Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 122

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
ྤྱོད་པ་དང་། དཀོན་མཆོག་གི་ཕོ་བྲང་ལ་སོགས་པར་དྲི་མ་ངན་པ་མི་འདོར་བའོ། །གཞན་ཡང་ཁྱིམ་པའི་རྟགས་སྤང་བར་བྱ་བའི་དོན་དུ། སྣམ་བུ་སྔོན་པོར་བཙོས་པ་དང་། བ་ལང་གི་ལྕི་བ་དང་ས་དང་

འབྲས་བུ་དང་། ལོ་མ་ལ་སོགས་པའི་ཚོན་གྱིས་དཀར་པོའི་གོས་རྣམས་ངུར་སྨྲིག་གི་ཁ་དོག་དུ་བསྒྱུར་བའོ། །དེ་བཞིན་དུ་རྣལ་འབྱོར་བསྒོམ་པའི་གེགས་སུ་འགྱུར་བའི་བཟོ་དང་སྒྱུ་རྩལ་ལ་སོགས་པ་བསླབ་པར་མི་བྱ་བའོ། །འོན་ཀྱང་དེ་དག་ནི་འདོད་པའི་ཡོན་ཏན་ལ་མངོན་
པར་དགའ་བའི་ཁྱིམ་པ་རྣམས་ཀྱིས་བྱ་སྟེ། དེ་ཡང་ཐབས་དང་ཤེས་རབ་ཀྱིས་ཟིན་པར་བྱ་བའོ། །གོས་གསུམ་ནི་བླ་གོས་དང་། མཐང་གོས་དང་། ཆོས་གོས་སྣམ་སྦྱར་རོ། །བདེ་བར་བྱིན་པ་ནི་ནན་གྱིས་བླངས་བ་མ་ཡིན་པ་སྟེ། གོས་ཀྱི་རིན་དུ་སྦྱོར་བར་བྱའོ། །འདྲེས་པར་གྱུར་པའི་འཚོ་བ་ནི་རྩོད་
པའི་གཞི་ཡིན་པས་སྤང་བར་བྱ་བའོ། །ཤི་བ་དང་བྱིས་པ་བཙས་པའི་ཁྱིམ་དུ་ཤིད་ཟན་དང་། དགའ་སྟོན་གྱི་ཟས་བཟའ་བར་མི་བྱ་སྟེ། གདུང་བ་དང་ཆགས་པས་གཡེང་བར་འགྱུར་བའི་ཕྱིར་རོ། །ཡང་དུ་བ་འཐུལ་བའི་གཙུག་ལག་ཁང་རྣམས་སུ་རིམ་གྱིས་ཟས་ཀྱི་དོན་དུ་རྟག་ཏུ་བསྟེན་
ཅིང་དོན་དུ་གཉེར་བ་སྤང་བར་བྱའོ། །དེ་དག་ལ་སོགས་པ་བདག་གི་འདོད་པ་བསྒྲུབ་པར་བྱ་བའི་དོན་དུ་བྱ་བ་གང་བྱེད་པ་རྣམས་ནི་མི་རུང་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཐམས་ཅད་ནི་གཞན་གྱི་དོན་དུ་བྱ་བར་རིགས་པའི་ཕྱིར་རོ། །འདི་རྣམས་ཀྱང་། རྣལ་འབྱོར་ལ་ནི་ཇི་ལྟར་
འཇུག །ཅེས་པ་ལ་སོགས་པའི་ལན་དུ་སྦྱར་བར་བྱའོ། །འཇིག་རྟེན་ཞེས་པ་ལ་སོགས་པས་ནི་དེ་རྣམས་ལ་ཞེན་པ་སྤང་བ་ཉིད་དུ་སྟོན་ཏེ། འཇིག་རྟེན་རྒྱུ་རྐྱེན་ལས་བྱུང་ཞེས་པ་ལ་སོགས་པས་ནི་རང་གི་སྡེ་པས་བརྟགས་པའི་ཕྱོགས་སྤངས་པའོ། །བསམ་པ་མེད་པར་ཞེས་པས་ནི་
མཚན་མར་འཛིན་པའི་བསམ་པ་སྤངས་པའོ། །གཞན་ཡང་སྡེ་སྣོད་དག་ལས་བཤད་པ་རྣམས་ཀྱི་ནང་ནས་རིགས་པས་འཐད་པའི་དོན་ལས་ཡང་དག་པའི་དེ་ཁོ་ན་ཉིད་བསྡུས་ནས་བསྒོམ་པར་བྱ་བའོ། །དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་གྱི་མཚན་མ་ལ་སོགས་པ་བསྟན་པ་ནི་དགོས་
པའི་དོན་གཞན་དང་ལྡན་པས་སྔར་བསྟན་པ་དང་ཟློས་པར་མི་འགྱུར་བའོ། །རྒྱུ་མེད་པ་ལས་ཞེས་པ་ལ་སོགས་པས་ནི་གཞན་དག་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་དབུ་མའི་དོན་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་དངོས་པོ་ཡོད་པར་སྨྲ་བ་སྟེ། རྒྱུ་མེད་པར་སྨྲ་

བས་ནི་ཆད་པར་ལྟ་བ་སྐུར་པའི་མཐར་འགྱུར་ལ། དངོས་པོ་ཡོད་པར་སྨྲ་བས་ནི་སྒྲོ་འདོགས་པའི་མཐར་འགྱུར་བའོ། །གཞན་ཡང་ཕྱི་རོལ་གྱི་དངོས་པོ་སེམས་སྣང་བ་ཙམ་ངོ་བོ་ཉིད་མེད་པར་མ་རྟོགས་པར་ཆད་པའི་ལྟ་བས་འཇིགས་ནས་ཕྱི་རོལ་ལ་སོགས་པའི་དངོས་པོར་འཛིན་པ་ཡང་སྒྲོ་
འདོགས་ཀྱི་མཐར་གྱུར་པ་སྟེ། དེ་ལྟར་མཐའ་གཉིས་སུ་ལྟུང་བཞིན་དུ། དབུ་མའི་དོན་སྟོན་པའོ་ཞེས་ཁས་འཆེ་ཞིང་རློམ་སེམས་པ་ནི་ཤིན་དུ་ཕྱིན་ཅི་ལོག་པའོ། །སེམས་ཙམ་དུ་ནི་ཞེས་པ་ལ་སོགས་པས་ནི་དབུ་མའི་དོན་ཕྱིན་ཅི་མ་ལོག་པ་སྟོན་ཏེ། སྣང་བ་མེད་ཅེས་པ་ནི་སྣང་བ་སེམས་
ཀྱི་ངོ་བོར་གྱུར་པ་ཡང་དོན་དམ་པར་མེད་པའོ། །སྐྱེ་བ་དང་ཞེས་པ་ལ་སོགས་པས་མཐའ་གཉིས་པོ་དེ་དག་ཏུ་མི་བརྟགས་པར་གདམས་པའོ། །རྣམ་པར་རྟོག་པ་འཇུག་མེད་པས། །ཞེས་པ་ལ་སོགས་པས་སེམས་ཀྱི་འཇུག་པའི་ཆོས་ཉིད་མ་རྟོགས་པར་རེ་ཞིག་རྣམ་པར་རྟོག་པ་འཇུག་པ་མེད་
པ་ཙམ་གྱིས་ཐར་པར་འདོད་པ་ནི་མི་འཐད་དེ། གཟུང་བ་དང་འཛིན་པ་གཉིས་སུ་རྟོགས་པའི་ས་བོན་མ་སྤངས་པའི་ཕྱིར་དེ་དག་སྤོང་བར་མི་འགྱུར་བའོ། །སྤོང་དང་ཡོངས་སུ་འཛིན་པ་ནི་བླང་བྱ་དང་དོར་བྱ་ཉིད་དུ་རྟོགས་པ་སྟེ། རྣམ་རྟོག་མི་འཇིག་ཅིང་རྒྱུན་གྱིས་འཇུག་པའོ། །གཞན་ཡང་མུ་
སྟེགས་ཅན་གྱི་བདག་ཏུ་ལྟ་བ་ལ་སོགས་པའི་ཉེས་པ་སྤངས་ཀྱང་སེམས་ཀྱི་འཇུག་པའི་མཚན་མར་འཛིན་ན་ཕན་ཚུན་ལྟོས་པའི་ཕྱིར་ལྡོག་པའི་མཚན་མར་ཀྱང་འཛིན་པས། དེ་དག་ཏུ་འཛིན་པ་སྤངས་ཏེ། མཁས་པ་དག་གིས་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་གཟུང་ཞིང་རྟོགས་པར་བྱ་བའོ། །
མི་སྐྱེ་བ་ལ་ཞེས་པ་ལ་སོགས་པས་ནི་དེ་ལྟར་རྟོགས་པའི་ཕན་ཡོན་སྟོན་ཏེ། སྲིད་པར་སྐྱེ་བ་དང་ཤི་འཕོ་བ་ལ་སོགས་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་སྐྱེ་བ་སྣ་ཚོགས་པ་ལ་སོགས་པར་སྟོན་པ་སྟེ། ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །
ཞེས་གསུངས་པ་བཞིན་ནོ། །སེམས་ལ་སེམས་ཀྱིར་གྱུར་ནས་ནི། །ཞེས་པ་ལ་སོགས་པས་ནི་སེམས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པར་གྱུར་ནས། གདུལ་བྱའི་ཁྱད་པར་འགའ་ཞིག་ལ། །སེམས་ཙམ་དུ་ཡང་སྨྲ་བའོ། །དེ་ཉིད་གསལ་བར་བསྟན་པ་ནི། །སེམས་རྣམས་ལ་ཞེས་པ་ལ་

སོགས་པ་སྟེ། ཀུན་རྫོབ་ཏུ་རྣམ་པར་ཤེས་པའི་ཚོགས་རྣམས་ལ་སེམས་ཙམ་དུ་སྨྲ་ཞིང་། དོན་དམ་པར་སེམས་མེད་པ་དང་། མེད་བཞིན་དུ་ཀུན་རྫོབ་ཏུ་སེམས་ལས་རྣམ་པ་སྣ་ཚོགས་སུ་འབྱུང་བར་སྟོན་པ་སྟེ། གཟུགས་དང་དབྱིབས་ལ་སོགས་པ་སྣ་ཚོགས་སེམས་ཀྱི་རྣམ་
པར་འཕྲུལ་པ་ཉིད་དུ་སྟོན་ཅིང་དེ་ལྟར་རིག་པའོ། །རྣམ་པ་མང་པོའི་གཟུགས་གཞན་གྱིས། །ཞེས་པ་ལ་སོགས་པའི་དོན་ནི་ཇི་ལྟར་འདུལ་བའི་གཟུགས་སྣ་ཚོགས་ཀྱིས་སེམས་ཙམ་དུ་སྟོན་ཅིང་། རྫས་སུ་གྲུབ་པའི་གཟུགས་མེད་པ་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་གཟུགས་མེད་པའི་གཟུགས་སྣ་
ཚོགས་སུ་སྟོན་ཏེ། རྨི་ལམ་གྱི་གཟུགས་ལ་སོགས་པ་བཞིན་ནོ། །སེམས་ཙམ་གྱི་ནི་རྒྱུ་དག་དང་། །ཞེས་པ་ནི་ཀུན་རྫོབ་ཏུའོ། །དེ་དག་ཤིན་ཏུ་གྱུར་པ་ནི་སེམས་གནས་གྱུར་པའོ། །རང་བཞིན་གཉིས་ནི་ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་སྟེ། གཞན་དབང་དོན་དམ་པར་བརྟགས་པ་
ཡང་ཀུན་དུ་བརྟགས་པ་ཡིན་པས་གཉི་ག་ཡང་ཀུན་དུ་བརྟགས་པའི་རང་བཞིན་ལས་ཕྱེ་བའོ། །རྣམ་པ་གཞན་དུ་རྟོག་ཅེས་པ་ནི་རིག་པ་སྒྱུ་མ་ལྟ་བུ་ལས་གཞན་དོན་དམ་པའི་སྐྱེ་བ་ལ་སོགས་པར་རྟོག་པའོ། །རྟོག་པ་བརྟགས་ཞེས་བཤད་པ་སྟེ། །ཞེས་པ་ནི་གཞན་དབང་གི་རྟོག་པ་དོན་དམ་པའི་དངོས་
པོར་ཞེན་པ་ནི་བརྟགས་པའོ། །ཀུན་རྫོབ་ཏུ་ནི་རྣམ་པར་རྟོག་པ་ལ་སོགས་པ་མཐོང་ཞིང་མྱོང་བའི་ཕྱིར། རྒྱུ་ལས་བྱུང་བའི་གཞན་གྱི་དབང་ངོ་། །ཞིང་དང་ཞེས་པ་ལ་སོགས་པས་ནི་དེ་བཞིན་ཉིད་ཟབ་མོ་ཚུལ་གཞན་གྱི་སྒོ་ནས་སྟོན་པ་སྟེ། སངས་རྒྱས་བྱེ་བྲག་སུམ་ཅུ་དྲུག །ཅེས་པ་ནི་སྔར་བསྟན་
པའི་སངས་རྒྱས་ཉི་ཤུ་རྩ་བཞི་དང་། སློབ་པ་དང་། མི་སློབ་པ་དང་། མི་སློབ་པའི་ཉན་ཐོས་དང་། རང་སངས་རྒྱས་དགུ་དང་། རང་སངས་རྒྱས་སློབ་པ་དང་། སྔར་བསྟན་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གཉིས་ཏེ། སུམ་ཅུ་དྲུག་གོ། །དེ་རྣམས་ལས་བྱེ་བྲག་ཏུ་རང་སངས་རྒྱས་མི་
སློབ་པ་དང་། དགྲ་བཅོམ་པ་མ་གཏོགས་པ་གང་ཟག་རྣམ་པ་བཅུ་དང་། སེམས་ཅན་སོ་སོའི་སེམས་རྒྱུད་རྣམས་ནི་སངས་རྒྱས་རྣམས་ཀྱིས་གདུལ་བར་བྱ་བའི་ཞིང་གི་སྣོད་ཡིན་ནོ། །འཕགས་པ་མི་སློབ་པ་སྟེ། གཉིས་ནི་རེ་ཞིག་ཟག་པ་མེད་པའི་དབྱིངས་ན་གནས་ཤིང་། ཏིང་ངེ་

འཛིན་གྱི་མྱོས་པས་མྱོས་པའི་ཕྱིར་གདུལ་བར་བྱ་བའི་ཞིང་མ་ཡིན་པའོ། །མཐར་ཐུག་པ་ལ་ནི་དེ་དག་ཀྱང་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་སྔར་བསྟན་ཏོ། །འགྲོ་བར་དེ་བཞིན་ཞེས་པ་ལ་སོགས་པའི་དོན་ནི་འགྲོ་བའི་གནས་རྣམས་སུ་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་དང་། དེའི་ངོ་བོར་གྱུར་པའི་ལོངས་
སྤྱོད་རྫོགས་པའི་སྐུ་སྟེ། ཆོས་ཉིད་ཀྱི་སངས་རྒྱས་ལས་མ་གཏོགས་པ་འགྲོ་བ་ཐ་མལ་པ་རྣམས་ལ་གཟུགས་<ཀྱ་‚ཀྱི་>སྐུ་སྣ་ཚོགས་སུ་སྣང་བ་ནི་སངས་རྒྱས་སྔ་མ་དེ་དག་གི་སྤྲུལ་པ་སྟེ། སེམས་ཅན་རང་རང་གི་དགེ་བའི་བག་ཆགས་དང་བཅས་པའི་སེམས་ཀྱི་རྒྱུད་ལས་སངས་རྒྱས་ཀྱི་གཟུགས་སུ་མཐོང་
ངོ་། །དེ་ལྟར་མཐོང་བའི་མཚན་མ་དང་འབྲེལ་པ་ལས། མཚན་མ་སངས་རྒྱས་ཀྱི་ངོ་བོར་ནོར་པ་ཕྱིན་ཅི་ལོག་གི་རྟོག་པ་འཇུག་མོད་ཀྱི། ངོ་བོའི་སངས་རྒྱས་ནི་སྔ་མ་དེ་དག་ཙམ་དུ་ཟད་དོ། །ད་ལྟར་རྟོག་པ་ཡང་མཚན་མ་ལས་གཞན་མ་ཡིན་ཞིང་། དེ་བཞིན་ཉིད་ཀྱང་རྣམ་པར་རྟོག་པ་ལས་
གཞན་མ་ཡིན་པ་སྟེ། ཆོས་ཅན་དང་ཆོས་ཉིད་དབྱེར་མེད་པའོ། །རང་བཞིན་གྱི་དང་ཞེས་པ་ལ་སོགས་པས་སྦྱངས་པའི་རྣམ་པར་དག་པའི་སངས་རྒྱས་སྟོན་ཏེ། ཆོས་ཀྱི་སངས་རྒྱས་པ་ཞེས་པ་ལ་སོགས་པའོ། །སངས་རྒྱས་མང་པོ་སུམ་ཅུ་དྲུག །རང་བཞིན་གྱིས་ནི་སངས་རྒྱས་ཡིན། །
ཞེས་པའི་དོན་ནི་སྔར་བསྟན་པའི་ཕུང་པོ་ཐ་དད་ཉི་ཤུ་བཞི་ཡང་སེམས་ཀྱི་སྣང་བ་སེམས་ཉིད་ཡིན་ལ། དེ་རྣམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པ་ལ་སོགས་པ་དང་། དོན་དམ་པར་མ་སྐྱེས་བཞིན་དུ་དེ་ལྟར་མྱོང་བ་མ་འགགས་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་ནི་སངས་རྒྱས་ཀྱི་རང་བཞིན་
ཉིད་དུ་རྒྱས་པར་སྔར་བསྟན་ཏོ། །གང་ཟག་རྣམ་པ་བཅུ་གཉིས་ཀྱི་སེམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་དང་མཚུངས་ཤིང་། གློ་བུར་གྱི་དྲི་མ་ཡང་ཅི་རིགས་པར་སྤངས་པས། རང་བཞིན་གྱིས་སངས་རྒྱས་ཞེས་བྱའོ། །སྔོན་པོ་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པའི་དོན་ཀྱང་གསལ་བར་བྱེད་
ཅིང་། ཕུང་པོ་ལ་སོགས་པའི་ཆོས་ཉིད་དང་ཆོས་ཅན་དེ་རྣམས་ཀྱང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་སྟོན་ཏེ། ཚིག་གི་དོན་ནི་སྔར་བསྟན་ཟིན་ཏོ། །ནོར་པ་རྣམ་པ་གཉིས་ནི་བརྟགས་པ་དང་། གཞན་དབང་ངོ་། །གསུམ་པ་ནི་ཡོངས་སུ་གྲུབ་པའོ། །གང་ལས་ནོར་པ་འབྱུང་བ་དང་། །ཞེས་

