་པ་ཕྱིན་ཅི་ལོག་པ་ཉིད་དུ་ཁོང་དུ་མ་ཆུད་ཅེས་པའོ། །བདག་གི་སེམས་སྣང་བ་ཙམ་ཞེས་པ་ནི་དེ་ལྟར་
སྣང་བ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ནོ་ཞེས་ཡོངས་གཅོད་ཀྱི་ཆ་ལ་མི་འཇུག་པ་སྟེ་བློས་མ་རྟོགས་པའོ། །དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མུ་སྟེགས་པའི་སེམས་ཙམ་སྨྲ་བ་ཁ་ཅིག་བདག་རིག་པ་གཉིས་མེད་ཀྱི་ངོ་བོ་ནི་དངོས་པོར་ཡོད་ལ། དེ་ལས་གཞན་པ་ཐམས་ཅད་ནི་དངོས་
པོར་མེད་ཅེས་པ་དང་། དེ་ལ་སོགས་པ་ཕྱི་རོལ་པ་དང་ཐ་མལ་པ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མི་ལྟོས་པར་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དོན་དམ་པར་ལྟ་བའི་ལྟ་བ་གཉིས་སུ་ལྟུང་བར་འགྱུར་ཏེ། དེའི་ཕྱིར་དེ་རྣམས་ནི་སྲིད་པའི་ཡན་ལག་བཅུ་གཉིས་ལས་མི་ལྡོག་

ཅིང་། གཞན་ཡང་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་གྱི་རྩ་བ་ལས་ཀྱང་མི་ལྡོག་སྟེ། དེས་ན་དེ་དག་རྣམ་པར་བཟློག་པའི་ཕྱིར་དེ་རྣམས་ཀྱི་ལྟ་བ་དང་མ་འདྲེས་པར་རང་གི་སེམས་སྣང་བའི་ཡུལ་སྒྱུ་མ་སྟེ། སྔར་བསྟན་པ་ལྟར་རྣམ་པར་རིག་པ་
ཙམ་གྱི་དབུ་མའི་ཚུལ་རྗེས་སུ་མཐོང་བར་འགྱུར་བའི་ཐབས་གང་ཟག་གི་བདག་གིས་སྟོང་པ་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་བཤད་པར་བྱའོ་ཞེས་པའོ། །དེ་ལྟར་བསྟན་པས་རིམ་གྱིས་དབང་པོ་ཅུང་ཟད་དག་ཅིང་སྟོང་པ་ཉིད་བཤད་པའི་སྐལ་བ་དང་ལྡན་པ་
རྣམས་ལ་སྟོང་པ་ཉིད་ཟབ་མོ་དངོས་སུ་སྟོན་པ་སྟེ། དེའི་དབང་དུ་བྱས་ནས་ལྟ་བ་ངན་པ་ནི། འཕགས་པ་ཉན་ཐོས་དང་རང་རྒྱལ་བ་གཟུང་འཛིན་དངོས་པོར་འདོད་པ་དང་། གཉིས་སུ་མེད་པའི་རང་རིག་དོན་དམ་པའི་དངོས་པོར་སྨྲ་བ་རྣམས་ཀྱང་སྟེ། འཆིང་བའི་རྒྱུ་ཉིད་དུ་ཁྱད་པར་མེད་
ཅིང་ཡུལ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པ་ཉིད། །ཅེས་གསུངས་སོ། །ཡང་དེ་ལྟར་སྟོང་པ་ཉིད་བསྟན་པས་སྟོང་པ་ཉིད་
ཀྱི་མཚན་མར་འཛིན་ཅིང་། ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་ལ་སྐུར་པ་ཉིད་དུ་ལ་ལ་དག་འགྱུར་བས་དེ་རྣམ་པར་བཟློག་པའི་དོན་དུ་རྣམ་པར་རིག་པ་ཙམ་གྱི་དབུ་མ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཟབ་མོ་མདོ་སྡེ་འདི་ཉིད་དམ། འདིའི་རིགས་ཅན་རྣམས་ཀྱིས་བཤད་
པར་བྱའོ་ཞེས་སྟོན་ཏེ། དེའི་དབང་དུ་བྱས་ནས་ལྟ་བ་ངན་པ་ནི་སྟོང་པ་ཉིད་ཀྱི་མཚན་མར་འཛིན་པ་སྟེ། ཇི་སྐད་དུ། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །མི་གང་བསོད་ནམས་མི་བྱེད་པ། སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་པ་དང་། གཞན་
ཡང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་ཞེས་པ་ལ་སོགས་པ་སྔར་བསྟན་ཏོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཞེས་པ་ལ་སོགས་པ་དང་། རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་ཞེས་པ་ཡང་གནས་སྐབས་གཉིས་པོ་ལ་ཡང་ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱའོ། །བཤད་

པར་བྱའོ་ཞེས་པ་ནི་སངས་རྒྱས་གཞན་དག་གིས་བཤད་པ་ལྟར་ད་ལྟ་ངས་ཀྱང་བཤད་པར་བྱ་ཞེས་པའོ། །བློ་གྲོས་ཆེན་པོ་དགེ་སྦྱོང་ངམ་ཞེས་པ་ལ་སོགས་པས་གཞན་དང་ཐུན་མོང་མ་ཡིན་པ་ཉིད་རྒྱས་པར་སྟོན་ཏེ། དེ་ལ་དགེ་སྦྱོང་ནི། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་
པར་སྤྱད། །ཅེས་པའི་དགེ་སྦྱོང་གི་ཚུལ་ལམ་ཕྱི་རོལ་པའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱང་ངོ་། །དེ་དག་གི་ལྟར་ན་དངོས་པོ་རྣམས་ཀྱི་རྟེན་འབྲེལ་དོན་དམ་པའི་དངོས་པོ་ཉིད་དུ་འདོད་དེ། དེ་ལ་འགའ་ཞིག་ནི་འབྲས་བུ་རྒྱུའི་དུས་སམ་དེའི་སྔོན་རོལ་ན་མེད་པ་ཞིག་རྒྱུའི་བྱེད་པའི་འོག་
རོལ་དུ་སྐྱེ་བར་འདོད་ལ། གྲངས་ཅན་པ་རྣམས་ལས་མངོན་པར་གསལ་བར་སྨྲ་བ་རྣམས་འབྲས་བུ་རྒྱུའི་གནས་སྐབས་ན་ཡང་ཡོད་མོད་ཀྱི་འོན་ཀྱང་མངོན་པར་མི་གསལ་བ་ཡིན་ལ། དེའི་རྒྱུའི་བྱེད་པ་ལས་མངོན་པར་གསལ་བར་འགྱུར་ཞིང་། འབྲས་བུ་ལ་ཡང་རྒྱུ་ཉིད་རྗེས་སུ་
འཇུག་སྟེ། དེ་ལྟར་རྒྱུ་དང་འབྲས་བུ་ཕན་ཚུན་བདག་ཉིད་དུ་གྱུར་པ་སྐྱེ་བར་འདོད་དོ། །འདི་དག་ནི་མི་འཐད་དེ། རེ་ཞིག་འབྲས་བུ་མེད་པ་སྐྱེ། །ཞེས་པ་ནི་འགལ་བ་ཉིད་དུ་འགྱུར་ཏེ། སྐྱེ་བ་དངོས་པོའི་ཆོས་ཉིད་ཡིན་པས་མེད་པ་ཡོད་ཅེས་པར་འགྱུར་ན། དེ་ནི་འབྲས་བུའི་རང་བཞིན་
གཅིག་ལ་ཅིའི་ཕྱིར་མི་འགལ་ཞེས་པའོ། །གལ་ཏེ་ཡོད་པ་དང་མེད་པ་ནི་གཅིག་ལ་ཅིག་ཅར་འགལ་བར་འགྱུར་གྱི། རིམ་གྱིས་ནི་མི་འགལ་ཏེ། དེའི་ཕྱིར་འབྲས་བུ་འགའ་ཞིག་སྔར་རྒྱུའི་དུས་ལ་སོགས་པར་ནི་མེད་ལ། ཕྱིས་ཡོད་པར་མི་འགལ་ལོ་ཞེ་ན། མི་འཐད་དེ། དངོས་པོ་ཡོད་པ་ནི་
མེད་པའི་སྤྱི་དང་འགལ་བས་སྔར་མེད་ཅེས་པའི་ཁྱད་པར་དང་ཡང་འགལ་བར་འགྱུར་ལ། དེ་བཞིན་དུ་དངོས་པོ་མེད་པ་ཡང་ཡོད་པའི་སྤྱི་དང་འགལ་བས་ཕྱིས་ཡོད་ཅེས་པའི་ཁྱད་པར་དང་ཡང་འགལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་ཡོད་པ་དང་མེད་པའི་སྤྱི་དང་ཁྱད་པར་འགལ་བར་འགྱུར་
བ་དེ་ལྟ་ན་ཡང་། སྔར་མེད་ཅེས་མེད་པའི་ཁྱད་པར་དང་། ཕྱིས་ཡོད་ཅེས་ཡོད་པའི་ཁྱད་པར་ནི་འགལ་བ་མེད་དེ། ཇི་ལྟར་བུམ་པ་ལྟ་བུའི་རྫས་ཀྱི་དངོས་པོ་ཁང་བཟངས་ཀྱི་ཕྱི་རོལ་ན་ནི་མེད་ལ་ནང་ན་ནི་ཡོད་དོ་ཞེས་ཡོད་པ་དང་། མེད་པའི་ཁྱད་པར་མི་འགལ་བ་བཞིན་ནོ། །གཞན་དུ་ན་བདེ་

བ་ལ་སོགས་པ་ད་ལྟར་ཉམས་སུ་མྱོང་བ་འདི་ཉིད་སྔར་གྱི་དུས་ན་ཡོད་དམ་མེད་ཅེས་དབུ་མ་པ་རྣམས་ལ་དྲིས་ཤིང་བརྩད་པ་ན། སྔར་ནས་ཡོད་ཅེས་ནི་བརྗོད་པར་མི་ནུས་ལ། དེའི་ཕྱིར་ད་ལྟར་ཡོད་པ་འདི་ཉིད་སྔར་མེད་ཅེས་སྟོན་པས་ཡོད་པ་དང་མེད་པ་དུས་སྔ་ཕྱི་ལ་ལྟོས་ཏེ་མི་
འགལ་བ་ཉིད་དུ་ཅི་སྟེ་མི་འགྱུར་ཞེ་ན། མ་ཡིན་ཏེ། སྔར་མེད་ཅེས་དགག་པའི་དོན་ནི་རྣམ་པ་གཉིས་སུ་འགྱུར་ཏེ། ཡོད་པ་བཀག་པ་ཙམ་གྱི་མེད་དགག་རི་བོང་གི་རྭ་ལྟ་བུ་དང་། མ་ཡིན་པར་དགག་པའོ། །དེ་ལ་རི་བོང་གི་རྭ་ལྟ་བུའི་མེད་པར་དགག་པ་ནི་ཡོད་པའི་སྤྱི་དང་འགལ་བས་ད་ལྟར་ཡོད་
ཅེས་པའི་ཁྱད་པར་དང་ཡང་འགལ་ལ། ཁྱད་པར་དེ་ཡང་མེད་པའི་སྤྱི་དང་འགལ་བས་སྔར་མེད་ཅེས་པའི་མེད་དགག་གི་ཁྱད་པར་དང་འགལ་བར་ཅི་སྟེ་མི་འགྱུར། ཡང་མ་ཡིན་པར་དགག་པ་ཡང་གཉིས་སུ་འགྱུར་ཏེ། སྔར་མེད་ཅེས་སྔར་གྱི་དུས་བསྡུས་པ་དང་། ད་ལྟར་ཡོད་པ་འདི་
ཉིད་སྔར་གྱི་མེད་པ་ཡིན་ཞེས་ད་ལྟར་བའི་ཆོས་སུ་བསྐོར་བའོ། །དེ་ལ་སྔ་མ་ལྟར་ན་སྔ་ཕྱི་དུས་འགལ་བར་དུས་དེ་དག་གིས་བསྡུས་པའི་ཡོད་པ་དང་མེད་པ་ཡང་འགལ་བར་འགྱུར་ཏེ། ཡོད་མེད་རང་བཞིན་འགལ་བ་ལ་དུས་འགལ་བ་བསྣན་པས་ནི་འགལ་བ་སྔ་མ་སྤོང་བར་མི་འགྱུར་
ཞིང་ཆེས་ཤིན་ཏུ་འགལ་བ་ཉིད་དུ་ཇི་ལྟར་མི་འགྱུར་བ་སོམས་ཤིག། གཞན་ཡང་གཉིས་པ་ལྟར་ན་ད་ལྟར་ཡོད་པ་འདི་ཉིད་སྔར་མེད་པའོ་ཞེས་སྔར་མེད་པ་ད་ལྟར་ཡོད་པའི་ཆོས་སུ་བསྡུས་པ་ནི་མི་འགལ་མོད་ཀྱི། དེ་ནི་མེད་པའི་མིང་གིས་བརྗོད་ཀྱང་ཡོད་པ་ཉིད་ཡིན་པས་དེ་འདྲ་བ་
རྒྱུ་ལས་སྐྱེ་བར་འདོད་པ་ནི་འབྲས་བུ་ཡོད་པ་སྐྱེ་བའི་ཕྱོགས་ལ་བརྟེན་པར་འགྱུར་རོ། །ཡུལ་གྱི་དཔེ་ཡང་ཕྱོགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་མ་གྲུབ་པ་ཉིད་དེ། ཇི་ལྟར་ཕྱི་རོལ་ན་མེད་པ་ཉིད་ནང་ན་ཡོད་པའི་བདག་ཉིད་དོ་ཞེས་ཡོད་པའི་ཆོས་སུ་བསྐོར་བ་ནི་མེད་པའི་མིང་གིས་བརྗོད་
ཀྱང་དོན་བྱེད་ནུས་པའི་ཕྱིར་དངོས་པོ་ཉིད་ཡིན་ལ། གཞན་ཡང་ཡོད་པ་དང་མེད་པ་ཕྱི་དང་ནང་གི་ཡུལ་གྱི་ཆོས་སུ་བསྡུས་པ་ནི་ཡུལ་འགལ་བ་ཉིད་ཀྱི་ཕྱིར། སྔ་མ་ལྟར་ཡོད་མེད་རང་བཞིན་འགལ་བ་ལ། ཡུལ་འགལ་བ་བསྣན་པས་ཕྱིར་ཞིང་ཤིན་ཏུ་འགལ་བར་འགྱུར་རོ། །ཡང་ཕྱི་རོལ་

