Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 122

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
འབྲས་བུས་བསྡུས་པའི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་ལ་སོགས་པ་མངོན་པར་གྲུབ་པའོ། །དེ་

ལྟར་ན་ཐར་པར་མི་འཐད་དོ་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ཤེས་རབ་ཀྱིས་གཏི་མུག་རྣམ་པར་བཟློག་སྟེ། ཆགས་སྡང་ལ་སོགས་པའི་ཡུལ་སྟོང་པ་ཉིད་དུ་རྟོགས་པ་ན་དེ་འདྲ་བའི་མཚམས་སྦྱོར་བ་ཆད་ནས་ཐར་པར་འགྱུར་བའོ། །གཞན་ཡང་བློ་གྲོས་
ཆེན་པོ་ཞེས་པ་ལ་སོགས་པས་ད་ལྟར་བའི་ཚེ་འདི་ཉིད་ལས་མ་འོངས་པའི་ཚེ་གཞན་དུ་མཚམས་སྦྱོར་བ་སྟོན་ཏེ། ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་པའི་ཚུལ་གྱིས་ཡུལ་ཡོངས་སུ་གཅོད་པའི་རེག་པ་དང་། དེའི་བྱ་བ་སྦྱོར་བ་སྟེ། རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་
དང་། ཚོར་བའི་རྒྱུ་ལ་མངོན་པར་ཆགས་པའི་སྲིད་པ་དང་ལེན་པས་མ་འོངས་པའི་སྐྱེ་བ་འགྲུབ་པའི་ལས་མཐུ་དང་ལྡན་པར་བྱས་པའི་སྲིད་པས་མ་འོངས་པའི་སྐྱེ་བ་ལ་སོགས་པ་འགྲུབ་པའི་ཚུལ་གྱིས་མཚམས་སྦྱོར་བ་སྟེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་ཚུལ་གྱིས་བར་ཆད་མེད་པར་
སྲེད་པ་མཚམས་སྦྱོར་བར་འགྱུར་རོ། །དེའི་ཕྱིར་མདོ་འདིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཚེ་གསུམ་ལ་རྫོགས་པ་ཉིད་དུ་བསྟན་ཏེ། འདིའི་དོན་རྒྱས་པར་ནི་སྔར་བསྟན་ཏོ། །རྣམ་པར་ཤེས་པ་རྣམས་ཀྱིས་ཞེས་པ་ལ་སོགས་པས་དེ་དག་ལུགས་ལས་བཟློག་པ་ཉིད་སྟོན་ཏེ། དོན་སྔར་བསྟན་
པ་བཞིན་ཤེས་པར་བྱའོ། །ཚིགས་སུ་བཅད་པའི་དོན་ནི་ཕལ་ཆེར་གོ་བར་ཟད་དོ། །དངོས་པོར་ཤེས་པའི་སྒྲ་འཛིན་པས་ཞེས་པ་ནི་སྒྲ་དང་འདྲེས་པའི་དོན་འཛིན་པའམ། ཡང་ན་སྒྲ་ལས་མ་གཏོགས་པའི་དངོས་པོ་མེད་པས་དེ་ལྟར་འཛིན་པ་ནི་མིང་གི་རང་བཞིན་གྱི་སྒྲ་ཉིད་འཛིན་པའོ། །ཡང་
བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་བརྩད་པ་སྤོང་བའི་སྒོ་ནས་སྔར་བསྟན་པའི་དོན་རྒྱས་པར་འཆད་དེ། མཚན་ཉིད་མི་རིག་ཅེས་པ་ནི་རྟོག་པའི་བློ་ཡིས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ཞེས་པ་ལ་སོགས་པའི་དོན་ནི་ལེའུ་དང་པོར་འབོད་འགྲོགས་ལ་གསུངས་པའོ། །དེ་
ལ་འཕགས་པའི་ཡེ་ཤེས་ལ་སོགས་པ་གསུམ་ནི་གོ་རིམས་བཞིན་དུ་སངས་རྒྱས་ཀྱི་སྤྱན་ཆོས་ཐམས་ཅད་ཀྱི་ཡུལ་ཅན་དང་། ཆོས་ཀྱི་སྤྱན་འཕགས་པའི་གང་ཟག་གི་རྣམ་པར་དབྱེ་བ་རྟོགས་པ་དང་། ཤེས་རབ་ཀྱི་སྤྱན་དང་སྦྱར་བར་བྱའོ། །ཡང་ན་ཡེ་ཤེས་དང་མཐོང་བ་ནི་འཁྲུལ་པ་

མེད་པ་དང་། རྟོག་པ་མེད་པ་སྟེ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་ཡེ་ཤེས་སོ། །དེ་ཉིད་དོན་ཇི་ལྟ་བ་བཞིན་དུ་རྟོགས་པས་ཤེས་རབ་ཅེས་ཀྱང་བྱའོ། །ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ཤེས་པ་ནི་རབ་ཏུ་འབྱེད་པའི་དོན་ཏོ། །མཐོང་བ་ནི་རབ་ཏུ་ཚོལ་བའི་དོན་ཏེ། འདི་
ལྟར་ཟག་པ་མེད་པ་འཕགས་པའི་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་འབྱེད་ཅིང་། ཡོངས་སུ་ཚོལ་བའི་ཕྱིར་འཕགས་པའི་ཤེས་པ་དང་མཐོང་བ་ཞེས་བྱའོ་ཞེས་གསུངས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས་སློབ་དཔོན་དབྱིག་གཉེན་གྱིས། འཕགས་
པའི་ཡེ་ཤེས་མངོན་སུམ་གྱི་ཚད་མ་ནི་ཤེས་པ་དང་མཐོང་བ་ཞེས་པའོ། །ཤེས་པ་འབའ་ཞིག་བསྟན་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཤེས་པ་འདི་ཡིས་ཤེས་པར་འགྱུར་བའོ། །དེས་ཀྱང་ཐ་མལ་པའི་མིག་གིས་བལྟ་བ་ལས་ཀྱང་རྣམ་པར་འབྱེད་དོ། །མཐོང་བ་ཁོ་ན་བསྟན་པ་གང་ཡིན་པ་དེ་ནི་འདི་
ལྟ་སྟེ། ཤའི་མིག་ལ་སོགས་པས་མཐོང་བར་འགྱུར་བའོ། །དེས་ཀྱང་རྗེས་སུ་དཔག་པའི་ཤེས་པ་ལས་རྣམ་པར་འབྱེད་དོ་ཞེས་གསུངས་ཏེ། འདིར་ནི་དེ་རྣམས་རྗེས་སུ་འབྲེལ་པ་མ་ཡིན་ཏེ། གཞུང་དང་མི་མཐུན་པས་སོ། །བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་ནི་སངས་
རྒྱས་ཀྱིས་གསུངས་པའི་དོན་རྗེས་སུ་བརྗོད་པ་སྟེ། དེ་ལ་འཕྲུལ་གྱི་མིག་ནི་ལྷའི་སྤྱན་ཏེ། གཙོ་བོར་སྔོན་གྱི་རྣམ་པར་སྨིན་པ་ལས་བྱུང་ཞིང་ཡེ་ཤེས་ལ་བརྟེན་པ་སྟེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་དཔའ་ལྷའི་སྤྱན་གྱིས་ནི་སུམ་ཅུ་རྩ་གསུམ་པ་ལ་སོགས་པའི་
ལྷ་རྣམས་ཀྱི་ལྷའི་མིག་ཤེས་ལ། ལྷ་རྣམས་ཀྱི་མིག་གིས་ནི་བྱང་ཆུབ་སེམས་དཔའི་ལྷའི་སྤྱན་ཤེས་པར་མི་ནུས་སོ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཤའི་མིག་ནི་ཇི་སྐད་དུ། འཕགས་པ་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
ལ་ཐུག་པའི་བར་དུ་མཐོང་བ་དང་། དབང་པོ་ལ་བརྟེན་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་དག་གིས་མཐོང་བ་མ་ཡིན་པ་འཕགས་པའི་ཡེ་ཤེས་ལ་སོགས་པས་དངོས་པོའི་ངོ་བོ་ཉིད་རྟོགས་པ་དེ་བཞིན་དུ་བདེན་གྱི། བྱིས་པའི་སྐྱེ་བོས་ཇི་ལྟར་བརྟགས་པ་དེ་ལྟར་མ་ལགས་ན་ཞེས་སྔར་

གསུངས་པའི་དོན་རྗེས་སུ་བརྗོད་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་བྱིས་པའི་སྐྱེ་བོའི་དོགས་པ་དང་བསྟུན་ནས། དེ་ཉིད་བསལ་བའི་དོན་དུ་སྐྱོན་བརྗོད་པའོ། །དེའི་དོན་ཡང་ཇི་ལྟར་བྱིས་པས་འཕགས་པས་རྟོགས་པར་བྱ་བའི་ངོ་བོ་ཁོང་དུ་མ་ཆུད་པའི་ཕྱིར་ཕྱིན་ཅི་ལོག་གི་རྣམ་
པར་རྟོག་པ་ལྡོག་པར་མི་འགྱུར་བ་དང་། གཞན་ཡང་དེ་ལྟ་ན་བྱིས་པའི་བློ་ཕྱིན་ཅི་ལོག་འབའ་ཞིག་ཏུ་མ་ངེས་ཏེ། འཕགས་པས་རྟོགས་པར་བྱ་བའི་དངོས་པོའི་ངོ་བོའི་རང་བཞིན་ཁོང་དུ་མ་ཆུད་པས་ཕྱིན་ཅི་མ་ལོག་པ་ཡང་མ་ལགས་ཤིང་། ཡང་ཀུན་ནས་ཉོན་མོངས་པའི་གཞན་དབང་རྣམ་
པར་རྟོག་པའི་བདག་ཉིད་ཡོད་པ་དང་མེད་པའི་མཐའ་གཉིས་ལས་ལོག་པ་སོ་སོ་རང་གི་རིག་པའི་ཕྱིར། ཕྱིན་ཅི་ལོག་པ་ཡང་མ་ལགས་ཞེས་པའོ། །གལ་ཏེ་དེ་ལྟ་ན་བྱིས་པའི་སྐྱེ་བོ་ཐམས་ཅད་གྲོལ་བ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་རིག་ཅིང་ཡུལ་
དུ་བྱས་མོད་ཀྱི། སྔར་བསྟན་པ་ལྟར། གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །ཕྱིན་ཅི་ལོག་གི་སྒྲོ་འདོགས་མ་ཆོད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ནི་འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པའི་དངོས་པོ་མི་
རྟག་པ་དང་དུ་མའི་རང་བཞིན་ལ་སོགས་པར་རྣམ་པར་བརྟགས་ཤིང་། དེ་ལྟར་རྟོགས་པའི་བློ་ཡང་། རང་གི་མཚན་ཉིད་དོན་དམ་པའི་ཡུལ་ལ། སྤྱོད་ཡུལ་དུ་བྱེད་ཅིང་རྟོགས་པ་མ་ལགས་པའི་ཕྱིར། ཇི་ལྟར་བརྟགས་པ་དེ་བཞིན་དུ་བདེན་པར་མི་འགྱུར་བའོ། །བཅོམ་ལྡན་འདས་ཞེས་པ་
ལ་སོགས་པས་བྱིས་པ་དང་འཕགས་པ་དེ་དག་གིས་ཡུལ་དུ་བྱས་པའི་གཞན་གྱི་དབང་གི་དངོས་པོའི་རང་བཞིན་དང་། མཚན་ཉིད་དེ་ཡང་རྒྱུ་མ་བསྟན་པས་ཞེས་པ་སྟེ། རྣམ་གྲངས་ཀྱི་ཀུན་དུ་བརྟགས་པའི་རང་བཞིན་སྒྱུ་མ་ལྟ་བུའི་རྒྱུ་ལས་བྱུང་གི །དངོས་པོ་ཡང་དག་པའི་རྒྱུ་ལས་མ་
བྱུང་བ་ལ། དེ་ལྟར་མ་བསྟན་ཅིང་མ་རྟོགས་ཏེ། དངོས་པོ་ཡང་དག་པའི་རྒྱུ་ལས་བྱུང་བ་ཉིད་དུ་ཀུན་བརྟགས་པས་མི་བདེན་པའི་དོན་བློ་ཡིས་གཞག་པའི་ཕྱིར་ཀུན་བརྟགས་པའི་རང་བཞིན་ཉིད་སྣང་བའོ། །དེ་ལྟར་ན་དངོས་པོའི་མཚན་ཉིད་ལ་ལྟ་བར་ལྷུང་བས་ཕྱིན་ཅི་ལོག་པའི་བློ་

ལས་གཞན་དག་གི་སྤྱོད་ཡུལ་དུ་འགྱུར་ཏེ། དེའི་ཕྱིར་དེ་ལྟར་འཛིན་པའི་བློ་ཡིས་དངོས་པོའི་རང་གི་མཚན་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་ཕྱིན་ཅི་ལོག་ཕྱི་མའི་མཐའི་ཐུག་པ་མ་མཆིས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ལྡོག་པ་མེད་པར་འགྱུར་ཞེས་པའོ། །བཅོམ་ལྡན་འདས་
ཞེས་པ་ལ་སོགས་པ་དོན་དེ་རྣམས་ཉིད་རྒྱས་པར་སྟོན་ཏེ། ཀུན་བརྟགས་པའི་རང་བཞིན་གྱི་རྒྱུ་ལས་སྐྱེས་པ་ནི་སྔར་བཤད་པ་ལྟར་རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་སྟེ། དེ་ལྟར་རྟོག་པའི་གཞན་དབང་སྔ་མ་རྣམས་ཀྱི་རྒྱུ་ལས་སྐྱེས་པ་དོན་དམ་པའི་དངོས་པོའི་རང་བཞིན་གྱི་མཚན་ཉིད་མ་ལགས་
པ་ན་ཞེས་པའོ། །དེ་ལྟར་མ་ལགས་བཞིན་དུ་ཡང་དག་པའི་དངོས་པོའི་རྒྱུ་ལས་སྐྱེས་ཤིང་། དེ་འདྲ་བའི་དངོས་པོར་ཀུན་བརྟགས་པས་ཇི་ལྟར་ན་ཀུན་བརྟགས་པའི་རང་བཞིན་དུ་མི་འགྱུར་ཏེ། དེ་འདྲ་བའི་གཞན་དབང་ནི་ཀུན་དུ་བརྟགས་པ་འབའ་ཞིག་ཏུ་འགྱུར་བའོ། །དེའི་དོན་ཡང་སྒྱུ་མ་
ལྟ་བུའི་གཞན་དབང་ལ་དོན་དམ་པའི་དངོས་པོར་བརྟགས་པ་ནི་མི་བདེན་པའི་དོན་བློས་བརྟགས་པའི་ཕྱིར། བརྟགས་པ་འབའ་ཞིག་ཏུ་འགྱུར་ཞེས་པའོ། །བརྟགས་པ་ཇི་ལྟ་བུར། བརྟགས་པ་དེ་བཞིན་ཞེས་པ་ནི་དོན་གཅིག་པ་སྟེ་སྔ་མའི་བཤད་པ་ཉིད་དུ་ཕྱི་མ་སྦྱར་བར་བྱ་བའོ། །བཅོམ་ལྡན་
འདས་ཞེས་པ་ལ་སོགས་པས་ནི་སྒྱུ་མ་ལྟ་བུའི་གཞན་དབང་དོན་དམ་པའི་དངོས་པོའི་རང་བཞིན་མ་ཡིན་ཏེ། དེ་དག་རྒྱུ་མི་མཐུན་པའི་ཕྱིར་ཞེས་པའོ། །དེའི་དོན་ནི་སྒྱུ་མ་ལྟ་བུའི་གཞན་དབང་རྣམ་པར་རྟོག་པ་སྔ་མ་ལས་བྱུང་བ་དང་། དངོས་པོའི་རང་བཞིན་དོན་དམ་པ་པ་ཡོད་ན་དོན་དམ་པའི་
རྒྱུ་ལས་འབྱུང་བར་འཐད་པའི་ཕྱིར་རོ། །དེ་ལ་འདིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་གཞན་དབང་སོ་སོར་རྣམ་པར་རྟོག་པའི་མཚན་ཉིད་ཀྱང་། དོན་དམ་པའི་དངོས་པོའི་རང་བཞིན་གྱི་མཚན་ཉིད་དུ་བརྟགས་ལ། དེ་ཡང་སོ་སོར་རྣམ་པར་རྟོག་པའི་མཚན་ཉིད་དུ་བརྟགས་
པ་ན་ཕན་ཚུན་དུ་ཇི་ལྟར་བརྟགས་པ་འབའ་ཞིག་ཏུ་འགྱུར་ཏེ། མི་བདེན་པའི་དོན་བློ་ཡིས་སྒྲོ་བཏགས་པའི་ཕྱིར་རོ་ཞེས་སྐབས་ཀྱི་དོན་བསྟན་པར་བྱའོ། །འདི་ལྟར་ཞེས་པ་ལ་སོགས་པས་བརྩད་པའི་དོན་བསྡུ་བ་སྟེ། ཕྱིན་ཅི་ལོག་གི་རྟོག་པ་བཟློག་པའི་དོན་དུ་ཇི་ལྟར་འཕགས་པའི་ཡེ་