པ་ལ་སོགས་པའི་དོན་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་མ་རིག་པ་ལ་སོགས་པ་གཞན་དབང་གི་རང་བཞིན་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དེ། དེ་དག་གི་བག་ཆགས་སམ་རིགས་རྣམས་འབྱུང་བའོ། །གང་ལ་བརྟེན་ཏེ་འབྱུང་བ་ནི་ནང་གི་སྐྱེ་མཆེད་དྲུག་དང་། དམིགས་
པའི་རྐྱེན་ཕྱིའི་སྐྱེ་མཆེད་དྲུག་ལ་བརྟེན་ཏེ་རྣམ་པར་ཤེས་པའི་ཁྱད་པར་རྣམས་འབྱུང་བའོ། །དེའི་ཕྱིར་ན་ངས་བཤད་ཅེས་པ་ནི་ཀུན་རྫོབ་ཏུ་དེ་ལྟར་གནས་པས་བཤད་པའོ། །བརྟག་བྱར་འཇུག་པ་ནི་ཤེས་རབ་ཀྱི་བྱེད་པ་འཇུག་པའོ། །སྐར་དང་སྐྲར་གཟུང་ཞེས་པ་ནི་ཆུ་ལ་སྐར་མའི་གཟུགས་དང་།
བར་སྣང་ལ་སྐྲ་ཤད་དུ་གཟུང་བའོ། །མཚན་ཉིད་ཀྱིས་ནི་གསུམ་དུ་འགྱུར། །ཞེས་པ་ནི་ཀུན་རྫོབ་ཏུ་མཚན་ཉིད་རྣམ་པར་གཞག་པའི་དབང་དུ་བྱས་ནས་རང་བཞིན་གསུམ་མ་འདྲེས་པའོ། །དེ་ལ་དགེ་བར་བྱ་མ་ཡིན། །ཞེས་པས་ནི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ནི་དགེ་མི་དགེ་ལ་སོགས་
པའི་བག་ཆགས་ཀྱིས་བདག་ཉིད་དུ་བསྐྱེད་པར་བྱ་བ་མ་ཡིན་པའོ། །མངོན་པར་ཤེས་དང་དབང་གིས་དག །ཅེས་པ་ནི་ཀུན་རྫོབ་ཏུ་གློ་བུར་བའི་དྲི་མ་དག་པའོ། །འདི་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་རིགས་སུ་ངེས་པའི་གནས་སྐབས་སྟོན་ཏེ། ས་བདུན་པ་ཡན་ཆད་དོ། །སངས་རྒྱས་ཉིད་ཀྱི་
ས་ནི་རིགས་མཐར་ཐུག་པའོ། །ཆོས་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེའི་རྒྱུ་མཚན་ཡང་སྔར་བསྟན་ཏོ། །དེ་དག་སངས་རྒྱས་རྣམས་ཀྱི་རིགས། །ཞེས་པ་དེའི་རིགས་སུ་ངེས་པའོ། །ལྷག་མ་སྟེ་ས་དྲུག་པ་མན་ཆོད་ནི་དེའི་རིགས་སུ་མ་ངེས་པའོ། །ཉན་ཐོས་དང་རང་
སངས་རྒྱས་ཀྱི་ཐེག་པ་གཉིས་ཐོབ་པར་བྱེད་པའོ། །དེའི་དོན་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་ཞིང་མོས་པ་དམན་པ་དག་ས་དྲུག་པའི་གནས་སྐབས་ན་རྟེན་འབྲེལ་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པའི་དོན་ཅུང་ཟད་རྟོགས་ཤིང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་
འགའ་ཞིག་མངོན་དུ་བྱས་པས་འཁོར་བ་ལས་སྐྱོ་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་འདོད་པ་དང་། སེམས་ཅན་གྱི་དོན་གྱི་སྦྱོར་བ་རེ་ཞིག་རྒྱུན་ཆད་ནས་ཏིང་ངེ་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་གནས་པ་ནི་བྱང་ཆུབ་གཉིས་པོ་དང་ཆོས་མཐུན་པས་དེ་དག་ཐོབ་པར་བྱེད་ཅེས་གསུངས་པའོ། །

ཏིང་ངེ་འཛིན་གྱི་བདེ་བ་ཡང་འགོག་པའི་སྙོམས་པར་འཇུག་པ་སྟེ། ས་དྲུག་པ་ནས་ཐོབ་པ་ཉིད་དུ་སྔར་བསྟན་ཏོ། །གལ་ཏེ་དེ་ལྟ་ན། ས་ཐོབ་འཇིགས་པ་ལྔ་དང་བྲལ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་མ་ཡིན་པའི་དབང་དུ་བྱས་
པའམ། ཡང་ན་དེ་འདྲ་བའི་སྡུག་བསྔལ་རགས་པ་མེད་ཀྱང་སེམས་ཅན་གྱི་དོན་བྱེད་པའི་དཀའ་བའི་སྤྱོད་པས་འཇིགས་ཤིང་སྡུག་བསྔལ་ཕྲ་མོ་ཡོད་པ་འགལ་བ་མེད་པའི་ཕྱིར་རོ། །ཡང་། སེམས་ཅན་རྒྱུད་ཀྱི་བྱེ་བྲག་དང་། །ཞེས་པ་ལ་སོགས་པས་ནི་ས་བདུན་པའི་གནས་སྐབས་ན་ཡང་བྱང་ཆུབ་
སེམས་དཔའ་དབང་པོ་ཤིན་ཏུ་རྟུལ་ཞིང་། ཁམས་དང་མོས་པ་ཤིན་ཏུ་དམན་པ་རྣམས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་། སའི་གོ་རིམས་དང་མཚམས་སྦྱོར་བ་ལ་མི་མཁས་པས་མུ་སྟེགས་བྱེད་ཀྱི་ལྟ་བ་དང་། ལམ་དུ་ལྟུང་བར་གྱུར་ན་མི་རུང་ཞེས་དེ་
དག་རྣམས་ལ་སའི་མཚན་ཉིད་ལ་སོགས་པ་རྣམ་པར་ཕྱེ་ཞིང་གསལ་བར་བྱ་བའི་ཕྱིར་ཡང་། སེམས་ཀྱི་དབང་དུ་འགྲོ་བའི་ས། །བདུན་པོ་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་པ་སྟེ། དེ་དག་ལ་སེམས་ཀྱི་ཚོགས་བརྒྱད་གནས་མ་གྱུར་པ་སྔ་མ་ལྟར་སེམས་ཅན་གྱི་དོན་གྱི་སྦྱོར་བ་ལ་སྐྱོ་བ་དང་།
ཏིང་ངེ་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་གནས་པས་དེའི་སེམས་དབང་དུ་བྱས་ཏེ་ཚོགས་ཡོངས་སུ་རྫོགས་པ་དང་། མངོན་པར་རྟོགས་པ་བུལ་བས་དེ་འདྲ་བའི་སྐྱོན་དང་བཅས་པའི་ས་བདུན་པོ་རྣམས་བཤད་པའོ། །གལ་ཏེ་དེ་ལྟར་ན་ས་བདུན་པ་ཡན་ཆོད་སངས་རྒྱས་ཀྱི་རིགས་སུ་ངེས་པར་
བསྟན་པ་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་ཕལ་ཆེ་བ་ལ་དགོངས་ཏེ་བསྟན་པས་སོ། །རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་རིགས་སུ་ངེས་པ་ནི་ས་བརྒྱད་པ་ཡན་ཆོད་ཡིན་པར་གསུང་རབ་དག་ལས་བཤད་དོ། །རྣམ་པ་གཅིག་ཏུ་ན་འདི་རྣམས་ཀྱི་དོན་ནི་སྔར་བསྟན་པ་ལྟར་ས་བདུན་པ་
ཡན་ཆོད་སངས་རྒྱས་ཀྱི་རིགས་སུ་ངེས་པ་ཡིན་ན་མདོ་སྡེ་འདི་དང་གཞན་དག་ལས་ཀྱང་ས་བདུན་པ་མན་ཆོད་སངས་རྒྱས་ཀྱི་རིགས་སུ་མ་ངེས་པར་བཤད་པ་འགལ་ལོ་ཞེ་ན། སྐྱོན་མེད་དེ། སེམས་ཅན་གྱི་རྒྱུད་ཀྱི་བྱེ་བྲག་སྟེ། བྱིས་པའི་སྐྱེ་བོ་འགའ་ཞིག་དེ་ལྟར་བསྟན་པས་འདུལ་བར་འགྱུར་

བ་དང་། ཀུན་རྫོབ་ཏུ་ས་དེ་དག་གི་མཚན་ཉིད་མ་འདྲེས་པར་གཞག་པའི་དོན་དུ་བཤད་པས་སོ། །གཞན་ཡང་བྱིས་པའི་སྐྱེ་བོ་དག་རྟོགས་པར་མངོན་པའི་ང་རྒྱལ་གྱིས་ཁོ་བོ་ནི་སངས་རྒྱས་ཀྱི་རིགས་སུ་ངེས་པ་སྟེ། བདུད་ཀྱི་ལས་སྤངས་པའོ་སྙམ་ནས་བརྩོན་འགྲུས་ཞན་པར་
འགྱུར་བས་ཉེས་པ་དེ་འདྲ་བ་སྤང་བའི་དོན་དུ་ས་བདུན་པ་མན་ཆད་དུ་ཡང་སངས་རྒྱས་ཀྱི་རིགས་སུ་མ་ངེས་པ་ཉིད་དུ་བཤད་པའོ། །དེ་ལྟར་བསྟན་པའི་དགོངས་གཞི་ཡང་། དབང་པོ་རྟུལ་པོ་རྣམས་ཅུང་ཟད་མངོན་པར་རྟོགས་པ་བུལ་བ་ལ་སོགས་པའི་ཉེས་པ་དང་འབྲེལ་པའོ། །ངག་ལུས་ཞེས་པ་ལ་སོགས་
པས་ནི་དེ་རྣམས་ལ་སྒོ་གསུམ་གྱི་མི་དགེ་བའི་བག་ཆགས་མི་འཇུག་ཅིང་ས་བརྒྱད་པ་ལ་ནི་དེ་འདྲ་བའི་བག་ཆགས་ཀྱི་གནས་ཀུན་གཞི་དང་། ཀུན་གཞིའི་སྣང་བ་ལ་སོགས་པ་རྨི་ལམ་ལྟ་བུར་རྟོགས་ཤིང་། རྟོགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་ཆུ་བོ་དང་མཚུངས་ཤིང་འདྲ་
བའོ། །ས་བརྒྱད་དང་ནི་ཞེས་པ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་རྣམས་ས་དང་པོ་ལ་སོགས་པའི་རྗེས་ཐོབ་ཀྱི་གནས་སྐབས་ན་བཟོ་དང་རིག་པའི་གནས་ཐམས་ཅད་ལ་མཁས་པར་བྱེད་ཅིང་། གཞན་ལ་ཡང་དེ་བཞིན་དུ་སྟོན་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་
བཟུང་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། འཕགས་པ་ས་བཅུ་པ་ལས་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཛམ་བུའི་གླིང་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་འཛིན་པར་བྱེད་ཅེས་པ་དང་། ས་གཉིས་པ་ལ་གནས་པ་ནི་གླིང་བཞི་ལ་དབང་བའི་ལུས་འཛིན་པར་བྱེད་
ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སྟུག་པོ་བཀོད་པའི་རྒྱན་ལས་ཀྱང་དེ་བཞིན་དུ་གསུངས་པའོ། །ས་བརྒྱད་དང་ནི་རྣམ་ལྔ་ཞེས་ཁྱད་པར་དུ་གསུངས་པ་ནི་བརྒྱད་པ་ལ་སངས་རྒྱས་རྣམས་ཀྱིས་རྗེས་སུ་བཟུང་ནས་སེམས་ཅན་གྱི་དོན་ལ་སྦྱོར་བ་དང་། ལྔ་པ་ལ་ཤེས་བྱ་ཐམས་ཅད་བསྡུས་པ་
བདེན་པ་བཞི་རྟོགས་པའི་ཤེས་རབ་དང་ལྡན་པས་དེ་ལྟར་བསྟན་པ་སྟེ། ས་གཞན་དག་ལ་ཡང་དེ་ལྟར་མི་སློབ་པ་ནི་མ་ཡིན་ནོ། །སྐྱེ་དང་མི་སྐྱེ་ཞེས་པ་ལ་སོགས་པས་མཐའ་གཉིས་སུ་འཛིན་པ་སྤངས་པར་གདམས་པའོ། །དེ་ལྟར་མཐའ་གཉིས་སུ་བསྟན་པ་ནི་རང་རྒྱལ་དང་ཉན་ཐོས་རྣམས་

ལ་བཤད་པའོ། །ཀུན་རྫོབ་ཏུ་ནི་དངོས་རྣམས་ཡོད། །དོན་དམ་དུ་ནི་རང་བཞིན་མེད། །ཅེས་པ་ལ་སོགས་པ་གསུངས་པ་ལ་འདིར་བདེན་པ་གཉིས་སུ་དབྱེ་བའི་གཞི་ནི་ཤེས་བྱའི་གནས་སུ་གྱུར་པའི་སྤྱི་ཙམ་ཡིན་ལ། དེ་དག་སོ་སོའི་མཚན་ཉིད་ལ་དོན་དམ་པའི་བདེན་པ་ནི་རིགས་པ་ཡུལ་དང་ཡུལ་
ཅན་གྱིས་བསྡུས་པའོ། །ཀུན་རྫོབ་ནི་འཁྲུལ་པ་ཡུལ་དང་ཡུལ་ཅན་གྱིས་བསྡུས་པ་སྟེ། དེའང་གཞན་དག་སྣང་བ་དང་བཅས་པའི་བློ་ཐམས་ཅད་ནི་འཁྲུལ་པ་ཡིན་ཞིང་། དེའི་ཡུལ་ཅན་ཕྱིན་ཅི་ལོག་པའོ་ཞེས་སྟོན་པ་ནི་མི་འཐད་དེ། དེ་ལྟ་ན་དེ་བཞིན་གཤེགས་པ་ལ་ཡང་རྗེས་ཐོབ་ཀྱི་
གནས་སྐབས་ན་སྐུ་དང་ཞིང་ཁམས་ལ་སོགས་པའི་རྣམ་པར་སྣང་བ་ཡོད་པས་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཉེས་པ་དེར་གྱུར་དུ་དོགས་པས་རྗེས་ཐོབ་ཀྱི་སྣང་བ་མེད་དེ། མཉམ་པར་གཞག་པའི་ཡེ་ཤེས་འབའ་ཞིག་ཙམ་མོ་ཞེ་ན། མི་འཐད་དེ། དེ་ལ་རང་ངམ་གཞན་གྱི་
རྣམ་པར་སྦྱང་ཞིང་སྣང་བ་མེད་ན་ཡེ་ཤེས་ཉིད་དུ་མི་འཐད་ལ། དེ་ལྟར་མྱོང་ཞིང་སྣང་བ་ཡང་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདིར་ཡེ་ཤེས་ཀྱི་རང་བཞིན་དོན་དམ་པར་མེད་པ་ལ། ཡོད་པ་ཉིད་དུ་མྱོང་ན་འཁྲུལ་པ་ཉིད་དུ་འགྱུར་བ་ལས། དེ་ལྟར་མ་མྱོང་སྟེ། མེད་པ་ལ་མེད་པ་ཉིད་དུ་
རྟོགས་ཤིང་ཀུན་རྫོབ་ཏུ་མྱོང་བ་མ་འགགས་པ་ཙམ་ཡིན་པས་འཁྲུལ་པར་མི་འགྱུར་རོ་ཞེ་ན། དེ་བཞིན་དུ་སྐུ་དང་ཞིང་ཁམས་ལ་སོགས་པའི་རྣམ་པ་ཡང་ཡེ་ཤེས་ལས་ཐ་དད་དུ་གྱུར་པ་མེད་ཅིང་ཡེ་ཤེས་ཉིད་ཀྱི་དངོས་པོ་བདེན་པར་ཡང་མ་གྲུབ་པ་ལ། དེ་ལྟར་ཡོད་པར་འཛིན་ན་འཁྲུལ་པ་ཉིད་དུ་འགྱུར་
བ་ལས། དེ་ལྟར་མི་འཛིན་ཅིང་དོན་དམ་པར་མེད་པ་ལ་མེད་པ་ཉིད་དུ་རྟོགས་ཤིང་ཀུན་རྫོབ་ཏུ་དེ་ལྟར་སྣང་བ་མ་འགགས་པ་ཙམ་ཡིན་པའི་ཕྱིར་རོ། །ཡང་གཞན་དག་མཉམ་པར་གཞག་པའི་ཡེ་ཤེས་ཉིད་ཀྱང་མེད་པར་ཁས་ལེན་པ་ནི་སྐུར་པ་འདེབས་པའི་མཐའ་ལོག་པར་ལྟ་བ་ཆེན་པོ་ཉིད་དུ་སྔར་
རྒྱས་པར་བསྟན་ཏོ། །ཡང་གཞན་དག་དེ་བཞིན་གཤེགས་པས་འཁྲུལ་པ་ལ་འཁྲུལ་པ་ཉིད་དུ་མཁྱེན་པས་འཁྲུལ་པ་མ་ཡིན་ཞེས་པ་ཡང་མི་འཐད་དེ། དེ་ལྟར་མཁྱེན་ཀྱང་སྣང་བ་མི་ལྡོག་ཅིང་དེ་ཡང་འཁྲུལ་པ་ཉིད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་འཁྲུལ་པ་ལ་འཁྲུལ་