ན་མེད་ཅེས་པའི་མེད་དགག་གི་ཁྱད་པར་རི་བོང་གི་རྭ་ལྟ་བུ་ནི་ཡོད་པའི་སྤྱི་དང་འགལ་བས་ཡོད་པའི་ཁྱད་པར་ནང་ན་ཡོད་པ་དང་ཡང་འགལ་བར་འགྱུར་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་མེད་པ་སྐྱེ་བའི་ཕྱོགས་བཀག་ནས་ཕྱོགས་གཉིས་པ་དགག་པ་ནི་འབྲས་
བུ་སྔ་ནས་ཡོད་པ་ནི། བདག་ཉིད་ཐམས་ཅད་ཀྱིས་རྫོགས་ཟིན་པས་སྐྱེ་བར་མི་འཐད་དེ། སྐྱེ་ཞེས་པའི་དོན་ནི་གྲུབ་ཟིན་པ་མ་ཡིན་པ་འགྲུབ་པར་འགྱུར་བའི་རང་བཞིན་ཡིན་ལ། ཡོད་པ་ནི་གྲུབ་ཟིན་པ་ཡིན་པས་ཡོད་པ་སྐྱེ་ཞེས་པ་ཡང་ཅིའི་ཕྱིར་ན་འགལ་བར་མི་འགྱུར། གལ་ཏེ་མངོན་
པར་གསལ་བའི་བདག་ཉིད་སྔར་མ་གྲུབ་པ་རྒྱུའི་བྱེད་པའི་རྗེས་སུ་བྱུང་བས་རྒྱུ་ལས་སྐྱེ་བ་འཐད་དོ་ཞེ་ན། དེ་ལྟར་ན་གསལ་བ་ཉིད་འབྲས་བུར་འགྱུར་ཏེ། འབྲས་བུའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལྟར་འདོད་དོ་ཞེ་ན། དེ་སྔར་མེད་པས་ཡོད་པ་སྐྱེ་བའི་ཕྱོགས་ཉམས་པར་འགྱུར་རོ། །
གཞན་ཡང་གསལ་བ་དང་བུམ་པ་ལ་སོགས་པའི་དངོས་པོའི་བདག་ཉིད་གཅིག་པར་ཁས་ལེན་ན་ནི་བུམ་པ་སྔར་ནས་ཡོད་པ་བཞིན་དུ་གསལ་བ་ཡང་སྔར་ནས་ཡོད་པར་འགྱུར་བ་འམ། གསལ་བའི་བདག་ཉིད་སྔར་མེད་པ་ལྟར་བུམ་པ་ཡང་སྔར་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་
དེ་དག་ཐ་དད་པར་འདོད་ན་རྒྱུའི་བྱེད་པ་གསལ་བ་ཉིད་ལ་སྦྱོར་བས་བུམ་པའི་དངོས་པོ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་འབྲས་བུ་སྔར་ནས་ཡོད་པའི་སྐྱེ་བའི་ཕྱོགས་ཀྱང་མི་འཐད་དོ། །དོན་འདི་ཉིད་མདོ་སྡེ་གཞན་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། ལྷ་མོ་ཕུང་པོ་ལྔ་ལ་ཆོས་ཀྱི་
དབྱིངས་ཇི་ལྟར་གདགས་ཤེ་ན། ཕུང་པོ་ལྔ་པོ་དེ་ནི་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་སྟེ། དེ་ཡང་གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེ་བ་ཞིག་ཡིན་ན་ནི། སྐྱེས་ཟིན་ལ་སྐྱེའམ་མ་སྐྱེས་པ་སྐྱེ་ཞེས་བྱ། གལ་ཏེ་སྐྱེས་ཟིན་པ་སྐྱེ་ན་ནི་རྒྱུ་དང་རྐྱེན་ཀྱང་མི་དགོས་པར་རིགས་སོ། །གལ་ཏེ་མ་སྐྱེས་པ་སྐྱེ་ན་ནི་སྐྱེ་བ་དམིགས་
སུ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པ་ཉིད་པས་མིང་མེད་པ། མཚན་མ་མེད་པ། གཞལ་བ་དང་། དཔག་པ་དང་། དཔེར་བྱ་བས་མི་བརྗོད་པ་སྟེ། རྒྱུ་དང་རྐྱེན་གྱིས་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །

དེ་ལྟར་འབྲས་བུའི་བདག་ཉིད་སྔར་མེད་པ་ནི་ཡོད་པ་ཉིད་དུ་མི་འགྱུར་ཏེ། རྟག་ཏུ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དངོས་པོ་གང་དང་ཡང་རྗེས་སུ་འགྲོ་བའམ་ལྡོག་པ་གྲུབ་པ་མེད་དེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །འདིར་རྒྱུ་དང་འབྲས་བུ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་རྟོགས་
པར་བྱ་བ་ཡིན་ཏེ། དེ་ལྟ་ན་རྗེས་སུ་དཔག་པ་ལ་སོགས་པའི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པར་གྲུབ་པ་མེད་དོ། །གཞན་ཡང་མངོན་སུམ་དང་མི་དམིགས་པ་སྟེ། དེས་དབེན་དེ་ཡི་རྣམ་པ་ཅན། །མངོན་སུམ་རྣམ་པ་གཉིས་ཀྱིས་ནི། །རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ། །ཅེས་པ་
ཡང་དོན་འདི་ལ་མི་འཐད་དེ། འདི་ལྟར་མི་དམིགས་པ་སྔོན་དུ་སོང་བའི་མངོན་སུམ་རྣམ་པ་གཉིས་ཏེ། རྒྱུ་མེད་པའི་ཕྱོགས་འགའ་ཞིག་ཏུ་འབྲས་བུ་སྣང་དུ་རུང་བ་ལས་མི་དམིགས་པ་ལས། རྒྱུར་མངོན་པར་འདོད་པ་འགའ་ཞིག་དམིགས་ལ། དེའི་མཇུག་ཐོགས་སུ་འབྲས་བུ་དམིགས་
པ་ལ་བརྟེན་ནས་དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པ་ཡིན་ན། སྔར་བཤད་པ་ལྟར་རྟག་ཏུ་མེད་པ་ལ་ནི་སྔར་སྣང་དུ་རུང་བའི་མི་དམིགས་པ་ལས་གང་དག་དམིགས་ན་དམིགས་ཞེས་པའི་རྒྱུན་གྱི་ཐོག་མ་མཐོང་བ་མེད་པའི་ཕྱིར་མི་འཐད་དོ། །དེ་བཞིན་དུ་མངོན་སུམ་སྔོན་དུ་སོང་བའི་མི་
དམིགས་པ་སྟེ། གཉིས་ཀ་དམིགས་པ་ལས་རྒྱུར་མངོན་པར་འདོད་པ་འགའ་ཞིག་མི་དམིགས་ན། དེའི་རྗེས་སུ་འབྲས་བུར་མངོན་པར་འདོད་པ་འགའ་ཞིག་ཀྱང་མི་དམིགས་པའོ། །དེ་ལྟ་བུ་ཡང་རྟག་ཏུ་མེད་པ་ལ་འཐད་པ་མ་ཡིན་ཏེ། གཉིས་ཀ་དམིགས་པ་དང་དེང་ཕྱིན་ཆད་མི་
དམིགས་ཞེས་པའི་མི་དམིགས་པའི་ཐོག་མ་མཐོང་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པ་ཡང་སྔོན་དང་ཕྱི་མའི་དུས་སུ་མེད་པར་འགལ་བས་རྟག་ཏུ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དངོས་པོ་གང་དང་ཡང་རྗེས་སུ་འགྲོ་བའམ་ལྡོག་པར་རྟོགས་པ་མེད་དེ། དཔེར་ན་རི་བོ་ལ་སོགས་པ་
བཞིན་ནོ། །གཞན་ཡང་མངོན་སུམ་དང་མི་དམིགས་པའི་སྒོ་ནས་གྲུབ་པ་ཡང་མི་འཐད་དེ། གང་དག་དམིགས་ན་དམིགས་ཞེས་པའི་རྒྱུན་གྱི་ཐོག་མ་མཐོང་བ་མེད་པའི་ཕྱིར་རོ། །མངོན་སུམ་སྔོན་དུ་སོང་བའི་མི་དམིགས་པ་ཡང་མི་འཐད་དེ། དེ་དག་ལས་གཅིག་མི་དམིགས་ན་མི་

དམིགས་ཞེས་པ་དང་། མི་དམིགས་པའི་ཐོག་མ་མཐོང་བ་མེད་པའི་ཕྱིར་རོ། །གཞན་ཡང་མེད་པ་ཡོད་པར་འགྱུར་བ་འགལ་བས་མེད་པ་སྐྱེ་ཞེས་པ་ནི་རང་གི་ཚིག་དང་འགལ་བར་འགྱུར་ཏེ། སྐྱེ་བ་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པ་ནི་གྲུབ་ཟིན་པ་ཡིན་ལ། སྐྱེ་བ་ནི་
འགྲུབ་པར་འགྱུར་བ་ད་ལྟར་མ་གྲུབ་པའི་བདག་ཉིད་ཡིན་པས་ཡོད་པ་སྐྱེ་ཞེས་གཞི་གཅིག་ལ་བསྡུ་བ་ཡང་། རང་གི་ཚིག་དང་འགལ་བར་འགྱུར་ཏེ། དེ་ལྟར་ན་ཕྱོགས་གཉི་ག་ལྟར་ན་ཡང་དམ་བཅས་པ་ལས་ཉམས་པ་དང་། གཞན་ཡང་ཇི་ལྟར་རྒྱུའི་དུས་ན་མྱུ་གུ་མེད་པ་དང་། དུ་བ་མེད་
པ་དང་། རི་བོང་གི་རྭ་མེད་ཅེས་པ་ལ་སོགས་པའི་མེད་པ་རྣམས་ལ་ཁྱད་པར་དུ་གྱུར་པའི་ཆོས་འགའ་ཞིག་ཁས་ལེན་ན་ནི་དངོས་པོ་ཉིད་དུ་འགྱུར་ཏེ། ཁྱད་པར་དངོས་པོའི་ཆོས་ཁོ་ན་ཡིན་པའི་ཕྱིར་རོ། །ཁྱད་པར་མེད་ན་ཡང་སྔར་གྱི་དུས་ན་དུ་བ་མེད་པ་མེ་དང་ཤིང་གི་ཚོགས་པ་
ལས་སྐྱེ་བ་བཞིན་དུ། མྱུ་གུ་མེད་པ་ཡང་དེ་ལས་སྐྱེ་བ་ཉིད་དུ་འགྱུར་ཏེ། །སྐྱེ་བར་འདོད་པའི་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་མྱུ་གུ་མེད་པ་ས་དང་ས་བོན་གྱི་ཚོགས་པ་ལས་སྐྱེ་བ་བཞིན་དུ་དུ་བ་མེད་པ་ཡང་དེ་ལས་སྐྱེ་བར་འགྱུར་ཏེ། སྐྱེ་བར་འདོད་པའི་མེད་པ་དང་
ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་རི་བོང་གི་རྭ་མེད་པ་ལ་སོགས་པ་ཡང་རྒྱུ་དེ་དག་ལས་སྐྱེ་བར་འགྱུར་ཏེ། སྔར་བསྟན་པ་ལྟར་རྒྱུ་མཚན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་རི་བོང་གི་རྭ་མེད་པ་ནི་ས་བོན་ལ་སོགས་པའི་བྱེད་པའི་རྗེས་ཐོགས་སུ་བྱུང་བའི་མྱུ་གུ་ལ་སོགས་པར་
འགྱུར་བ་འགལ་བས། དེ་དག་ལས་སྐྱེ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྟར་མྱུ་གུ་ལ་སོགས་པ་མེད་པ་ཡང་ཕྱིས་ཀྱི་ཡོད་པར་འགྱུར་བ་འགལ་བས་དེ་དག་ལས་སྐྱེ་བར་མི་འཐད་དོ། །དེའི་ཕྱིར་མྱུ་གུ་མེད་པ་ནི་ས་བོན་ལ་སོགས་པའི་ཚོགས་པ་ཁོ་ན་ལས་སྐྱེའི། མེ་ལ་སོགས་
པའི་ཚོགས་པ་ལས་མི་སྐྱེའོ་ཞེས་པའི་ངེས་པ་དང་། རི་བོང་གི་རྭ་མེད་པ་ཡང་དེ་དག་ལས་མི་སྐྱེ་ཞེས་པ་དང་ཡང་རྒྱུ་རྣམས་ཀྱི་དབང་དུ་བྱས་ཏེ་ས་བོན་ལ་སོགས་པས་མེད་པའི་མྱུ་གུ་སྐྱེད་པར་ནུས་ཀྱི། དུ་བ་ལ་སོགས་པ་སྐྱེད་པར་མི་ནུས་ལ། མེ་དང་ཤིང་གི་ཚོགས་པས་ཀྱང་མེད་པའི་དུ་བ་སྐྱེད་