ཤེས་ལ་སོགས་པའི་ཡུལ་ཡོད་པ་ཉིད་དུ་སོ་སོར་རྣམ་པར་རྟོག་པས་བརྟགས་པ་དེ་བཞིན་དུ་མེད་དོ་ཞེས་བགྱིའམ། གཞན་ཡང་སྔར་བྱ་རྒོད་ཕུང་པོའི་རི་ལ་ཡོད་པ་དང་མེད་པའི་མཐའ་གཉིས་སུ་ལྟ་བ་བཟློག་པ་སྟེ། ཡང་མདོ་སྡེ་འདི་དང་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པས་དངོས་
པོའི་རང་བཞིན་ལ་མངོན་པར་ཆགས་པ་སྟེ། བྱིས་པའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་རྣམ་པར་རྟོག་པའི་གཞན་དབང་ཡོད་པར་བསྟན་པས་དེ་ལ་མངོན་པར་ཆགས་པ་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཡུལ་ཡོད་པར་བསྟན་པས་ཡོད་པར་ལྟ་བ་ལ་འགོད་ཅིང་། ཡེ་ཤེས་ཀྱི་
ངོ་བོ་ཉིད་ཀྱང་ཡོད་པར་བསྟན་པས་སྔར་རབ་ཏུ་དབེན་པའི་ཆོས་བསྟན་པ་མ་མཆིས་པར་བགྱིའམ་ཅི་ལགས་ཞེས་མ་རངས་པའི་ཚུལ་གྱིས་བརྩད་པའོ། །ལན་གྱི་དོན་ནི་དེ་ལྟར་བསྟན་པ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པ་ཡིན་གྱི། སྒྲ་ཇི་བཞིན་གྱི་དོན་དུ་མ་ཡིན་ཞེས་པའོ། །རྣམ་པ་གཅིག་
ཏུ་ན་འཕགས་པའི་ཤེས་རབ་ཀྱི་མིག་གིས་དངོས་པོའི་རང་བཞིན་ཇི་ལྟར་རྟོགས་པ་དེ་ལྟ་བུར་དངོས་པོའི་རང་བཞིན་ནོ་ཞེས་པའི་དོན་ནི་དངོས་པོར་སྣང་བ་རྣམས་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་རྟོགས་པ་དེ་ལྟ་བུར་དངོས་པོའི་ཆོས་ཉིད་ཡིན་ནོ་ཞེས་སྒྲ་ཇི་བཞིན་གྱི་དོན་དུ་ཡང་འགྱུར་མོད་ཀྱི། འོན་ཀྱང་
དངོས་པོའི་སྒྲ་སྨོས་པས་དོན་དམ་པའི་དངོས་པོར་ཡང་བྱིས་པའི་སྐྱེ་བོ་དག་དོགས་པར་འགྱུར་བས། དེ་འདྲ་བའི་སྒྲ་ནི་དགོངས་པ་ཅན་ཉིད་ཡིན་ཞེས་པའོ། །མངོན་པར་ཆགས་པའི་མཚན་ཉིད་དུ་ལྟ་བས་རབ་ཏུ་བདེན་པའི་ཆོས་སྟོན་ཞེས་པ་ནི་དེ་འདྲ་བའི་ཐབས་ལ་བརྟེན་ནས་མཐར་གྱིས་རབ་
ཏུ་དབེན་པ་རྟོགས་པར་བྱེད་ཅེས་པ་སྟེ། འདིའི་དོན་ནི་སྔར་རྒྱས་པར་བསྟན་ནོ། །དངོས་པོའི་རང་བཞིན་བསྟན་པ་ནི་མ་བྱས་མོད་ཀྱི་ཞེས་པ་ལ། དེ་ཉིད་མཐར་ཐུག་པའི་དོན་ཡིན་ཞིང་དེ་འདྲ་བའི་རྟོགས་པ་ལ་དགོད་པར་བྱ་བའི་དོན་དུ་མ་བསྟན་ཞེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་
པས་དེ་བཞིན་གཤེགས་པ་བདག་ཉིད་ཀྱིས་དབེན་པའི་ཆོས་རྟོགས་པ་ན་ཡང་། ཐོག་མར་དངོས་པོར་འཛིན་པའི་ཐབས་ལ་བརྟེན་ནས། མཐར་གྱིས་དབེན་པའི་ཆོས་རྟོགས་པས་གཞན་ལ་ཡང་དེ་བཞིན་དུ་སྟོན་པ་སྟེ། ཇི་སྐད་དུ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་

བརྫུན་མི་གསུང་། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པར་དམ་བཅས་པ་ན་བྱིས་པའི་སྐྱེ་བོ་དག་དེ་ལྟར་ན་མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་རོ་སྙམ་དུ་དོགས་པས་དེ་དག་
བསལ་བའི་དོན་དུ་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་སྐྱེ་བ་ལ་སོགས་པ་མེད་དོ་ཞེས་དམ་བཅའ་བར་མི་བྱ་བ་སྟེ། བྱིས་པའི་སྨྲ་བ་བདེན་པར་འགྱུར་བའི་ཕྱིར་རོ་ཞེས་ཉེ་བར་གདམས་པའོ། །དེའི་དོན་ནི་དམ་བཅའ་བའམ། དམ་བཅའ་བའི་ཚིག་ཀྱང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་ཀུན་རྫོབ་དུ་ཡང་
མ་སྐྱེས་པར་འགྱུར་བ་དང་། ཡང་དམ་བཅའ་བའི་དོན་དེ་ལྟར་ཤེས་ཤིང་འདོད་པའི་རྒྱུ་ཡིས་ཚིག་འཇུག་པར་འདོད་པས་ཤུགས་ལ་སྐྱེ་བ་ཁས་བླངས་པའི་ཕྱིར། དངོས་ཀྱི་དམ་བཅའ་བ་དང་། ཤུགས་ཀྱི་དམ་བཅའ་བ་གཉིས་འགལ་བར་འགྱུར་བས་དམ་བཅས་པ་ལས་ཉམས་པའོ། །གཞན་
ཡང་དམ་བཅའ་བའི་ཚིག་ལས་ཕ་རོལ་པོ་ལ་རྟོགས་པ་སྐྱེ་བར་འདོད་ལ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་མ་སྐྱེས་པར་ཡང་ཁས་བླངས་པའི་ཕྱིར་བདག་ཉིད་ཀྱི་ཚིག་འགལ་བས་དམ་བཅས་པ་ལས་ཉམས་པའོ། །དམ་བཅས་པའང་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་སྟོན་
ཏེ། །དམ་བཅའ་བའི་ཚིག་དམ་བཅའ་བའི་དོན་ཤེས་པ་དང་དེ་ལྟར་བསྟན་པར་འདོད་པ་ལས་བྱུང་བར་དོན་གྱིས་ཁས་བླངས་པས་ཞེས་པ་སྟེ། སྔར་བསྟན་པ་བཞིན་ནོ། །དེ་སྟེ་ཞེས་པ་ལ་སོགས་པས་དམ་བཅའ་བའམ། དེའི་ཚིག་ཀུན་རྫོབ་ཏུ་མ་སྐྱེས་པར་འདོད་ན། དེ་དག་རང་གི་ངོ་བོ་མ་
ཐོབ་པའི་ཉམས་པ་ཉིད་དུ་འགྱུར་བ་སྟེ། བདག་ཉིད་ལ་བདག་ཉིད་སླུ་བར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དམ་བཅས་པ་ཡང་མཚན་ཉིད་ཐ་མི་དད་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་རྣམས་ལས་མཚན་ཉིད་གཞན་མེད་པའོ། །དམ་བཅའ་བའི་ཡན་ལག་གི་རྒྱུས་ཞེས་པ་ལ་སོགས་
པས་ན་དོན་དེ་ཉིད་རྣམ་པར་ཕྱེ་སྟེ་སྟོན་པའོ། །དེའི་དོན་ནི་དམ་བཅའ་བའི་ཡན་ལག་དང་། གཏན་ཚིགས་ཀྱི་ཡན་ལག་དང་། དཔེའི་ཡན་ལག་སྟེ་རྣམ་པ་གསུམ་ལས། འདིར་དམ་བཅའ་བའི་ཡན་ལག་སྟེ། ཆོས་ཐམས་ཅད་ནི་ཡོད་པ་དང་མེད་པ་ལས་མ་སྐྱེས་སོ་ཞེས་དམ་བཅའ་བ་ཡིན་ལ།

དེ་ཉིད་རྒྱུ་མཚན་གྱི་རྒྱུ་ཡང་ཡིན་པས་ཡན་ལག་གི་རྒྱུས་ཞེས་གཞི་མཐུན་པའི་བསྡུ་བ་ཉིད་དུ་སྦྱར་བར་བྱའོ། །རྒྱུ་མཚན་དེས་ན་མ་ཐོབ་པའི་ཉམས་པའམ། འགལ་བ་ཁས་བླངས་པས་ཉམས་པ་ཉིད་དུ་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དམ་བཅའ་བའི་དོན་དེ་ལྟར་འདོད་པའི་
བློ་དང་། དམ་བཅའ་བའི་ཚིག་མ་སྐྱེས་པ་དེ་ཡིས་དངོས་པོ་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་བྱེད་ན་ཞེས་པ་དམ་བཅའ་བའི་དོན་འཇོག་ཅིང་རྟོགས་པ་སྐྱེད་པར་བྱེད་པ་ན་ཡང་། དམ་བཅས་པ་ལས་ཉམས་པར་འགྱུར་ཏེ། སྐྱེ་བའི་ཁྱད་པར་བླངས་པའི་ཕྱིར་རོ། །དམ་བཅས་པ་ཞེས་པ་ལ་
སོགས་པས་ནི་གཞན་དག་དམ་བཅས་པའི་ཚིག་ལ་སོགས་པ་མ་སྐྱེས་པའི་དངོས་པོའི་མཚན་ཉིད་དུ་གྲུབ་པས་མ་ཐོབ་པའི་ཉམས་པར་མི་འགྱུར་རོ་ཞེ་ན། མ་སྐྱེས་པའི་དངོས་པོ་ནི་འགལ་བས་དེ་ལྟར་དམ་བཅའ་བར་མི་བྱ་ཞེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་རྒྱས་པར་འཆད་
པའོ། །ཡན་ལག་ཕན་ཚུན་ཞེས་པ་ལ་སོགས་པའི་དོན་ནི་དེ་ལྟར་དམ་བཅས་པའི་ཡན་ལག་ལས་གཏན་ཚིགས་དང་དཔེའི་ཡན་ལག་འཇུག་ཅིང་། དེ་དག་ལས་ཀྱང་དམ་བཅའ་བའི་ཡན་ལག་གི་དོན་རྟོགས་པ་དང་། དེ་འདྲ་བའི་ཚིག་འཇུག་པའི་ཕྱིར། ཕན་ཚུན་དུ་རྒྱུར་གྱུར་པའི་མཚན་ཉིད་མི་
འདྲ་བ་དང་། དེ་དག་གིས་ཀྱང་འབྲས་བུའི་བྱེ་བྲག་མི་འདྲ་བར་བྱས་ཤིང་། དེ་ལྟར་ཁས་ལེན་པའི་ཕྱིར་འགལ་བར་འགྱུར་བས་ཡན་ལག་རྣམས་དམ་བཅའ་བར་མི་བྱའོ་ཞེས་གདམས་པའོ། །གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔར་གསུངས་པ་དང་འགལ་ལོ་ཞེ་ན། བློ་གྲོས་ཆེན་པོ་
ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཀུན་རྫོབ་ཙམ་དུ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་དང་སྟོང་པ་ལ་སོགས་པར་དམ་བཅའ་བར་མི་བྱ་མོད་ཀྱི་སྔར་བསྟན་པའི་དོན་ནི་སྒྱུ་མ་ལ་སོགས་པ་ལྟར་དོན་དམ་པའི་དངོས་པོར་མ་སྐྱེས་ཤིང་ངོ་བོ་ཉིད་མེད་པ་ལ་སོགས་པ་དང་། ཀུན་རྫོབ་ཏུ་དེ་ལྟར་
སྣང་བ་སྟེ། ཟུང་དུ་འཇུག་པ་ཉིད་དུ་བསྟན་པའོ། །གཞན་དུ་ན་ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫོབ་ཏུ་མ་སྐྱེས་པ་ལ་སོགས་པ་ལས་གཞན་ནོ། །དོན་དམ་པར་མ་སྐྱེས་པ་ལ་སོགས་པར་བསྟན་པས་བྱིས་པ་རྣམས་ཡོད་པར་འཛིན་པའི་ཕྱོགས་སུ་ལྷུང་བ་དེ་དག་སྐྲག་པར་མི་འགྱུར་བ་དང་།