པར་མཁྱེན་པས་འཁྲུལ་པ་ལྡོག་ན་དེ་ལྟར་མཁྱེན་པའི་ཡེ་ཤེས་ཉིད་འཁྲུལ་པར་འགྱུར་ཏེ། ཡེ་ཤེས་སྐྱེས་པ་ན་གཞལ་བྱའི་ཡུལ་མི་བདེན་པའི་ཕྱིར་དང་། མ་སྐྱེས་པའི་དུས་ན་ཡེ་ཤེས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པའི་ཁྱད་པར་གང་དུ་
ཡང་སྒྲོ་འདོགས་པ་མེད་པའི་སྣང་བ་ཙམ་ནི་དངོས་སུ་འཁྲུལ་པ་མ་ཡིན་ལ། ཡང་བདེན་པའི་དངོས་པོ་མེད་པའི་མྱོང་བ་རང་སྣང་བ་ཙམ་དུ་རྟོགས་པ་ཡང་འཁྲུལ་པ་མ་ཡིན་ནོ། །དེ་ལྟ་ན་ཡང་ཕྱིན་ཅི་ལོག་གནས་མ་གྱུར་པ་བྱིས་པའི་སྐྱེ་བོ་ལ་སོགས་པའི་སྣང་བ་ནི་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་
བ་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པ་འཆིང་བའི་རྒྱུ་ཉིད་ཡིན་པས་ཀུན་རྫོབ་ཅེས་བྱའོ། །ཕྱིན་ཅི་ལོག་གནས་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་བ་ནི། དེ་ལས་བཟློག་པར་རིགས་པ་དང་རིགས་པའི་ཡུལ་ཡིན་པས་དོན་དམ་པ་ཞེས་བྱའོ། །གལ་ཏེ་འདིར་དོན་དམ་པ་ནི་
སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་མ་ཡིན་ནམ། ཇི་ལྟར་ན་རིགས་པའི་ཡུལ་དུ་འགྱུར། གཞན་ཡང་རིགས་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ལ། དེ་ཡང་ཀུན་རྫོབ་ཉིད་དུ་གསུངས་ཏེ། དོན་དམ་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཞེས་གསུངས་པའི་ཕྱིར་རོ་
ཞེ་ན། སྐྱོན་མེད་དེ། དོན་དམ་པའི་དེ་ཁོ་ན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀྱང་དེ་འདྲ་བའི་སྤྲོས་པ་རྣམ་པར་བཀག་པས་ཡེ་ཤེས་དང་། ཤེས་བྱ་མཐུན་པ་ཙམ་ལ་རིགས་པའི་ཡུལ་ཞེས་བྱ་བའི་མཚན་མ་དང་བཅས་པའི་ཚུལ་དུ་ཡུལ་དུ་བྱས་པ་མེད་པའི་ཕྱིར་
རོ། །རྣམ་པ་གཅིག་ཏུ་ན་དོན་དམ་པ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པ་ཡིན་གྱི། མཚན་མའི་བྱེ་བྲག་སྣ་ཚོགས་སུ་བཟུང་ཞིང་སྤྲོས་པ་ནི་མ་ཡིན་པའི་ཕྱིར་རོ། །སེམས་ཀྱི་རྒྱུ་བ་དོན་དམ་པ་ལ་མེད་པ་ཉིད་དུ་
གསུངས་པ་ཡང་དེ་བཞིན་ཏེ་དེ་ལས་བཟློག་ནས་ཡོད་པ་ཉིད་དུ་བརྟགས་པ་ནི་ཀུན་རྫོབ་ཉིད་དུ་འགྱུར་བའོ། །དེས་ན་ཀུན་རྫོབ་ཏུ་སེམས་ཀྱི་རྒྱུ་མ་འགགས་ཤིང་ཕྱིན་ཅི་ལོག་གི་སྤྲོས་པ་གཅོད་པ་དང་། དོན་དམ་པའི་དངོས་པོ་མ་གྲུབ་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་ནི་དོན་དམ་པ་ཉིད་དོ་ཞེས་

རྒྱས་པར་བསྟན་ཟིན་ཏོ། །དེ་སྐད་དུ་ཡང་། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་བ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱི་སྤྲོས་པ་གཅོད་པར་བྱེད་པའི་རྗེས་སུ་དཔག་པ་ཡང་ཕྱིན་ཅི་ལོག་གི་སྤྲོས་པ་གཅོད་པའི་ལྡོག་པ་ནས་དོན་དམ་པའི་བདེན་པ་ཡིན་ཞིང་དེ་ནས་
གཏན་ལ་ཕབ་པའི་དོན་ཀྱང་དོན་དམ་པ་ཡིན་ལ། བརྗོད་པ་དང་འདྲེས་རུང་གི་རྣམ་པར་སྒྲོ་འདོགས་པའི་ཆ་ནས་ནི་ཡང་དག་པའི་རིགས་པ་མ་ཡིན་ཏེ་ཕྱིན་ཅི་ལོག་ཉིད་ཡིན་ཞིང་། དེའི་ཡུལ་ཡང་ཀུན་རྫོབ་ཀྱི་བདེན་པའོ། །གལ་ཏེ་སྔར་བསྟན་པ་ལྟར་ཁྱད་པར་གྱི་ཆོས་སུ་སྒྲོ་འདོགས་པ་མེད་པའི་
སྣང་བ་འགའ་ཞིག་འཁྲུལ་པ་མ་ཡིན་ན། དེ་དག་ཀུན་རྫོབ་ཏུ་ཡང་མི་འཐད་དེ། དེའི་མཚན་ཉིད་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟར་བདེན་མོད་ཀྱི་འདིར་མཚན་ཉིད་ཀྱང་འཁྲུལ་པ་ཡུལ་དང་ཡུལ་ཅན་དང་། དེས་ཀུན་ནས་བསླང་བའི་སྣང་བར་འདུག་པ་ཡིན་ལ། དེ་འདྲ་བའི་མཚན་ཉིད་ནི་
སྔ་མ་དེ་ལ་ཡང་ཡོད་པའི་ཕྱིར་སྐྱོན་མེད་དོ། །གཞན་ཡང་འདིར་ཤེས་བྱའི་དེ་ཁོ་ན་ཉིད་ཇི་ལྟ་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། དེ་ལས་གཞན་དུ་རྣམ་པར་གཞག་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་དག་གཉིས་སུ་དབྱེ་བའི་དོན་ནི་དེ་ཁོ་ན་ཉིད་དུ་དངོས་པོ་གཅིག་པ་དང་ཐ་དད་པ་ལས་གྲོལ་བ་
སྟེ། །དངོས་པོའི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ། །དེས་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་གསུངས་པ་བཞིན་ནོ། །ཀུན་རྫོབ་ཏུ་གཉིས་སུ་ཕྱེ་བའི་དོན་ནི་སྔར་བསྟན་པ་ལྟར་མཚན་ཉིད་མི་འདྲ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་མདོ་ལས་གཅིག་ཏུ་བསྟན་པ་ནི་དབྱེར་མེད་པ་ཙམ་ལས་དགོངས་པའོ། །གཉིས་སུ་འབྱེད་པའི་རྒྱུ་མཚན་ནི་ཤེས་ངོ་གཉིས་ལ་ལྟོས་པ་སྟེ། བློ་འཁྲུལ་པའམ་འཁྲུལ་པས་ཀུན་ནས་བསླང་བའི་ཤེས་པ་ལ་སློང་བའི་ཆ་ནས་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཉིད་རིགས་པ་དམ་
པས་བཙལ་བའི་དོན་མ་གྲུབ་པས་དེ་ལ་ལྟོས་ཏེ། དོན་དམ་པར་འཇོག་པའོ། །སོ་སོའི་དབྱེ་བ་ནི་རྣམ་པ་གཉིས་གཉིས་སུ་འགྱུར་བ་སྟེ། དེ་ལ་ལོག་པའི་ཀུན་རྫོབ་ནི་སྣང་ལ་དོན་བྱེད་ནུས་པས་སྟོང་པའོ། །ཡང་དག་པའི་ཀུན་རྫོབ་ནི་སྣང་ལ་དོན་བྱེད་ནུས་པ་སྟེ། འདིར་ཕྱིའི་དོན་

སེམས་ལས་ཐ་དད་པ་ཉིད་དུ་བརྟགས་པ་ནི་ལོག་པའི་ཀུན་རྫོབ་ཡིན་ལ། དེ་ལྟ་ན་དེ་དག་ཀྱང་བཏུང་ངོམས་ལ་སོགས་པའི་དོན་བྱེད་པར་འགྲུབ་པས་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཁྱབ་ཆེས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་འཁྲུལ་པའི་བག་ཆགས་བསྟན་པའི་ཕྱིར་
དོན་དུ་སྣང་བ་ལས། དེ་དང་ཕྲད་ཅིང་དོན་བྱེད་པར་སྣང་བ་སེམས་ཀྱི་ངོ་བོར་གྱུར་པ་ཡིན་གྱི། དེ་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་བྱེད་པ་ནི་ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་སྔར་རྒྱས་པར་བསྟན་ནོ། །དོན་དམ་པའི་བདེན་པ་ཡང་རྣམ་པ་གཉིས་ལས། རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ནི་སྐྱེ་བ་ལ་སོགས་
པའི་སྤྲོས་པ་ཕྱོགས་རེ་བཀབ་པ་ཙམ་སྟེ། དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཀྱང་བྱ་ལ། སྤྲོས་པའི་ཕྱོགས་གཞན་མ་བཀག་པས་ཕྱིན་ཅི་ལོག་ཏུ་ཡང་འགྱུར་བའི་ཕྱིར་ཀུན་རྫོབ་ཀྱང་ཡིན་ཏེ། དེའི་ཕྱིར་ལྡོག་པའི་རྣམ་གྲངས་འགའ་ཞིག་ནས་དོན་དམ་པར་འགྱུར་ལ། འགའ་ཞིག་
ནས་ཀུན་རྫོབ་ཏུ་འགྱུར་བས་རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ལྟ་ན་སྤྲོས་པས་གཅོད་པར་བྱེད་པའི་རྗེས་སུ་དཔག་པ་ཡང་རྣམ་གྲངས་ཀྱི་དོན་དམ་པར་འགྱུར་རམ་ཞེ་ན། དེ་ལྟར་འདོད་པ་ཉིད་དོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་
འོད་གསལ་བའོ། །འདིར་ཀུན་རྫོབ་ཀྱི་ངེས་པའི་ཚིག་ནི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ལ་སྒྲིབ་པར་བྱེད་པའོ། །བདེན་པ་ཞེས་པ་ནི་ཀུན་རྫོབ་ཏུ་བདེན་པས་སོ། །དོན་དམ་པ་ནི་དམ་པ་རྣམས་ཀྱིས་དོན་དུ་གཉེར་ཞིང་གཏན་ལ་དབབ་པར་བྱ་བ་ཡིན་པས་དོན་ཅེས་བྱ་ལ། མི་སླུ་བས་ན་དམ་པའོ། །
དོན་དམ་པར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་ཚིག་བསྡུས་ཏེ་རྣམ་པར་སྦྱར་བར་བྱའོ། །འདི་དག་གི་སྤྲོས་པ་ཞིབ་ཏུ་ནི་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ལ་སོགས་པ་ལས་ཤེས་པར་བྱའོ། །ཚིག་གི་དོན་བཤད་པ་ལ། དོན་དམ་དུ་ནི་རང་བཞིན་མེད། །ཅེས་པ་རང་བཞིན་བཀག་པ་ཙམ་གྱི་མེད་པར་
དགག་པ་ན་རི་བོང་གི་རྭ་དང་ཁྱད་པར་མེད་པར་འགྱུར་བས་ཤེས་བྱ་ཇི་ལྟར་སྣང་བའི་ཆོས་ཉིད་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེས་ན་དོན་དམ་པའི་དངོས་པོར་མ་གྲུབ་ཅིང་། སྣང་ཞིང་རིག་པ་མ་འགགས་པ་སྟེ་ཟུང་འཇུག་སྒྱུ་མ་ལྟ་བུའོ། །དེ་ལས་ཕྱིན་ཅི་ལོག་ཏུ་ནོར་པ་དང་ནོར་པས་ཀུན་

ནས་བསླང་བའི་བློ་དང་བློའི་ཡུལ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཆོས་རྣམས་ཐམས་ཅད་ཅེས་པ་ལ་སོགས་པས་ཀུན་རྫོབ་ཉིད་རྒྱས་པར་བསྟན་པའོ། །བརྗོད་ལས་བྱུང་བའི་དངོས་པོའི་ཞེས་པ་ལ་སོགས་པས་ནི་ཀུན་རྫོབ་ཏུ་དོན་དང་མཐུན་པའི་གཏམ་བརྗོད་པ་ལས་བྱུང་བའི་བློའི་སྤྱོད་ཡུལ་ཏེ།
ཞེན་ཡུལ་རང་གི་མཚན་ཉིད་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པའོ། །ཡང་ན་དོན་དམ་པ་དང་མཐུན་པའི་གཏམ་བརྗོད་པ་ལས་དེ་ཉིད་ཀྱི་སྤྱིའི་རྣམ་པར་སྣང་བའི་བློ་འབྱུང་ཞིང་། དེས་གཏན་ལ་ཕབ་པའི་དོན་གོམས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་ཞིང་། དེའི་དོན་དུ་
གྱུར་པའི་སྤྱོད་ཡུལ་ནི་དེ་ལྟར་བདེན་པའོ། །ལྟ་བས་ཡོད་པ་མིན་ཞེས་པ་ནི་དེ་དག་ལ་དོན་དམ་པའི་དངོས་པོ་ལ་སོགས་པར་ལྟ་བའི་སྒོ་ནས་ནི་ཡོད་པ་མ་ཡིན་ནོ། །རྩིག་པ་མེད་པར་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་འབྱུང་བའི་རྒྱུ་ལ་སོགས་པ་སྟོན་ཏེ། སྡོང་དུམ་ལ་སོགས་པ་མེད་པར་
གྲིབ་མ་མི་འབྱུང་བ་ལྟར། ཀུན་གཞི་མེད་ན་འཇུག་པའི་རྣམ་ཤེས་མི་འབྱུང་ཞིང་། དེ་ཡོད་ན་དེ་རྣམས་འབྱུང་ལ། དེ་རྣམས་སམ་དེ་རྣམས་ཀྱི་བག་ཆགས་ཀྱིས་ཀྱང་ཀུན་གཞི་དྲི་མ་ཅན་དུ་བྱས་པས་མི་མཛེས་པའོ། །དེ་དག་ངོ་བོའི་སངས་རྒྱས་ཞེས་པ་ནི་རྒྱུ་དང་རྒྱུ་འདྲ་བ་གཉིས་སོ། །
ཚིག་གི་དོན་གཞན་ནི་སྔར་བསྟན་ཏོ། །དང་པོ་དང་ནི་བཅུ་པར་ཞེས་པ་ནི་ས་དང་པོ་དང་བཅུ་པ་ལ་ཞལ་ལ་སོགས་པ་བསྟན་པས་བྱིན་གྱིས་རློབ་པ་སྟེ་རྒྱས་པར་སྔར་བསྟན་ཏོ། །ཚེ་དང་དྲོད་དང་སྲོག་གི་དབང་པོ་ནི་རྣམ་གྲངས་ཉིད་དུ་རྟོགས་པའམ། ཡང་ན་ཚེ་ནི་སྲོག་གི་རླུང་ཡིན་ལ། དྲོད་
ནི་དེ་དག་ལ་བརྟེན་པའི་དྲོད་ཀྱི་ཁྱད་པར་རོ། །རྟག་ཏུ་རློམ་སེམས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །སྒོ་ལྔའི་རྣམ་པར་ཤེས་པ་ནི་རང་གི་ཡུལ་ལ་འཛིན་པ་དེ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པས་བྱེ་བྲག་འབྱེད་པའོ། །སྲེད་པ་དག་ནི་ཞེས་པ་ལ་སོགས་པས་<ད་‚དེ>་རྣམས་གཅོད་ཅིང་
རྣམ་པར་འབྱེད་པ་ནི་དགོངས་ཏེ་བསྟན་པའི་མཚམས་མེད་པ་ཉིད་དུ་སྟོན་པའོ། །བདག་ནི་རྫས་དང་འདྲ་བར་ཡོད། །ཅེས་པ་ཕ་རོལ་པོས་ཁས་བླངས་པ་ཡིན་ལ། དེ་ཉིད་འགོག་པ་ནི་ཕུང་པོ་རྣམས་ཞེས་པ་ལ་སོགས་པ་སྟེ། བདག་ཏུ་བརྟགས་པའི་རྟེན་ཕུང་པོ་ཉིད་ཀྱང་ཀུན་རྫོབ་ཙམ་