པར་ནུས་ཀྱི་མྱུ་གུ་ལ་སོགས་པ་སྐྱེད་པར་མི་ནུས་ཞེས་པའི་ངེས་པ་ལས་ཀྱང་འགལ་བར་འགྱུར་རོ། །གཞན་ཡང་མེད་པར་ཁྱད་པར་མེད་པའི་ཕྱིར་རུས་སྦལ་གྱི་རྒྱབ་ལས་སྤུ་དང་། བྱེ་མ་ལས་ཀྱང་འབྲུ་མར་འབྱུང་བར་འགྱུར་རོ། །གལ་ཏེ་མེད་པ་ཉིད་དུ་ཁྱད་པར་མེད་ཀྱང་བྱེ་
མ་དང་། རུས་སྦལ་གྱི་རྒྱབ་ལས་སྤུ་དང་འབྲུ་མར་སྐྱེད་པའི་ནུས་པ་མེད་པས་འབྱུང་བར་མི་འཐད་ལ། མེ་ལ་སོགས་པ་ལ་ནི་མེད་པའི་དུ་བ་ལ་སོགས་པ་སྐྱེད་པའི་ནུས་པ་ཡོད་པས་མི་མཚུངས་སོ་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྟར་མེད་པ་ཡོད་པར་འགྱུར་བ་ནི་འགལ་བས་དེ་འདྲ་བའི་
དོན་མི་སྲིད་ལ། གལ་ཏེ་མི་སྲིད་པའི་དོན་ལ་ནུས་ན་རུས་སྦལ་གྱི་སྤུ་ལ་སོགས་པ་ལ་ཡང་ཅིའི་ཕྱིར་ན་མི་ནུས་ཏེ་ནུས་པ་ཉིད་དུ་འགྱུར་རོ་སྙམ་དུ་དགོངས་པའོ། །གཞན་ཡང་དོན་དམ་པར་གང་གིས་རྗེས་ཐོགས་སུ་འགའ་ཞིག་ཁོ་ན་འབྱུང་བར་ངེས་པའི་གཞན་གྱི་དབང་ཉིད་མི་འཐད་པས་ཁྱད་
པར་དུ་ཕྱི་རོལ་པ་ལ་སོགས་པས་བྱེད་པ་སྟ་རེ་ལྟ་བུ་དང་། དེ་ལ་ཡོད་པའི་བྱ་བ་གྱེན་དུ་ལྡིང་བ་དང་ཐུར་དུ་འབབ་པ་སྟེ་བྱེད་པ་ལས་དོན་གཞན་དུ་གྱུར་པ་དང་། དེ་ཉིད་བྱེད་པ་པོའི་གཞན་གྱི་དབང་དུ་གྱུར་པ་དང་། ལས་སུ་བྱ་བ་ཤིང་དུམ་བུར་བྱེད་པ་སྟེ། ཆོས་ཀྱི་བྱེ་བྲག་དུ་མར་བཏགས་པ་ཐམས་
ཅད་ཀྱང་དོན་མེད་པར་འགྱུར་ཏེ། གཞི་མ་གྲུབ་པའི་ཁྱད་པར་མི་འཐད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྔོན་གྱི་སློབ་དཔོན་དག་ཕྱི་རོལ་པས་བརྟགས་པའི་བྱེད་པ་དང་བྱེད་པ་པོ་ལ་སོགས་པ་ནི་མི་འཐད་ཅིང་། གང་གི་ཚེ་ན་རྒྱུའི་སྐད་ཅིག་ཡོད་པ་དེའི་ཚེ་འབྲས་བུའི་སྐད་ཅིག་མ་མེད་དེ། དེས་ན་
དངོས་པོ་དང་དངོས་པོ་མེད་པ་འབྲེལ་པ་མེད་མོད་ཀྱི། འོན་ཀྱང་སྔ་མའི་འོག་ཏུ་འདི་ཡོད་ན་འདི་འབྱུང་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོར་ངེས་པ་ཉིད་ནི་ཡོད་དེ། དེའི་ཕྱིར་ལས་དང་འབྲས་བུའི་འབྲེལ་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་ལ་ནི་སྐུར་པ་ཉིད་དུ་མི་འགྱུར་
རོ་ཞེས་གཞན་གྱི་དབང་དོན་དམ་པའི་དངོས་པོར་འདོད་པ་ནི། བཅོམ་ལྡན་འདས་ཀྱིས་བསྟན་པའི་རིགས་པའི་རྣམ་གྲངས་འདི་དག་ལ་སོགས་པས་རྒྱང་རིང་དུ་སྤོང་བར་འགྱུར་ཏེ། མདོའི་དོན་དང་མི་མཐུན་པ་ཉིད་དུ་གསལ་ལོ། །གཞན་ཡང་སྔར་བསྟན་པའི་རྒྱུ་མཚན་དེ་ཉིད་ཀྱིས་གཞན་

དག་སྔར་ནི་མེད་ལ་ཕྱིས་ཡོད་པ་སྟེ། ཡོད་མེད་གཉི་གའི་བདག་ཉིད་དུ་གྱུར་པའམ། གཉི་ག་མ་ཡིན་པའི་འབྲས་བུ་འགའ་ཞིག་སྐྱེ་བར་འདོད་པ་ཡང་བསལ་བ་སྟེ། དེ་ལྟར་འབྲས་བུ་སྐྱེ་བའི་ཕྱོགས་རྣམ་པ་བཞི་དང་བྲལ་བའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་དོན་དམ་པར་ཡོད་པ་མི་
འཐད་ཅེས་པའོ། །མ་སྐྱེས་པའི་དངོས་པོར་ཡོད་པ་ནི་ཤིན་ཏུ་དགག་པར་སླ་བ་ཉིད་དོ། །གཏན་ཚིགས་འདིའི་ཆོས་ཅན་དང་དགག་བྱ་ལ་སོགས་པ་ནི་སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འདིར་ཚིག་གི་དོན་ནི་སྔར་མ་བྱུང་བའི་འབྲས་བུ་རྒྱུ་ལས་བྱུང་བ་དང་། བུམ་
པ་དང་ཞོ་ལ་སོགས་པའི་འབྲས་བུ་སྔར་ནས་ཡོད་པ་འོ་མ་ལ་སོགས་པའི་རྒྱུ་ལས་མངོན་པ་དང་ཞེས་པ་སྟེ། རྒྱུའི་བྱེད་པ་ལས་མངོན་པར་གསལ་བ་སྟེ། གྲངས་ཅན་པ་ཁ་ཅིག་འདོད་དོ། །རྒྱུ་དང་འབྲས་བུ་དེ་དག་ཀྱང་ཕན་ཚུན་རྗེས་སུ་འགྲོ་བའི་ཚུལ་གྱིས་ཡུན་དུ་གནས་པ་སྟེ་
རྟག་པར་གནས་ཞེས་པའོ། །ཡང་རང་གི་སྡེ་པ་ཉན་ཐོས་གནས་མ་བུ་བ་འགའ་ཞིག་ལས་དང་ཉོན་མོངས་པ་ལ་སོགས་པའི་སྐྱེ་མཆེད་རྣམས་ཐོག་མར་སྐྱེ་བ་དང་། དེ་ཉིད་འཇིག་པའི་རྒྱུ་དང་མ་ཕྲད་ཀྱི་བར་ལ་གནས་པ་དང་། འཇིག་པའི་རྒྱུ་དང་ཕྲད་ནས་འཇིག་པར་འདོད་
དོ། །གཞན་ཡང་འགའ་ཞིག་གི་ལུགས་ཀྱིས་མ་བྱུང་བའི་སྐྱེ་བ་དང་། སྐྱེ་བ་རང་གི་དུས་ལས་གཞན་དུ་མི་གནས་པར་འདོད་དེ། འདིར་ཕུང་པོ་ཞེས་པའི་དོན་ནི་སྤུངས་པའི་དོན་ཏེ། རྡུལ་ཕྲ་རབ་བམ་སྐད་ཅིག་མ་དུ་མ་འདུས་པའོ། །ཁམས་ཞེས་པ་ནི་རིགས་ཀྱི་དོན་ནམ་བྱེད་པ་མེད་
པ་ལ་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཏེ། ཕལ་ཆེར་ཕུང་པོ་ཉིད་ཀྱིས་བསྡུས་པར་རིག་པར་བྱའོ། །སྐྱེ་མཆེད་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་བྱེད་པའི་དོན་གྱིས་ཏེ། ཕྱི་དང་ནང་གིས་བསྡུས་པའོ། །དེ་ལ་གཟུགས་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ཀུན་རྫོབ་ཙམ་དུ་
ཡང་སེམས་ལས་ཐ་དད་པའི་ངོ་བོར་གྲུབ་པ་མེད་དེ། སེམས་ཀྱི་སྣང་བ་ཉིད་ལ་རྣམ་པར་གཞག་གོ། །འདི་དག་གི་རྣམ་པར་དབྱེ་བ་ལ་སོགས་པ་ཅུང་ཟད་ནི་འོག་ནས་སྟོན་པར་འགྱུར་ལ། གྲངས་དང་གོ་རིམས་ལ་སོགས་པའི་སྤྲོས་པ་ཞིབ་ཏུ་ནི་ཆོས་མངོན་པའི་མདོ་དང་བསྟན་བཅོས་དག་