མེད་པར་འཛིན་པའི་ཕྱོགས་སུ་ལྷུང་བ་རྣམས་ཀྱང་སྐྲག་པར་མི་འགྱུར་བའོ། །ཡང་ན་ཀུན་རྫོབ་དང་དོན་དམ་པ་ལ་དགོངས་ཏེ། སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པར་བསྟན་པས་བྱིས་པ་རྣམས་གོ་རིམས་བཞིན་དུ་ཡོད་པ་དང་མེད་པར་འཛིན་པའི་སྐྲག་པ་སྤོང་བར་འགྱུར་བའོ། །
སྣང་བ་དང་མི་སྣང་བའི་མཚན་ཉིད་ཞེས་པ་ནི་གཞན་གྱི་དབང་གི་བདག་ཉིད་ཀུན་རྫོབ་ཙམ་དུ་སྣང་བ་དང་། རིགས་པས་དཔྱད་པའི་དོན་མི་སྣང་བའི་མཚན་ཉིད་ཡིན་པའི་ཕྱིར། དེ་འདྲ་བས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །ལྟ་བ་དང་བློ་སླུ་བར་བྱེད་པ་ནི་གཞན་གྱི་དབང་ལ་
དངོས་པོའི་བདག་ཉིད་དུ་ལྟ་བ་དང་། དེ་ལྟར་འཛིན་པའི་བློ་སླུ་བར་བྱེད་པའི་ཕྱིར་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་པ་ལ་སོགས་པའོ། །ཚིགས་སུ་བཅད་པའི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །རང་བཞིན་ནི་ཀུན་དུ་བརྟགས་པ་ལ་སོགས་པ་གསུམ་མོ། །དངོས་པོ་ནི་ཕྱི་དང་ནང་གི་སྐྱེ་
མཆེད་གཟུགས་ཅན་ནོ། །མེད་ཀྱང་དེ་ལྟར་སྣང་བ་ནི་ཤེས་རབ་ཀྱི་གཡོ་བ་མེད་པས། རོ་དང་འདྲ་བའི་བྱིས་པ་ལོག་པའི་རྟོག་པ་ཅན་རྣམས་ཀྱིས་བརྟགས་པའོ། །གལ་ཏེ་དེ་ལྟར་ན། རྣམ་རྟོག་རྗེས་སུ་འབྲེལ་པ་ལས། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་གསུངས་པས་བརྟགས་པ་
ཡིན་ན། གསལ་བར་སྣང་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དོ་གསལ་བར་སྣང་བ་ནི་དངོས་སུ་བརྟགས་པ་མ་ཡིན་ཞིང་བརྟགས་པའི་དབང་གིས་སྣང་བར་འདོད་པའི་ཕྱིར་རོ། །གཞན་ཡང་བདེན་པ་གཉིས་ཀྱི་དབྱེ་བ་ལ་མ་ལྟོས་པར། ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་བསྟན་པ་
ནི་དོན་དམ་པར་སྐྱེ་བ་ཉིད་དུ་ལྟ་བའི་མུ་སྟེགས་ཅན་གྱི་བློ་བཟློག་པའི་ཕྱིར་བསྟན་པ་དང་། གཞན་ཡང་དོན་དམ་པར་རྐྱེན་ལས་སྐྱེ་བ་མེད་པས་སོ། །ཡང་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་མི་སྐྱེ་བར་དམ་བཅའ་བའི་དོན་ལ་བདེན་པ་ཉིད་དུ་མི་བརྟགས་ཏེ། དེ་འདྲ་བའི་དམ་བཅའ་བ་འགྲུབ་
པའམ། དེའི་ཚིག་རྒྱུ་དང་ལྡན་པར་འདོད་པའི་ཕྱིར་འགལ་བའམ། གལ་ཏེ་ཚིག་དང་དམ་བཅའ་བའི་དོན་འགྲུབ་པར་འདོད་ན། དེ་དག་བློ་ཡང་ཉམས་པར་འགྱུར་ཞེས་པ་སྟེ། མ་ཐོབ་པའི་ཉམས་པའོ། །དེ་བཞིན་གཤེགས་པས་སྒྱུ་མ་ལ་སོགས་པ་བཞིན་དུ་མ་སྐྱེས་པར་བསྟན་པ་

ལ་ནི་འགལ་བའི་སྐྱོན་མེད་དེ། དོན་དམ་པར་མ་སྐྱེས་ཤིང་ཀུན་རྫོབ་ཏུ་དེའི་ཚིག་ལ་སོགས་པ་སྐྱེ་བར་འདོད་པ་མི་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེས་པ་ལ་སོགས་པས་མེད་བཞིན་དུ་སྣང་བ་དཔེའི་སྒོ་ནས་སྟོན་པའོ། །རྣམ་པར་ཐར་པ་གསུམ་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་དང་ཤེས་རབ་
སྟེ། དེ་གོམས་པ་ལས་དག་པ་སྐྱེས་པའོ། །ཇི་ལྟར་དངོས་པོ་དངོས་མེད་དང་། །མཉམ་པ་ཉིད་དུ་ཇི་ལྟར་བྱེད། །ཅེས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་མཚན་མར་འཛིན་པ་སྤངས་ཤིང་། རིག་པ་དང་སྟོང་པ་ཟུང་དུ་འཇུག་པར་རྟོགས་ཤིང་། འོད་གསལ་བའི་རང་བཞིན་དུ་ཇི་
ལྟར་འགྱུར་ཞེས་དྲིས་པའོ། །འཇིག་པར་བྱེད་པ་ནི་ཕྱིན་ཅི་ལོག་གི་དམིགས་པ་དང་། དམིགས་པར་བྱ་བའི་མཚན་མ་ཉེ་བར་ཞི་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དམིགས་བྱ་དམིགས་བྱེད་ལ་སོགས་པའི་མཚན་མ་མེད་པའི་རྣམ་པར་རིག་པ་ཙམ་ལ་བརྩད་པ་སྤང་བའོ། །
དེ་ལ་ཐ་མི་དད་པར་ཁོང་དུ་མ་ཆུད་པ་ནི་སྣ་ཚོགས་སེམས་སུ་རོ་གཅིག་པ་དང་། དེ་ཡང་སྟོང་པ་ཉིད་དུ་མ་རྟོགས་པའོ། །གཞན་ཡང་མཚན་ཉིད་སྣ་ཚོགས་སུ་སྣང་བས་ཤེས་པ་གཉིས་སུ་མེད་པའི་ངོ་བོ་ཉིད་ཟིལ་གྱིས་མནན་ནས་ཤེས་པས་མི་དམིགས་པ་སྟེ། ཇི་ལྟར་ཉིན་མོའི་དུས་ན་
སྐར་མ་སྣ་ཚོགས་ཡོད་བཞིན་དུ་ཉི་མའི་འོད་ཟེར་གྱིས་ཟིལ་གྱིས་མནན་ནས་མི་དམིགས་པ་ལྟ་བུའོ། །ཡང་ན་འདི་རྣམས་ཀྱི་དོན་ནི་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་སུ་སྣང་བ། གཙོ་བོའམ་བདག་ཤེས་པ་རིག་པ་ཙམ་དུ་རིག་པར་ཁོང་དུ་མ་ཆུད་པའམ། དེ་འདྲ་བ་ལ་སོགས་པའི་
དངོས་པོའི་ངོ་བོ་འགའ་ཞིག་གིས་མཚན་ཉིད་སྣ་ཚོགས་ཀྱིས་ཟིལ་དུ་བརླག་པའི་ཕྱིར་མི་དམིགས་ཞེས་སྦྱར་བར་བྱའོ། །ཤེས་པ་མ་ལགས་ཞེས་པའི་དོན་ནི་གལ་ཏེ་ཤེས་བྱ་ཡོད་བཞིན་དུ་ཤེས་པས་མི་དམིགས་པ་སྟེ། དམིགས་པ་བཀག་པའི་མེད་དགག་ནམ་མཁའི་པད་མ་ལྟ་བུ་
ཡིན་ན་དེ་ཤེས་པ་ཉིད་དུ་མི་འཐད་ལ། ཡང་དམིགས་པ་མེད་པའི་མྱོང་རིག་ཙམ་གྱི་ངོ་བོ་ཡིན་ཡང་ཡུལ་དེ་ལ་ལྟོས་ཏེ། ཤེས་པ་ཉིད་དུ་མི་འཐད་དེ། ཡུལ་ཡོད་བཞིན་དུ་མ་ཤེས་པའི་ཕྱིར་རོ། །གལ་ཏེ་མྱོང་བའི་ངོ་བོ་ཡིན་པས་ཤེས་པར་འཐད་དོ་ཞེ་ན། དེ་ལྟར་ན་བདེན་མོད་ཀྱི། དེ་

ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་མེད་པས་ཡང་དག་པའི་ཤེས་རབ་ཀྱིས་བསྡུས་པ་ལམ་དང་འབྲས་བུ་མཐར་ཐུག་པ་ཉིད་དུ་མི་འཐད་ཅེས་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ཡུལ་མེད་པ་ལ། དེ་ལྟར་སྣང་བའི་བློ་བྱུང་བ་ཡང་མེད་པའི་ཡུལ་དེ་ལ་ལྟོས་ཏེ།
ཤེས་པ་ཉིད་དུ་མི་འཐད་དེ། ཅི་ཡང་ཤེས་པ་མེད་པའི་ཕྱིར་རོ། །དེས་ན་ཡུལ་ཇི་ལྟ་བ་བཞིན་ཤེས་པ་ནི་ཤེས་བྱའི་དོན་ཇི་ལྟ་བ་དང་ལྡན་པས་ཤེས་པ་ཞེས་བྱའོ། །བློ་མ་ཚང་ཞེས་པ་ནི་བློའི་འགལ་རྐྱེན་ཉེ་བར་གནས་པའམ། མཐུན་རྐྱེན་མ་ཚང་བས་སོ། །འདིར་ལན་གྱི་དོན་ནི་གཉིས་སུ་མེད་པའི་
ཡེ་ཤེས་དེ་ཉིད་དེ་ལྟར་བསྟན་པའི་རྒྱུ་མཚན་གྱི་སྒོ་ནས་མི་ཤེས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་ངས་ཤེས་བྱའི་དོན་ཡོད་བཞིན་དུ་ཤེས་པས་མི་དམིགས་པ་ལ་དགོངས་ཏེ། དམིགས་བྱའི་དོན་ཤེས་པས་མི་དམིགས་པའི་ཚེ་རྣམ་པར་རིག་པ་ཙམ་དུ་གཞག་པ་ཡིན་ནོ་ཞེས་མ་བཤད་དེ། འོན་ཀྱང་
དམིགས་བྱའི་དོན་དམ་པ་སྟོང་པ་ཉིད་དུ་རྟོགས་པས་མི་དམིགས་ཤིང་མྱོང་བ་འགགས་པ་ནི་རྣམ་པར་རིག་པ་ཙམ་མོ། །ཡོད་པ་དང་མེད་པ་ལས་ཕྱི་རོལ་གྱི་དངོས་པོ་མེད་ཅེས་པ་ནི་དེ་དག་ལས་སྐྱེ་བའི་ཚུལ་གྱིས་ཕྱིའི་དངོས་པོ་གྲུབ་པ་མེད་པའོ། །རྟོག་པ་ཅན་ཞེས་པ་ལ་སོགས་པས་རང་གི་སྡེ་
པ་ཕྱིའི་དོན་དུ་མངོན་པར་ཞེན་པ་རྣམས་ཀྱིས་དེ་ལྟར་མི་རྟོགས་ཤིང་། མ་རྟོགས་པས་ཕྱི་རོལ་ཡན་ལག་ཅན་གྱི་རྫས་ལ་སོགས་པ་ནི་མེད་དོ་ཞེས་རྟོགས་པར་བྱས་ནས། དེ་འདྲ་བའི་རྟོག་པ་མི་འབྱུང་བ་ནི་སེམས་ཙམ་དུ་སྟོན་ཏོ། །དེ་དག་ནི་རྟག་པ་དང་ཆད་པའི་མཐའ་གཉིས་སུ་ལྟུང་བར་འགྱུར་
རོ་ཞེས་སྟོན་པ་ནི། བདག་དང་ཞེས་པ་ལ་སོགས་པའོ། །རྣམ་པར་འབྱེད་པ་མི་དམིགས་ཞེས་པ་ནི་འབྱེད་པའི་ཤེས་རབ་མི་དམིགས་པའོ། །ཚིགས་སུ་བཅད་པའི་དོན་ནི་ཕལ་ཆེར་གོ་བར་ཟད་དོ། །དེ་དག་རྟོག་ཅན་རྣམས་ཀྱི་ཚུལ། །གཞན་མིན་ཞེས་མཚམས་བཅད་དེ། དེ་འདྲ་
བ་ལོག་པའི་རྟོག་གེས་བརྟགས་པའི་ཚུལ་ཡིན་གྱི། གཉིས་སུ་མེད་པའི་ཤེས་པ་མ་ཡིན་ཏེ། དེའི་མཚན་ཉིད་མེད་པའི་ཕྱིར་རོ། །ལོག་པའི་ཤེས་པ་ཞེས་པ་ནི་ཤེས་བྱ་ལ་ཇི་ལྟ་བ་བཞིན་དུ་ཤེས་པ་འཇུག་པ་ལོག་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་གྲུབ་པའི་