དུ་ཡོད་ཀྱི། དོན་དམ་པར་མེད་ན་དེ་ལ་བདག་ཡོད་པ་ལྟ་ག་ལ་སྲིད་ཅེས་པའོ། །དེ་ལྟ་ན་སངས་རྒྱས་ཉིད་ཀྱིས་ཀྱང་བདག་ཡོད་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་དགོངས་པ་ཅན་ཡིན་ཏེ། །ངས་ནི་དེ་དག་བར་དུ་ཡང་། །ཅུང་ཟད་བསྟན་པ་ཡོད་མ་ཡིན། །ཞེས་གསུངས་
པ་དང་མཚུངས་ཏེ། དེའི་ཕྱིར་ཚིག་འདི་རྣམས་ཀྱང་དབང་པོ་ལྟ་བུར་བསྟན་པའོ། །གང་གི་རྒྱུ་དང་ཞེས་པ་ལ་སོགས་པས་ནི་གཞན་གྱིས་སྐྱེ་བར་བརྟགས་པ་འགོག་པ་སྟེ། གང་དག་རྒྱུ་དང་རྐྱེན་གྱིས་འཇིག་རྟེན་རབ་ཏུ་འབྱུང་ཞིང་། དེ་ཡང་ཚུལ་ཇི་ལྟར་འབྱུང་ཞེ་ན། མཐའ་བཞིའི་ཚུལ་གྱིས་
འབྱུང་བར་རིགས་པས་གྲུབ་པའོ། །དེའི་དོན་ནི་འབྲས་བུ་ཕྱིས་ཀྱི་དུས་སུ་ཡོད་པ་དང་། སྔར་རྒྱུའི་དུས་ལ་སོགས་པར་མེད་པ་དང་། དེ་ཉིད་ཀྱི་ཕྱིར་ཡོད་མེད་གཉི་གར་གྱུར་པ་དང་། སྔར་ནི་ཡོད་པ་མ་ཡིན་ལ། ཕྱིས་ནི་མེད་པ་མ་ཡིན་པས་གཉི་ག་མ་ཡིན་པ་སྟེ། མཐའ་བཞིའི་ཚུལ་
དང་ལྡན་པ་རྒྱུ་རྐྱེན་ལས་སྐྱེ་བར་ཚད་མས་གྲུབ་ཅེས་པའོ། །འདི་རྣམས་དགག་པ་ནི་སྔར་བསྟན་ནོ། །གང་ཕྱིར་རྐྱེན་ལས་བྱུང་བས་ན། །ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་གྱི་གཏན་ཚིགས་ཏེ་སྔར་བསྟན་ཏོ། །གང་གི་ཚེ་ན་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པའི་ཚུལ་དེ་ཉིད་སེམས་ཙམ་
གྱི་ཚུལ་ལ་སྦྱར་བའོ། །འཇིག་རྟེན་པའི་སེམས་ཙམ་ཞེས་པ་ནི་གནས་སྐབས་དེ་འདྲ་བ་ནི་འཇིག་རྟེན་ལས་མ་འདས་པའོ། །ཉན་ཐོས་ཟད་པའི་ཡེ་ཤེས་དང་། །ཞེས་པ་ལ་སོགས་པས་ནི་མྱ་ངན་ལས་འདས་པ་ལ་སོགས་པ་སྒྱུ་མ་ལྟ་བུར་ཡོད་པ་ཉིད་དུ་སྟོན་པའོ། །སངས་རྒྱས་རྣམས་ཀྱི་སྐྱེ་བ་
ནི། མཚན་དང་དེ་བཞིན་རྟོགས་པ་དང་། ཡང་སྐྱེ་བ་རྣམ་པ་གཉིས་ཞེས་སྔར་བསྟན་པའོ། །མཐའ་བཞིའི་སྦྱར་བའི་གཏན་ཚིགས་ནི་སྔར་བསྟན་པ་དེ་ཉིད་དེ་སྐྱེ་བར་ཚད་མས་གྲུབ་པའི་ཕྱིར་དེ་ལྟར་བདེན་ནོ་ཞེས་གཏན་ཚིགས་ཉིད་དུ་སྦྱར་བའོ། །བླུན་པོ་དག་གིས་བཟློག་ཅེས་པ་དབུ་མའི་ཚུལ་
ལུགས་འགོག་པའོ། །ཡང་ན་འདི་རྣམས་ཀྱི་དོན་ནི་སྐྱེ་བ་རྣམ་བཞི་དང་བྲལ་བའི་ཕྱིར་བླུན་པོ་དག་གིས་ཀུན་རྫོབ་ཀྱི་སྐྱེ་བ་ཟློག་པར་བྱེད་པའོ། །རང་གི་སེམས་ནི་དོན་རྒྱུད་དེ། །ཅེས་པ་ནི་སེམས་ཉིད་དོན་གྱི་རྒྱུད་རྒྱུན་ཆགས་སུ་སྣང་བའོ། །ཕན་ཚུན་མ་གྱེས་འབྲེལ་པ་ཡི། །བག་ཆགས་གཅིག་གི་

རྒྱུ་ལས་བྱུང་། །ཞེས་པ་ནི་ཀུན་གཞི་ལ་བག་ཆགས་བསྡུས་ཤིང་སྲེད་པའི་སྲད་བུས་བཅིངས་པའི་རྒྱུ་ལས་བྱུང་བའོ། །གཉིས་པོ་ནི་རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་ངོ་། །སྣང་བའི་ས་བོན་ལྡན་པའི་ཕྱིར། །སྐྱེ་མཆེད་རྣམས་ནི་བཅུ་གཉིས་སོ། །ཞེས་པ་ནི་ཀུན་གཞི་ལ་ཕྱི་ནང་
གི་སྐྱེ་མཆེད་དུ་སྣང་བའི་ས་བོན་སེམས་ཀྱི་བདག་ཉིད་དུ་གྱུར་པ་ཡོད་པ་སྟེ། དེ་ལས་གཞན་བེམས་པོའི་ངོ་བོར་གྱུར་པ་ནི་མི་འཐད་ཅེས་བསྟན་ཏོ། །དེ་ལྟར་མེད་བཞིན་དུ་གནས་དང་དམིགས་བྱ་སྟེ། ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་དང་ལྡན་པའི་ཚིག་བརྗོད་པ་ནི་བདེན་པའི་དོན་དང་མི་ལྡན་པས་ལོ་རྒྱུས་
སུ་ང་ཡིས་བཤད་པ་སྟེ། ཚིག་ཙམ་ཉིད་ཅེས་པའོ། །གང་ལ་གང་གི་དངོས་པོར་ཡང་། །ཞེས་པ་ལ་སོགས་པས་ནི་རྣམ་རིག་སྒྱུ་མ་ལྟ་བུའི་གཞན་དབང་ལ་དེ་ལྟ་བུའི་ངོ་བོར་བརྟགས་ན་སྒྱུ་མ་ཙམ་དུ་མི་དམིགས་པ་མ་ཡིན་པ་དེ་ནི་དེ་ལྟར་བདེན་པའོ། །དེ་ལས་གཞན་དུ་ཡོད་མོད་ཀྱི་མཚན་མར་
བརྟགས་པ་ནི་མི་བདེན་པའོ། །ཐོག་མར་མེད་ལྡན་ཞེས་པ་ལ་སོགས་པས་ནི་དོགས་པ་བསལ་བའི་ཚུལ་གྱིས་སྔར་གྱི་དོན་དེ་ཉིད་རྒྱས་པར་བསྟན་པའོ། །དེའི་དོན་ཡང་རྣམ་རིག་སྒྱུ་མ་ལྟ་བུའི་གཞན་དབང་ཐོག་མ་མེད་པ་ནས་གནས་པ་ལ། དངོས་པོའི་ངོ་བོར་རྟོག་པ་ནི་ནོར་པ་ཡིན་ན། དེ་ལས་གཞན་
པའི་དངོས་པོ་བདེན་པ་ཉིད་རྒྱུ་རྐྱེན་སུ་ཞིག་གིས་འཁོར་བར་བྱ་སྟེ། འདིའི་དོན་ཐུབ་པ་ཆེན་པོས་བདག་ལ་གསུངས་ཞེས་པའོ། །ལན་གྱི་དོན་ནི་དངོས་པོ་བདེན་པ་གཅིག་ནི་འཁོར་བ་མེད་ཀྱི། ཀུན་གཞིའི་བདག་ཉིད་དུ་གྱུར་པའི་རིག་པ་སྒྱུ་མ་ལྟ་བུ་ཉིད་འཁོར་ཞེས་པའོ། །དེ་ལས་རྣམ་པ་གཞན་
ཡོད་ན་ཞེས་པ་ལ་སོགས་པ་ནི་བྱིས་པས་དངོས་པོར་བརྟགས་པ་ལས་གཞན་རིག་པ་སྒྱུ་མ་ལྟ་བུར་ཡོད་ཀྱང་བྱིས་པའི་བློས་དེ་ལྟར་རྟོགས་པར་མི་རུང་ངོ་། །གལ་ཏེ་འཕགས་པ་རྣམས་ལ་ཡེ་ཤེས་སྒྱུ་མ་ལྟ་བུ་དེ་ཡོད་ན་བྱིས་པས་བརྟགས་པ་མ་ཡིན་ལ། མེད་ན་ཡང་འཕགས་པ་དང་བྱིས་པ་མཉམ་
པར་འགྱུར་བའོ། །གང་ཕྱིར་ཞེས་པ་ལ་སོགས་པས་དེ་དག་མི་མཉམ་པ་ཉིད་དུ་སྟོན་པའོ། །དེ་ལྟར་ན་ཕུང་པོ་ལ་སོགས་པ་ཡོད་པར་སྟོན་པ་མི་འཐད་དོ་ཞེ་ན། མཁའ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། བརྟགས་པའི་འབྲས་བུ་ནི་ཕུང་པོ་ལ་སོགས་པ་བརྟན་པ་དང་། དེའི་འབྲས་བུ་

ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པའོ། །གང་གི་མ་བྱུང་ཞེས་པ་ལ་སོགས་པས་སྔར་མ་བྱུང་བའི་འབྲས་བུ་རྐྱེན་རྣམས་ཀྱིས་སྐྱེ་བར་འདོད་ན། དེ་དག་འབྲེལ་པ་མི་འཐད་དེ། གཅིག་ཡོད་པ་ན་ཅིག་ཤོས་མེད་པའི་ཕྱིར་རོ། །གཞན་ཡང་ཡོད་མེད་རིམ་གྱིས་ཀྱང་འགལ་
བས་མེད་པ་འབྲས་བུའི་དངོས་པོའི་བདག་ཉིད་དུ་རེད་པ་མེད་ཅེས་པའོ། །དེ་ལྟ་བུ་ཡི་མདོར་མཐོང་ན། །ཞེས་པ་ནི་དེ་ལྟ་བུའི་དོན་མདོ་རྣམས་སུ་བཤད་པ་མཐོང་ཞིང་རྟོགས་ན་ཞེས་པའོ། །མུ་སྟེགས་ཅན་རྣམས་ཞེས་པ་ལ་སོགས་པའི་དོན་ནི་སྐྱེ་བ་དངོས་པོར་རྟོགས་པ་དག །བྱིས་པའི་འཁོང་རྣམས་
ལ་རྐྱེན་དུ་མས་འབྲས་བུ་གཅིག་པ་དང་། ཐ་དད་པ་སྐྱེད་པ་དང་། ཡང་རྐྱེན་གཅིག་གིས་འབྲས་བུ་གཅིག་པ་དང་ཐ་དད་པ་སྐྱེད་པའི་གཏམ་རྒྱུད་སྣ་ཚོགས་ཐ་སྙད་པའི་ཚད་མ་ལ་བརྟེན་ནས་ཟེར་ཀྱང་དོན་དམ་པར་འགྲོ་བའི་རྨི་ལམ་ལ་སོགས་པ་དང་འདྲ་བ་སྟེ། སྐྱེ་བ་མེད་པ་ལ་དེ་ལྟར་མ་རྟོགས་པའོ། །
འདིའི་དོན་ནི་གཞན་དག་རྒྱུ་མིག་དང་གཟུགས་ལ་སོགས་པ་དུ་མ་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་གཅིག་སྐྱེ་བར་འདོད་པ་དང་། ཡང་རྒྱུ་གཅིག་ལས་འབྲས་བུ་གཅིག་སྐྱེ་སྟེ། ད་ལྟར་གྱི་བུམ་པའི་སྐད་ཅིག་གཅིག་ཉིད་རང་གི་རིགས་ཀྱི་སྐད་ཅིག་མ་སྔ་མ་གཅིག་ལས་སྐྱེ་བའོ། །ཡང་རྒྱུ་ཐ་དད་
པས་འབྲས་བུ་ཐ་དད་པ་སྐྱེད་དེ། ནས་དང་སྲན་མའི་ས་བོན་ཐ་དད་པ་ལས་འབྲས་བུ་མྱུ་གུ་ཐ་དད་པ་སྐྱེད་པ་ལྟ་བུའོ། །རྒྱུ་ཐ་མི་དད་པས་ཀྱང་འབྲས་བུ་ཐ་དད་པ་སྐྱེད་དེ། མིག་གི་དབང་པོ་ལས་རང་གི་རིགས་ཕྱི་མ་དང་། རྣམ་པར་ཤེས་པ་སྐྱེད་པ་ལྟ་བུའོ། །དེ་ལྟར་རྒྱུ་དང་འབྲས་བུའི་རིགས་ནི་དེ་
དག་ཙམ་དུ་ཟད་དེ། ཇི་ལྟར་རིགས་པ་བཞིན་དུ་སྐྱེད་པའི་ཚུལ་སོ་སོར་བདེན་པར་འདོད་པའོ། །འདི་ནི་དོན་དམ་པར་མི་འཐད་དེ། རྒྱུ་མིག་དང་གཟུགས་ལ་སོགས་པ་དུ་མ་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་གཅིག་སྐྱེ་བར་འདོད་ན། དངོས་པོ་རྣམས་ཀྱི་འབྲས་བུ་ཐ་དད་མ་ཡིན་པ་རྒྱུ་མེད་པ་
ཅན་དུ་འགྱུར་ཏེ། རྒྱུ་ཐ་དད་དང་ཐ་མི་དད་གཉིས་ཆར་གྱིས་མ་བསྐྱེད་པའི་ཕྱིར་རོ། །དེ་ལ་དང་པོ་འབྲས་བུ་ཐ་དད་པ་ནི་རྒྱུ་ཐ་དད་པས་མ་བྱས་ཏེ། མིག་དང་གཟུགས་ལ་སོགས་པའི་སྐབས་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་། འབྲས་བུ་མིག་གི་རྣམ་ཤེས་ཐ་དད་དུ་མ་བྱུང་བས་རྗེས་སུ་འགྲོ་བ་