ལས་ཤེས་པར་བྱ་སྟེ། འདིར་ནི་དོན་གཙོ་བོར་གཏན་ལ་འབེབས་པས་མི་སྤྲོའོ། །བློ་གྲོས་ཆེན་པོ་དེ་ལྟར་འབྲས་བུ་ཡོད་པ་དང་མེད་པའི་བདག་ཉིད་དུ་བདེན་པ་འགའ་ཞིག་དོན་དམ་པར་རྒྱུ་དང་རྐྱེན་ལས་སྐྱེ་བར་འདོད་པ་དེ་དག་གི་རྒྱུན་དང་བྱ་བ་དང་སྐྱེ་བ་སྟེ།
རང་གི་རྒྱུད་དུ་གཏོགས་པའི་རྒྱུ་དང་འབྲས་བུའི་སྐད་ཅིག་དུ་མར་འབྲེལ་པ་དང་། སྔར་བསྟན་པ་ལྟར་ཕྱི་རོལ་པ་ལ་སོགས་པས་བསྟན་པའི་བྱ་བ་དང་རྒྱུ་འདི་ལས་སྐྱེ་ཞེས་པའི་རྒྱུའི་ཆོས་སུ་གྱུར་པ་དང་། འབྲས་བུ་འདི་སྐྱེ་ཞེས་པ་འབྲས་བུའི་རང་བཞིན་དུ་གྱུར་པའི་ཆོས་དང་། སྲིད་
པ་སྟེ་ཀུན་ནས་ཉོན་མོངས་པ་རྒྱུ་འབྲས་དང་། མྱ་ངན་ལས་འདས་པ་དང་ལམ་ཞེས་པ་གོ་རིམས་བཞིན་རྣམ་པར་བྱང་བའི་འབྲས་བུ་དང་རྒྱུར་གྱུར་པའོ། །ལས་དང་འབྲས་བུ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་སྟེ། ཇི་ལྟར་རིགས་པ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་
པར་བྱང་བས་བསྡུས་པའོ། །དེ་དག་ཐམས་ཅད་ཀྱང་བདེན་པ་བཞིས་བསྡུས་པ་སྟེ། དེ་རྣམས་འཇིག་པ་དང་། ཆད་པར་ལྟ་བ་སྟེ། སྐུར་པ་འདེབས་པའི་མཐའ་ཉིད་དུ་འགྱུར་ཞེས་པའོ། །གལ་ཏེ་ཀུན་རྫོབ་ཙམ་དུ་འབྲས་བུ་སྔར་མེད་པ་སྐྱེ་བར་ནི་ཐེག་པ་ཆེན་པོ་པ་ཁྱེད་ཅག་
གིས་ཀྱང་འདོད་པ་མ་ཡིན་ནམ། དེས་ན་ཁོ་བོ་ཅག་ལ་ཆད་པར་ལྟ་བའི་ཉེས་པར་འགྱུར་བ་ཅིའི་ཕྱིར་ཞེ་ན། མངོན་སུམ་དང་ཞེས་པ་ལ་སོགས་པ་སྟེ། དོན་ནི་སྔར་བསྟན་ཟིན་ཏོ། །འདིར་དེ་དག་དང་མཚུངས་པར་མི་འགྱུར་བ་ནི་སྔ་མ་ལྟར་ཡོད་པ་དང་མེད་པའི་བདག་ཉིད་དུ་བདེན་
པའི་འབྲས་བུ་དོན་དམ་པར་སྐྱེ་བར་འདོད་པ་ནི། ཚད་མས་གནོད་པར་འགྱུར་ལ། དེ་ལས་གཞན་ཀུན་རྫོབ་པའི་སྐྱེ་བ་ནི་ཁས་མི་ལེན་པས་སྐུར་པ་འདེབས་པའི་ལྟ་བར་འགྱུར་ལ། ཁོ་བོ་ཅག་ནི་ཇི་ལྟར་སྣང་བཞིན་པའི་སྐྱེ་བ་ཤེས་པའི་བདག་ཉིད་དུ་གྱུར་པ་ཀུན་རྫོབ་པ་ཉིད་དུ་ཁས་ལེན་ཏེ།
དེ་ལ་ནི་སྔར་མེད་པར་སྣང་བ་ལས་གང་གིས་མཇུག་ཐོགས་སུ་གང་ཞིག་ངེས་པར་སྣང་བ་ཉིད་དུ་དམིགས་ཏེ། སྔར་བསྟན་པ་ལྟ་བུའི་སྤྱད་པ་ལས་གྲོལ་བས་རྐྱེན་མེད་ཅེས་དགོངས་པའོ། །དེ་ལྟར་གཞུང་གི་ཆ་དེ་རྣམས་ཀྱིས་ནི་ཕ་རོལ་པོའི་ཕྱོགས་སྐུར་པ་འདེབས་པའི་མཐའ་ཉིད་དུ་བསྟན་ནས། དེ་

ཉིད་ཀྱི་ཕྱིར་རང་གི་ལུགས་ཀྱི་དོན་དམ་པའི་སྐྱེ་བ་མེད་ཅེས་བསྟན་པ་ནི། བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཞེས་པ་ལ་སོགས་པའོ། །འགགས་པ་དང་ཞེས་པ་ལ་སོགས་པ་གསུམ་ནི་གནས་མ་བུའི་སྡེ་བ་ལྟར་བྱུང་བའི་རྒྱུན་འགགས་པ་དང་། འགག་པ་དེ་དག་གི་ལུགས་ཀྱི་འཇིག་པའི་རྒྱུ་དང་མ་
ཕྲད་ན་གནས་པར་འདོད་པ་ནི་སྐད་ཅིག་གི་དབང་དུ་བྱས་ནས་འགག་པ་ཉིད་ཡིན་པས་འགག་པ་ཞེས་བྱའོ། །འགག་པར་འགྱུར་བ་ནི་རྒྱུན་འགག་པར་འགྱུར་བའོ། །སྐད་ཅིག་གི་དབང་དུ་བྱས་ནས་འགགས་པ་དང་། འགག་པར་འགྱུར་བ་ལས་གཞན་འགག་པའི་བྱ་བ་དང་ལྡན་པ་ད་ལྟར་
བ་ནི་གྲུབ་པ་མེད་དོ། །བདག་གི་སེམས་སྣང་བ་རང་གི་སེམས་ཉིད་ཡིན་ལ། སེམས་དེ་ཡང་སྣང་བ་ལས་ཐ་དད་ཀྱིས་དངོས་པོར་རྟོག་པ་སྟེ། དེ་འདྲ་བའི་རྟོག་པ་ཉིད་མཐོང་ཞིང་མྱོང་བའི་རྒྱུ་ལས་ཕུང་པོ་ལ་སོགས་པ་འགགས་པ་ལ་སོགས་པར་སྣང་བ་བྱུང་བ་སྟེ། འཕྲལ་དུ་རྟོགས་
པ་ཉིད་ཀྱིས་སྒྲོ་བཏགས་པའམ། ཡང་སྔར་བརྟགས་པའི་ས་བོན་སད་པ་ལས་དེ་འདྲ་བའི་སྣང་བ་བྱུང་བ་སྟེ། མི་བདེན་པའི་དོན་བློས་བཞག་པའོ། །དེའི་ཕྱིར་ས་བོན་ཚིག་པ་ལ་སོགས་པ་བཞིན་དུ་འབྲས་བུ་སྐྱེད་པའི་ནུས་པས་སྟོང་པས་དེ་དག་ནི་རྒྱུན་མི་འཆད་པར་འབྱུང་
བ་མེད་ཅེས་པའོ། །དེ་ལྟར་བློས་བརྟགས་པ་ཉིད་ཡིན་ཞིང་། ནུས་པས་སྟོང་པ་ཉིད་ནི་སྔར་བསྟན་པའི་གཏན་ཚིགས་རྣམས་ཀྱིས་སོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཡོད་པ་དང་མེད་པའི་ཕྱོགས་སྐྱེ་བ་དགག་པའི་འཐད་པའི་རྣམ་གྲངས་གཞན་སྟོན་ཏེ།
དོན་ནི་སྔར་བཤད་ཟིན་ཏོ། །ཡོད་པ་ལས་ཞེས་པ་ནི་གྲངས་ཅན་གྱི་ལུགས་ཏེ་འབྲས་བུ་སྔ་ནས་ཡོད་པའི་རང་བཞིན་ལས་སྐྱེ་བའོ། །གསུམ་ཕྲད་པ་ནི་དབང་པོ་དང་དོན་དང་རྣམ་པར་ཤེས་པ་སྔ་མའོ། །གཞན་ནི་ཤེས་པར་ཟད་དོ། །གལ་ཏེ་དེ་འདྲ་བའི་ཕྱིན་ཅི་ལོག་ནི་དེ་དག་གི་རང་དགའི་
རྣམ་པར་རྟོག་པས་བརྟགས་པ་ཡིན་ནམ། སྔ་རབས་གཞན་གྱི་ཚིག་ལ་བརྟེན་པ་ཡིན་ཞེ་ན། དྲང་སྲོང་སེར་སྐྱ་ལ་སོགས་པ་གཞན་གྱི་ཚིག་ལ་བརྟེན་པ་ཡིན་ནོ་ཞེས་ལོག་པར་རྟོགས་པ་བརྒྱུད་པ་ཉིད་དུ་སྟོན་པ་ནི། བློ་གྲོས་ཆེན་པོ་དེ་དག་ལའང་ཞེས་པ་ལ་སོགས་པ་སྟེ། རང་གི་

མཚན་ཉིད་ནི་རང་གི་ངོ་བོ་སྟེ། དེ་ལྟ་བུར་སྟོན་པའི་བླ་མ་འགའ་ཞིག་ཡོད་ཅེས་པའོ། །དེ་དག་གིས་ཚུལ་ཇི་ལྟར་སྟོན་ཅེ་ན། འདས་པ་དང་ཞེས་པ་ལ་སོགས་པ་སྟེ། སྔར་བསྟན་པ་ལྟར་དེས་དབེན་དེའི་རྣམ་པ་ཅན་གྱི་མངོན་སུམ་ལ་སོགས་པའི་རིགས་པའི་ཡུལ་རྒྱུ་དང་
འབྲས་བུ་མ་འོངས་ནས་མེད་པའི་མཚན་ཉིད་དང་། དེའི་རྗེས་སུ་རྒྱུ་དམིགས་ཤིང་དེའི་རྗེས་སུ་འབྲས་བུ་ཡང་མཐོང་བ་སྟེ། ད་ལྟར་བྱུང་བའི་དངོས་པོ་ཡོད་པ་དང་། དེ་དག་ལས་རྒྱུར་མངོན་པར་འདོད་པ་ཅིག་མ་དམིགས་ན་འབྲས་བུ་ཡང་མི་དམིགས་ཞེས་པའི་དོན་འདས་ནས་མེད་པའི་
མཚན་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་གྱི་རྒྱུ་འབྲས་ཡོད་པར་དེ་འདྲ་བའི་རིགས་པ་དང་། ཡིད་ཆེས་པའི་གཞུང་གིས་བརྟག་ཅིང་གཞལ་བར་བྱ་བའི་ས་ལ་གནས་ཤིང་ཞེས་པ་སྟེ། དེ་ལྟ་བུའི་ཡུལ་ལ་བརྟེན་ཅིང་རང་གི་ལྟ་བའི་ཉེས་པའི་བག་ཆགས་ཀྱིས་སྟོན་
པ་སྟེ། ཇི་ལྟར་སྣང་བ་ཙམ་གྱི་དོན་ལ་བདེན་པའི་དངོས་པོར་ཕྱིན་ཅི་ལོག་ཏུ་ལྟ་བའི་ཉེས་པའི་བག་ཆགས་ལ་བརྟེན་ནས། སྔ་མ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པར་ཡོད་ཅེས་སྟོན་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་ལྟར་ཕྱིན་ཅི་ལོག་གིས་བསྟན་པ་ལ་
བྱིས་པའི་སྐྱེ་བོ་རྣམས་སེར་སྐྱ་ལ་སོགས་པའི་ཐམས་ཅད་མཁྱེན་པས་བསྟན་ཏོ་ཞེས་ཡིད་ཆེས་པར་འགྱུར་བ་ཉིད་དུ་སྟོན་ཏོ། །མི་མཉམ་པའི་བློ་ཅན་ཞེས་པ་ནི་དངོས་པོའི་མཚན་མ་སྣ་ཚོགས་སུ་འཛིན་པའོ། །མི་ཤེས་པ་ནི་སྟོན་པ་སྔ་མ་རྣམས་ལ་སྦྱར་བར་བྱའོ། །བློ་གྲོས་ཆེན་པོ་ཞེས་
པ་ལ་སོགས་པས་ཕྱིན་ཅི་ལོག་ལས་བཟློག་པའི་ཕན་ཡོན་སྟོན་ཏེ། །དེ་ལྟར་སྐྱེ་བ་ལ་སོགས་པའི་དངོས་པོའི་རང་བཞིན་མེད་པ་སྒྱུ་མའི་དཔེ་བརྒྱད་དུ་སྣང་བ་དང་འདྲ་བར་ཟུང་དུ་འཇུག་པའི་དོན་ཉིད་དུ་རྟོགས་ཞེས་པ་སྟེ། ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །སྤྲིན་དང་ཞེས་པ་
ནི་སྙིང་པོ་མེད་པའི་དཔེའོ། །མ་སྐྱེས་པ་ནི་གཟུགས་བརྙན་ནམ་མིག་ཡོར་ཏེ་གཟུགས་ཀྱི་དངོས་པོར་མ་སྐྱེས་པའོ། །ཕྱི་རོལ་གྱི་སེམས་ཀྱི་སྣང་བ་ཡང་དཔེ་དེ་རྣམས་དང་འདྲ་བར་རྟོག་པས་བརྟགས་པའམ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་བརྟགས་པ་ལས་བྱུང་བའི་སྣང་བ་ཙམ་དུ་མཐོང་ཞེས་