མཐའ་དང་བཤད་པའི་ཚུལ་ཤིན་དུ་རྒྱས་པར་སྟོན་ཏེ། དེ་ལ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལུས་ཀྱི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ལུས་ཀྱི་གནས་ངན་པ་ལེན་པར་བྱེད་པ། རང་གི་སོ་སོར་རྣམ་པར་རྟོག་པ་རྒྱ་མཚོའི་རླབས་ལྟར་སྣ་ཚོགས་སུ་འཇུག་ཅིང་། གར་ཐབས་སུ་གར་བྱེད་
པའོ། །ཐབས་སུ་བསྟན་པ་ནི་དབེན་པར་རྟོགས་པའི་ཡན་ལག་ཏུ་བདག་དང་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པ་ལ་སོགས་པའོ། །སླུ་བར་མི་འགྱུར་བ་ནི་ལོག་པའི་ལམ་ལ་འཇུག་པར་མི་འགྱུར་བའོ། །སྣ་ཚོགས་ཀྱི་མདོ་ནི་སྔར་བཤད་པ་ལྟར་གསུང་རབ་ཡན་ལག་དགུའི་ཆོས་
བསྟན་པ་ལ་སོགས་པའོ། །རྒྱུ་དང་ལྟ་བ་དང་རིག་པའི་མཚན་ཉིད་ནི་ཕྱི་རོལ་པ་ལ་སོགས་པས་བརྟགས་པའི་དབང་ཕྱུག་ལ་སོགས་པ་འགྲོ་བ་ཐམས་ཅད་ཀྱི་རྒྱུར་འདོད་པའམ། དེ་ལས་གཞན་པ་རྣམས་ཀྱིས་ཀྱང་རུང་སྟེ་རྒྱུ་དོན་དམ་པ་ཉིད་དུ་བརྟགས་པའོ། །ལྟ་བ་ནི་འཇིག་ཚོགས་ལ་
ལྟ་བ་ལ་སོགས་པའོ། །རིགས་པ་ནི་ཐ་སྙད་པའི་ཚད་མ་སྟེ། དེའི་ཡུལ་ལས་བཟློག་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་གྲུབ་པའི་མཐའ་ཕྱིན་ཅི་ལོག་དགག་པ་རྒྱས་པར་སྟོན་ཏེ། དེ་ལ་སྔགས་དང་སྤོབས་པ་སྣ་ཚོགས་ནི་ཀེ་བ་ལང་སྣ་ཚོགས་སྨྲ་བ་ཐོད་ལེ་ཀོར་<ཀྱི་‚གྱི་>རིག་པ་དང་།
དེ་ལས་གཞན་ཤེས་རབ་ལ་སོགས་པའི་མཐུ་སྣ་ཚོགས་སོ། །རྒྱུ་དང་ཚིག་ཅེས་པ་ལ་སོགས་པ་ནི་ལོག་པའི་གཏན་ཚིགས་དང་དཔེ་སྣ་ཚོགས་དང་། ཚིག་དང་ཡི་གེ་རྣར་སྙན་པ་སྣ་ཚོགས་སོ། །རིགས་པ་དང་ལྡན་པ་ནི་འབྲེལ་པའི་རྩ་བ་ཅན་གྱི་ཚུལ་གསུམ་དང་ལྡན་པའི་རྟགས་ཚད་མས་གྲུབ་པ་སྟེ།
དེ་འདྲ་བ་མེད་ཅེས་པའོ། །ཚིག་དང་ཡི་གེ་རྣམས་ཀྱང་བདེན་པའི་དོན་དང་ལྡན་པ་མ་ཡིན་ཏེ། ཡང་དག་པའི་ཚུལ་ལ་རབ་ཏུ་འཇུག་པས་མ་ཡིན་གྱི་ལོག་པའི་ཚུལ་ལ་འཇུག་པར་བྱེད་པའོ། །གཞན་ཡང་ཟློས་པའི་མྱ་ངན་ནི་འཆི་ཞིང་འབྲལ་བའི་ཚེ། མྱོས་ཤིང་ཆགས་པར་འགྱུར་བས་
སེམས་ཡོངས་སུ་གདུངས་པའོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་ཡུལ་ལ་ལྟ་བའི་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་བྱུང་པ་ནི་འཁྲུག་པ་སྟེ། དེ་ལ་

སོགས་པ་སྲིད་པའི་ཡན་ལག་རྣམས་སོ། །གཙུག་ལག་མང་པོ་ལ་མཁས་པ་ནི་རིག་པའི་གནས་དང་སྒྱུ་རྩལ་ལ་སོགས་པ་ལ་མཁས་པར་བྱེད་པ་སྟེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནོ། །དེའི་འཁོར་འདུས་པའི་ནང་དུ་རྫུ་འཕྲུལ་གྱིས་སོང་སྟེ། ཁོ་བོ་རྩོད་པ་ལས་
རྒྱལ་བར་གྱུར་ན་ཁྱོད་ཀྱི་ཤིང་རྟ་རྩིབ་མ་སྟོང་དང་ལྡན་པ་བཅག་པར་བྱ་ཞིང་། ཁྱེད་རྒྱལ་བར་གྱུར་ན་ངའི་ལུས་རེ་རེ་ནས་གཅད་དོ་ཞེས་སོ་སོར་དམ་བཅས་པའོ། །ཆོས་དང་ལྡན་པ་ནི་ཚིག་དོར་དང་ལྟག་ཆོད་ལ་སོགས་པ་མ་ཡིན་ཏེ། རིག་པའི་སྒོ་ནས་སོ། །བྱོལ་སོང་ལས་བསླབས་པ་ནི་ཀླུའི་སྐྱེ་གནས་
ནི་བྱོལ་སོང་གི་འགྲོ་བར་གཏོགས་པས་སོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེའི་གྲུབ་པའི་མཐའ་དང་བཤད་པའི་ཚུལ་སྟོན་ཏོ། །དེ་ལ་རབ་ཏུ་གྲགས་པའི་འཇིག་རྟེན་རྒྱང་པན་པ་ནི། ཆང་དང་ཆང་གི་ནུས་པ་ལྟར་སེམས་ཅན་གྱི་ལུས་ཉིད་སེམས་ཀྱི་རང་བཞིན་དུ་གསལ་བ་འཇིག་རྟེན་སྔ་
མ་ནས་མ་འཕོས་པ། ཕྱི་མར་མི་འགྲོ་བའོ། །བློ་ནི་དེ་དང་ཐ་མི་དད་པ་མིག་གི་བློ་ལ་སོགས་པའོ། །ཡུལ་ནི་མངོན་པར་མི་གསལ་བའི་སེམས་ཅན་ཕྱིའི་འབྱུང་བ་ཆེན་པོ་བཞིའོ། །དེ་ལས་གཞན་པའི་སྐྱེ་བ་དང་འགག་པའི་ཁྱད་པར་ཁས་ལེན་པའམ། གཞན་ཡང་རུང་སྟེ་གྲུབ་པའི་མཐའ་ཕྱིན་ཅི་
ལོག་ཁས་ལེན་པ་ཐམས་ཅད་ནི་ཉེ་བར་བརྟགས་པའི་སྒོ་ནས་འཇིག་རྟེན་རྒྱང་པན་པ་ཞེས་བྱ་སྟེ། འདུ་བ་དང་ཟད་པར་ཁས་ལེན་པར་མཐུན་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཉིད་ཀྱིས་མྱ་ངན་ལས་མི་འདའ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་འདྲ་བའི་འཇིག་རྟེན་རྒྱང་པན་པ་ནི་འབུམ་ཞེས་པ་ཉེ་བར་
མཚོན་པ་སྟེ། གྲངས་མང་བ་ཉིད་དོ། །ལྔ་བརྒྱ་ཐ་མ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལོ་ལྔ་བརྒྱ་ཕྲག་བརྒྱད་དམ་བཞིར་གནས་པ་ལས་དེའི་ཐ་མར་གྱུར་པ་སྟེ། དེ་ཡང་བཞིའི་ཐ་མར་གྱུར་པ་ལ་སྦྱར་ན་འགྲིག་པར་སྣང་ངོ་། །དེ་ལ་ངན་པའི་རྟོག་གེ་པ་རྣམས་ཀྱིས་འབྱུང་བ་འཕྲོད་པ་འདུ་
བའི་རྒྱུར་ལྟ་བ་བསྟན་པས་སྔ་མ་ལྟ་བུའི་ལུས་བསྡུས་པར་གྱུར་པ་ལ། དེ་ཉིད་ཤི་བའི་དུས་སུ་གྱེས་ཤིང་དེངས་པར་འགྱུར་རོ་ཞེས་རང་གི་སློབ་མ་རྣམས་ལ་སྟོན་ཅིང་། སྔར་སློབ་མ་མ་ཡིན་པ་རྣམས་ཀྱང་ཚིག་དང་ཡི་གེ་སྙན་པས་ཡོངས་སུ་བཟུང་ནས་དེ་ལྟར་སྟོན་པའོ། །དེ་ཡང་

རྒྱང་པན་པ་དངོས་ཀྱི་བསྟན་པའི་ཚུལ་ལོ། །གཞན་ནི་དེ་དང་རྗེས་སུ་མཐུན་པ་མྱ་ངན་ལས་འདའ་བའི་གེགས་སུ་འགྱུར་བ་སྟོན་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན། རྒྱུར་ལྟ་བ་བསྟན་པས་ཉན་པ་པོའི་འཁོར་བསྡུས་ཤིང་གྱེས་པར་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་ལྷ་ལ་
སོགས་པའི་འཁོར་འདུས་ཤིང་སླར་རང་རང་གི་གནས་སུ་གྱེས་པར་འགྱུར་བ་ལྟ་བུའོ། །འཇིག་རྟེན་རྒྱང་པན་གྱི་ཞེས་པ་ལ་སོགས་པའི་དོན་ནི་དེའི་ཚིག་སྣ་ཚོགས་སུ་འབྲེལ་པས་སྔ་མ་ལྟར་འཕྲོད་པ་འདུ་བའི་རྒྱུ་ལས་སེམས་ཅན་གྱི་ལུས་བསྡུས་ཤིང་གྱེས་པར་བསྟན་པ་དེ་ཉིད། རང་གི་རྒྱུ་ལ་ཆགས་ཤིང་
ཞེན་པའི་མུ་སྟེགས་བྱེད་རྣམས་འཆད་དེ། དེ་དང་རྗེས་སུ་མཐུན་པ་སྟོན་པའོ། །དེ་རྣམས་ཀྱང་རང་རང་གི་གྲུབ་པའི་མཐའི་ཚུལ་ནི་འཇིག་རྟེན་སྔ་ཕྱི་ཡོད་ཅིང་། མཐོ་རིས་དང་མྱ་ངན་ལས་འདས་པ་ཡང་ཁས་ལེན་མོད་ཀྱང་། དེ་དང་འདྲ་བར་མྱ་ངན་ལས་འདས་པ་ཉིད་མི་ཐོབ་པས་རང་གི་
ཚུལ་ལས་ཉམས་ཤིང་རྒྱང་པན་པ་དང་མཐུན་པར་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་རྒྱས་པར་འཆད་དེ། རྒྱུའི་སྒོ་ནི་རྒྱུ་མཚན་གྱི་རྒྱུའམ། སྐྱེད་པའི་རྒྱུའི་ཁྱད་པར་དུ་མའི་སྒོ་ནས་དངོས་པོ་སྣ་ཚོགས་འདུ་ཞིང་སྐྱེད་པ་དང་། ཟད་པར་འགྱུར་བ་ཉིད་དུ་སྟོན་པའོ། །བློ་
གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་ལ་བརྩད་པ་སྤོང་བ་སྟེ། གཞན་དག་དེ་ལྟ་ན་དེ་བཞིན་གཤེགས་པ་ཡང་ལས་དང་ཉོན་མོངས་པའི་རྒྱུ་ལས། ཟག་པ་དང་བཅས་པའི་ཕུང་པོ་སྐྱེ་བ་དང་། དེ་ཉིད་འཇིག་པ་ལ་སོགས་པ་ཕྱི་དང་ནང་གི་རྟེན་འབྲེལ་གསུངས་པས་འཇིག་རྟེན་རྒྱང་
པན་པ་ཉིད་དུ་འགྱུར་ཞེས་པའོ། །ལན་གྱི་དོན་ནི་དེ་འདྲ་བའི་རྒྱུ་འབྲས་དོན་དམ་པའི་དངོས་པོར་ཁས་མི་ལེན་པས། སྐྱོན་མེད་ཅེས་པའོ། །འདུས་པ་འོང་བ་ལས་འབྱུང་ཞེས་པ་ནི་སྔ་མ་ནས་འདིར་འོང་བའི་ཚུལ་གྱིས་འབྱུང་བའོ། །འཇུག་པ་རྣམ་པ་གཉིས་ནི་དངོས་པོ་མེད་པའམ། ཡང་
ན་གནས་པ་དང་འཇུག་པ་གཉིས་ལ་སྦྱར་བར་བྱའོ། །བློ་གྲོས་ཆེན་པོ་ངས་ཞེས་པ་ལ་སོགས་པས། ཕྱིན་ཅི་ལོག་གླེང་གཞི་དང་བཅས་ཏེ་བསྟན་པའོ། །འཐད་པའི་གཏན་ཚིགས་སྣ་ཚོགས་པ་ནི་སྤྱི་གཅིག་རྗེས་སུ་འགྲོ་བ་འམ། ངེས་ཤེས་ཀྱི་བློ་འཇུག་པ་དམིགས་པའི་ཕྱིར། ཐམས་ཅད་གཅིག་

པའམ། གཞན་ཡང་གནས་སྐབས་དང་གསལ་བའི་བྱེ་བྲག་འགལ་བར་དམིགས་པས་ཐ་དད་པའམ། དེ་ཉིད་ཀྱི་ཕྱིར་དངོས་པོ་རྣམས་སྤྱི་དང་རང་བཞིན་གྱི་སྒོ་ནས་གཅིག་པ་ཡང་ཡིན་ལ། གནས་སྐབས་སམ་གསལ་བའི་སྒོ་ནས་ཐ་དད་པ་ཡང་ཡིན་པས་གཉིས་ཀ་ཞེས་པའོ། །
གཉིས་ཀ་མ་ཡིན་པ་ཡང་དེ་ཉིད་ལས་མཚོན་པས་ཤེས་པར་ཟད་དོ། །ལུང་བསྟན་པ་ནི་གཅིག་དང་ཐ་དད་པ་ལ་སོགས་པར་དྲིས་པ་ལ་ལུང་སྟོན་པའོ། །ཐམས་ཅད་ལུང་མ་བསྟན་པ་ནི་སྔར་བསྟན་པ་ལྟར་རམ། ཡང་ན་མཐའ་གཅིག་ཏུ་ངེས་པར་ལུང་བསྟན་དུ་མེད་པས་དྲིས་པ་ལ་ལུང་བསྟན་པར་བྱ་བ་མ་
ཡིན་ཞེས་པའོ། །འཇིག་རྟེན་ཕ་རོལ་ཡོད་མེད་གཉི་ག་ཞེས་པ་ནི་སྔར་གཉིད་ཀྱིས་ལོག་པ་ལས་སད་པ་ན་སྔར་གྱི་གནས་སྐབས་དེ་ཉིད་ཀྱང་ཕ་རོལ་གྱི་གྲངས་སུ་གཏོགས་པའམ། ཡང་ཚེ་སྔ་མས་བསྡུས་པའི་ཕ་རོལ་མེད་པ་ཡོད་མེད་གཉིས་ཀ་ཞེས་པའོ། །ཀྱེ་བྲམ་ཟེ་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་སྐྱེ་བ་
དང་འགག་པའི་ཚུལ་གསུངས་པ་སྟེ། དེ་ལ་ཕྱི་རོལ་གྱི་དངོས་པོར་འགྱུར་བའི་དམིགས་པའི་ཡུལ་མེད་པས་དེ་ལས་སྐྱེ་བ་མ་ཡིན་པའོ། །འདི་གཉི་ག་ཡང་ཞེས་པ་ནི་རྒྱུ་ལས་སྐྱེས་པའི་དངོས་པོའམ། རྒྱུ་མེད་པའི་མཚན་མར་འཛིན་པའོ། །ཡིད་ལ་རྣམ་པར་གཡོས་པ་ནི་སེམས་ཉིད་གཉུག་མར་གནས་
པའི་ཆོས་ཉིད་ལས་སོ། །དེ་ལྟར་ན་དེ་ཁོ་ན་ཉིད་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཐམས་ཅད་ནི་སྔར་བསྟན་པ་ལྟར་ཉེ་བར་བརྟགས་པའི་སྒོ་ནས་འཇིག་རྟེན་རྒྱང་པན་པ་ཞེས་བྱའོ། །གལ་ཏེ་དེ་ལྟ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཐར་པ་མི་འཐད་པར་འགྱུར་རོ་ཞེ་ན། སེམས་ནི་དམིགས་
དང་བཅས་རྣམས་ཀྱི། །མྱ་ངན་འདས་པ་དཀའ་བར་གནས། །ཞེས་གསུངས་པས་མཐར་ཐུག་པའི་མྱ་ངན་ལས་འདས་པ་མི་ཐོབ་པའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཚུལ་གཞན་གྱི་སྒོ་ནས་བརྩད་པ་སྤང་བ་སྟེ། དེའི་དོན་ནི་བྲམ་ཟེ་རྒྱང་པན་པ་གང་དག་གི་གྲགས་པ་སྟེ། གྲུབ་པའི་
དོན་བསྡུས་པ་དང་གྱེས་པ་ནི་མུ་སྟེགས་བྱེད་ཐམས་ཅད་ཀྱིས་དཔེ་དང་གཏན་ཚིགས་དུ་མས་ཉེ་བར་སྒྲུབ་པའི་སྒོ་ནས་སྟོན་པ་སྟེ། ཚད་མས་གྲུབ་པའི་དོན་ཉིད་སྟོན་པ་ཡིན་ལ། དེ་འདྲ་བ་སྟོན་པ་ཡང་འཇིག་རྟེན་རྒྱང་པན་པ་ཡིན་ན་རྒྱང་པན་པ་མ་ཡིན་པ་གང་ཡང་ཡོད་དམ་ཞེས་འཁྱོག་པོའི་དྲི་བ་སྟེ།