འཁྲུལ་པའི་ཕྱིར་རོ། །ཡང་དེ་འདྲ་བ་ནི་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ནས་དང་སྲན་མའི་ས་བོན་ཀྱི་སྐབས་སུ་རྒྱུ་ལ་ཐ་མི་དད་མེད་ཀྱང་འབྲས་བུ་ཐ་དད་དུ་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་ཐ་མི་དད་པ་ཡང་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། མིག་དང་གཟུགས་ལ་སོགས་པའི་
སྐབས་སུ་མིག་གི་རྒྱུ་ཐ་མི་དད་མེད་ཀྱང་འབྲས་བུ་མིག་གི་རྣམ་ཤེས་ཐ་མི་དད་དུ་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ། །ཡང་དེ་འདྲ་བ་ནི་རྒྱུ་ཐ་དད་ཀྱིས་མ་བྱས་ཏེ། ནས་དང་སྲན་མའི་སྐབས་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་འབྲས་བུ་ཐ་མི་དད་མ་བྱུང་བས་རྗེས་སུ་འགྲོ་བ་འཁྲུལ་པའི་ཕྱིར་རོ། །དེ་ལ་གལ་
ཏེ་གཞན་དག་འདི་ནི་མི་འཐད་དེ། མིག་དང་གཟུགས་ལ་སོགས་པའི་སྐབས་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་། འབྲས་བུ་མིག་གི་རྣམ་ཤེས་ཐ་དད་པ་མ་བྱུང་བས་དེ་འདྲ་བ་ཐུན་མོང་པའི་འབྲས་བུ་ཐ་དད་དུ་མི་བྱེད་ཅེས་པ་ནི་གྲུབ་པ་ལ་སྒྲུབ་པའམ། འདོད་པ་ཉིད་ཡིན་ནོ། །ཡང་ནས་དང་སྲན་མའི་
སྐབས་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་། འབྲས་བུ་ཐ་དད་མ་བྱུང་བའི་ཕྱིར་ཐ་དད་ཀྱིས་ཐ་དད་མི་སྐྱེད་ཅེས་ཟེར་ན་ནི་གཏན་ཚིགས་ཉིད་མ་གྲུབ་པའོ། །ཡང་ཐ་དད་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པ་ལ། ནས་དང་སྲན་མའི་མྱུ་གུ་ཐ་དད་པ་གཞིར་བཞག་ནས་རྒྱུ་ཐ་
མི་དད་པ་དང་ལྡོག་པ་འཁྲུལ་པའི་ཕྱིར་ཐ་མི་དད་ཀྱིས་མ་བྱས་སོ་ཞེས་ཟེར་བ་ནི། དེ་ལྟར་འདོད་པ་ཉིད་ཡིན་ལ། དབང་པོ་དང་རྣམ་པར་ཤེས་པའི་ཐ་དད་པ་ལྟ་བུ་གཞིར་བཞག་ནས་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ཐ་མི་དད་མེད་ཀྱང་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར་ཞེས་ཟེར་ན་ནི་གཏན་ཚིགས་མ་
གྲུབ་སྟེ། དེ་དག་གི་རྒྱུ་དབང་པོ་སྔ་མ་གཅིག་ཉིད་ཡིན་པའི་ཕྱིར་རོ། །ཡང་འབྲས་བུ་ཐ་མི་དད་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པ་ཡང་མི་འཐད་དེ། མིག་གི་རྣམ་ཤེས་ཐ་མི་དད་པ་ལྟ་བུ་གཞིར་བཞག་ནས་རྒྱུ་ཐ་མི་དད་མེད་ཀྱང་བྱུང་བའི་ཕྱིར་ཐ་མི་དད་ཀྱིས་མ་བྱས་སོ་ཞེས་
ཟེར་ན་ནི། དེ་ལྟར་འདོད་པ་ཉིད་ཡིན་ལ། ད་ལྟར་གྱི་བུམ་པའི་སྐད་ཅིག་ལྟ་བུ་གཞིར་བཞག་ནས་རྒྱུ་ཐ་མི་དད་མེད་ཀྱང་བྱུང་བའི་ཕྱིར་ཐ་མི་དད་ཀྱིས་མ་བྱས་སོ་ཞེས་ཟེར་ན་ནི། གཏན་ཚིགས་མ་གྲུབ་པའོ། །ཡང་འབྲས་བུ་ཐ་མི་དད་རྒྱུ་ཐ་དད་ཀྱིས་མ་བྱས་ཏེ། ནས་དང་སྲན་མའི་སྐབས་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་

འབྲས་བུ་ཐ་མི་དད་མ་བྱུང་བའི་ཕྱིར་ཞེས་ཟེར་ན་ནི། དེ་འདྲ་བའི་ཐ་དད་འབྲས་བུ་ཐ་མི་དད་སྐྱེད་པར་མི་འདོད་པས་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ལ། སྐབས་དེར་རྗེས་འགྲོ་འཁྲུལ་པས་སྐབས་གཞན་དུ་ཡང་ཐ་དད་ཀྱིས་ཐ་མི་དད་མི་སྐྱེད་དོ་ཞེས་ཟེར་ན་ནི་ཁྱབ་པ་མ་གྲུབ་པོ་ཞེས་ཟེར་
རོ། །འདི་ནི་མི་འཐད་དེ། དང་པོ་མིག་དང་། གཟུགས་ལ་སོགས་པའི་སྐབས་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་། འབྲས་བུ་ཐ་དད་མ་བྱུང་བས་ཕྱིར་རྗེས་སུ་འགྲོ་བ་འཁྲུལ་པའི་ཕྱིར། ནས་དང་སྲན་མའི་མྱུ་གུ་ཐ་དད་པ་ཡང་རྒྱུ་ཐ་དད་ཀྱིས་མ་བྱས་པ་ཉིད་དུ་འགྱུར་ཞེས་འདིར་ཐལ་བའི་དོན་དུ་འགོད་པའོ། །
གལ་ཏེ་དེ་འདྲ་བའི་ཐ་དད་པའམ་མིག་དང་གཟུགས་དང་རྣམ་པར་ཤེས་པའི་ལྟ་བུའོ། །ཐ་དད་པ་རྒྱུ་ཐ་དད་ཀྱིས་བྱས་ན་ཐ་དད་ཁྱད་པར་མེད་པར་མིག་གི་རྣམ་ཤེས་ལ་ཡང་ཡོད་པས་དེ་ཐ་དད་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེས་པའོ། །རྒྱུ་ཐ་མི་དད་པ་ཉིད་ཀྱང་སྐབས་དེར་མེད་པའི་ཕྱིར། དེ་འདྲ་བའི་མྱུ་
གུ་ཐ་དད་པ་ནི་ཐ་དད་དང་ཐ་མི་དད་གཉིས་ཆར་གྱིས་མ་བྱས་པས་རྒྱུ་མེད་པ་ཉིད་དུ་འགྱུར་བའོ། །གལ་ཏེ་མིག་དང་གཟུགས་ལ་སོགས་པའི་རང་གི་རིགས་ཕྱི་མར་གྱུར་པའི་འབྲས་བུ་ལ་ལྟོས་ཏེ། མིག་དང་གཟུགས་ལ་སོགས་པའི་སྐད་ཅིག་མ་སྔ་མ་རྣམས་རྒྱུའི་ཚོགས་པ་ཐ་དད་པ་ཡིན་ཏེ། རང་
གི་རིགས་ཀྱི་འབྲས་བུ་ཕྱི་མ་བསྐྱེད་པ་ལ་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་རོ། །ཐུན་མོང་གི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་ནི་དེ་རྣམས་རྒྱུའི་ཚོགས་པ་གཅིག་པ་སྟེ། གང་ཡང་རུང་བ་ཅིག་མ་ཚང་ཡང་མིག་གི་རྣམ་ཤེས་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་མིག་གི་རྣམ་ཤེས་ལ་ལྟོས་ཏེ།
དེ་དག་ལྷན་ཅིག་བྱེད་པ་ཐ་དད་པ་ཙམ་ཡིན་གྱི། ཚོགས་པ་ཐ་དད་པ་མ་ཡིན་པས་ཐ་དད་ཁྱད་པར་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པའོ། །ནས་དང་སྲན་མའི་ཐ་དད་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་རྒྱུའི་ཚོགས་པ་ཐ་དད་པས་འབྲས་བུ་ཐ་དད་ཉིད་དུ་བསྐྱེད་ཅིང་
ཚོགས་པ་ཐ་མི་དད་པས་འབྲས་བུ་གཅིག་པ་ཉིད་དུ་སྐྱེད་དེ། འདི་ནི་མཐའ་གཅིག་ཏུ་ངེས་པའོ། །ལྷན་ཅིག་བྱེད་པ་ནི་ངེས་པ་མེད་དེ་གཅིག་ལས་ཐ་དད་པ་དང་། ཐ་དད་པས་ཀྱང་གཅིག་ལ་སོགས་པ་སྣ་ཚོགས་སུ་འགྱུར་རོ་ཞེ་ན། མི་འཐད་དེ། འདིར་མིག་དང་གཟུགས་ལ་སོགས་པའི་

ཚོགས་པ་དང་། ཚོགས་པ་ཅན་གྱིས་ལྷན་ཅིག་བྱེད་པ་རྣམས་གཅིག་གམ་ཐ་དད་ཅེས་བརྟག་པར་བྱའོ། །གལ་ཏེ་ཐ་དད་ཅེས་ཟེར་ན་དེ་དག་འབྲེལ་པར་ཡོད་དམ་མེད། གལ་ཏེ་མེད་པར་འདོད་ན་རྣམ་པར་ཤེས་པ་གཅིག་གི་རྒྱུ་ཚོགས་པ་གཅིག་པ་ཁོ་ན་ཡིན་པས་ལྷན་ཅིག་བྱེད་པ་ཐ་དད་པ་རྣམས་རྒྱུ་མ་
ཡིན་པའི་ཕྱིར་དེ་རྣམས་ལ་མི་ལྟོས་པར་ཐལ་ལོ། །གལ་ཏེ་འབྲེལ་པར་འདོད་ན་ཐ་དད་པའི་འབྲེལ་པ་ལ་རྒྱུ་དང་འབྲས་བུ་ལས་གཞན་མི་འཐད་ལ། དེ་ལས་ཚོགས་པ་གཅིག་པ་ཚོགས་པ་ཅན་ལྷན་ཅིག་བྱེད་པ་ཐ་དད་པའི་འབྲས་བུར་ཁས་ལེན་དགོས་པས་ཐ་དད་དང་ཐ་དད་མ་ཡིན་པ་རྒྱུ་མེད་པར་ཐལ་
བའི་ཉེས་པ་སྔ་མ་ཉིད་སོ་ན་འདུག་གོ། །གལ་ཏེ་ཚོགས་པ་གཅིག་པའི་འབྲས་བུ་སྐྱེད་པ་ལྟོས་ཏེ། ཡང་དེ་རྣམས་ཚོགས་པ་གཅིག་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་འདྲ་བའི་ཚོགས་པ་གཅིག་པ་དེ་ལ་ཡང་བརྟག་པ་སྔ་མ་ཉིད་མཚུངས་པས་རྐྱེན་རྣམས་ཚོགས་པ་གཅིག་པ་ཉི་ཚེ་ལ་སྦྱོར་བའི་ཕྱིར།
མིག་གི་རྣམ་ཤེས་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། བསམས་པས་གོ་བར་ཟད་དོ། །གལ་ཏེ་ཚོགས་པ་དང་ཚོགས་པ་ཅན་གཅིག་པ་ཡིན་ན་ནི། ཚོགས་པ་ཅན་ལྷན་ཅིག་བྱེད་པ་ཐ་དད་པ་བཞིན་དུ་ཚོགས་པ་ཡང་ཐ་དད་པར་འགྱུར་ཏེ། ཐ་དད་དང་གཅིག་པའི་ཕྱིར། དཔེར་ན་སྐར་མའི་དཀར་
པོ་ཉིད་བཞིན་ནོ། །དེ་བཞིན་དུ་ཚོགས་པ་ཅན་རྣམས་ཀྱང་གཅིག་ཉིད་དུ་འགྱུར་ཏེ། གཅིག་དང་ཐ་མི་དད་པའི་ཕྱིར་རོ། །གཞན་ཡང་འབྲས་བུ་ཐ་དད་པ་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པ་ཡང་དབང་པོ་དང་རྣམ་པར་ཤེས་པའི་ཐ་དད་པ་ཡང་རྒྱུ་ཐ་མི་དད་
ཀྱིས་མ་བྱས་པ་ཉིད་དུ་འགྱུར་ཏེ། གལ་ཏེ་དེ་འདྲ་བའི་ཐ་དད་པ་རྒྱུ་ཐ་མི་དད་ཀྱིས་བྱས་ན། གང་དུ་རྒྱུ་ཐ་མི་དད་ལོག་པ་དེར་འབྲས་བུ་ཐ་དད་ལྡོག་པར་འགྱུར་བ་ལས། ནས་དང་སྲན་མའི་སྐབས་སུ་རྒྱུ་ཐ་མི་དད་ལོག་ཀྱང་། འབྲས་བུ་ཐ་དད་མ་ལོག་པའི་ཕྱིར་རོ། །དེའི་ཕྱིར་དབང་
པོ་དང་རྣམ་པར་ཤེས་པའི་ཐ་དད་པ་ནི་རྒྱུ་ཐ་མི་དད་ཀྱིས་མ་བྱས་ལ། ཐ་དད་པ་ཡང་སྐབས་དེར་ཁས་མི་ལེན་པས་རྒྱུ་མེད་པ་ཉིད་དུ་འགྱུར་ཞེས་པའོ། །ཡང་འབྲས་བུ་ཐ་མི་དད་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པའི་དོན་ཡང་དེ་ལྟ་བའི་བུམ་པའི་སྐད་

ཅིག་གཅིག་པོ་དེ་ཉིད་རྒྱུ་ཐ་མི་དད་ཀྱིས་མ་བྱས་པར་ཐལ་ཏེ། ཐ་མི་དད་དང་ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པའོ། །ཡང་དེ་འདྲ་བ་ནི་རྒྱུ་ཐ་དད་པས་ཀྱང་མ་བྱས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་རྒྱུ་མེད་པར་འགྱུར་བའོ། །ཡང་འབྲས་བུ་ཐ་མི་དད་རྒྱུ་ཐ་དད་ཀྱིས་མ་བྱས་ཏེ།
རྗེས་འགྲོ་འཁྲུལ་པའི་ཕྱིར་ཞེས་པའི་དོན་ཡང་མིག་གི་རྣམ་ཤེས་ཐ་མི་དད་དེ། དེ་ཉིད་རྒྱུ་ཐ་དད་ཀྱིས་མ་བྱས་པར་ཐལ་ཏེ་འགྲོ་བ་འཁྲུལ་པའི་ཕྱིར་རོ། །གལ་ཏེ་དེ་འདྲ་བའི་ཐ་མི་དད་རྒྱུ་ཐ་དད་ཀྱིས་བྱས་ནས་ནས་དང་སྲན་མའི་སྐབས་སུ་ཡང་རྒྱུ་ཐ་དད་ཁྱད་པར་མེད་པར་ཡོད་པས་འབྲས་བུ་ཐ་མི་དད་
ཉིད་དུ་འགྱུར་བའོ། །དེའི་ཕྱིར་མིག་གི་རྣམ་ཤེས་གཅིག་པོ་དེ་ཉིད་རྒྱུ་ཐ་དད་དང་ཐ་མི་དད་གཉིས་ཆར་གྱིས་མ་བྱས་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་ནས་དང་སྲན་མའི་ཐ་དད་པ་ནི་ཚོགས་པ་ཐ་དད་པ་ཡིན་ལ། མིག་དང་གཟུགས་ལ་སོགས་པ་ནི་སྔར་བསྟན་པ་ལྟར་ལྷན་ཅིག་བྱེད་པ་ཐ་
དད་པ་ཙམ་ཡིན་པས་ཐ་དད་པ་ཁྱད་པར་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པོ་ཞེ་ན། འདིའི་ལན་ནི་སྔར་བསྟན་ནོ། །དེ་ལྟར་རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པའི་ཕྱོགས་བཀག་ནས་ཡང་དུ་མས་དུ་མ་བསྐྱེད་པ་ཡང་མི་འཐད་དེ། རྒྱུ་དུ་མ་དེ་རྣམས་ཕན་ཚུན་ལྟོས་ནས་འབྲས་བུ་རེ་རེ་སྐྱེད་
པར་བྱེད་ན་ནི་དུ་མས་གཅིག་སྐྱེད་པའི་ཕྱོགས་སུ་འགྱུར་ལ། མ་ལྟོས་པར་སོ་སོས་རེ་རེ་སྐྱེད་ན་ཡང་གཅིག་གིས་གཅིག་སྐྱེད་པའི་ཕྱོགས་སུ་འགྱུར་ན་དེ་ཡང་མི་འཐད་དེ། མིག་ལ་སོགས་པའི་དབང་པོ་གང་ཡང་རུང་བ་ཅིག་གིས་རང་གི་རིགས་ཕྱི་མ་ཁོ་ན་སྐྱེད་ན་རྣམ་པར་ཤེས་པ་མ་བསྐྱེད་པའི་
ཕྱིར་འགྲོ་བ་ཐམས་ཅད་འོན་པ་དང་ལོང་བར་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་གཅིག་ཉིད་སྐྱེད་དོ་ཞེ་ན། རང་གི་རིགས་ཕྱི་མ་མ་བསྐྱེད་པས་སྐད་ཅིག་གཉིས་ཕྱིན་ཆད་རྣམ་པར་ཤེས་པ་མི་འབྱུང་བས་ཡང་འགྲོ་བ་འོན་པ་དང་ལོང་བ་ལ་སོགས་པར་འགྱུར་ཏེ། དབང་པོ་མེད་པའི་རྣམ་པར་
ཤེས་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལྟ་བུ་གཅིག་གིས་ནི་འབྲས་བུ་གཅིག་བསྐྱེད་པར་ཁས་མི་ལེན་ཏེ། གཞན་དུ་བུམ་པ་ལྟ་བུའི་སྐད་ཅིག་སྔ་མ་གཅིག་ཉིད་ཀྱིས་འབྲས་བུའི་སྐད་ཅིག་མ་ཕྱི་མ་གཅིག་སྐྱེད་དོ་ཞེ་ན། མི་འཐད་དེ། དེ་ཡང་ཐ་ན་དབང་པོའི་ཤེས་པ་དུ་མ་ལ་