པའོ། །རྐྱེན་ཕྱིར་ལྡོག་པ་མེད་ཅེས་པ་ནི་ཕྱིན་ཅི་ལོག་གནས་མ་གྱུར་གྱི་བར་ལ་རྒྱུན་ཆགས་སུ་འབྱུང་བའོ། །མཚན་ཉིད་དང་མཚན་གཞི་ནི་མཚོན་པར་བྱེད་པའི་མཚན་ཉིད་དང་། དེ་དང་ལྡན་པའི་དངོས་པོའོ། །ལུས་ནི་དབང་པོ་དང་བཅས་པ་སེམས་ཅན་གྱི་ལུས་སོ། །ལོངས་སྤྱོད་ནི་འདོད་པའི་ཡོན་
ཏན་ལྔའོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །ཡུལ་ནི་དེ་དག་ལ་སོགས་པ་ཡུལ་གྱི་ངོ་བོ་ཉིད་དོ། །དེ་ཉིད་གཟུང་བའི་ཆོས་ཀྱི་མཚན་ཉིད་དང་། བློ་ནི་འཛིན་པའི་མཚན་ཉིད་དུ་བཏགས་པ་དང་བྲལ་བ་སྟེ། གཉིས་ཀྱི་རྣམ་པར་སྣང་བ་ཡིན་པས་སོ་སོ་རང་རིག་པའི་སྤྱོད་ཡུལ་དོན་དམ་པར་འདུས་བྱས་ཀྱི་
མཚན་ཉིད་སྤངས་པ་སྒྱུ་མ་ལྟ་བུའི་གཞན་གྱི་དབང་རྣམ་པར་རིག་པ་ཙམ་གྱི་དབུ་མའི་དོན་སྒོམ་པར་འགྱུར་ཏེ། དེ་ལྟར་བསྒོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་རིང་པོ་མི་ཐོགས་པར་ཚོགས་དང་མོས་པས་སྤྱོད་པའི་ས་ལས་འདས་ན། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་
རྟོགས་པ་ཐོབ་པ་སྟེ། ཇི་སྐད་དུ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟ་བུའོ། །ཡང་ཁྱད་པར་དུ་ནི་ས་
བརྒྱད་པ་ལ་བཤད་དེ། ཇི་སྐད་དུ། ཞིང་ནི་རྣམ་པར་སྦྱོང་བ་དང་། །མི་གནས་མྱ་ངན་འདས་པ་ཞེས། །འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་ཉིད་དུ་རྟོགས་པར་གསུངས་སོ། །ལྷུན་གྱིས་གྲུབ་པའི་སྦྱོར་བ་ཡང་སེམས་ཅན་སྨིན་པ་དང་། རང་གི་སངས་རྒྱས་ཀྱི་ཆོས་སྒོམ་པའི་སྦྱོར་
བ་སྟེ། ས་བརྒྱད་པ་ཡན་ཆད་དོ། །ཕྱི་རོལ་དུ་ལྟ་བས་མཚན་མ་མེད་ཅེས་པ་ནི་དེ་ལྟ་བུའི་ཚུལ་གྱིས་མཚན་མར་འཛིན་པ་མེད་པའོ། །རིམ་གྱིས་སའི་རིམ་པ་ཞེས་པ་ནི་ས་དང་པོ་ལ་སོགས་པ་བགྲོད་པའི་རིམ་གྱིས་ཞེས་པ་སྟེ། ཤེས་པར་ཟད་དོ། །འདིར་གཟུང་བ་དང་འཛིན་པའི་མཚན་ཉིད་དང་
མི་ལྡན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་འོག་ནས་བསྟན་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཁྱད་པར་དུ་ས་བརྒྱད་པ་ལའོ། །བདག་གི་སེམས་སྣང་བ་ཞེས་པ་ལ་སོགས་པས་ནི་དེ་ནས་རིམ་གྱིས་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པའོ། །སྐྱེ་བ་དང་བྱ་བ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་འམ་

སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་དང་། དེར་ཡང་སེམས་ཅན་སྨིན་པའི་བྱ་བ་བྱེད་པའོ། །ཏིང་ངེ་འཛིན་རྡོ་རྗེ་ལྟ་བུའི་གཟུགས་ནི་ཁྱད་པར་དུ་ས་བཅུ་པའི་གནས་སྐབས་ཏེ། རྣམ་པར་རྟོག་པ་ལ་སོགས་པས་ནི་མི་ཤིགས་ཤིང་། དེ་རྣམས་
ཉིད་འཇོམས་པར་བྱེད་པས་རྡོ་རྗེ་དང་ཆོས་མཐུན་པའོ། །དེ་ཉིད་ཆོས་ཀྱི་སྐུའི་རྗེས་སུ་འཇུག་པ་དེ་བཞིན་ཉིད་རྟོགས་ཤིང་། དེའི་རང་བཞིན་དུ་གྱུར་པའི་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་པ་སྟོབས་བཅུ་དང་། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་དང་། སྙིང་བརྩེ་བ་སྟེ་སྦྱོར་བ་མེད་
པའི་སྙིང་རྗེ་དང་། སྙིང་རྗེ་བ་སྟེ་སྦྱོར་བ་དང་བཅས་པའོ། །དེ་ལྟར་སྟོབས་ལ་སོགས་པ་ནི་འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་། བྱང་ཆུབ་སེམས་
དཔའི་མི་འཇིགས་པ་བཞི་དང་། བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གང་ཡོངས་སུ་སྦྱང་བ་བྱས་ཤིང་། ཕྱིར་མི་ལྡོག་པའི་བཟོད་པ་
ཐོབ་པ། ས་བརྒྱད་པ་ལ་གནས་ཤིང་ས་དགུ་ལ་འཕར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་དེ་དག་ལ་ཡོད་དེ་ཞེས་བྱང་ཆུབ་སེམས་དཔའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཤིན་ཏུ་རྒྱས་པར་བསྟན་ཏོ། །གཞན་ཡང་འཕགས་པ་ཆོས་ཡང་དག་
པར་སྡུད་པ་ལས་ཀྱང་། ས་བརྒྱད་པ་ཡན་ཆོད་ཀྱི་བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་རིགས་དང་ལྡན་པར་གསུངས་ཏེ། འོན་ཀྱང་དེ་དག་རྫོགས་པ་དང་མ་རྫོགས་པ་དང་། རྣམ་པར་དག་པ་དང་མ་དག་པའི་ཁྱད་པར་ནི་ཡོད་དོ་
ཞེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་ཞེས་པ་ནི་ནུས་པ་དང་ཤེས་རབ་ལ་སོགས་པས་དེ་རྣམས་རྗེས་སུ་གཟུང་བའི་དོན་དུ་ཉེ་བར་འགྲོ་བ་སྟེ། སྔོན་གྱི་ལས་དང་སྨོན་ལམ་ལ་སོགས་པའི་སྟོབས་ཀྱིས་ཀྱང་ཁྱད་པར་དུ་དེ་རྣམས་འདུལ་

བར་འགྱུར་བའོ། །རིམ་གྱིས་གནས་འཕོ་ཞེས་པ་ནི། རྣམ་པར་ཤེས་པ་རྣམས་སྔར་བཤད་པ་ལྟར་རིམ་གྱིས་གནས་པར་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དོན་སྒོམ་པ་ཉིད་དུ་གདམས་པའོ། །དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་
འབྲང་བ་རབ་ཏུ་ཐོབ་ཅེས་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའོ། །སེམས་དང་རྒྱུ་ཞེས་པ་ལ་སེམས་ཉིད་རྒྱུ་ཞེས་གཅིག་ཏུ་བསྡུས་ཏེ། སྔར་བཤད་པ་ལྟར་ཀུན་གཞི་རྣམ་པར་ཤེས་པའོ། །རྗེས་སུ་འབྲང་བར་བྱ་བ་ནི་བསྒོམ་པར་བྱའོ་ཞེས་པའོ། །གཞན་ཡང་སྲིད་པ་
གསུམ་དུ་སྣང་བ་ནི་བག་ཆགས་ཀྱིས་བྱུང་བའོ། །གཟུགས་སྣ་ཚོགས་ཀྱི་ནོར་བུ་དང་འདྲ་ཞེས་པ་ནི་ཤེལ་ཡོངས་སུ་དག་པས་སྔོན་པོ་ལ་སོགས་པའི་ཉེ་བར་བསྒྱུར་བའི་རྐྱེན་གྱིས་ཁ་དོག་སྣ་ཚོགས་སུ་སྣང་བ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པ་ཡང་གདུལ་བྱའི་
བསམ་པའི་བྱེ་བྲག་གིས་གཟུགས་སྣ་ཚོགས་སུ་སྣང་བའོ། །ཕྲ་བ་ནི་དེ་རྣམས་ཀྱི་རང་བཞིན་རྟོགས་པར་དཀའ་བའོ། །སེམས་ཙམ་དུ་འཇུག་པ་ནི་སྣང་བ་སེམས་སུ་རྟོགས་པའོ། །རབ་ཏུ་འཇོག་པ་ནི་རང་གིས་རྟོགས་ཤིང་གཞན་ལ་ཡང་སྟོན་པའོ། །འདི་རྣམས་ཀྱང་སྔར་གྱི་དྲི་བ་ཇི་ལྟར་ས་ལ་
འཇུག་པར་འགྱུར་ཞེས་པའམ། གང་གིས་སའི་རིམ་པར་ཞེས་པའི་ལན་དུ་ཡང་སྦྱར་བར་བྱའོ། །དེ་ལྟར་ཤེས་བྱའི་དོན་གཏན་ལ་འབེབས་པ་ན། རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་འགག་པའི་ཚུལ་བསྟན་པ་དང་། ཤེས་བྱ་བདེན་པ་བཞི་རྟོགས་པ་ཕན་ཡོན་དང་བཅས་ཏེ་བསྟན་ནས།
ད་ནི། །ཡིད་དང་རྣམ་པར་ཤེས་པ་དང་། །ཀུན་གཞི་དེ་ཡང་ཇི་ལྟ་བུར། །ཇི་ལྟར་སྣང་ལ་འཇུག་པར་འགྱུར། །ཅི་ཡི་སླད་དུ་སྣང་ལས་ལྡོག །ཅེས་དྲིས་པའི་ལན་དུ་རྣམ་པར་ཤེས་པ་དེ་རྣམས་ཀྱི་འཇུག་པ་དང་ལྡོག་པའི་ཚུལ་སྟོན་ཏེ། དེ་ལ་རེ་ཞིག་དེ་ནས་ཡང་ཞེས་པ་ལ་སོགས་པས་ཞུ་བའི་ཚིག་
བསྟན་པའོ། །རང་བཞིན་གསུམ་ལ་སོགས་པའི་མཚན་ཉིད་དེ། ཀུན་རྫོབ་བམ་དོན་དམ་པའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཉིད་རྗེས་སུ་རྟོགས་པའི་ཚུལ་གྱིས་ཁྱད་པར་དུ་འགྲོ་བའི་བདག་གི་སེམས་སྣང་བའི་སྤྱོད་ཡུལ་དང་། རྣམ་པར་བྲལ་བའི་གཉིས་སུ་