ཐམས་ཅད་ཀྱང་རྒྱང་པན་པར་འགྱུར་རོ་ཞེས་བརྩད་པའོ། །ལན་གྱི་དོན་ནི་ཁྱོད་ཀྱི་ཚད་མས་གྲུབ་པར་འདོད་པ་དེ་འདྲ་བ་ཡང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཚད་མས་མ་གྲུབ་ཅིང་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་ཉེ་བར་བྲིས་ནས་ཚད་མས་གྲུབ་པའི་དོན་མི་སྟོན་པ་ཡང་མ་ཡིན་ལ། དེ་འདྲ་བ་སྟོན་པའི་ཐེག་
པ་ཆེན་པོའི་གསུང་རབ་དོན་དང་མི་ལྡན་པ་ཡང་མ་ཡིན་ཏེ། དོན་དང་ཡང་ལྡན་པ་ཡོད་ལ་དེ་འདྲ་བའི་དོན་དུ་མུ་སྟེགས་བྱེད་ཐམས་ཅད་དང་། ཁྱོད་ཀྱི་བློ་ཡིས་མི་རྟོགས་པ་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་སྤྲོས་པ་དང་བྲལ་ཞིང་འོད་གསལ་པ་ནི་དེ་བཞིན་དུ་བདེན་པ་ཡིན་ལ། དེ་འདྲ་བ་རྣམ་
པར་འཇོག་པ་ནི་རྒྱང་པན་པ་ཉིད་དུ་ཇི་ལྟར་འགྱུར་ཞེས་པའོ། །དེ་ལ་འཇིག་རྟེན་རྒྱང་པན་ནི་གང་ཚད་མས་མ་གྲུབ་ཅིང་གནོད་པའི་དོན་སྟོན་པ་དེ་འདྲ་བ་མ་ཡིན་ནམ་ཞེས་པ་སྟེ། དེ་ཡང་འཁྱོག་པོའི་དྲི་བ་ཡིན་པས་ཚད་མས་གནོད་པ་དེ་འདྲ་བ་སྟོན་པ་ནི་རྒྱང་པན་པ་ཡིན་ལ། ཁོ་བོ་ཅག་ནི་དེ་འདྲ་བ་སྟོན་པ་མ་
ཡིན་པས་དེ་ལྟར་མི་འགྱུར་བའོ། །འགྲོ་བ་དང་ཞེས་པ་ལ་སོགས་པས་འགྲོ་བ་ལྔའམ་དྲུག་གི་བྱེ་བྲག་ལ་སོགས་པ་དངོས་པོའི་ཆོས་ཐམས་ཅད་དུ་འདུ་བ་དང་ཟད་པས་བསྡུས་པ་སྟོན་པར་བྱེད་པ་ནི་རྒྱང་པན་པ་ཉིད་དོ། །འདོད་པ་ནི་འདུན་པའོ། །སྙེམས་པ་ནི་སེམས་ཁེངས་པའོ། །བྲམ་ཟེ་དེ་ཉིད་
འཇིག་རྟེན་ཕ་རོལ་མ་ཡིན་ནམ་ཞེས་པའི་དོན་ནི་གླིང་དེ་ཡང་སྣོད་ཀྱི་འཇིག་རྟེན་གཞན་ཡིན་ལ། དེ་ལ་གནས་པའི་དུས་ཀྱི་ཁྱོད་ཀྱི་ཕུང་པོ་ཡང་ད་ལྟར་གྱི་ཕུང་པོ་ལས་གཞན་ཡིན་པས་དེ་ཉིད་དང་དེ་ལྟར་གྱི་འཇིག་རྟེན་ལ་ལྟོས་ནས་འཇིག་རྟེན་ཕ་རོལ་ཞེས་བྱའོ། །གལ་ཏེ་དེ་འདྲ་བའི་ཕ་རོལ་ནི་ཡོད་
མེད་ཀྱི་ཚེ་སྔ་མས་བསྡུས་པའི་ཕ་རོལ་ནི་མེད་དོ་ཞེ་ན། མ་ཡིན་ཏེ། དེ་ཡང་སྔར་བསྒྲུབས་ཟིན་ཏོ། །ང་ལ་མ་དྲིས་པར་ཞེས་པ་ལ་སོགས་པས་ནི་གཞན་གྱི་ཚུལ་གསུངས་པ་སྟེ། གཞན་པོ་དེ་དག་གི་བསམ་པའི་ཚུལ་ནི་ང་ལ་མ་དྲིས་པར་དགེ་སྦྱོང་གཽ་ཏ་མ་རང་གི་གྲུབ་མཐའི་ཚུལ་སོ་སོར་རྣམ་པར་གཞག་
པ་བརྗོད་པར་སེམས་ཏེ། དེ་ནི་ངའི་ཚུལ་ལུགས་ཟབ་མོ་ལས་ཕྱི་རོལ་ཏུ་གྱུར་པའི་དོན་ཏེ། ཉོན་མོངས་སྡུག་གེ་དེ་ནི་འཇུག་པ་མེད་པ་ལ་སོགས་པར་སྨྲ་ཞིང་རང་གི་རྣམ་པར་རྟོག་པའི་མཚན་ཉིད་ཁོང་དུ་ཆུད་པར་རློམ་པས་རྣམ་པར་རྟོག་པ་མི་འཇུག་པ་ཟབ་མོའི་དོན་ལ། རང་གིས་རྟོགས་ཤིང་

གཞན་ལ་སྨྲ་བའོ་སྙམ་དུ་སེམས་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཁྱོད་ཀྱང་ཅིའི་ཕྱིར་དེ་ལྟར་ང་ལ་འདྲི་ཞེས་པའི་དོན་ནི་རྒྱང་པན་པ་བསྙེན་ཅིང་བསྟན་ན་ཟང་ཟིང་སྡུད་ཀྱི་ཆོས་སྡུད་པ་མིན་ནོ་ཞེས་གསུངས་ཏེ། ཅིའི་ཕྱིར་དེ་ལྟར་གསུངས་ཞེས་ང་ལ་འདྲི་སྟེ། དྲི་བར་མི་འོས་ཞེས་པའོ། །
བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ནི་ཆོས་དང་ཟང་ཟིང་གི་བྱེ་བྲག་སོ་སོར་སྟོན་པའོ། །ཟང་ཟིང་དང་ཞེས་པ་ནི་སྤྱིར་འདུ་འཛི་སྣ་ཚོགས་པའོ། །རེག་པ་དང་ཞེས་པ་ལ་སོགས་པས་འཁྲིག་པའི་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ཟང་ཟིང་སྟེ། ཡུལ་ལ་ལུས་ཀྱིས་རེག་པ་དང་། ལག་པས་འདྲེན་པ་དང་།
ཐལ་མོས་ཉུག་པ་དང་ཐོབ་པ་བདག་གིར་བྱས་པས་སེམས་ཁེངས་པ་དང་། དེ་དག་གི་བདེ་བའི་རོ་མྱོང་བ་དང་། དེ་ལས་གཞན་ཕྱིའི་ཡུལ་སྣ་ཚོགས་ལ་མངོན་པར་ཆགས་པའོ། །ཡེ་ཤེས་སུ་དབང་བསྐུར་བ་ནི་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་རང་རིག་པའི་ཚུལ་གྱིས་རྟོགས་པ་སྟེ་ཐོབ་པའོ། །དེ་བཞིན་
དུ་ཤེས་བྱའི་གནས་ཐུག་པ་མེད་པ་མཁྱེན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་ལྷུན་གྱིས་གྲུབ་པར་དབང་བྱེད་པའོ། །རྒྱུའི་དངོས་པོ་མེད་པའི་ཕྱིར་འབྲས་བུའི་རྒྱུན་ཀྱང་ལྡོག་པས་ཆད་པར་ལྟ་བ་དང་། དེ་འདྲ་བའི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་
པས་མི་མཐོང་བ་ནི་ཆོས་ཞེས་བྱའོ། །ཚིགས་སུ་བཅད་པའི་དོན་ནི། བསྡུ་བའི་དངོས་པོ་བཞི་ལ་དང་པོ་སྦྱིན་པ་དང་སྙན་པར་སྨྲ་བས་ནི་སེམས་ཅན་འདུལ་བ་སྟེ། དང་པོས་སྣོད་དུ་རུང་བར་བྱས་ཤིང་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་བསྟན་པའི་སྒོ་ནས་སོ། །ཚུལ་ཁྲིམས་དང་ཤེས་རབ་ནི་དོན་མཐུན་པ་
དང་དོན་སྤྱོད་པ་མཚོན་པ་སྟེ། དེ་ལ་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་སྟོན་པ་ཇི་ལྟ་བ་བཞིན་དུ་རང་ཉིད་བསྒྲུབ་པས་སེམས་ཅན་དབང་དུ་བྱེད་པའམ། དེ་ལས་ཏིང་ངེ་འཛིན་སྐྱེ་བས་རང་གི་སེམས་དབང་དུ་བྱེད་པའོ། །ཤེས་རབ་ཀྱིས་ནི་རང་དང་གཞན་གྱི་ལྟ་བ་ཕྱིན་ཅི་ལོག་འཇོམས་པར་བྱེད་ལ། རྣམ་
ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ནམ་ཤེས་རབ་གོམས་པས་དེ་ཉིད་ཤིན་ཏུ་སྤེལ་བའོ། །དེ་རྣམས་ཀྱིས་ཀྱང་རིམ་པ་བཞིན་དུ་མ་བསྡུས་པ་སྡུད་པ་དང་། བསྡུས་པ་སྨིན་པ་དང་། སྨིན་པ་གྲོལ་བར་བྱེད་པ་ཉིད་དུ་ཡང་གསུངས་སོ། །དེ་ལས་གཞན་སྔར་བསྟན་པའི་ཚུལ་འདི་ཀུན་འཇིག་རྟེན་རྒྱང་པན་

པ་ཞེས་པ་ལ་སོགས་པ་སྟེ་ཕལ་ཆེར་གོ་བར་ཟད་དོ། །རྟག་དང་ཆད་པ་སྤངས་པ་ཡི། །སེམས་ནི་གཟུང་དང་འཛིན་པ་ཡི། །དངོས་པོ་རྣམ་པ་གཉིས་སུ་སྣང་། །ཞེས་སྦྱར་བར་བྱའོ། །སེམས་འཇུག་པ་ནི་རྟོག་པ་དང་བཅས་པའི་ཡིད་ཀྱི་གཡོ་བ་སྣ་ཚོགས་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་
ཐོབ་བྱའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་དུ་རྒྱས་པར་སྟོན་ཏེ། ཇི་སྐད་དུ། རྒྱང་པན་པ་ལས་གཞན་པའི་མུ་སྟེགས་བྱེད་རྣམས་ཀྱང་མྱ་ངན་ལས་འདས་པ་ཁས་ལེན་ན། དེ་དག་གི་མྱ་ངན་ལས་འདས་པ་དང་། དེ་བཞིན་གཤེགས་པ་ཉིད་ཀྱི་མྱ་ངན་ལས་འདས་པའི་ཚུལ་ཇི་ལྟར་ལགས་ཞེས་ཞུས་པ་ལས། ལན་
གྱི་སྐབས་སུ་མུ་སྟེགས་བྱེད་ནི་སྔར་བསྟན་པ་ལྟར་གྲུབ་མཐའ་ཕྱིན་ཅི་ལོག་ཁས་ལེན་པ་ཐམས་ཅད་ཡིན་ལ། དེ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཟག་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་སྡུག་བསྔལ་གྱི་བདེན་པ་འགོག་པ་དང་། ཡུལ་ལ་འདོད་ཆགས་དང་བྲལ་བ་སྟེ། རྒྱུ་ཀུན་འབྱུང་
གི་བདེན་པ་སྤངས་པ་དང་། དེ་དག་སྤོང་བའི་རྒྱུ་རྟག་པ་དང་ཆོས་མི་མཐུན་པ། མི་རྟག་པ་ལ་སོགས་པ་ཆོས་བཅུ་དྲུག་གི་རྣམ་པ་མཐོང་བས་ཀུན་ནས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་མང་པོ་མི་འབྱུང་བ་སྟེ། དུས་གསུམ་གྱི་ཡུལ་ལས་དྲན་པའི་རྣམ་པར་རྟོག་པ་
མི་འབྱུང་བའོ། །དེ་ཡང་མར་མེ་ཤི་བར་གྱུར་པ་ལ་སོགས་པ་བཞིན་དུ་རྒྱུ་ཟད་པས་མི་འབྱུང་བ་ཡིན་གྱི། བརྟག་བྱའི་ཡུལ་སྟོང་པ་ཉིད་དུ་རྟོགས་པས་ནི་མ་ཡིན་ནོ། །དེ་ཡང་སྔར་བདེན་པའི་དངོས་པོར་ཡོད་པའི་སྡུག་བསྔལ་དང་ཀུན་འབྱུང་གློ་བུར་དུ་ཟད་པ་དང་། མི་སྐྱེ་བའོ་ཞེས་ཟད་པ་དང་མི་
སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་དངོས་པོ་འཇིག་པར་ལྟ་བས། ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་མྱ་ངན་ལས་འདས་པ་མ་ཡིན་ནོ། །གཞན་ཡང་ལམ་གྱི་དུས་ན་ཡང་། དེ་དག་འཇིག་པར་ལྟ་བས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་མྱ་ངན་ལས་མི་འདའ་བའོ། །གཞན་དག་ནི་མན་ངག་གི་སྟོབས་ཀྱི་ཡུལ་ལས་
རྣམ་པར་རྟོག་པ་ཟད་པས་མདའ་དང་རླུང་བཞིན་དུ་བདག་དམ་པ་ཡུལ་གཞན་གྱི་གནས་སུ་སོང་སྟེ། ཇི་སྐད་དུ། ཕྱི་རོལ་པ་རྣམས་ཀྱིས་ཁམས་གསུམ་པོ་ཐམས་ཅད་ཀྱི་སྟེང་ན་ཐར་པའི་གནས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་གདུགས་ལྟ་བུ་ཡོད་དོ་ཞེས་ཏེ། དེར་སོང་བས་ཐར་པར་