ཕན་འདོགས་པའི་ཕྱིར་གཅིག་གིས་གཅིག་ཁོ་ན་སྐྱེད་པ་ནི་གནས་སྐབས་གང་དུ་ཡང་མི་སྲིད་དོ། །ཡང་གཅིག་གིས་དུ་མ་སྐྱེད་པ་ཡང་མི་འཐད་དེ། སྔར་བསྟན་པ་ལྟར་དངོས་པོ་རྣམས་ཀྱི་ཐ་དད་དང་ཐ་དད་མ་ཡིན་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་
བྱའོ། །སྔར་བསྟན་པའི་མཐའ་བཞིར་སྦྱར་བའི་གཏན་ཚིགས་ཀྱང་འདི་ཉིད་ཡིན་ཏེ། འོན་ཀྱང་དེ་ཡིས་དོན་དམ་པའི་སྐྱེ་བ་འགོག་པ་ལས་ཀུན་རྫོབ་པ་ནི་དགག་པར་མི་ནུས་ཏེ། ཀུན་རྫོབ་ལ་རིགས་པའི་དཔྱད་པ་མི་འཇུག་པའི་ཕྱིར་རོ། །འདིར་ཀྱང་ཞེས་པའི་ཚིག་ནི་འགལ་བའི་རྒྱན་ཏེ།
དེ་ལྟར་རྐྱེན་གྱིས་གཅིག་དང་ཐ་དད་པ་མི་སྐྱེད་པར་རྣམ་པར་འཇོག་མོད་ཀྱི་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ནི་མ་གཏོགས་ཞེས་པའོ། །དེ་ལྟར་སྐྱེ་བ་ལ་སོགས་པ་དངོས་པོར་མེད་ན། ཐོག་མ་ཉིད་དུ་དེ་དག་ཡོད་པར་སྟོན་པ་མི་འཐད་དོ་ཞེ་ན། བརྗོད་པའི་ཡུལ་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དག་
ཡོད་པར་སྟོན་པའི་ཐེག་པ་ནི་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་དོན་དུ་བསྟན་པའོ། །མཚན་ཉིད་དང་ནི་དངོས་དབྱིབས་དང་། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ཡིན་ལ། མིང་ནི་མིང་བཞིའི་ཕུང་པོའོ། །གང་རྣམས་ཞེས་པ་ལ་སོགས་པས་སྲས་ཀྱི་ས་ལ་གནས་པའི་གང་ཟག་སྟོན་ཏེ། ཕྱག་རྒྱ་
ཞེས་པ་ནི་གྲོལ་བ་ཉིད་དུ་མཚོན་པའི་རྟགས་དང་མཚན་མའོ། །གཟུགས་ཀྱི་རྣམ་ཤེས་ཞེས་པ་ལ་སོགས་པས་དེར་འཛིན་པའི་ཕྱིན་ཅི་ལོག་སྤངས་ནས་ཟག་པ་དང་བཅས་པའི་ལས་འཇིག་པར་འགྱུར་ན་མཐའ་གཉིས་སུ་འཛིན་པ་ལྡོག་ཅིང་། འཁོར་བ་དག་ཀྱང་མེད་པར་འགྱུར་བའོ། །ལྡོག་པའི་ཚེ་
ནི་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་འཆད་དེ། ཡོད་མེད་ཉེས་དང་བྲལ་བའི་ལས། །ཀུན་གཞི་ལ་ནི་རབ་ཏུ་གནས། །ཞེས་པ་ནི་མཐའ་གཉིས་སུ་འཛིན་པ་དང་བྲལ་བ་ཟག་པ་མེད་པའི་ལས་ཀྱི་ས་བོན་ཀུན་གཞི་ལ་གནས་པ་སྟེ། དེས་རྣམ་པར་ཤེས་པ་ཁུ་ཁྲག་གི་ནང་དུ་རྐྱལ་ཞིང་འགྲོ་
བའི་གཟུགས་སྣ་ཚོགས་སུ་ལྟུང་བར་མི་འགྱུར་བའོ། །ཡང་གཟུགས་དང་རྣམ་ཤེས་འབྲེལ་པ་སྟེ་གཟུགས་ཀྱི་མཚན་མར་འཛིན་པ་རྣམས་ཀྱི་ཟག་པ་དང་བཅས་པའི་ལས་འཇིག་པར་མི་འགྱུར་རོ། །དེ་དག་འབྲེལ་ཞེས་པ་ནི་མཚན་མར་འཛིན་པ་དང་འབྲེལ་པའོ། །གལ་ཏེ་དེ་འདྲ་བའི་ལས་

ཞིག་ཀྱང་སེམས་དང་ལྷན་ཅིག་ཏུ་འཁོར་བའི་ལུས་འགྲུབ་པར་འགྱུར་རོ་ཞེ་ན། དེ་འདྲ་བའི་ལུས་ནི་སེམས་ཙམ་དང་འབྲེལ་པའི་ཕྱིར་དེ་དག་ཐ་མི་དད་པའི་ཚུལ་གྱིས་རྟག་ཏུ་འབྱུང་བར་འགྱུར་ན་དེ་ནི་མི་འཐད་པའོ། །སེམས་དང་གཟུགས་སུ་རྣམ་པར་རྟོག་པ་སྟེ། རྟོག་
པའི་རང་བཞིན་དུ་གྱུར་པའི་གཟུགས་སུ་སྣང་བ་དང་གཅིག་དང་ཐ་དད་ལས་གྲོལ་བ་སྟེ་དོན་དམ་པའི་དབང་དུ་བྱས་པའོ། །ཀུན་ཏུ་བརྟགས་དང་ཞེས་པ་ལ་སོགས་པས་ནི་རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་དང་གཞན་གྱི་དབང་ནི་གཅིག་ཉིད་ཡིན་ལ་དེ་ཡང་སྒྱུ་མ་ལྟ་བུར་ཡོད་པ་ཉིད་དུ་སྟོན་ཏོ། །དེ་ཡང་
དོན་དམ་པར་གཅིག་དང་ཐ་དད་ལས་གྲོལ་བའི་བརྟགས་པ་ལ་བརྟགས་པ་ཉིད་དུ་ཁོང་དུ་མ་ཆུད་ན། ཡོད་དང་མེད་པར་ཇི་ལྟར་འགྱུར་ཏེ། དེ་འདྲ་བའི་བློའི་དོན་གཞན་གྱི་དབང་ནི་ཡོད་ལ། ཀུན་དུ་བརྟགས་པ་ནི་མེད་དོ་ཞེས་རྣམ་པར་དབྱེ་བ་མི་འཐད་དེ། གཟུགས་དང་མི་རྟག་པར་དབྱེ་བ་མི་འཐད་པ་
བཞིན་ནོ། །གལ་ཏེ་བརྟགས་པ་ལ་བརྟགས་པ་ཉིད་དུ་ཤེས་ན་ནི་དེ་ནི་མེད་ལ། གཞན་གྱི་དབང་ནི་ཡོད་དོ་ཞེས་རྣམ་པར་དབྱེ་བ་འཐད་པའོ། །གཞན་ཡང་བརྟགས་པ་ཉིད་དུ་མཐོང་ན་དེ་འདྲ་བའི་དངོས་པོར་རྟོག་པའི་གཞན་གྱི་དབང་ཀུན་རྫོབ་ཏུ་ཡང་མི་སྐྱེ་བའོ། །ཡང་གཞན་གྱི་དབང་སྒྱུ་མ་ལྟ་
བུར་མཐོང་ན་རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་ཡང་དེ་དང་ཐ་དད་མེད་པས་དེ་བཞིན་ཉིད་སྒྱུ་མ་ལྟ་བུར་རྟོགས་པར་འགྱུར་བའོ། །རྟོག་པ་རྣམ་པར་འཇིག་ཅིང་ཞེས་པ་ལ་སོགས་པས་གཞན་དབང་ལ་སྐུར་པ་འདེབས་པའི་མཐའ་འགོག་པའོ། །སྒྲོ་འདོགས་པ་ནི་གཞན་དབང་དངོས་པོའི་ངོ་བོ་དོན་དམ་
པར་རྟོག་པའོ། །ངའི་ཚུལ་ནི་མཐའ་གཉིས་སྤངས་པའི་དབུ་མའོ། །དེ་ལྟར་ངའི་ཚུལ་ལུགས་སུན་འབྱིན་པ་དང་། མཁས་པ་རྣམས་ལམ་གཅིག་ནས་མི་འགྲོ་ཞིང་གཏམ་མི་བྱ་བ་སྟེ། དེ་དག་རྗེས་སུ་མི་བཟུང་བར་མི་ནུས་པའི་ཚེའོ། །དགེ་སློང་གི་དོན་ནི་འགའ་ཞིག་བསྙེན་པར་རྫོགས་
པའི་ཕྲིན་ལས་ཏེ་དེ་དང་ལྷན་ཅིག་མི་བྱ་བའོ། །དེ་དག་སྡུད་པ་ནི་འཁོར་དང་ཡིད་གཅུགས་ཉིད་དུ་བྱེད་པའོ། །གཞན་ཡང་རྣམ་པར་འཇིག་པ་ནི་ཡང་དག་པའི་རྟོགས་པ་ལས་ཉམས་པར་བྱེད་པའོ། །མུ་ཏིག་ནོར་བུ་ཞེས་པ་ལ་སོགས་པས་ནི་དགོངས་པ་ཅན་གྱི་ཚིག་སྟོན་ཏེ། དེ་ལས་མེད་

པར་བསྟན་པ་ནི་དོན་དམ་པ་ལ་དགོངས་པ་སྟེ། ནོར་བུ་མུ་ཏིག་གསེར་འབྱུང་རྣམས། །ཞེས་པ་ལ་སོགས་པ་དྲིས་པའི་ལེན་དུ་ཡང་སྦྱར་བར་བྱའོ། །ཇི་ལྟར་ཞེས་པ་ལ་སོགས་པས་ནི་ཡོད་པར་སྟོན་པའི་ཚིག་སྟེ་ཀུན་རྫོབ་ལ་དགོངས་པའོ། །གལ་ཏེ་དེ་ལྟ་ན། ཇི་ལྟར་བྱིས་པས་བརྟགས་པ་ལྟར། །
དངོས་པོ་རྣམས་ནི་ཡོད་པ་མིན། །ཞེས་བསྟན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་དངོས་པོའི་ངོ་བོ་དོན་དམ་པར་མ་གྲུབ་པ་ཡིན་ལ། འདིར་ནི་རྟོག་པའི་གཟུང་བ་ཉིད་དུ་གྱུར་པའི་བརྟགས་པ་ཀུན་རྫོབ་ཏུ་རྟོག་པའི་བདག་ཉིད་དུ་ཡོད་པའོ། །རྣམ་པར་ཐར་པ་གསུམ་སྤྱོད་ཅེས་པ་ལ་
སོགས་པས་དེ་རྣམས་དོན་དམ་པར་མེད་པ་ཉིད་དུ་སྟོན་པའོ། །འབྱོར་པ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་འབྱོར་པའོ། །ངའི་བསྟན་ལ་ཞེས་པ་ལ་སོགས་པས་ནི་ལུང་བསྟན་གྱི་ཁྱད་པར་ཏེ། ཁྱེད་ཀྱི་ལུང་བསྟན་རྣམ་པ་དུ་ཞེས་དྲིས་པའི་ལན་དུ་སྦྱར་བར་བྱའོ། །འཕགས་པའི་སྤྱོད་
ཡུལ་ནི་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་དོ། །གཟེགས་ཟན་ནི་འབྲས་ཀྱི་གཟེགས་མ་ཙམ་ལ་ལོངས་སྤྱོད་པ་དཀའ་ཐུབ་ཀྱི་ཆ་འཛིན་པའི་དྲང་སྲོང་སྟེ། བྱེ་བྲག་པའི་སྟོན་པའོ། །འབྲས་བུ་མེད་པར་སྨྲ་བ་ནི་ལས་དང་འབྲས་བུའི་འབྲེལ་པ་འཇིག་པར་བྱེད་པའོ། །དེ་དག་ནི་རིགས་མཐུན་པའི་རྡུལ་ཕྲ་
རབ་འདུས་པ་ལས། འགྲོ་བའི་ལུས་དང་སྣོད་ཀྱི་འཇིག་རྟེན་བྱུང་ལ། རྡུལ་ཕྲ་རབ་ནི་རྟག་པ་རྒྱུ་མེད་པར་འདོད་པའོ། །རྫས་རྣམས་ཀྱིས་ནི་རྫས་རྩོམ་ཞེས་པ་ལ་སོགས་པས་ནི་རྡུལ་ཕྲ་རབ་ཀྱི་རྫས་ཀྱིས་རགས་པའི་རྫས་རྩོམ་ལ། གཟུགས་ལ་སོགས་པའི་ཡོན་ཏན་གྱི་སྐད་ཅིག་སྔ་
མ་ཕྱི་མ་རྣམས་སྐྱེད་པའོ། །དངོས་པོ་དག་གི་དངོས་ཉིད་གཞན། །ཞེས་པ་ནི་རིག་པ་སྒྱུ་མ་ལྟ་བུར་ཡོད་པ་གང་ཟག་གི་བདག་མེད་པ་ནི་འཇིག་པར་བྱེད་པའོ། །གཞན་ཡང་འགྲོ་བའི་རིགས་སྔར་མ་བྱུང་བ་འབྱུང་བར་འགྱུར་ན། འཁོར་བའི་ཐོག་མ་ཡོད་པར་ཐལ་བའོ། །དེ་ལྟར་འདོད་པ་
ནི་མི་འཐད་དེ། མ་རིག་པ་དང་ལྷན་ཅིག་པའི་སེམས་ཉིད་ཀུན་རྫོབ་ཏུ་རྒྱུ་མེད་པ་མི་འཐད་ལ་རྒྱུ་ཡང་ཕྱི་རོལ་གྱི་དངོས་པོའམ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ནི་མི་འཐད་པས་རང་གི་རིགས་སྔ་མ་སྔ་མ་རྣམས་སྔོན་དུ་འགྲོ་བ་སྟེ། དེའི་ཕྱིར་འཁོར་བ་ལ་ཐོག་མ་མེད་པའོ། །མེད་པ་སྐྱེ་

བ་འགོག་པ་ནི་སྔར་རྒྱས་པར་བསྟན་ནོ། །གཅིག་པོ་ལས་གཅིག་འབྱུང་ན་ཞེས་པ་ནི་རྩི་རྐྱང་ལྟ་བུ་གཅིག་པོ་ལས་མེད་པའི་རེ་ལྡེ་གཅིག་ཉིད་འབྱུང་བར་འདོད་ན། དེ་ལས་གཞན་པའི་རྐྱེན་འཇིམ་པའི་གོང་བུ་ལ་སོགས་པ་རྣམས་ལས་ཀྱང་མེད་པའི་རེ་ལྡེ་ཅིའི་ཕྱིར་མི་འབྱུང་
སྟེ། །མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །འཚོ་བ་ནི་སྲོག་གི་དབང་པོའོ། །དེ་ལྟ་ན་སངས་རྒྱས་ཉིད་ཀྱིས་ཀྱང་མེད་པ་སྐྱེ་བའི་ཕྱོགས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཕྱོགས་སྔ་མ་ཉིད་གཞན་གྱི་ལུགས་བསྟན་པའོ། །དེ་ལྟར་བསྟན་པའི་དགོས་པ་ཡང་དངོས་པོར་
ཞེན་པའི་སྐྱེ་བོ་གང་དག་རྟག་ཏུ་དེ་ལྟར་འགྱུར་བ་བཟློག་པའི་དོན་དུ་དེ་དང་མཐུན་པའི་དོན་བསྟན་པས་བྲིད་ནས་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའོ། །གཞན་ཡང་ཡན་ལག་སེར་སྐྱ་ཞེས་པ་གྲངས་ཅན་གྱི་སྟོན་པ་དྲང་སྲོང་སེར་སྐྱའོ། །གང་གི་དངོས་པོ་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་
རིག་པ་རྒྱུ་དང་བཅས་པར་སྟོན་ཏོ། །དངོས་པོ་ལ་ནི་དམིགས་བྱས་ཞེས་པ་ནི་སེམས་ཀྱི་བདག་ཉིད་དུ་གྱུར་པའི་དངོས་པོ་གཟུགས་ལ་སོགས་པར་སྣང་བའོ། །འཕགས་པའི་དངོས་པོའི་ཚུལ་ཞེས་པ་ནི་འཕགས་པ་སོ་སོ་རང་གིས་རིག་པར་བྱ་བའི་དོན་ལ། ཡོད་པར་སྒྲོ་འདོགས་པ་དང་མེད་པར་
སྐུར་པ་འདེབས་པ་ནི་ངའི་ཚུལ་ལ་མི་མཁས་པའོ། །འཇིག་རྟེན་པའི་སེམས་ཞེས་པ་ནི་འཇིག་རྟེན་པས་བརྟགས་པ་སྟེ། སེམས་ཙམ་ཡང་དག་པ་ཉིད་མ་ཡིན་ནོ། །རྨི་ལམ་དང་འདྲ་བར་སྐྱེ་བ་ནི་གཉིས་སུ་སྣང་བ་སེམས་ཉིད་ཅེས་པའོ། །མཚན་ཉིད་མེད་པ་ནི་དོན་དམ་པར་རོ། །ཇི་ལྟར་
ཞེས་པ་ལ་སོགས་པས་ནི། རང་རིག་དོན་དམ་པར་ཡོད་པ་འགོག་པ་སྟེ། ཇི་ལྟར་རལ་གྲིའི་སོས་རང་ཉིད་མི་གཅོད་པ་དང་། མཛུབ་མོས་རང་གི་རྩེ་མོ་ལ་རེག་པར་མི་འགྱུར་བ་བཞིན་དུ་སེམས་ཀྱིས་ཀྱང་རང་ཉིད་མི་རིག་པའོ། །འདིའི་དོན་ཡང་རང་སྣང་བས་སྟོང་པའི་ཕྱིར་ཞེས་པའོ། །
གལ་ཏེ་རང་སྣང་བར་ཁས་ལེན་ན་ནི་རང་ཉིད་ལ་རྣམ་པར་འཇོག་པ་དང་། དེས་གཞག་པའི་རྣམ་པ་དང་གཉིས་སུ་འགྱུར་རོ། །གལ་ཏེ་འདིར་རང་ལ་རང་གི་རྣམ་པ་སྣང་བའི་སྒོ་ནས་རང་རིག་པ་ནི་མ་ཡིན་གྱི། འོན་ཀྱང་བེམས་པོའམ་དངོས་པོ་མེད་པ་ལས་ལོག་སྟེ། རིག་པའི་རང་