སྣང་བའི་མཚན་མ་དང་བྲལ་བར་བྱེད་པའོ། །རྗོད་པ་དང་བརྗོད་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ། དེ་ལྟར་སྣང་བའི་རྣམ་པར་རྟོག་པ་དང་། ཐ་སྙད་པའི་མངོན་སུམ་ལ་སོགས་པའི་རིགས་པ་དང་། དེའི་ཡུལ་དུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རྣམ་པར་
འཇིག་ཅེས་པ་སྟེ། ཤེས་པ་དང་ཤེས་བྱའི་རྒྱུ་བ་བཀག་པའོ། །དེ་ཡང་མེད་པར་དགག་པའི་བདག་ཉིད་མ་ཡིན་གྱིས། སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དོན་དམ་པའི་ཆོས་ཀྱི་རྣམ་གྲངས་མཁས་པ་དགའ་བ་
སྐྱེད་པར་བྱེད་པས་མེ་ཏོག་དང་འདྲ་བའོ། །ལང་ཀའི་གྲོང་རྡལ་ཞེས་པ་ལ་སོགས་པས་ཡང་བསྣན་ཏེ་ཞུས་པའོ། །ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཞེས་པ་ནི་དེའི་དེ་བཞིན་ཉིད་སངས་རྒྱས་རྣམས་ཀྱིས་རྟོགས་པར་བྱ་བའི་ཡུལ་ཡིན་པ་སྟེ། གཞི་མཐུན་པའི་དྲུག་པ་ཉིད་དུ་སྦྱར་བར་
བྱའོ། །དེ་ཉིད་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་ཞེས་ཉེ་བར་གདགས་ཏེ། ཆོས་ཀྱི་སྐུའི་རིགས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པས་ཆོས་ཀྱི་སྐུ་ཞེས་ཀྱང་བྱའོ། །རླབས་ལྟ་བུ་ནི་འཇུག་པའི་རྣམ་པར་ཤེས་པ་སྟེ། དེ་རྣམས་ཀྱང་སངས་རྒྱས་ཀྱི་མཉམ་པ་
ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གནས་གྱུར་གྱི་རྒྱུ་ཡིན་པས། ཆོས་ཀྱི་སྐུ་ཞེས་ཉེ་བར་གདགས་ཏེ། དེ་རྣམས་ཀྱི་འཇུག་པ་དང་ལྡོག་པའི་ཚུལ་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱིས་རྗེས་སུ་གསུངས་པ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཁྱད་པར་དུ་བཤད་དུ་གསོལ་ཞེས་
པའོ། །དེ་ནས་ཞེས་པ་ལ་སོགས་པས་དང་པོ་སྒོ་ལྔའི་རྣམ་པར་ཤེས་པ་འཇུག་པའི་ཚུལ་སྟོན་ཏོ། །དེ་ལྟར་རང་གི་སེམས་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་ཅེས་པའི་དོན་ནི། ཀུན་རྫོབ་ཏུ་མིག་གི་རྣམ་པར་ཤེས་པ་རང་གི་སྣང་བ་ཙམ་ལ་འཛིན་ཅིང་། དོན་དམ་པར་སྟོང་པ་ཉིད་
དུ་མ་རྟོགས་པ་སྟེ། ཟག་པ་དང་བཅས་པ་མིག་གི་རྣམ་ཤེས་སྐྱེ་བའི་འགལ་རྐྱེན་མེད་པ་ཉིད་དུ་བསྟན་པའོ། །སྤྲོས་པའི་གནས་ངན་ལེན་གྱིས་བསྡུས་པ་གཟུགས་སྣ་ཚོགས་སུ་སྣང་བའི་བག་ཆགས་དང་། དེའི་རྟེན་ཀུན་གཞི་རྣམ་པར་ཤེས་པ་ལ་དངོས་པོར་མངོན་པར་ཞེན་

པ་སྟེ། རྒྱུའི་རྐྱེན་ལ་མངོན་པར་ཞེན་པའོ། །རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་ནི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་སྟེ། དེ་ལ་ངོ་མཚར་དུ་འཛིན་ཅིང་དངོས་པོར་ཞེན་པའོ། །གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ནི་ཕྱི་རོལ་གྱི་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པར་སྣང་
བ་ལ་ངོ་མཚར་དུ་འཛིན་པ་སྟེ། མོས་པའི་ཁྱད་པར་དུ་གཏོགས་པ་དེ་ལྟར་མངོན་པར་ཞེན་པའི་ཡིད་ཀྱི་རྣམ་པར་ཤེས་པས་བསྡུས་པ་སྟེ། དམིགས་པའི་རྐྱེན་ལ་དངོས་པོར་ཞེན་པའོ། །ཡང་ནང་གི་གཟུགས་རྣམ་པ་སྣ་ཚོགས་ཏེ། གཟུགས་ཅན་གྱི་དབང་པོར་གྲགས་པ་ལ་སྔ་
མ་ལྟར་ངོ་མཚར་དུ་འཛིན་པ་སྟེ། བདག་པོའི་རྐྱེན་ལ་མངོན་པར་ཞེན་པའོ། །འདི་དག་གི་བསྡུས་པའི་དོན་ནི་ཟག་པ་དང་བཅས་པའི་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལ་རྐྱེན་བཞིར་གྲགས་པ་ལས། འདི་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ན་ཟག་པ་དང་བཅས་པའི་
རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་ཏེ། ཇི་ལྟར་གནས་གྱུར་པའི་གནས་སྐབས་ཉིད་བཞིན་ནོ། །དེ་ལས་གཞན་དུ་དེ་རྣམས་དངོས་པོའི་བདག་ཉིད་དུ་མངོན་པར་ཞེན་པའི་མཐུན་རྐྱེན་གྱིས་གསོས་བཏབ་པ་ན་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞེས་པའོ། །དེའི་ཕྱིར་ཚིག་དང་
པོས་འགལ་རྐྱེན་མེད་པ་ཉིད་བསྟན་ལ། གཞན་རྣམས་ཀྱིས་ནི་མཐུན་པའི་རྐྱེན་ཚོགས་པ་ཉིད་བསྟན་པའོ། །འདི་རྣམས་ཟག་པ་དང་བཅས་པ་ཉིད་ཡིན་པ་ཡང་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་
གྱི་རྣམ་པར་ཤེས་པ་ལྔ་ནི་ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་མ་ལགས་ལ། སེམས་རྩེ་གཅིག་པ་ཡང་མ་ལགས་ན། ཅིའི་སླད་དུ་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གྱི་རྣམ་པར་ཤེས་
པ་ལྔ་ནི། སེམས་རྩེ་གཅིག་པ་མ་ཡིན་ཡང་། ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་ཀྱང་ཡིན་ཏེ། ཟག་པ་རྣམས་སྐྱེད་པའི་ཕྱིར་ཟག་པ་དང་བཅས་པ་ཞེས་བྱའོ། །ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་ཏེ། འདུ་ཤེས་ལ་ཆགས་པས་ཕྱིན་ཅི་ལོག་པ་ཞེས་བྱའོ་ཞེས་

གསུངས་སོ། །འདིར་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་ཡིན་ལ། རང་བཞིན་ནི་རྒྱུ་སྟེ་ཀུན་གཞི་རྣམ་པར་ཤེས་པའོ། །གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡང་མིག་གི་རྣམ་པར་
ཤེས་པའི་རྒྱུན་ཐོག་མར་འབྱུང་བའི་རྒྱུ་སྟེ། དེ་ལ་ངོ་མཚར་དུ་འཛིན་པས་མིག་ཕྱེ་བ་ན་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེས་འཆད་དོ། །སྔ་མ་ལྟར་ན་དེ་མ་ཐག་པའི་རྐྱེན་མ་བསྡུས་པས་ཁྱབ་ཆུང་བ་ཉིད་དུ་འགྱུར་རོ། །དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཅེས་པ་ནི་གཟུགས་ཅན་གྱི་
དབང་པོ་རྡུལ་ཕྲ་རབ་ཏུ་འདུས་པར་སྣང་བ་ཙམ་ཡིན་གྱི་ཕྱི་རོལ་གྱི་རྡུལ་ནི་གྲུབ་པ་མེད་ཅེས་སྔར་བསྟན་ཏོ། །སྤུའི་ཁུང་བུ་ནི་ཁྱད་པར་དུ་ལུས་ཀྱི་དབང་པོར་སྣང་བའི་བ་སྤུའི་ཁུང་བུའོ། །དེ་རྣམས་ཀྱང་སྒྲ་ལ་སོགས་པ་རང་གི་སེམས་ཀྱི་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་དང་། གནས་
ངན་ལེན་གྱིས་བསྡུས་པ་སྒྲ་ལ་སོགས་པར་སྣང་བའི་བག་ཆགས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། སྒྲ་དང་དྲི་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་དང་། ཡང་ནང་གི་གཟུགས་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་
རབ་དང་། སྤུའི་ཁུང་བུ་རྣམས་ལ་ངོ་མཚར་དུ་འཛིན་ཅིང་དངོས་པོར་ཞེན་པའི་རྒྱུ་ལས་བྱུང་བའོ། །དེ་དག་ལས་ཡུལ་གྱི་རྣམ་པར་སྣང་བ་ཡང་། ཇི་ལྟར་མེ་ལོང་ལ་ཅིག་ཅར་གཟུགས་ཀྱི་རྐྱེན་མང་པོ་ཉེ་བར་གནས་པ་ན་རྫས་སུ་མ་གྲུབ་པའི་གཟུགས་བརྙན་མང་པོར་ཅིག་ཅར་སྣང་ཞིང་།
རྐྱེན་རིམ་གྱིས་ཉེ་བར་གནས་པ་ན། གཟུགས་བརྙན་ཡང་རིམ་གྱིས་སྣང་བ་བཞིན་དུ་ལྔ་ཆར་གྱི་རྐྱེན་ཅིག་ཅར་གནས་པ་ན། རྫས་སུ་མ་གྲུབ་པའི་ཡུལ་ལྔ་རུ་སྣང་བ་ཅིག་ཅར་འབྱུང་ལ། རྐྱེན་རྣམས་རིམ་གྱིས་ཉེ་བ་ན་རིམ་གྱིས་འབྱུང་བའོ། །གཅིག་དང་ཐ་དད་ལས་གྲོལ་བ་ནི་ཀུན་གཞི་
དང་འཇུག་པའི་རྣམ་པར་ཤེས་པའམ། འཇུག་པའི་རྣམ་པར་ཤེས་པ་ཕན་ཚུན་ཡང་རུང་སྟེ། དོན་དམ་པར་གཅིག་དང་ཐ་དད་ལས་གྲོལ་བ་སྟེ། རང་བཞིན་གྱིས་སྟོང་པའོ། །ཀུན་རྫོབ་ཏུ་ཡུལ་སོ་སོར་རྣམ་པར་འཇོག་པའི་ལས་དང་། རིགས་ཀྱི་མཚན་ཉིད་ཅེས་པ་རང་གི་རྒྱུད་དུ་

གཏོགས་པའི་རྒྱུའི་མཚན་ཉིད་དང་། ཤིན་ཏུ་འབྲེལ་པའི་རང་བཞིན་ལ་བདག་ཉིད་ཀྱིས་དེ་ལྟ་བུའི་ངོ་བོ་ཉིད་དུ་ཁོང་དུ་མི་ཆུད་པ། རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་ཅེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པའི་ཚུལ་སྟོན་ཏེ། ལྔ་པོ་དེ་
དག་དང་ལྷན་ཅིག་ཅེས་པ་ནི། གང་ཟག་གཅིག་གི་རྒྱུད་ཀྱིས་བསྡུས་པའི་དུས་དང་སྤྱོད་ཡུལ་མཚུངས་པར་རྒྱུ་བའོ། །དེ་སྐད་དུ་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་ཏུ་རྗེས་སུ་འཇུག་པ་དུས་མཚུངས་པ་སྤྱོད་ཡུལ་མཚུངས་པ་
རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །གལ་ཏེ་རྣམ་པར་རྟོག་པའི་ཡུལ་ནི་སྒྲོ་བཏགས་སྤྱིའི་རྣམ་པ་ཡིན་ལ། དབང་པོའི་ཤེས་པའི་ཡུལ་ནི་སྒྲོ་མ་བཏགས་པའི་རང་གི་མཚན་ཉིད་མ་ཡིན་ནམ། ཇི་ལྟར་དེ་དག་ཡུལ་
མཚུངས་པར་འགྱུར་ཞེ་ན། སྐྱོན་མེད་དེ། ཕྱི་རོལ་དུ་གྱུར་པའི་རང་གི་མཚན་ཉིད་ནི་ཡོད་པ་མ་ཡིན་ལ། ཤེས་པའི་བདག་ཉིད་དུ་གྱུར་པའི་རང་རང་གི་རྣམ་པ་ནི་མཚུངས་པ་ཉིད་དུ་སྣང་བའི་ཕྱིར་རོ། །རྒྱུ་དང་ཡུལ་བྱེ་བྲག་འབྱེད་པ་ནི་དོན་འདི་ནི་རྒྱུ་འདི་ལྟ་བུ་ལས་གྱུར་པ་ཡིན་ལ་རང་
གི་རང་བཞིན་ནི་འདི་དང་འདི་ལྟ་བུ་ཞེས་ཐ་སྙད་འདོགས་པར་བྱེད་པ་སྟེ། དེ་ཉིད་ཙམ་ལ་ཁོང་དུ་ཆུད་པར་བྱེད་པ་ཞེས་ཀྱང་བྱ་སྟེ། ངེས་པའི་རྣམ་པ་ཅན་ཀྱི་བློ་ཡིན་པས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་གི་རྒྱུ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ། །གལ་ཏེ་དེ་ལྟར་ན་རྒྱུ་དང་འབྲས་བུ་དུས་
མཚུངས་པར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དེ་རྣམས་ཕན་ཚུན་གཉིས་ཀ་ཡང་རྐྱེན་དུ་གྱུར་པ་ཡིན་མོད་ཀྱི། སྤྱིར་རྒྱུན་ལ་ལྟོས་ཏེ་དུས་མཚུངས་པ་མི་འགལ་ཏེ། ཇི་ལྟར་རོ་དང་གཟུགས་ལ་སོགས་པ་བཞིན་ནོ། །དེ་དག་དང་དེ་ཞེས་པ་ལ་སོགས་པས་ནི་སྒོ་ལྔའི་རྣམ་པར་ཤེས་པ་དེ་
དག་དང་། ཡིད་ཀྱི་རྣམ་པར་ཤེས་པ་དེས་དེ་རྣམས་རང་རང་གི་འཇུག་པ་མི་རྟོགས་པ་ཉིད་དུ་སྟོན་ཏོ། །འོན་ཀྱང་ཞེས་པ་ལ་སོགས་པས་ཀུན་གཞི་དང་། དེ་ལ་བརྟེན་པའི་ཉོན་མོངས་པ་ཅན་གྱི་འཇུག་པ་ནི་རྟོགས་པར་དཀའ་བ་ཉིད་དུ་སྟོན་ཏོ། ཕན་ཚུན་ཐ་མི་དད་པ་ནི་སྤྱིའི་མཚན་ཉིད་དེ།