འདོད་པ་ལ་སོགས་པ་ལྟ་བུའོ། །བློ་དང་རིག་པར་བྱ་བ་ནི་གཟུང་འཛིན་སྣ་ཚོགས་པ་སྟེ། དེ་ལྟ་བུར་སྣང་བ་མེད་པས་བདག་རྟག་པ་ཐར་པར་འདོད་པ་སྟེ། ཞི་བ་པ་རྣམས་ཀྱིས་འདོད་པའམ། སྔར་བསྟན་པའི་མཚན་མ་སྣ་ཚོགས་ཀྱི་དངོས་པོ་མེད་པས་མྱ་ངན་ལས་འདས་པའོ་ཞེས་
གསུངས་པ་དང་ཡང་སྦྱར་བར་བྱའོ། །རྟག་པ་དང་མི་རྟག་པར་མཐོང་བས་ནི་བདག་ལ་སོགས་པ་འགའ་ཞིག་ནི་རྟག་ལ། གཞན་གྱི་གཟུགས་ལ་སོགས་པ་མི་རྟག་པར་མཐོང་བའོ། །གཞན་ཡང་འཕགས་པ་ཚངས་པའི་དྲ་བས་ཞུས་པའི་མདོ་ལས། ཁ་ཅིག་རྟག་པར་རྟོག་པའི་ལྟ་བ་རྣམ་པ་བཞི་
གསུངས་པ་དང་ཡང་སྦྱར་བར་བྱའོ། །མཚན་མ་མཐོང་བས་བདེ་བ་འདོད། །ཅེས་པ་ལ་སོགས་པས་ནི་མཚན་མ་རྣམ་པར་རྟོག་པ་ནི་སྐྲན་དང་ཟུག་རྔུ་ལ་སོགས་པ་ལྟ་བུར་མཐོང་བས་དེས་འཇིགས་པས་དེ་རྣམས་སྤངས་པའི་བདག་རྟག་པ་ནི་མཆོག་ཏུ་དགའ་བའི་གནས་ཀྱི་མྱ་ངན་ལས་འདས་པར་
རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་རྣམས་རྟོག་གོ། །འདོད་པའི་ཕྱིར་ཞེས་པ་ནི་འདོད་པའི་ཡུལ་དེ་འདྲ་བ་ལ་མྱ་ངན་ལས་འདས་པའི་བློ་འགྱུར་བའོ། །ཡང་ཁ་ཅིག་སྟེ་ཞི་བ་པ་དང་གཏོགས་འདོད་པ་དང་། ཚངས་པ་ལ་སོགས་པར་སྨྲ་བ་རྣམས་ཀྱིས་དུས་གསུམ་གྱིས་བསྡུས་པའི་བདག་
གི་དངོས་པོ་མི་འཇིག་སྟེ་ཡོད་པ་ཡིན་ལ། དེ་འདྲ་བ་སུ་དག་གིས་རིག་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ། གཏོགས་འདོད་ཀྱིས་ཡང་སྨྲས་པ། འབྱུང་པོ་ཀུན་ལ་བདག་གནས་པ། །བདག་ལའང་འབྱུང་པོ་ཐམས་ཅད་དེ། །བདག་ལྡན་དེ་ལྟར་སུས་རིག་པ། །ཀུན་དུ་མཉམ་པར་མཐོང་
བའོ། །གཞན་ཡང་། ཐམས་ཅད་འདི་ནི་ཞི་བདག་སྟེ། །ཞི་བ་ཉིད་ལས་རབ་ཏུ་བྱུང་། །འབྱུང་པོ་ཀུན་ལ་ཞི་བ་སྟེ། །གང་ཞི་དེ་ནི་བདག་ཉིད་དོ། །ཞེས་པ་དང་། བསྟན་པ་བྱིན་འགྲོ་དེ་བཞིན་དུ། །ཞེས་པ་ལ་སོགས་པ་གསུངས་པའོ། །གཞན་ཡང་རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱང་ཕྱི་
ནང་གི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་ཅིང་། དེ་དག་ཀྱང་དུས་གསུམ་གྱིས་བསྡུས་ལ། དུས་གསུམ་ཡང་རྫས་སུ་གྲུབ་པ་སྟེ། འདས་པ་ནི་འདས་པའི་ས་ན་ཡོད་ཅིང་། མ་འོངས་པ་ཡང་མ་འོངས་པ་ལས་ན་ཡོད་པས་དེ་དག་འཇིག་པ་མ་ཡིན་ཏེ། འོན་ཀྱང་བྱེད་པ་

ཞིག་པ་དང་མ་སྐྱེས་པའི་སྒོ་ནས་འདས་པ་དང་མ་འོངས་པ་ཉིད་དུ་འཇོག་ཅིང་། བྱེད་པ་ད་ལྟར་བ་ནི་ད་ལྟར་བ་ཉིད་དེ་དེ་འདྲ་བར་སུ་ཡིས་རྟོགས་པ་ནི་མྱ་ངན་ལས་འདས་པ་ཉིད་དུ་རྟོག་གོ། །ཆོས་ཐམས་ཅད་མི་འཇིག་ཅེས་པ་ནི་ཐམས་ཅད་བདག་རྟག་པའི་རང་བཞིན་ཡིན་པས་མི་འཇིག་པའོ། །དེ་ལྟར་
སུ་ཡིས་རྟོགས་ཤིང་རིག་པ་ནི། མྱ་ངན་ལས་འདས་པའོ་ཞེས་རྟོག་པའོ། །ཡང་གྲངས་ཅན་གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བ་རྣམས་ནི། རང་བཞིན་ཉི་ཤུ་རྩ་བཞི་དང་། སྐྱེས་བུའི་བྱེ་བྲག་མཐོང་བ་དང་། ཡོན་ཏན་སུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་དང་། དབང་ཕྱུག་རྟག་པ་རྣམ་
འགྱུར་སྣ་ཚོགས་ཀྱི་བྱེད་པ་པོ་ཡིན་ལ། དེ་ལྟར་རིག་ཅིང་དབང་ཕྱུག་མཉེས་པར་བྱས་པ་ནི། མྱ་ངན་ལས་འདས་པར་རྟོག་པའོ། །ཡང་ཁ་ཅིག་ནི་བདག་དུ་དམིགས་པ་དང་བཅས་པའི་རྣལ་འབྱོར་སྒོམ་ཞིང་། དེ་ལས་གཞན་རིག་སྔགས་དང་མཆོད་སྦྱིན་དང་། གདོལ་བུ་དང་སྨེ་ཤ་ཅན་
དང་བྲམ་ཟེ་ལ་སོགས་པ་དེ་ནི་ད་ལྟར་བདེན་པ་མ་ཡིན་ནོ་ཞེས་རྟོགས་པའི་ཤེས་རབ་ཀྱིས། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་སུ་དམིགས་པའི་མཚན་མ་ཡོངས་སུ་བསྲེགས་ཤིང་ཟད་པར་གྱུར་པ་སྟེ། ཇི་ལྟར་གཙུབ་ཤིང་དང་གཙུབ་གཏན་ལ་མེ་ཕྱུང་ཞིང་། མེ་དེ་དག་ཉིད་ཀྱིས་དེ་དག་
བསྲེགས་པ་བཞིན་ནོ། །དེ་ལྟར་ཟད་པས་མྱ་ངན་ལས་འདས་པར་རྟོག་པའོ། །ཁ་ཅིག་ནི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པ་མེད་པར་སྲིད་པའི་རྩེ་མོའི་བར་གྱི་སེམས་ཐོབ་པས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ་བ་ན། ཁོ་བོ་ནི་ཉོན་མོངས་པ་ཐམས་ཅད་
སྤངས་པའོ་ཞེས་ཤེས་པས་མྱ་ངན་ལས་འདས་པར་རྟོག་སྟེ། ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཡེ་ཤེས་སོ། །དེ་ནི་མྱ་ངན་ལས་འདས་པ་མ་ཡིན་ཏེ། ཇི་སྐད་དུ། སྲིད་པ་ཆགས་མེད་བསམ་གཏན་པ། །སྲིད་པའི་རྩེ་མོར་ཕྱིན་པ་ཡང་། །ང་རྒྱལ་ལྕགས་ཀྱུས་དྲངས་ནས་
སུ། །སེམས་ཅན་དམྱལ་བར་ཡང་ལྟུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །ཁ་ཅིག་ནི་ཐམས་ཅད་དང་དབང་ཕྱུག་གིས་བྱས་པར་མཐོང་ནས་དེ་མཉེས་པར་བྱས་པས་མྱ་ངན་ལས་འདས་པར་རྟོག་གོ། །ཁ་ཅིག་ནི་འཇིག་རྟེན་གྱི་འབྱུང་བ་འདི་ནི་གཅིག་གིས་གཅིག་ཞུགས་པ་སྟེ། བདག་

ལས་དེའི་ཡོན་ཏན་ལྡང་བ་དང་འདོད་པ་ལ་སོགས་པའི་ཉོན་མོངས་པར་འགྱུར་ཞིང་། དེ་ཡིས་ལས་བསགས་པ་ལས་ཚེ་ལེན་པར་འགྱུར་བའོ། །དེ་ལས་གཞན་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་མ་ཡིན་ནོ་ཞེས་དེ་འདྲ་བའི་རྒྱུ་ལ་མངོན་པར་ཆགས་བཞིན་དུ་གཏི་མུག་ལས།
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་དེ། དེ་ཁོང་དུ་མ་ཆུད་པས་མྱ་ངན་ལས་འདས་པར་རྟོག་པ་སྟེ། དེ་འདྲ་བ་ཕྱིན་ཅི་ལོག་པའོ། །ཅི་ཞིག་ལས་མྱ་ངན་ལས་འདས་པར་རྟོག་ཅེ་ན། བདག་སྡང་བ་དང་འདོད་པ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་ལའོ། །དེ་འདྲ་
བ་ནི་ཚད་མས་གནོད་པས་ཕྱིན་ཅི་ལོག་པའོ། །རྣམ་པ་གཅིག་ཏུ་ན་འདི་རྣམས་ཀྱི་དོན་ནི་དེ་ལྟར་རྒྱུ་གཞན་ལས་བྱུང་བ་མ་ཡིན་ཞེས་རྒྱུ་གཞན་མེད་བཞིན་དུ། དེ་འདྲ་བའི་རྒྱུ་ལ་མངོན་པར་ཆགས་པའི་ཚུལ་གྱིས་གཏི་མུག་པས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་དེ། དེའི་ཕྱིར་མྱ་ངན་ལས་འདས་པ་
མི་ཐོབ་ལ་ཡང་སྔར་གྱི་ཚུལ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་པའོ། །ཡང་ཁ་ཅིག་ནི་བདེན་པ་དང་ལམ་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་པ་སྟེ། བདེན་པ་བཞི་དང་དེ་དག་རྟོགས་པའི་ལམ་ཁོང་དུ་ཆུད་པ་སྟེ། བདེན་པ་ནི་རྒྱུད་གཞན་དང་འབྲེལ་པའི་ཚུལ་དུ་
ཡང་རྟོགས་ལ། ལམ་ནི་རང་རིག་པའི་ཚུལ་གྱིས་ཁོང་དུ་ཆུད་པའོ། །ཡང་འདིར་བདེན་པའི་ལམ་ཞེས་གཞུང་འདོན་པར་བྱེད་དེ། རིགས་པ་ཅན་རྣམས་ཀྱིས་ཚིག་གི་དོན་བཅུ་དྲུག་རྟོགས་པས་མྱ་ངན་ལས་འདས་པར་འདོད་པ་ལྟ་བུའོ། །ཁ་ཅིག་ནི་ཡོན་ཏན་ཉི་ཤུ་རྩ་བཞི་དང་ཡོན་ཏན་ཅན་རྫས་
དགུའི་བདག་ཉིད་ལ་སོགས་པ་ཁོང་དུ་ཆུད་ཅིང་སྤྱིའི་སྒོ་ནས་གཅིག་པ་དང་། བྱེ་བྲག་གི་སྒོ་ནས་ཐ་དད་པ་དང་། དེ་ཉིད་ཀྱིས་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ཡང་འགྱུར་ཏེ། དེ་ལྟར་མཐོང་བའམ་གཞན་ཡང་ཁྱད་པར་དུ་བདག་གི་ཡོན་ཏན་དགུ་རྩ་བ་ནས་བཅད་ན། ཡོན་ཏན་ཅན་གྱི་བདག་ཐར་
པའོ་ཞེས་བྱེ་བྲག་པས་རྟོག་པ་ལྟ་བུའོ། །ཁ་ཅིག་ནི་དངོས་པོ་ཐམས་ཅད་རྒྱུ་མེད་པ་རང་བཞིན་ལས་བྱུང་བར་མཐོང་བས་མྱ་ངན་ལས་འདས་པར་རྟོག་གོ། །འདི་ཡང་འཇིག་རྟེན་རྒྱང་པན་པའི་ལུགས་ཡིན་ནོ་ཞེས་སློབ་དཔོན་ཡེ་ཤེས་དཔལ་གྱིས་བཤད་དེ། དེ་ནི་རྒྱུ་ལས་སྐྱེ་བར་འདོད་པས་