བཞིན་དུ་སྐྱེས་པ་ཉིད་རང་རིག་པ་ཡིན་ནོ་ཞེ་ན། དེ་ལྟར་ན་དངོས་པོ་རྣམས་རྒྱུ་གཞན་མེད་པར་རང་ཉིད་སྐྱེའོ་ཞེས་ཀྱང་ཅིའི་ཕྱིར་ན་མི་བརྗོད་དེ། དེར་ཡང་དངོས་པོ་མ་སྐྱེས་པ་ལས་ལོག་ནས། སྐྱེས་པའི་ངོ་བོར་བྱུང་བ་ཉིད་རང་གིས་སྐྱེད་པའམ། རང་སྐྱེ་བའོ། །གལ་ཏེ་དེར་རང་གི་རང་བཞིན་གཅིག་ཉིད་ལ་
བསྐྱེད་བྱ་དང་། སྐྱེད་བྱེད་མི་འཐད་དོ་ཞེ་ན། དེ་བཞིན་དུ་གཅིག་ལ་རིག་བྱ་དང་རིག་བྱེད་ཀྱང་མི་འཐད་དོ། །གལ་ཏེ་སྐྱེད་བྱེད་གཞན་ལ་མ་ལྟོས་པར་རང་སྐྱེ་བ་ནི་མི་འཐད་དོ། །དེ་ལྟ་ན་རྟག་ཏུ་ཡོད་པའམ་མེད་པ་ཉིད་དུ་འགྱུར་གྱི། རེས་འགའ་བར་འགལ་བའི་ཕྱིར་རོ་ཞེ་ན། རིག་བྱེད་གཞན་
ལ་མ་ལྟོས་པར་རང་རིག་པ་ཡང་མི་འཐད་དེ། རེས་འགའ་བར་འགལ་བའི་ཕྱིར་རོ། །གཞན་ཡང་སེམས་ཀྱིས་སེམས་ནི་མི་མཐོང་ཞེས་པ་དང་། སྒྱུ་མ་ལྟ་བུ་དང་། རྣམ་པར་མི་རིག་པ་སྟེ་ཞེས་པ་ལ་སོགས་པ་མདོ་སྡེ་གཞན་དག་ལས་ཀྱང་གསུངས་པའི་ཕྱིར་རོ། །དེས་ན་སེམས་ཉིད་
རིག་པའི་གཞན་དབང་ཡང་མི་འཐད་དོ། །སྐྱེད་པར་བྱེད་ལ་དགོངས་ཞེས་པ་ནི་དོན་དམ་པར་མེད་པ་ལ་དགོངས་པའོ། །རྣམ་པ་སྣ་ཚོགས་ཞེས་པ་ལ་སོགས་པས་རྣམ་རྟོག་ཀུན་རྫོབ་ཙམ་དུ་ཡང་མེད་ན། སྣ་ཚོགས་ཀྱི་དོན་དུ་སྣང་བ་ཡང་མི་འཐད་དེ། རི་བོང་གི་རྭ་ལ་སོགས་པ་ཡང་དེ་ལྟར་
འགྱུར་བའི་ཕྱིར་ཞེས་པའོ། །གལ་ཏེ་མ་བརྟགས་ཞེས་པ་ལ་སོགས་པས་སེམས་ལས་ཐ་དད་ཀྱི་དངོས་པོ་ལ་སོགས་པར་མ་བརྟགས་པའི་དོན་ཀུན་རྫོབ་ཏུ་སེམས་ཀྱི་ངོ་བོར་ཡོད་ན། སེམས་ཀྱང་དོན་དུ་སྣང་བར་འགྱུར་བའོ། །ཐོག་མ་མེད་ལྡན་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་
སེམས་མེད་ན་དོན་དུ་སྣང་བ་མི་འཐད་པའོ། །ཇི་ལྟར་ད་ལྟར་ཞེས་པ་ལ་སོགས་པས་དོན་ད་ལྟར་མེད་པ་བཞིན་དུ་སྔོན་ཡང་མེད་ལ། དེ་བཞིན་དུ་སེམས་ཀྱང་མེད་པས། དོན་དུ་སྣང་བའི་སེམས་རྒྱུན་གྱི་འཇུག་པ་མི་འཐད་པའོ། །དེ་ལྟར་ན་སྟོང་པ་ཉིད་ལ་སོགས་པར་བསྟན་པ་མི་འཐད་དོ་ཞེ་ན།
དེ་བཞིན་ཉིད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དག་དོན་དམ་པ་ལ་དགོངས་ཏེ་བསྟན་པའོ། །སྣང་བ་མེད་པར་སེམས་མངོན་ཞེས་པ་ནི་དེ་ཁོ་ན་ཉིད་དུ་མེད་པར་སྣ་ཚོགས་སུ་སྣང་བ་སྟེ། དེ་འདྲ་བའི་བྱེ་བྲག་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའོ། །གལ་ཏེ་ཐོག་མ་མེད་

པ་ནས་དོན་ཀྱང་མེད་ལ། དེ་བཞིན་དུ་སེམས་ཀྱང་མེད་ན་བྱེ་བྲག་རྒྱས་པར་འགྱུར་བ་མི་འཐད་པའོ། །དོན་མེད་ཇི་ལྟར་ཞེས་པ་ལ་སོགས་པས་ནི་དོན་མེད་ན་དེར་སྣང་བའི་སེམས་སྐྱེ་བ་མི་འཐད་པ་ཉིད་དུ་མཚུངས་པར་བརྩད་པའོ། །ལན་གྱི་དོན་ནི་དོན་དམ་པར་མི་སྐྱེ་བ་ནི་
འདོད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སེམས་ཀྱི་ས་བོན་ལ་སོགས་པ་ཡོད་པར་འདོད་པས་མི་མཚུངས་ཞེས་པའོ། །འདི་དག་ཐམས་ཅད་ཅེས་པ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་ཏེ་ཚིག་གི་དོན་ནི་སྔར་བསྟན་ཟིན་ཏོ། །འདུས་པ་མུ་སྟེགས་ལྟ་བ་ལྟར། །ཞེས་པས་ནི་བྱེ་བྲག་
ཏུ་སྨྲ་བས་རགས་པའི་རྫས་འཇིག་པས་མེད་པར་འགྱུར་ལ། རྡུལ་ཕྲ་རབ་ནི་རྟག་པའི་དངོས་པོར་ཁས་ལེན་པ་མི་འཐད་པའོ། །དངོས་པོ་མེད་པས་ཞེས་པ་ལ་སོགས་པས་ནི་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་གྲངས་ཀྱིས་དོན་སྟོན་པའོ། །རྫ་དང་སྣམ་བུ་ཞེས་པ་ལ་སོགས་པས་ཡོད་མེད་ཀྱི་
མཚན་མ་ཕན་ཚུན་ལྟོས་ཏེ་བརྟགས་པ་ཉིད་དུ་སྟོན་པའོ། །མེད་པ་མེད་པར་མི་རུང་ངོ་ཞེས་པ་ནི་མེད་པའི་ལྟོས་པ་མ་གྲུབ་ན་ཡོད་པ་ཉིད་དུ་རྟོག་པ་མི་འཐད་པའོ། །རྒྱུ་མེད་པ་སྟེ་རྒྱུ་མེད་མིན། །ཞེས་པ་ནི་ཟུང་དུ་འཇུག་པའི་ཕྱིར་དོན་ནོ། །དེ་ཡང་གཞན་ལ་སྣང་འགྱུར་ཞེས་པ་ནི། རྟེན་གཞན་པོ་དེ་ཡང་
ཅིག་ཤོས་ལ་བརྟེན་པར་འགྱུར་ན། ཕན་ཚུན་རྟེན་པ་ཐུག་པ་མེད་པ་ཉིད་དུ་འགྱུར་ཏེ། དེ་ཡང་དངོས་པོར་མི་འཐད་ཅེས་པའོ། །སྒྱུ་མ་མེད་པས་གནས་མཐོང་ཞེས་པ་ནི་སྒྱུ་མའི་རྣམ་པར་སྣང་བ་མེད་ན། ཤིང་དང་གྱོ་མོ་ལ་སོགས་པའི་གནས་ལུགས་གཉིས་མཐོང་བའོ། །དེ་བཞིན་དུ་
གཉིས་སུ་སྣང་བ་ལ་སོགས་པའི་ཕྱིན་ཅི་ལོག་གིས་དེ་ཁོ་ན་ཉིད་བསྒྲིབས་ཤིང་དེ་ལྟ་བུའི་སྣང་བ་མེད་ན་དེ་བཞིན་ཉིད་མཐོང་བར་འགྱུར་བའོ། །སེམས་ཙམ་དུ་ནི་མི་རུང་ངོ་། །ཞེས་པ་ནི་དོན་དམ་པར་སེམས་ཀྱི་ངོ་བོར་མ་གྲུབ་པའོ། །དེ་ལྟ་ན་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པ་མི་འཐད་དོ་ཞེ་ན།
བསམ་པ་ཐ་དད་ལ་དགོངས་ཏེ་བསྟན་པ་ཡིན་ལ། དེའི་ཕྱིར་དེ་འདྲ་བའི་དོན་བསྒོམས་ཀྱང་ཐར་པ་མི་འཐོབ་པའོ། །བག་ཆགས་ཀྱིས་ནི་མགོ་ཡུང་བསླད། །ཅེས་པ་ནི་བག་ཆགས་ཀྱིས་བསླད་པའི་སེམས་ཉིད་སྣ་ཚོགས་སུ་སྣང་བའོ། །རྟོག་པ་རྣམས་ཀྱི་ཞེས་པ་ནི་རྟོག་གེ་པ་རྣམས་ཀྱིས་དེ་

ལྟར་མ་རྟོགས་པའོ། །སེམས་ནི་འཕགས་པར་ཉེར་འགྲོ་ཞིང་། །ཞེས་པ་ནི་འཕགས་པའི་གོ་འཕང་ཐོབ་པ་ན། སེམས་ཀྱི་མཚན་མ་ཞི་ཞིང་གནས་གྱུར་པའོ། །གལ་ཏེ་འདི་ཀུན་ཞེས་པ་ལ་སོགས་པས་ནི་ཐམས་ཅད་སེམས་ཡིན་གྱི་ཕྱིའི་དོན་མེད་ན། ས་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ལ་སྤྱོད་ཅིང་
འགྲོ་བ་ལ་སོགས་པ་མི་འཐད་ཅེས་པའོ། །ལན་གྱི་དོན་ནི་དེ་ལྟར་རྟོག་པའི་དབང་གིས་བརྟགས་པའི་སྨིན་པ་ལ་སྤྱོད་པ་སྟེ། དེ་ཡང་རང་གི་སེམས་ཀྱི་སྣང་བ་ཉིད་དོ། །མི་བརྩོན་རྣམས་ལ་ཞེས་པ་ནི་གཉེན་པོ་བསྒོམ་པ་ལ་མི་བརྩོན་པའོ། །ཡུལ་ལས་འབྱུང་ཞེས་པ་ནི་ཡུལ་དུ་སྣང་བ་ལས་
སོ། །བརྟགས་པའི་མིང་ནི་མིང་བྲལ་ཞེས་པ་ནི་ཆོས་ཐམས་ཅད་མིང་ཙམ་ཡིན་ལ། མིང་ཉིད་ཀྱང་མིང་ཙམ་སྟེ། མིང་གི་ངོ་བོ་བདེན་པས་སྟོང་པའོ། །ཆོས་ལྔ་རྣམས་དང་ཞེས་པ་ལ་སོགས་པས་ནི་ཤེས་པར་བྱ་བ་དེ་ཙམ་སྟེ་ཞེས་པའི་ལན་དུ་སྦྱར་བར་བྱའོ། །གཟུགས་མེད་པ་ཡི་ཕུང་པོ་བཞི། །
དེ་དག་ལ་ནི་བགྲང་བ་མེད། །ཅེས་པ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་འདི་དང་འདིའོ་ཞེས་བགྲང་དུ་མེད་པའོ། །གཟུགས་ཀྱི་ཕུང་པོ་ནི་ས་ལ་སོགས་པའི་འབྱུང་བ་ཐ་དད་པའི་མཚན་ཉིད་ཅན་གྱི་གཟུགས་རྣམ་པ་མང་པོར་འགྱུར་བ་སྟེ། དེ་ཡང་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་
མཚན་ཉིད་གྲུབ་པ་མེད་པའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཡོད་པ་མ་ཡིན་ནོ། །འོན་ཏེ་མཚན་ཉིད་གཞན་གཟུགས་ན། །ཕུང་པོ་རྣམས་ཀྱིས་ཅིར་མི་སྐྱེ། །ཞེས་པ་ནི་ཕྱི་རོལ་རྫས་སུ་གྲུབ་པའི་མཚན་ཉིད་ལས་གཞན་དེ་ལྟ་བུའི་རྣམ་པར་སྣང་བ་འཇའ་ཚོན་ལྟར་ཐོགས་པ་མེད་པ་དེ་འདྲ་བ་ཅིག་
གཟུགས་ཀྱི་ཕུང་པོ་ཡིན་ན། མིང་བཞིའི་ཕུང་པོ་རྣམས་ཀྱིས་ཀྱང་དེ་འདྲ་བར་སྣང་བའི་གཟུགས་ཅིའི་ཕྱིར་མི་སྐྱེད་དེ། དེའི་ཕྱིར་གཟུགས་མེད་པ་རྣམས་ལ་ཡང་ཤིན་ཏུ་ཕྲ་བའི་གཟུགས་ཡོད་ཅེས་པ་ལ་སོགས་པ་སྔར་བསྟན་ཏོ། །ཡུལ་དང་དབང་པོ་ཐ་དད་ཕྱིར། །ཞེས་པ་ལ་སོགས་པས་ནི་
ཕྱི་ནང་གི་སྐྱེ་མཆེད་དུ་སྣང་བའི་ས་བོན་ཐ་དད་ཀུན་གཞི་ལ་ཡོད་པའོ། །མཚན་ཉིད་ཀྱིས་ནི་གསུམ་ཡིན་ཞེས་པ་ནི་མཚན་ཉིད་བསྡུས་ནས་ཕྱེ་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་དུ་འགྱུར་བའོ། །སྣང་བ་མེད་ལ་ལྡོག་པར་འགྱུར་བ་ནི་ས་བརྒྱད་པ་ཡན་ཆོད་དུ་དེ་རྣམས་གནས་གྱུར་པའོ། །

ཀུན་གཞི་ཡིད་ཀྱི་བདག་ཡིན་ཏེ། །ཤེས་པ་ཉིད་ནི་བདག་གི་ཡིན། །ཞེས་པ་ནི་ཀུན་གཞི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ང་ཡི་བར་གཟུང་བ་ཡིན་ལ། ཡང་དེ་འདྲ་བའི་ཀུན་གཞི་ནི་བདག་ཏུ་སྒྲོ་བཏགས་པའི་གཞིར་ཡང་འགྱུར་བའོ། །དེ་ལྟར་བདག་དང་བདག་གིར་
འཛིན་པ་གཉིས་ཀྱི་སྒོ་ནས་རྒྱུན་འཇུག་པའོ། །ཡང་རྣམ་པ་གཅིག་ཏུ་ན་ཉོན་མོངས་པ་ཅན་གྱི་ཡིད་རང་ཉིད་ལ་བདག་ཏུ་འཛིན་ལ། ཀུན་གཞི་ལ་བདག་གི་བར་འཛིན་པའོ། །མ་ཞུགས་པར་ཞེས་པ་ནི་དེ་ལྟར་འཛིན་པའི་བློ་མ་ཞུགས་པར་རོ། །སེམས་ཀྱི་སྣང་བ་ཤེས་པ་དང་སེམས་ཀྱིས་
དོན་གཞན་གཟུང་བའི་ཕྱིར་ཞེས་པ་ནི་འཛིན་པའི་ཤེས་པ་དང་། དེའི་གཟུང་བ་དོན་གཞན་དུ་གཟུང་བའི་ཕྱིར། མཐོང་བ་ལྟ་བུར་རྣམ་པར་བརྟགས་ཞེས་པ་སྟེ། དོན་སྔ་མའི་གཏན་ཚིགས་ཉིད་དུ་སྦྱར་རོ། །བློ་ཡིས་གང་ཚེ་མ་མཐོང་ཞེས་པ་ནི་སྣང་བ་ཀུན་རྫོབ་ཙམ་དུ་ཡང་མ་མཐོང་ཞིང་མེད་
པར་འཛིན་ན་སྐུར་པའི་ལྟ་བར་འགྱུར་ལ། སེམས་ཀྱི་དངོས་པོ་བདེན་པར་འཛིན་ན་སྒྲོ་འདོགས་པའི་མཐར་འགྱུར་བའོ། །རྣམ་རྟོག་དངོས་མིན་ཞེས་པ་ལ་སོགས་པས་ནི་སེམས་ཀྱི་རང་བཞིན་ཟུང་དུ་འཇུག་པ་ཉིད་སྟོན་ཏོ། །རྣམ་པར་རྟོག་པ་མི་འཇུག་པ། །རབ་ཏུ་གྱུར་པ་གནས་མེད་པའོ། །
ཞེས་པ་ནི་རྣམ་པར་རྟོག་པ་གནས་གྱུར་ཅིང་དེ་དག་གི་བག་ཆགས་སྤངས་པའོ། །གཞི་ཡི་ཕྱོགས་རྣམས་ཕྱིར་བཟློག་ཅིང་། །གལ་ཏེ་དངོས་པོ་རྒྱུ་ཅན་ན། །ཞེས་པ་ལ་སོགས་པའི་དོན་ནི་བག་ཆགས་ཀྱི་གཞི་ཀུན་གཞི་རྣམ་པར་ཤེས་པ་ཡང་མེད་པར་སྨྲ་ཞིང་། རྣམ་པར་རྟོག་པ་ལ་སོགས་པའི་
དངོས་པོ་རྒྱུ་དང་བཅས་པར་འདོད་ན། ཀུན་གཞི་མེད་དོ་ཞེས་པ་ནི་དེ་འདྲ་བའི་དངོས་པོ་ཉིད་ལ་མེད་དོ་ཞེས་བྱ་བའི་མིང་གི་བྱེ་བྲག་གཞན་དུ་བཏགས་པར་ཟད་དེ། དེ་ལྟར་མིང་གཞན་ཏུ་བཏགས་པ་ཙམ་གྱིས་ཀུན་གཞི་མེད་པར་བསྒྲུབས་པ་ནི་མ་ཡིན་ནོ། །རྒྱུ་དང་རྐྱེན་རྣམས་འདུས་པ་དང་། །རྒྱུ་ནི་
བཀག་པར་གྱུར་པའི་ཕྱིར། །དེ་དག་དོན་གྱིས་དཔོག་པར་འགྱུར། །ཞེས་པ་ནི་རྒྱུ་དང་རྐྱེན་ཚོགས་པ་དང་། རྒྱུ་ཁ་ཡར་བ་བཀག་པའི་ཕྱིར། རྣམ་པར་རྟོག་པ་ལ་སོགས་པ་དོན་དམ་པར་འབྱུང་བ་མེད་དོ་ཞེས་དོན་གྱིས་དཔོག་པར་འགྱུར་བའོ། །ཡང་ན་རྒྱུ་ལས་འབྱུང་བར་འགྱུར་བ་ནི་ཀུན་