སྔར་བསྟན་པ་བཞིན་ནོ། །རྣམ་པར་རིག་པའི་ཡུལ་བྱེ་བྲག་འབྱེད་པ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་ལ་ཐ་སྙད་འདོགས་པ་སྟེ། སྔར་བསྟན་པའི་དོན་ཉིད་རྗེས་སུ་བརྗོད་པའོ། །དེ་ལ་འདིར་སྒོ་ལྔའི་རྣམ་པར་ཤེས་པ་ཅིག་ཅར་བྱུང་བ་ན། དེ་དང་རྗེས་སུ་
མཐུན་པ་རྟོག་པ་དང་བཅས་པ་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་ཐ་དད་པ་ལྔ་འབྱུང་ངམ། །འོན་ཏེ་གཅིག་ཉིད་འབྱུང་བར་འགྱུར། །སྔ་མ་ལྟར་ནི་མི་འཐད་དེ། །རྟོག་པ་དུ་མ་ཅིག་ཅར་འཇུག་པ་མེད་པར་ཉམས་སུ་མྱོང་བའི་ཚད་མས་གྲུབ་པ་དང་། གཞན་ཡང་། འདི་ལྟར་རྣམ་
པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་སྔོན་གྱི་མཁས་པས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་ཡུལ་ལྔའི་རྣམ་པ་འགལ་བར་སྣང་བ་ནི་གཅིག་པ་ཉིད་དུ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདིར་དུས་མཉམ་པ་ཉིད་དུ་ཡིད་ཀྱི་རྣམ་པར་
རྟོག་པ་དུ་མ་འབྱུང་བ་ནི་མ་ཡིན་ཏེ། སྔར་བསྟན་པའི་ཚད་མས་གནོད་པ་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་ལྔ་ཆར་ལྷན་ཅིག་བྱུང་ན་ཡང་དེར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་
པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་གཅིག་པོ་དེ་ཡུལ་ལྔ་ཆར་གྱི་རྣམ་པར་སྣང་བ་ན་ནི་སྔར་བསྟན་པ་ལྟར་རྣམ་པ་འགལ་བས་གཅིག་པ་ཉིད་དུ་མི་རུང་ལ། ཡུལ་གང་ཡང་རུང་བའི་རྣམ་པར་སྣང་ན་ནི། ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་ཞེས་
པའི་མདོའི་དོན་མི་འཐད་དོ་ཞེ་ན། མ་ཡིན་ཏེ་དེ་ནི་སྔར་གྱི་ཡུལ་གང་ལ་གོམས་པ་ལ་སོགས་པའི་ཡུལ་དེ་ཉིད་ཀྱི་རྣམ་པར་སྣང་ལ། ལྔ་པོ་དག་དང་མཚུངས་ཞེས་པའི་དོན་ནི་ལྔ་པོ་དེ་རྣམས་ལས་འདི་ཁོ་ན་དང་སྤྱོད་ཡུལ་མཚུངས་པར་སྣང་ངོ་ཞེས་པའི་ངེས་པ་མེད་དེ། གོམས་པ་ལ་
སོགས་པའི་རྐྱེན་དང་ལྡན་པ་གང་ཡུང་རུང་བ་དང་སྤྱོད་ཡུལ་མཚུངས་པར་སྣང་བའོ། །འདིར་ཉེ་བར་གྱུར་པ་ལས་བྱུང་བའི་ཡིད་རྣམ་པར་རྟོག་པ་མེད་པ་ནི་དུ་མ་རྣམས་ཀྱང་འབྱུང་བར་སྲིད་མོད་ཀྱི། སྒྲུབ་པར་བྱེད་པའི་ཚད་མ་ནི་མ་མཐོང་ངོ་། །དེ་ལྟར་སྔར་གྱི་དོན་རྗེས་སུ་བརྗོད་ནས་སྐབས་

ཀྱི་དོན་ཉིད་སྟོན་པ་ནི། དེ་ལྟར་འཇུག་པའི་ཚེ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་དེ་ལྟར་འཇུག་པའི་ཚེ་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་མཉམ་པར་གཞག་པའི་རྣལ་འབྱོར་ཅན་གྱིས་ཀྱང་འཇུག་པའི་རྣམ་པར་ཤེས་པའི་བག་ཆགས་ཀུན་གཞི་ལ་
ཡོད་པ་དེའི་བདག་ཉིད་དུ་གྱུར་པ་རྒྱུན་གྱིས་འཇུག་པ་རྣམས་ཤིན་ཏུ་ཕྲ་བའི་ཕྱིར་མི་རྟོགས་ཏེ། ཇི་སྐད་དུ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་
གསུངས་པ་ལྟ་བུའོ། །དེ་ལྟར་ན་དེ་འདྲ་བའི་རྣལ་འབྱོར་ཐོབ་པ་རྣམས་ནི་འདི་ལྟར་བདག་ཅག་ནི་ཡུལ་ལ་འཇུག་པའི་རྣམ་པར་ཤེས་པ་བཀག་ནས་སྙོམས་པར་འཇུག་ཅེས་པ་ལ་སོགས་པའི་དོན་ནི་ཤེས་པར་ཟད་དོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་རྟོགས་པར་ནུས་
པའི་གང་ཟག་གི་ཁྱད་པར་སྟོན་ཏེ། ས་ལ་རབ་ཏུ་གནས་པ་ནི་ཡང་དག་པའི་ས་སྟེ། རབ་ཏུ་དགའ་བ་ཡན་ཆོད་ལ་གནས་པའོ། །དེ་ལྟར་ཡང་། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བས་ལྡོག་བྱ་སྟེ། །ཞེས་གསུངས་པ་དང་། གཞན་ཡང་། འཇིག་རྟེན་ཆོས་མཆོག་མན་
ཆོད་ནས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་ཉིད་དུ་གསུངས་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་ཚུལ་ལུགས་བདག་ཉིད་ཐམས་ཅད་ནས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། ཇི་སྐད་དུ། དཔེར་ན་མར་
སྲུབས་ཞོ་ལ་ཡང་། །དེ་ན་མར་ཡོད་མི་སྣང་བ། །སྲུབས་པའི་ཚུལ་གྱིས་མཐོང་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །རྣམ་ཤེས་བདུན་དང་ལྡན་པ་ཡང་། །རྣམ་པར་སྲུབས་ཤིང་སྟུག་སྤྱོད་པའི། །ཐུབ་དབང་རྣམས་ཀྱིས་མཐོང་བར་འགྱུར། །ཞེས་གསུངས་པའི་ཕྱིར་
རོ། །ཁོང་དུ་ཆུད་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་སོ། །ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་བསྒོམས་པ་ལས་བྱུང་བའི་ཤེས་པའོ། །འདིར་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཐོས་པ་དང་

བསམ་པའི་ཤེས་པས་སྤྱིའི་རྣམ་པའི་ཚུལ་དུ་རྟོགས་པར་འགྱུར་བའོ། །དེ་ལྟར་རྟོགས་པའི་དོན་གོང་ནས་གོང་དུ་གོམས་ཤིང་ཚོགས་ཁྱད་པར་ཅན་བསགས་པ་ལ་བརྟེན་ནས། དེའི་རང་གི་མཚན་ཉིད་རྟོགས་པར་འགྱུར་རོ་ཞེས་སྔར་གྱི་དོན་ཉིད་གསལ་བར་
བཤད་པ་ནི། བློ་གྲོས་ཆེན་པོ་གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ་ཚིག་རབ་ཏུ་ཕྱེ་བ་ལ་རྣམ་པར་གདོན་མི་ཟ་ཞེས་པ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བོ། །རྒྱལ་བ་རྣམས་ལ་མཐའ་ཡས་པའི། །དགེ་བའི་རྩ་བ་བསགས་པ་ནི་རྙེད་པ་དང་བཀུར་སྟི་དང་སྒྲུབ་པའི་མཆོད་
པ་དེ་དག་མཉེས་པར་བྱས་པ་སྟེ། ཇི་སྐད་དུ། །བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་གང་། །ཞེས་གསུངས་པ་ལྟ་བུའོ། །རང་གི་སེམས་སྣང་བ་ལ་ཕྱི་རོལ་ལ་སོགས་པའི་
རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་སྟེ། ཤེས་རབ་དང་ཡེ་ཤེས་ལ་མཁས་ཞེས་སྔར་བསྟན་པ་དང་སྦྱར་ཏེ། ཞི་གནས་དང་འབྲེལ་པའི་ཤེས་རབ་བསྒོམས་པ་ལས་བྱུང་བའོ། །ནགས་ཚལ་སྟུག་པོ་དང་། ཕུག་དང་ཤིང་ཁྲོད་ན་གནས་ཤིང་ཞེས་པ་ནི་འདུ་འཛི་སྤངས་ཤིང་ལུས་རྣམ་པར་
དབེན་པ་སྟེ། ཞི་གནས་ཀྱི་ཡན་ལག་གོ། །དེ་སྐད་དུ་ཡང་འཕགས་པ་སའི་སྙིང་པོའི་མདོ་ལས། ཏིང་ངེ་འཛིན་བསྒོམ་པ་དག་གལ་ཏེ་ཏིང་ངེ་འཛིན་མང་པོ་མ་གྲུབ་ན། ནམ་གྱི་སྟོད་དང་ནམ་གྱི་སྨད་ལ་མི་ཉལ་བར་བྱ་སྟེ། བརྩོན་འགྲུས་སུ་བསླབ་ཅིང་བསྒོམ་པ་དང་། འདུ་འཛི་
ཡོངས་སུ་སྤངས་ཏེ། འདོད་པ་ཆུང་ཞིང་ཆོག་ཤེས་པར་བྱ་བ་དང་ཞེས་པ་ལ་སོགས་པ་གསུངས་ཤིང་། གཞན་ཡང་། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་ཏེ། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །ཞེས་ཡང་དག་པའི་ཤེས་རབ་ཀྱང་ཏིང་ངེ་འཛིན་ལ་རག་ལས་པ་ཉིད་
དུ་གསུངས་སོ། །ཡང་རྣམ་པ་གཅིག་ཏུ་ན། འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་རྟོག་པ་དང་བྲལ་བ་སེམས་རྣམ་པར་དབེན་པ་ཉིད་མཚོན་པར་ཟད་དེ། ཡང་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཞི་གནས་ཀྱི་དམིགས་པ་རྙེད་ཟིན་པས་ལུས་རྣམ་