ཧ་ཅང་འགྲིག་པ་མ་ཡིན་ནོ། །གྲངས་ཅན་དབང་ཕྱུག་ཁས་མི་ལེན་པ་རྣམས་ནི། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཁོང་དུ་ཆུད་པས་མྱ་ངན་ལས་འདའ་བར་འདོད་དེ། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །གནས་ནི་གང་དང་གར་གནས་ཤིང་། །རལ་པའམ་སྤྱི་འབུར་གནས་ཀྱང་རུང་། །གྲོལ་བ་དེར་ནི་གདོན་མི་ཟ། །ཞེས་
བསྟན་པའོ། །དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ལ། སྐྱེས་བུ་ནི་སེམས་པ་ཅན་གྱི་རང་བཞིན་ནང་ན་གནས་པའོ། །རང་བཞིན་ཉི་ཤུ་རྩ་བཞི་ལས་དང་པོ་རྡུལ་དང་མུན་པ། སྙིང་སྟོབས་རྣམ་པ་གསུམ་སྟེ། ཞེ་སྡང་དང་། གཏི་མུག་དང་། འདོད་ཆགས་རྣམ་པ་གསུམ་པོའམ། ཡང་ཚོར་བའི་དབང་དུ་བྱས་ན་སྡུག་
བསྔལ་དང་བཏང་སྙོམས་དང་། བདེ་བ་སྟེ། དེ་གསུམ་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོའི་རང་བཞིན་ནོ། །གཙོ་བོ་ལས་ཆེན་པོ་སྟེ་དེ་ནི་བློའི་རྣམ་གྲངས་ཀྱང་ཡིན་ལ། དེ་ལས་ང་རྒྱལ་ལོ། །ང་རྒྱལ་ལས་སྒྲ་ལ་སོགས་པའི་ཡུལ་ལྔ་སྟེ། དེ་ཙམ་ལྔ་ཞེས་པའོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྟེ།
ནམ་མཁའ་ཡང་འབྱུང་བར་འདོད་པའོ། །ཡང་བློའི་དབང་པོ་ལྔ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་རེག་པ་སྟེ་ལུས་ཀྱི་བློ་དང་རྣམ་པ་ལྔའོ། །ལས་ཀྱི་དབང་པོ་ལྔ་སྟེ། ལག་པ་དང་། རྐང་པ་དང་། ཁ་དང་། སྐྲ་དང་། ཕོ་དང་མོའི་དབང་པོའོ། །གཞན་ཡང་སེམས་མཉམ་པའི་དབང་པོ་སྟེ།
དེ་ལ་ཡིད་ཅེས་ཀྱང་བྱའོ། །དེ་ལྟར་ན་ཆོས་ཉི་ཤུ་རྩ་གཅིག་པོ་འདིའི་རྩ་བ་ནི་སྔར་བསྟན་པ་ལྟར་ཡོན་ཏན་རྣམ་པ་གསུམ་སྟེ། དེ་ཡང་འཕགས་པ་མྱ་ངན་ལས་འདས་པ་ལས། ཞེན་པ་ཞེས་བགྱི་བ་འདི་ནི་འདོད་པའོ། །རྡུལ་ཞེས་བགྱི་བ་འདི་ནི་ཞེ་སྡང་ངོ་། །ནག་པོ་ཞེས་བགྱི་བ་འདི་ནི་མ་རིག་པའོ། །
གཽ་ཏ་མ་ཆོས་ཉི་ཤུ་ལྔ་པོ་འདི་ནི་ཐམས་ཅད་ཀྱི་རང་བཞིན་ལས་སྐྱེས་སོ། །བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ལ་སོགས་པའི་ཆོས་འདི་དག་རྟག་པ་ཡིན་ནམ། མི་རྟག་པ་ཡིན། གསོལ་པ། གཽ་ཏ་མ་བདག་གི་ཆོས་ཀྱི་རང་བཞིན་ནི་རྟག་པ་ལགས་ཀྱི། ཆེན་པོ་ལ་སོགས་པའི་ཆོས་ཐམས་ཅད་མི་རྟག་
པའོ་ཞེས་གསུངས་སོ། །བསྟན་བཅོས་དག་ལས་ནི། སྐྲ་ལས་ཀྱི་དབང་པོ་ཉིད་དུ་མ་གསུངས་ཏེ། གཞན་དུ་གསང་ཁུང་ཞེས་པ་སྟེ། བཤང་བའི་ལམ་ཉིད་ལས་ཀྱི་དབང་པོར་སྟོན་ཏོ། །ཁ་ཅིག་ནི་སྐྱེ་དགུ་སྐྱོང་བ་སྟེ། བྱམས་པ་དང་སྙིང་རྗེས་གཞན་གྱི་དོན་གཙོ་བོར་བསྒྲུབ་པ་དང་། ཡོན་ཏན་དྲུག་

བསྟན་པ་འཛིན་པ་སྟེ། སྙིང་རྗེས་མ་རུངས་པ་ཚར་གཅོད་པ་ན་དེ་དག་དང་རང་གི་ཕྱོགས་ཀྱི་སྡེ་གཉིས་སུ་གཅོད་ཅིང་འཛིན་པ་དང་། དེ་ནས་དེ་དག་ཚར་གཅོད་པའི་དོན་དུ་གཡུལ་ངོར་ཆས་པ་དང་འཐབ་པ་དང་། དུས་ལ་མ་བབ་པ་ན་རང་བཞིན་དུ་འཁོད་པ་དང་། འཁོར་
དང་རྫོང་ལ་ཞེན་པ་ན་དེ་དག་གཞོམ་པའི་ཐབས་ཤེས་པ་དང་། ལེགས་པར་ཕེབས་པ་ན་འཇལ་སྡུམས་བྱེད་པ་སྟེ། རྒྱལ་པོ་སྙིང་རྗེ་ཅན་ལ་སོགས་པའི་སྤྱོད་པ་དེ་འདྲ་བས་རང་གི་བསྟན་པ་འཛིན་པས་མྱ་ངན་ལས་འདས་པར་རྟོག་པའོ། །ཁ་ཅིག་གི་ནི། དུས་ཀྱིས་འབྱུང་བ་རྣམས་འཇིག་ཅིང་། །
དུས་ཀྱིས་གཉིད་ལོག་སད་པར་བྱེད། །ཅེས་བསྟན་པ་ལ་སོགས་པའི་ཚུལ་གྱིས་ཐམས་ཅད་ཀྱི་བྱེད་པ་པོ་དུས་ཡིན་པར་མཐོང་བས་མྱ་ངན་ལས་འདས་པར་རྟོག་གོ། །ཁ་ཅིག་ནི་སྲིད་པ་སྟེ། ཇི་སྐད་དུ་འཕགས་པ་ཚངས་པའི་དྲ་བས་ཞུས་པ་ལས། ལ་ལ་དག་འདོད་པའི་ཁམས་ཀྱི་རྟེན་འདི་ཉིད་ལ་
བསམ་གཏན་ལ་སོགས་པ་མ་བསྒོམས་པར། རྩེ་དགའ་སྤྱད་པ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་རྟོག་པ་དང་། དེ་བཞིན་དུ་རྟེན་དེ་ཉིད་ལ་བསམ་གཏན་དང་པོ་དང་། གཉིས་པ་དང་གསུམ་པ་དང་། བཞི་པ་བསྒྲུབས་ཏེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་འདོད་པ་སྟེ། ལམ་
དེ་འདྲ་བ་ནི་སྲིད་པ་ཉིད་ཀྱི་རང་བཞིན་ལས་མ་འདས་པའོ། །ཡང་ལ་ལ་དག་སྲིད་པའི་བདེ་བ་མཐར་ཐུག་པ་ཉིད་མྱ་ངན་ལས་འདས་པར་འདོད་ཅིང་། དེ་ལས་གཞན་པའི་མྱ་ངན་ལས་འདས་པ་ནི་ཁས་མི་ལེན་ཏེ། ཇི་སྐད་དུ། བིན་དའི་གནས་ནི་ཉམས་དགའ་བར། །ཞེས་པ་ལ་སོགས་པ་སྔར་བསྟན་
པ་ལྟ་བུའོ། །ཁ་ཅིག་ནི་གང་ཟག་གམ་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་ནི་མ་སྤངས་ལ། སྲིད་པ་མེད་པས་མྱ་ངན་ལས་འདས་པར་འདོད་པའོ། །འདིར་སློབ་དཔོན་ཡེ་ཤེས་དཔལ་གྱིས་ནི་བྱེད་པ་པོའི་དུས་ཡིན་ཞེས་པ་སྲོག་རྩོལ་མཉམ་པར་སྦྱོར་བ་སྟེ། ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ།
སྲོག་དང་སྲོག་མིན་དབུགས་མཉམ་ནས། །སྣ་ཡི་ནང་དུ་རྒྱུ་བར་ཏེ། །དབང་པོ་ཡིད་དང་བློ་ཡང་བསྡུམས། །ཐུག་པའི་ཐར་པ་གནས་པའོ། །ཞེས་བསྟན་པའོ། །སྲིད་པ་ཞེས་པ་ནི་མཆོད་སྦྱིན་གྱི་ཐར་པར་འདོད་པ་སྟེ། གང་འདིར་རྟའི་མཆོད་སྦྱིན་གྱིས་ནི་མཐོ་རིས་སུ་འགྲོ་བ་དང་། གོས་

སྦྱིན་པས་ཉི་མ་དང་ལྷན་ཅིག་འགྲོགས་པ་དང་། གསེར་དང་དངུལ་བྱིན་པས་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཟ་ཞིང་ཚེའི་ཚད་ཀྱང་མཐའ་མེད་པའོ། །སྲིད་པ་མེད་པས་སོ་ཞེས་པ་ནི་ཁྲུས་དང་སྦྱིན་སྲེག་ལ་སོགས་པས་ཐར་པར་རྟོག་པའམ། གཞན་ཡང་གང་གཱ་དང་པྲ་ཡག་འདུས་པའམ། དེ་དག་དང་
རྒྱ་མཚོ་འདུས་པའི་མཚམས་སུ་ལུས་དོར་བར་མྱ་ངན་ལས་འདའ་བར་འདོད་པ་སྟེ། གང་གཱ་ཆུ་དང་དེ་བཞིན་མཆོང་། །གང་གཱ་རྒྱ་མཚོ་འདྲེས་པར་ནི། །ཁྲུས་བྱེད་དེ་དག་མཐོ་རིས་འགྲོ། །ཤི་བ་དེ་དག་ཡང་སྲིད་མེད། །གཞན་ཡང་། ཡིད་ལྟ་དཔའ་བོར་གནས་ཤིང་ནི། །རྣལ་འབྱོར་
བརྩོན་པའི་འགྲོ་བ་གང་། །གང་གཱ་ཡ་མུན་འདྲེས་པ་ལ། །སྲོག་འདོར་དེ་ཡི་འགྲོ་བ་དེ། །ནམ་ཞིག་དུས་ཀྱི་རྣམ་གྲངས་ཀྱིས། །བཱ་རཱ་ཎ་སཱིར་གལ་ཏེ་འགྲོ། །རྡོ་བས་རྐང་པ་གཉིས་བཅག་སྟེ། །དེ་ཉིད་དུ་ནི་འཆི་བར་བྱ། །བྲམ་ཟེ་གསོད་ལ་སོགས་པའི་མི། །དེར་བཀྲུས་ནས་ནི་རྣམ་པར་
གྲོལ། །གང་སྲིད་ཕྱེ་མ་ལེབ་རྣམས་ཀྱང་། །ཤི་བ་གྲོལ་བར་གདོན་མི་ཟ། །ཞེས་རྟོག་པའོ། །སྲིད་པ་དང་སྲིད་པ་མེད་པ་ཡོངས་སུ་ཤེས་པ་ནི་དེ་དག་གི་དེ་ཁོ་ན་ཉིད་ལྷ་ཆེན་པོ་སྟེ། དེའི་རང་བཞིན་ཤེས་པས་མྱ་ངན་ལས་འདས་པར་རྟོག་པའོ། །དེ་སྐད་དུ་ཡང་། ལྷ་ཆེན་པོས་སྨྲས་པ། འཇིག་རྟེན་
རྒྱུ་དང་མི་རྒྱུ་བ། །ཆང་འཐུང་ལ་སོགས་སྐྱོན་རྣམས་ཀྱིས། །མི་རིགས་པར་ནི་བྱས་ན་ཡང་། །ཡང་དག་རིག་ཉིད་མི་དགོས་སོ། །ཚངས་སྤྱོད་སོགས་པས་ལུས་ལ་ནི། །གདུང་བར་ཅི་ཕྱིར་བྱ་ཞིག་གུ། །ཡོངས་ཤེས་པས་ནི་དེ་དག་གྲོལ། །ཞེས་པའོ། །སྲིད་པ་དང་མྱ་ངན་ལས་འདས་པ་བྱེ་བྲག་མེད་པར་མཐོང་བས་
མྱ་ངན་ལས་འདས་པར་རྟོག་པ་ནི་ཐེག་པ་ཆེན་པོ་འདི་ཉིད་ཀྱི་ལུགས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། མྱ་ངན་འདས་པའི་མཐའ་གང་ཡིན། །འཁོར་བའི་མཐའ་ཡང་གང་ཡིན་པ། །དེ་གཉིས་བར་ན་ཅུང་ཟད་ཀྱང་། །ཤིན་ཏུ་ཕྲ་བ་ཡོད་པ་མིན། །ཞེས་གསུངས་པ་དང་། ས་བཅུའི་
མགོན་པོ་ཆེན་པོས་ཀྱང་། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱད་པར་དུ་ཡང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ། འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་ཏུ་རྟོགས་ཤིང་། རིམ་གྱིས་ཚོགས་གཉིས་རྫོགས་པར་བྱས་པས་མི་གནས་

པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་ཚུལ་གཞན་གྱི་སྒོ་ནས་གསལ་བར་སྟོན་པའོ། །དེ་ཁོ་ན་ཉིད་ནི་དོན་དམ་པའི་དངོས་པོའོ། །སོ་སོ་རང་གིས་འཕགས་པའི་ཆོས་ནི་རང་གི་སེམས་ཀྱི་ཆོས་ཉིད་དོ། །སྒྱུ་མ་ལ་སོགས་པའི་
ཏིང་ངེ་འཛིན་ནི་དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ཡན་ཆད་ཀྱང་། བྱ་བ་གང་དང་གང་བྱེད་པ་ན་དེའི་སེམས་དེ་དག་གིས་མི་འཕྲོགས་པ་སྟེ། དེ་བཞིན་ཉིད་ལས་མི་གཡེངས་པས་ཏིང་ངེ་འཛིན་ཞེས་བྱའོ། །མཁས་པས་སྤངས་པ་
ནི། དེ་དག་གིས་མྱ་ངན་ལས་འདས་པ་དང་། དེའི་ལམ་དང་། ལམ་གྱི་ཡུལ་རྟག་པ་དང་། ཆད་པ། ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་བརྟགས་པ་ལ། སྔར་གསུངས་པའི་ཚད་མས་གནོད་པས་དེ་རྣམས་ཡང་དག་པ་མ་ཡིན་ཞེས་པའོ། །འཇུག་པ་དང་ལྡོག་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་
དང་། འཁོར་བ་ལས་ལྡོག་པ་དེ་ཁོ་ན་ཉིད་དུ་མེད་ཅིང་། དེ་དག་གི་ལུགས་ལ་ཀུན་རྫོབ་ཙམ་དུ་ཡང་མེད་པའོ། །དེ་ལྟ་མོད་ཀྱི་འོན་ཀྱང་དེ་འདྲ་བ་ནི་རང་གི་གཙུག་ལག་ལ་མོས་པ་སྟེ། གཞུང་ལུགས་ངན་པ་ལ་མངོན་པར་ཞེན་པས་བརྟགས་པ་ཡིན་ཞིང་། དེ་ཡང་ཡང་དག་པའི་རྒྱུ་མཚན་སྣ་ཚོགས་ཀྱིས་
ཡོངས་སུ་བརྟགས་ན་འཁྲུལ་པའོ། །འོང་བ་དང་འགྲོ་བ་ལ་སོགས་པའི་དངོས་པོར་ཕྱིན་ཅི་ལོག་ཏུ་བརྟགས་པའི་ཕྱིར་མྱ་ངན་ལས་འདས་པ་མེད་ཅེས་པའོ། །ཐབས་རྣམ་པར་སྤངས་ཞེས་པ་ནི་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ཞིང་། གཞན་གྱི་ལུགས་ལ་ཀུན་རྫོབ་ཙམ་དུ་ཡང་གྲོལ་བའི་ཐབས་མེད་ཅེས་
པའོ། །དུ་མར་ཐ་དད་བྲལ་བར་སྣང་། །ཞེས་པ་ནི། དེ་དག་གི་ཚུལ་ལུགས་ཐ་དད་པ་དུ་མར་བརྟགས་ཤིང་སྤང་བྱ་དང་བྲལ་བར་སྣང་མོད་ཀྱི། ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་ཕྱིར་ཐར་པ་མེད་ཅེས་པའོ། །བློ་གྲོས་ཡངས་པ་ནི་ཕྱིན་ཅི་ལོག་དང་ཐེ་ཙོམ་གྱི་འཛེར་དོག་མེད་པའོ། །ཚིག་ཏུ་སྨྲ་བ་ནི་རྣམ་
རྟོག་སྣ་ཚོགས་ཀྱིས་ཀུན་ནས་བསླང་བས་སྡུག་བསྔལ་བསྐྱེད་པར་བྱའོ། །བག་ཆགས་དག་གི་མེ་ལོང་ལ། །ཞེས་པ་ལ་སོགས་པས་ནི་བག་ཆགས་དང་ལྡན་པའི་ཀུན་གཞིའི་མེ་ལོང་ལ་བྱིས་པ་རྣམས་ཀྱི་སེམས་གཟུང་བ་དང་འཛིན་པའི་རྣམ་པ་གཉིས་སུ་མཐོང་བ་སྟེ། དེ་ལ་བརྟེན་ནས་དེ་ལྟར་