རྫོབ་ཏུའོ། །གལ་ཏེ་རྐྱེན་རྣམས་མི་རྟག་ན། །ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫོབ་ཏུ་རྐྱེན་རྣམས་མི་རྟག་པའི་ཕྱིར། དོན་དམ་པར་འབྱུང་བ་དང་འཇིག་པ་མེད་ཅེས་པ་སྟེ། ཁྱབ་པའི་དོན་ནི་མི་རྟག་པ་ནི་རེས་འགའ་བ་ཡིན་པས་རྒྱུ་མེད་པར་འགལ་ལ། རྒྱུ་ལས་སྐྱེ་བ་ལ་ཡང་སྔར་བསྟན་པ་ལྟར་སྐྱེ་
བའི་ཚུལ་རྣམ་པ་བཞིས་ཁྱབ་པ་ལས། དོན་དམ་པར་དེ་འདྲ་བ་མི་འཐད་པའི་ཕྱིར་སྐྱེ་བ་མེད་ལ། དེ་ཉིད་ཀྱི་ཕྱིར་མི་རྟག་པར་སྣང་བའི་དུས་ཉིད་ན་ཡང་མི་རྟག་པ་བདེན་པའི་དངོས་པོས་སྟོང་པའོ། །རྟག་པའི་ཉེས་ལས་གྲོལ་ཞེས་པ་ནི་རྟག་པ་དོན་བྱེད་ནུས་པས་སྟོང་པས་འབྲས་བུ་བསྐྱེད་པར་མི་
འཐད་ཅེས་པ་ལ་སོགས་པའི་ཉེས་པ་ལས་གྲོལ་བའོ། །བྱིས་པ་རྣམས་ཞེས་པ་ནི་བྱིས་པའི་ཤེས་ངོ་ན་མི་རྟག་པར་སྣང་བའོ། །གང་ཡང་འཇིག་པར་འགྱུར་བཞིན་དུ། །རྒྱུར་འགྱུར་བ་ནི་མི་སྣང་ངོ་། །ཞེས་པ་ནི་དོན་དམ་པར་མི་རྟག་པ་དང་། དེ་ཉིད་དངོས་པོ་གཞན་གྱི་རྒྱུར་འགྱུར་བ་རིགས་
པས་བཙལ་ན་མ་མཐོང་བའོ། །དེ་ལྟར་མ་མཐོང་བའི་སྲིད་པ་ནི་མི་རྟག་པ་ལས་རྣམ་པ་ཇི་ལྟར་འབྱུང་ཞིང་རྒྱུ་ཅི་ཡིས་འབྱུང་སྟེ། དེ་འདྲ་བ་མི་སྲིད་ཅེས་པའོ། །བསྡུ་བ་དག་གིས་ཞེས་པ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་ཕྱིན་ཅི་མ་ལོག་པ་སྟོན་ཏོ། །འདི་ཀུན་ཞེས་པ་
ལ་སོགས་པས་ཡོད་མེད་ཀྱི་མཐར་འཛིན་པ་འཇིག་རྟེན་རྒྱང་པན་པ་ཉིད་དུ་སྟོན་ཏེ། ཚིག་གི་དོན་ནི་སྔར་བཤད་དོ། །ལྷ་དང་ལྷ་མ་ཡིན་དང་མི། །ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་དགེ་བ་བཅུའི་ལས་རབ་དང་འབྲིང་དང་ཐ་མར་སྤྱད་པ་ལས་གོ་རིམས་བཞིན་དུ་ལྷ་ལ་སོགས་པའི་འགྲོ་བ་
རྣམས་སུ་སྐྱེ་བར་འགྱུར་ལ། མི་དགེ་བ་བཅུས་ནི་ངན་སོང་གི་གནས་གསུམ་དུ་སྐྱེ་བ་སྟེ། རྒྱང་པན་པས་ལས་དང་འབྲས་བུའི་འབྲེལ་པ་ཁས་མི་ལེན་པ་འགོག་པའོ། །གཤིན་རྗེའི་གནས་ནི་དམྱལ་དཔོན་གྱི་གནས་སོ། །དགེ་བ་ཐམས་ཅད་བསྲུངས་པ་ནི་ཟག་པ་དང་བཅས་པ་
དང་། །ཟག་པ་མེད་པའི་དགེ་བ་ཐམས་ཅད་བསྒྲུབས་ན་ལྷའི་དབང་པོ་ལ་སོགས་པའི་འགྲོ་བ་ཁྱད་པར་ཅན་ནམ། ཐར་པ་ཉིད་ཐོབ་པར་འགྱུར་བའོ། །ཁྱོད་ཀྱིས་ཞེས་པ་ལ་སོགས་པས་ནི་དྲིས་པ་དང་ལན་གྱི་སྒོ་ནས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པའོ། །ཇི་ལྟར་

ཞེས་པ་ལ་སོགས་པས་སྐྱེ་ཞིང་འཇིག་པར་བསྟན་པའི་དགོངས་གཞི་འཆད་དེ། ཀུན་རྫོབ་ཏུ་གཟུགས་སུ་སྣང་བ་སྔ་མ་ནས། ཕྱི་མ་གཞན་སྐྱེ་ཞིང་འཇིག་པ་དང་སེམས་ཀྱང་རྒྱུ་རྐྱེན་འདུས་ནས་སྐྱེ་ཞིང་འཇིག་པར་སྣང་བའོ། །རྣམ་པར་རྟོག་པ་ནི་ཁྱད་པར་དུ་ཀུན་ནས་ཉོན་མོངས་པའི་
གཞན་དབང་སྟོན་པའོ། །རྣམ་པར་རྟོག་པ་གཞན་མེད་ཅེས་པ་ནི་ཕྱི་མ་སྐྱེས་པ་ན་གཞན་སྔ་མ་འགགས་ནས་མེད་པའོ། །དེ་ལྟར་ཀུན་རྫོབ་པ་ལ་དགོངས་ཏེ་བཤད་པའོ། །གཟུགས་སུ་འཛིན་པ་རྣམས་སྤངས་པ། །ཞེས་པ་ལ་སོགས་པས་དོན་དམ་པར་མེད་ཅེས་པའོ། །རྐྱེན་དང་རྐྱེན་ལས་ཞེས་པ་
ལ་སོགས་པས་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྐྱེན་རྣམས་དང་། དེ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དང་སྟོང་པ་ལ་སོགས་པ་དབྱེར་མེད་པའི་ཚུལ་གྱིས་འཇིག་པ་སྟེ། རྟེན་འབྲེལ་སྒྱུ་མ་ལྟ་བུའི་རྒྱུན་གྱིས་འཇུག་པའོ། །རྐྱེན་དང་ཞེས་པ་ལ་སོགས་པས་ནི་དེ་ལྟར་རྟེན་འབྲེལ་གྱི་ཆོས་
ཅན་དང་། དེའི་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་དབྱེར་མེད་ཅིང་གཅིག་པ་ཡིན་ན། རྟག་པ་དང་གཙང་བ་ལ་སོགས་པའི་ཆོས་ཉིད་ཀྱང་རྐྱེན་གྱི་འབྲས་བུར་འགྱུར་ལ། ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་རྐྱེན་རྣམས་ཀྱང་རྟག་པ་ལ་སོགས་པའི་རྒྱུར་འགྱུར་རོ། །དེ་འདྲ་བའི་རྒྱུ་དང་འབྲས་བུའི་
ཕྱོགས་ཁྱེད་དང་སངས་རྒྱས་རྣམས་ཀྱིས་གཟུང་ཞིང་གསུངས་པ་ནི། གྲངས་ཅན་པ་རྣམས་ཀྱིས་སྔར་ནས་ཡོད་པའི་རྟག་པ་འབྲས་བུར་ཁས་ལེན་པ་དང་ཁྱད་མེད་པར་འགྱུར་ཞེས་པའོ། །ལན་གྱི་དོན་ནི་ཁོ་བོ་ཅག་དོན་དམ་པའི་སྐྱེ་བ་ལ་སོགས་པ་ཁས་མི་ལེན་པས་མཚུངས་པ་མ་ཡིན་ནོ། །ཀུན་
རྫོབ་ཏུ་འདོམ་གང་ཙམ་གྱི་ལུས་ཏེ། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ། འཇིག་རྟེན་ཀུན་འབྱུང་འཇིག་རྟེན་དང་། །ཞེས་པ་རྒྱུ་ཀུན་འབྱུང་གི་བདེན་པ་དང་། འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་ཁས་ལེན་ཏེ། དེ་ཡང་ཟག་པ་དང་བཅས་པའི་རྒྱུན་རྒྱུད་
འདི་ཉིད་མ་འོངས་པའི་ཕུང་པོ་དེ་འདྲ་བ་འགྲུབ་པའི་རྒྱུར་གྱུར་པའི་ཆ་ནས་ནི་རྒྱུ་ཀུན་འབྱུང་གི་བདེན་པ་ཡིན་ལ། སྔོན་གྱི་ལས་དང་ཉོན་མོངས་པའི་འབྲས་བུར་འདུག་པའི་ཆ་ནས་ནི་སྡུག་བསྔལ་གྱི་བདེན་པའོ། །འགོག་པར་འགྲོ་བའི་ལམ་གྱི་རྣམས། ཞེས་པ་ནི་རྣམ་པར་བྱང་བ་རྒྱུ་འབྲས་སོ། །

རང་བཞིན་གསུམ་ལ་ཞེས་པ་ལ་སོགས་པས་ནི་སྐྱེ་བ་ལ་སོགས་པའི་དངོས་པོར་བསྟན་པའི་དགོས་པ་སྟོན་ཏེ། དངོས་པོར་འཛིན་པའི་སྐྱེ་བོ་རྣམས་བྲིད་པའི་དོན་དུའོ། །རང་བཞིན་གསུམ་ནི་བྱ་བ་དང་། བྱེད་པ་དང་། བྱེད་པ་པོ་སྟེ། དེ་ལྟར་གསུམ་དུ་རྟོག་པའོ། །དེ་ཕྱིར་ཞེས་པ་ལ་སོགས་པས་ནི་དེ་
དག་རྗེས་སུ་བཟུང་བའི་དོན་དུ་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། བལྟ་བྱ་སྟེ་གཟུང་བ་དང་འཛིན་པས་བསྡུས་པ་ཕུང་པོ་ལ་སོགས་པའི་རང་བཞིན་སྨོས་པའོ། །ལྟ་བ་རྣམས་ནི་ཞེས་པ་ལ་སོགས་པས་ནི་ཕྱིས་དེ་རྣམས་བཟློག་པའི་ཕྱིར་མཚན་ཉིད་མེད་པའི་ཆོས་བསྟན་པའོ། །ཉམས་
པའི་ཉེས་ཕྱིར་སྡོམ་པ་མེད། །ཅེས་པ་ནི་ཐར་པའི་ལམ་ལས་ཉམས་པར་འགྱུར་བའི་ཕྱིར་སྔ་ཕྱི་ལ་སོགས་པ་སྡོམ་པ་སྟེ། བདག་རྟག་པར་འཛིན་པའམ། སྒྲ་དང་དོན་དུ་སྦྱར་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་མེད་པའོ། །མཐར་ཐུག་མེད་དང་ཞེས་པ་ལ་སོགས་པས་ནི་དེ་
ཁོ་ན་ཉིད་དུ་སྲིད་པའི་ཡན་ལག་རྣམས་འདུས་ཀྱིས་རྒྱུ་སྔ་མ་ལས་མི་སྐྱེ་སྟེ། གལ་ཏེ་སྐྱེ་བར་ཁས་ལེན་ན་སྲིད་པའི་ཡན་ལག་མཐར་ཐུག་ཅིང་ཟད་པའི་མྱ་ངན་ལས་འདས་པ་མི་འཐད་དེ། དེ་རྣམས་སྐྱེ་བ་ལ་སོགས་པའི་དངོས་པོར་ཤེས་ཤིང་གོམས་པས་ནི་དེ་ཉིད་སྤོང་པའི་གཉེན་པོར་མི་འགྲོ་ལ།
སྐྱེ་བ་མེད་པར་སྒོམ་པ་ཡང་ཕྱིན་ཅི་ལོག་ཡིན་པས་དེའི་གཉེན་པོ་ཉིད་དུ་མི་འགྱུར་བའོ། །དེས་ན་མཐར་ཐུག་པ་མེད་པའི་ཕྱིར་སྲིད་པ་བྱས་ལས་མི་སྐྱེ་བའོ། །ཡང་བྱས་པ་སྣང་བ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་དུ་བྱས་པའི་ཚུལ་གྱིས་མི་སྐྱེ་བའོ། །འཇིག་པ་རྣམ་པ་བཞི་ནི་འོག་ནས་སྟོན་པར་འགྱུར་རོ། །
རྣམ་པར་རྟོག་པ་གཉིས་ནི་གང་ཟག་དང་ཆོས་སུ་རྟོག་པའོ། །མཐོང་ནས་ཞེས་པ་ནི་ལྟ་བ་གཉིས་ཀྱི་ཡུལ་སྟོང་པ་ཉིད་དུ་མཐོང་བའོ། །མ་སྐྱེས་པའི་དངོས་པོ་ནི་ཀུན་དུ་བརྟགས་པའི་ངོ་བོ་སྟེ། དེ་ལ་ཡང་བློ་འཇུག་སྟེ་དེ་ཉིད་ཕྱིན་ཅི་ལོག་ཡིན་ལ། དེ་དང་འདྲ་བར་སྒྱུ་མ་ལྟ་བུའི་གཞན་
དབང་ལ་ཡང་དོན་དམ་པའི་དངོས་པོར་མི་བརྟག་སྟེ། ཕྱིན་ཅི་ལོག་འཆིང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེས་པ་ལ་སོགས་པའི་དོན་ནི་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཡོད་མེད་དུ་ལྟ་བ་ཕྱིན་ཅི་ལོག་དང་མི་འདྲེ་བར་དེ་རྣམས་བཟློག་པའི་རིགས་པ་བསྟན་དུ་གསོལ་ཞེས་པའོ། །

རྒྱལ་སྲས་རྣམས་ནི་མི་འཇིགས་ཕྱིར། །ཞེས་པ་ལ་སོགས་པས་ནི་ཟབ་མོའི་དོན་ལ་མི་སྐྲག་ཅིང་། དེ་བཞིན་གཤེགས་པས་རྟོགས་པའི་དོན་ལ་སྤྱོད་ཅིང་སྒོམ་པ་དག་རྣམ་པར་ཐར་པ་དང་ཞེས་པ་ལ་སོགས་པ་སྟེ་གོ་བར་ཟད་དོ། །རྣམ་གྲངས་ཀྱིས་ནི་དེ་དག་བསླུ། །ཞེས་པ་ནི་
རྣམ་གྲངས་སྣ་ཚོགས་སུ་སྣང་བ་ལ་དངོས་པོར་ཞེན་པས་སོ། །དེ་དག་གཟུགས་ཀྱི་མིང་ཡིན་ཏེ། །ཞེས་པ་ལ་སོགས་པས་ནི་དེ་ལྟར་བརྗོད་པ་རྣམས་ནི་གཟུགས་ལ་སོགས་པ་