པར་དབེན་པ་ལ་ཆེད་ཆེར་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང་། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པར། །དེ་ན་དགྲ་བཅོམ་རང་རྒྱལ་འདོད་པ་གཞན་མི་སྐྱེད། །འདི་ནི་བདེ་བར་གཤེགས་པའི་སྲས་ཀྱིས་དབེན་པར་
གསུངས། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱེད་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ནི། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཤིང་
ཁྲོད་ཅེས་པ་ནི་ཤིང་གཅིག་ལ་སོགས་པའི་དྲུང་ངོ་། །རྣལ་འབྱོར་རབ་དང་འབྲིང་དང་ཐ་མ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་དང་། རྣམ་པར་རྟོག་པའི་གཟུགས་བརྙན་ཞི་གནས་ཀྱི་དམིགས་པ་སྟེ། དམིགས་པ་གཉིས་པོ་ཙམ་ཐོབ་པ་
འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་གནས་སྐབས་དང་། དེ་དག་ཟུང་དུ་འབྲེལ་ཅིང་དངོས་པོ་མཐའི་དམིགས་པ་ཐོབ་པ་མཐོང་བའི་ལམ་ནས་ས་བརྒྱད་པའི་བར་དང་། ས་བརྒྱད་པ་ནས་ས་བཅུ་པའི་བར་དགོས་པ་ཡོངས་སུ་འགྲུབ་པའི་དམིགས་པ་ཐོབ་པའི་གནས་སྐབས་ཏེ།
དེ་ལྟར་རྣམ་པ་གསུམ་དང་གོ་རིམས་ལས་བཟློག་པའི་ཚུལ་གྱིས་སྦྱར་བར་བྱའོ། །ཡང་ན་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ཚིག་རྣམས་གཅིག་ཏུ་བསྡུས་པའི་དེ་བཞིན་ཉིད་ལ་དམིགས་པ་དང་།
འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཀྱི་ཚིག་དོན་ཐོས་པ་དང་བསམ་པའི་ཤེས་པས་བཟུང་ཞིང་བསམ་པའི་དོན་རྣམས་ཀྱིས་དེ་བཞིན་ཉིད་ལ་དམིགས་པ་དང་། འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པའི་ཞི་གནས་
དང་ལྷག་མཐོང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང་། དེའི་ཡུལ་ཐམས་ཅད་ཤེས་ཤིང་དོན་དམ་པར་དེ་རྣམས་ཀྱི་དེ་བཞིན་ཉིད་དབྱེར་མེད་པ་མངོན་སུམ་དུ་རྟོགས་པ་སྟེ། དེ་རྣམས་གསུམ་དང་གོ་རིམས་བཟློག་པའི་ཚུལ་གྱིས་སྦྱར་

བར་བྱའོ། །འདིར་བཤད་པ་སྔ་མའི་ཤེས་པར་བྱེད་པ་ནི། ཇི་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེས་སྔར་ཞི་གནས་དང་ལྷག་མཐོང་ཐོབ་པས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་རྟོག་པའི་གཟུགས་
བརྙན་གྱི་དམིགས་པ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། །དེ་ལྟར་མཐོང་བའི་ལམ་ཐོབ་པས་དངོས་པོ་མཐའི་དམིགས་པ་ཐོབ་པ་ཡིན་ཏེ། དེས་གོང་མ་གོང་མ་རྣམས་སུ་བསྒོམ་པའི་ལམ་ལ་ཞུགས་ཤིང་དམིགས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ནི། འདི་ལྟ་སྟེ། དཔེར་ན་ལ་ལ་
ཞིག་ཁྱི་གུ་ཆེས་ཕྲ་མོས་ཁྱི་གུ་ཆེས་སྦོམ་པོ་འབྱིན་པ་དེ་བཞིན་དུ་ནང་གི་མཚན་མའི་རྣམ་པར་སེལ་བར་བྱེད་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ཆ་དང་མཐུན་པའི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དེ། མཚན་མ་རྣམ་པར་སེལ་བ་ན་གནས་ངན་ལེན་རྣམས་ཀྱང་སེལ་བར་
བྱེད་དོ། །མཚན་མ་དང་གནས་ངན་ལེན་ཐམས་ཅད་ལེགས་པར་བཅོམ་པས་རིམ་གྱིས་ས་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྦྱོང་བར་བྱེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། དགོངས་པ་
ཡོངས་སུ་གྲུབ་པའི་དམིགས་པ་ཡང་ཐོབ་སྟེ་ཞེས་གསུངས་པའོ། །བཤད་པ་གཉིས་པའི་ཤེས་བྱེད་ཀྱང་མདོ་དེ་ཉིད་ལས་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ནི་གང་ལགས་ཞེས་དྲིས་པ་ལ་སོགས་པའི་ལན་དུ། བྱམས་པ་མདོའི་སྡེ་ནས་ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་
བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དག་སོ་སོར་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན་པར་ཤེས་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་ཏེ། མདོ་དེ་ཉིད་ཀྱི་རྗེས་སུ་འབྲངས་
ཏེ་རྟོགས་པར་བྱའོ། །ཚིག་གི་དོན་གཞན་ནི་ཕལ་ཆེར་སྔར་བསྟན་པ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །བློ་གྲོས་ཆེན་པོ་དགེ་བའི་བཤེས་གཉེན་ཞེས་པ་ལ་སོགས་པས་ནི་བཤད་པ་དང་འཆད་པར་འགྱུར་བའི་ཕན་ཡོན་དང་ལྡན་པས། སངས་རྒྱས་དང་བྱང་ཆུབ་སེམས་

དཔའི་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་བ་ཉིད་དུ་སྟོན་ཏེ། ཇི་སྐད་དུ། སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟན། །ཞེས་གསུངས་པ་དང་། དེ་ཡང་ཆོས་བཞི་དང་ལྡན་པ་སྟེ། ཇི་སྐད་དུ། བསྟན་
པའི་བློ་གྲོས་ཆོས་གཞན་བཞི་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཚར་གཅོད་པའི་ཚིག་དང་ལྡན་པ་ཡིན། ཆོས་ཟབ་མོ་ལ་སྦྱོར་བར་བྱེད་པ་ཉིད་ཡིན། དུས་དུས་སུ་གདམས་ངག་གི་ཚིག་དང་ལྡན་པ་ཉིད་ཡིན། དུས་དུས་སུ་ཡལ་བར་འཇོག་པ་
ཉིད་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཞེས་པ་དང་། གཞན་ཡང་ཆོས་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། བསྟན་པའི་བློ་གྲོས་འདི་ལ་དགེ་བའི་བཤེས་གཉེན་ནི་མངོན་པར་འབྱུང་བ་ལ་སྦྱོར་དུ་འཇུག་པ་ཡིན། དོན་ཟབ་མོ་ལ་ངེས་པར་སེམས་
པ་ལ་སྦྱོར་དུ་འཇུག་པ་ཡིན། བསམ་གཏན་གྱི་དམིགས་པ་ཐམས་ཅད་ལ་མ་ཆགས་པ་ཉིད་ལ་སྦྱོར་དུ་འཇུག་པ་ཡིན། མཚན་མ་མེད་པའི་དམིགས་པ་ཉིད་ལ་སྦྱོར་དུ་འཇུག་པ་ཡིན་ཏེ། བཞི་པོ་དེ་དག་གོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །དོན་དེ་རྣམས་ཉིད་ལྷག་མ་དང་བཅས་
ཏེ་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་ཏེ་བསྟན་པ་ལས། དང་པོར་ཚིགས་སུ་བཅད་པ་གཉིས་ཀྱིས་རྒྱ་མཚོ་དང་རླབས་ལྟ་བུར་འཇུག་པའི་རྣམ་པར་ཤེས་པ་ནི་ཀུན་གཞིའི་ཡོངས་སུ་འགྱུར་བའམ། གནས་སྐབས་ལྟ་བུར་བསྟན་ཏེ། དེ་ལ་གར་ཅིང་ཞེས་པ་ནི་མྱུར་དུ་སྣ་ཚོགས་སུ་བསྒྱུར་
ཞིང་གཡོ་བའོ། །རྣམ་པར་ཆད་པ་མེད་ཅེས་པ་ནི་རྒྱུ་རྐྱེན་ཚོགས་པ་ནའོ། །སྔོན་པོ་དམར་པོ་ཞེས་པ་ལ་སོགས་པས་དཔེ་གཞན་དུ་མའི་སྒོ་ནས་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་གཅིག་དང་ཐ་དད་པ་ལས་གྲོལ་བ་ཉིད་དུ་སྟོན་ཏེ། དེའི་དོན་ནི་སྔར་བསྟན་ལ། གཞན་ཡང་ཇི་
ལྟར་དབའ་རླབས་རྒྱ་མཚོ་ལས་གཞན་མ་ཡིན་ཞིང་། དབའ་རླབས་དང་རྒྱ་མཚོ་བདག་ཉིད་ཐམས་ཅད་ནས་ཁྱད་པར་མེད་ཅིང་གཅིག་པ་ཉིད་ཀྱང་མ་ཡིན་ཏེ། རྒྱ་མཚོའི་མཆིང་གཡོ་བ་མེད་པ་བཞིན་དུ་དབའ་རླབས་ཀྱང་གཡོ་བ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཀུན་གཞི་

རིགས་ཀྱི་མཚན་ཉིད་ལས་འཇུག་པའི་རྣམ་པར་ཤེས་པ་ཐ་དད་པ་མ་ཡིན་ཞིང་། ཡང་བདག་ཉིད་ཐམས་ཅད་ནས་ཁྱད་པར་མེད་ཅིང་གཅིག་པ་ཡང་མ་ཡིན་ཏེ། རྒྱུན་འགག་པ་མེད་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལྟར་གནས་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་
ཤེས་པའི་ཚོགས་བརྒྱད་དུ་བསྟན་པ་ནི་འགལ་བ་མེད་པའོ། །འདིར་ཚིག་གི་དོན་ནི་མེ་ཏོག་ཨུཏྤ་ལ་དང་དེའི་སྔོན་པོ་དང་། པད་མ་དང་པད་མའི་དམར་པོ་དང་། ལན་ཚྭ་དང་དེའི་རོ་དང་། དུང་དང་དུང་གི་དཀར་པོ་དང་། འོ་མ་དང་། ཁ་ར་དང་། དེ་དག་གི་མངར་བ་དང་། བསྐ་བའི་
འབྲས་བུ་ཨ་རུ་ར་ལ་སོགས་པ་དང་། དེ་དག་གི་བསྐ་བའི་རོ་དང་། ཉི་མ་དང་ཉི་མའི་འོད་ཟེར་ལ་སོགས་པ་བདག་ཉིད་ཐམས་ཅད་ནས་གཅིག་ཅིང་ཁྱད་པར་མེད་པ་ཡང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཐ་དད་པ་མ་ཡིན་ཞེས་པའོ། །ཡང་འདིར་དོན་དམ་པར་ནི་རྣམ་པར་ཤེས་པའི་དངོས་
པོ་ཉིད་མ་གྲུབ་པས་ཤིན་ཏུ་ཡང་གཅིག་དང་ཐ་དད་པ་ལས་གྲོལ་བའོ། །རྒྱ་མཚོ་ཡོངས་སུ་གྱུར་ཞེས་པ་ལ་སོགས་པས་སྔར་གྱི་དོན་བསྡུས་ཏེ་བསྟན་པའོ། །སེམས་དང་ཡིད་དང་ཞེས་པ་ལ་སོགས་པས་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་རྣམས་ཀྱང་དོན་དམ་པར་གཅིག་
དང་ཐ་དད་པ་ལས་གྲོལ་བ་ཉིད་དུ་བསྟན་པ་ན་གཞན་དག་དེ་ལྟར་རྣམ་པར་ཕྱེ་སྟེ་བསྟན་པ་མི་འཐད་དོ་སྙམ་དུ་དོགས་པ་སེལ་བ་སྟེ། དེའི་དོན་ནི་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་བརྒྱད་ཀྱི་མཚན་ཉིད་མ་འདྲེས་ཤིང་ཐ་དད་པར་གནས་ལ། དེ་ལྟར་བྱིས་པ་རྣམས་ལ་བསྟན་པའི་དོན་
དུ་རབ་ཏུ་བརྟག་ཅིང་བཤད་པའོ། །དོན་དམ་པར་ནི་མཚན་ཉིད་མེད་པའི་མཚན་ཉིད་ཅན་དུ་རོ་གཅིག་ཅིང་ཐ་དད་པ་མ་ཡིན་ཞེས་པའོ། །དེ་ལ་ཡོངས་སུ་གྱུར་པ་མི་རྙེད་ཅེས་པ་ནི། ཀུན་གཞི་ཡོངས་སུ་གྱུར་པའི་རྣམ་ཤེས་ཐ་དད་པ་དོན་དམ་པར་མ་གྲུབ་ཅེས་པའོ། །སེམས་ནི་
ལས་རྣམས་སོགས་ཅེས་པ་ལ་སོགས་པས་ནི་ཀུན་རྫོབ་ཏུ་ཐ་དད་པའི་ཚུལ་བསྟན་པ་སྟེ། ཀུན་གཞི་ནི་བག་ཆགས་ཀྱི་རྟེན་བྱེད་པའི་སྒོ་ནས་སོགས་པར་བྱེད་པ་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་དམ། དྲུག་པོ་འདས་མ་ཐག་པའི་ཡིད་ཀྱང་རུང་སྟེ། བག་ཆགས་

བསྒོས་པར་བྱེད་པའི་སྒོ་ནས་སོགས་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་གིས་ནི་ཡུལ་རྣམ་པར་རིག་པ་སྟེ། དེ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་ད་ལྟར་བའི་