སྣང་བ་འབྱུང་བའོ། །དེ་ལྟར་སྣང་བ་ཀུན་རྫོབ་ཏུ་སེམས་ཀྱི་རྣམ་པ་ཡིན་ལ། དོན་དམ་པ་སྟོང་པ་ཉིད་དུ་མི་ཤེས་པས་གཟུང་འཛིན་གྱི་དངོས་པོར་རྟོག་པ་གཉིས་སྐྱེ་བའོ། །མིང་དང་འདུ་ཤེས་ཞེས་པ་ལ་སོགས་པས་ནི་མིང་དང་མཚན་མར་སྣང་བའི་བྱེ་བྲག་གིས་སྣ་ཚོགས་སུ་བརྟགས་པ་ཡིན་
ནོ་ཞེས་མདོ་སྡེ་དེ་དང་དེ་དག་ལས་བཤད་དེ། དེ་ཡང་མིང་དང་བརྗོད་པ་ལས་མ་གཏོགས་པ་བརྗོད་པར་བྱ་བའི་དོན་ཐ་དད་པ་རིག་ཅིང་རྟོགས་པར་བྱ་བ་ནི་མེད་ཅེས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་མཐར་ཐུག་གི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་རང་བཞིན་སྟོན་ཏེ།
ཇི་ལྟར་ཁྱོད་ཀྱིས་བཟོད་པ་དེ་བཞིན་དུ་ཞེས་པ་ནི་དེའི་རང་བཞིན་ཟབ་མོ་བསྟན་པ་ལ་མི་སྐྲག་ཅིང་གཏིང་ཚུགས་པར་འགྱུར་བ་དེ་བཞིན་དུའོ། །ཚིག་ངེས་པ་ནི་མཐའ་གཅིག་ཏུ་ངེས་པའི་སྒྲ་སྟེ། སྒྲ་དེའི་དོན་ཕྱོགས་རེར་བརྟགས་པ་དེ་རྣམས་ལས་གང་ཞིག་ལགས་ཞེས་པའོ། །བློ་གྲོས་ཆེན་པོ་གལ་ཏེ་
ཞེས་པ་ལ་སོགས་པའི་དོན་ནི་དེ་བཞིན་གཤེགས་པ་དོན་དམ་པའི་དངོས་པོར་བྱས་པ་ཞིག་ཡིན་ན་ནི། དེ་ཉིད་མི་རྟག་པའི་དངོས་པོར་ཡང་འགྱུར་ན། དེ་འདྲ་བ་ནི་ཚད་མས་གནོད་པས་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེ་བཞིན་གཤེགས་པར་མི་འཐད་ལ། དེ་ལྟར་ཚད་མས་གནོད་པ་བཞིན་དུ་ཡང་
དེ་བཞིན་གཤེགས་པར་འགྱུར་ན། འབྲས་བུའོ་ཅོག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་བའོ། །དེ་སྟེ་ཀུན་རྫོབ་ཙམ་དུ་ཡང་རྒྱུ་དང་རྐྱེན་གྱིས་མ་བྱས་པ་ཡིན་ན་ནི་རི་བོང་གི་རྭ་ལ་སོགས་པ་དང་མཚུངས་པས་དེའི་དོན་དུ་ཚོགས་སོག་པ་ཡང་དོན་མེད་པར་འགྱུར་ལ། དེ་བཞིན་གཤེགས་
པ་ལ་སྐུར་པ་འདེབས་པའི་མཐར་ལྷུང་བར་ཡང་འགྱུར་རོ། །དེས་ན་དེའི་དོན་ནི་ཀུན་རྫོབ་ཏུ་ཡེ་ཤེས་སྐད་ཅིག་མ་སྔ་མ་རྣམས་ལ་རག་ལུས་ཏེ་བྱུང་བ་ཡིན་ལ། དོན་དམ་པར་དེ་ལྟ་བུའི་ངོ་བོས་སྟོང་པ་ཟུང་འཇུག་སྒྱུ་མ་ལྟ་བུའོ། །བློ་གྲོས་ཆེན་པོ་གང་ཡང་ཞེས་པ་ལ་སོགས་པས་དེའི་རང་བཞིན་
སྤྲོས་པ་དང་བྲལ་བ་ཉིད་དུ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་དོན་དམ་པར་རྒྱུ་འབྲས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པའོ། །མཐའ་བཞིའི་ཕྱི་རོལ་ནི་དེ་རྣམས་དང་བྲལ་བའོ། །དེ་རྣམས་ནི་འཇིག་རྟེན་ཕྱིན་ཅི་ལོག་གི་སྤྱོད་ཡུལ་ལོ། །ཚིག་ཙམ་དུ་འགྱུར་རོ་ཞེས་པ་

ནི་དོན་དམ་པར་བསམས་ན་ཚིག་ཙམ་ཡིན་གྱི། དེ་ལས་མ་གཏོགས་པའི་དོན་གཞན་གྲུབ་པ་མེད་པའོ། །ཚིག་ཉིད་ཀྱང་དེ་ལྟར་སྣང་བ་ཙམ་ལས་རང་བཞིན་གྲུབ་པ་མེད་ཅེས་སྔར་བསྟན་ནོ། །གལ་ཏེ་མོ་གཤམ་གྱི་བུ་ལ་སོགས་པ་ནི་མཐར་ལྟུང་བ་མ་ཡིན་ནམ་ཞེ་ན། དེ་ནི་རྟོག་
པའི་གཟུང་བ་མེད་དོ་ཞེས་པའི་སྒྲའི་དོན་ཉིད་ཡིན་གྱི། དེའི་རང་བཞིན་བློའི་ཡུལ་ལས་འདས་པ་ནི་མཐའ་བཞིར་ལྷུང་བ་མ་ཡིན་པའོ། །མཁས་པ་རྣམས་ལ་ཚད་མ་མ་ཡིན་ཞེས་པ་ཡོད་པའི་སྒྲོ་འདོགས་རྣམ་པར་བཀག་པ་ལས་མ་གཏོགས་པ་ཚད་མའི་བློ་ཡིས་འདི་དང་འདི་འདྲའོ་ཞེས་ཡུལ་དུ་བྱར་མེད་
པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེའི་རང་བཞིན་ཅན་གཞན་ལ་སྦྱར་བར་གསུངས་ཏེ། དེའི་དོན་ཡང་ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་དོན་དམ་པའི་དངོས་པོ་ལ་སོགས་པར་བརྟགས་པའི་བདག་གིས་སྟོང་པ་ཉིད་བདག་མེད་པའི་དོན་ཡིན་གྱི། སྣང་བ་ཙམ་གྱི་རང་བཞིན་གྱིས་
སྟོང་པ་ནི་མ་ཡིན་ཏེ། དེ་ལྟར་ན་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་སྒྱུ་མ་ལྟ་བུ་ཉིད་ཀྱིས་བདག་མེད་པའི་དོན་ཡིན་ཞེས་པ་སྟེ། དཔེར་ན་རྟ་དང་བ་ལང་གི་དངོས་པོ་ནི་ཕན་ཚུན་གཅིག་གི་བདག་ཉིད་གཅིག་མ་ཡིན་ལ། རང་རང་གི་ངོ་བོར་གྲུབ་བཞིན་དུ་སྣང་ཞིང་མྱོང་བའི་ཆོས་དང་།
བརྟགས་པའི་བདག་ཉིད་ཀྱང་ཕན་ཚུན་གཅིག་གི་བདག་ཉིད་གཅིག་མ་ཡིན་ལ། སྣང་བ་ཙམ་པོ་རང་གི་ངོ་བོར་མ་གྲུབ་པ་ཡིན་ཏེ། དེའི་ཕྱིར་སྣང་བ་ཙམ་གྱི་ཆོས་ཅན་ཉིད་དགག་བྱ་མ་ཡིན་པར་སྔར་བསྟན་ཏོ། །གལ་ཏེ་དེ་ལྟ་ན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་གཟུགས་ཀྱི་ངོ་
བོས་སྟོང་ཞེས་པ་ལ་སོགས་པ་དང་། གཞན་ཡང་། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད་དེ། དེ་ནི་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ཡང་གཟུགས་སམ་གཟུགས་ཀྱི་
མཚན་ཉིད་དུ་སྣང་བ་ནི་དེ་འདྲ་བའི་ངོ་བོ་བདེན་པར་བརྟགས་པས་སྟོང་པ་ཉིད་དུ་གསུངས་ཀྱི། དེ་ལྟར་སྣང་བ་ཙམ་གྱིས་སྟོང་པ་རང་སེལ་བ་ནི་མ་ཡིན་ཏེ། དེ་ནི་ཚད་མ་ལ་སོགས་པས་གནོད་པའི་ཕྱིར་རོ། །བདག་མེད་པའི་དངོས་པོ་ཞེས་པ་ནི་བརྟགས་པའི་བདག་གིས་སྟོང་པའི་དངོས་པོ་སྟེ།

སྣང་ཚོད་ཙམ་དུ་དངོས་པོར་གྲུབ་པའོ། །དེ་བས་ན་བྱིས་པ་སོ་སོའི་སྐྱེ་བོ་ཞེས་པ་ལ་སོགས་པས་ནི་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་སྣང་བ་ཙམ་གྱི་མཚན་ཉིད་དུ་ཡོད་པ་དེ་བས་ན། བྱིས་པ་རྣམས་ཀྱིས་དངོས་པོའི་བདག་ཉིད་ལ་སོགས་པར་རྟོག་ཅིང་བརྟགས་པ་ཉིད་དགག་བྱའི་རང་བཞིན་དུ་ཉེ་བར་
བཟུང་ནས། དེ་འདྲ་བའི་བདག་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། རྣམ་པར་མི་རྟོག་པའི་བློ་ལ་སྣང་བ། སྣང་བའི་བདག་ཉིད་ཀྱིས་དབེན་པའི་སྒོ་ནས་བདག་མེད་པར་བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྟོག་པའི་གཟུང་བ་དེ་ལ་སྣང་བའི་བདག་ཉིད་ཀྱང་སྣང་ཚོད་ཙམ་དུ་མེད་པ་མ་ཡིན་ཏེ། དེ་ཡང་
སྒྲ་འཇུག་པ་ཉིད་ཕྱིར། །ཡོད་ཅེས་ཐ་སྙད་རྟེན་པར་འདོད། །ཅེས་གསུངས་པ་དང་། སོ་སོ་རང་གིས་རིག་པའི་དོན་སྤངས་པར་འོས་པ་མ་ཡིན་པ་ནི་ཆོས་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེ་ཉིད་དགག་བྱ་གང་གིས་དབེན་པ་ཡིན་ཞེ་ན། ཕྱི་རོལ་གྱི་རྟག་པ་དང་གཙོ་བོ་ལ་སོགས་པར་བྱིས་པས་
བརྟགས་པའི་ཆོས་ཀྱིས་དབེན་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ལ་སོགས་པ་ཡང་སྦྱར་བར་བྱའོ། །གོ་བར་ཟད་དོ་དེ་བཞིན་དུ་ཞེས་པ་ལ་སོགས་པ་སྐབས་སུ་བབ་པའི་དོན་ཉིད་གསལ་བར་གསུངས་པའོ། །འདི་རྣམས་ཀྱི་དོན་ཀྱང་དེ་ཁོ་ན་ཉིད་དུ་གཅིག་དང་ཐ་དད་པ་ལ་སོགས་
པ་ལས་གྲོལ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །རྣམ་པར་གཞག་པ་ཙམ་དུ་ནི་ཟག་པ་མེད་པའི་ཕུང་པོ་བསྡུས་པའི་བདག་ཉིད་དོ། །གཉིས་ཡོད་ན་ཞེས་པ་ནི་བདེན་པའི་དངོས་པོ་གཉིས་ཡོད་ན་ཞེས་པའོ། །དེ་ལ་དངོས་པོ་ཐམས་ཅད་ནི་དེ་ཁོ་ན་ཉིད་སྟོང་པ་ཉིད་དུ་འདྲ་བས་ན། ཐ་དད་པ་
མ་ཡིན་ནོ། །ཡང་ཀུན་རྫོབ་ཙམ་དུ་རིང་པོ་དང་ཐུང་ངུ་ལ་སོགས་པ་ཕན་ཚུན་ལྡོག་པའི་ངོ་བོར་གྲུབ་པ་ལ་ལྟོས་ནས་ཐ་དད་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་ཟག་པ་དང་བཅས་པའི་ཕུང་པོ་རྣམས་དང་། དེ་བཞིན་གཤེགས་པ་ཡང་བལྟ་བར་བྱའོ། །ཡང་ཐར་པ་དང་དེ་བཞིན་གཤེགས་པ་ཐ་
དད་ན་ཐར་པ་ནི་ཟག་པ་དང་བཅས་པའི་གཟུགས་ཀྱི་མཚན་ཉིད་ལས་འདས་པ་ཡིན་ལ་དེ་ལས་དེ་བཞིན་གཤེགས་པ་ལོག་པ་ན། དེ་འདྲ་བའི་གཟུགས་ཀྱི་མཚན་ཉིད་དང་ལྡན་པར་འགྱུར་བའོ། །ཡང་བདག་ཉིད་ཐམས་ཅད་ནས་ཐར་པ་དང་གཅིག་ན་ནི་ཉན་ཐོས་ལ་སོགས་པའི་རྣལ་འབྱོར་

ཅན་རྣམས་ཀྱི་འབྲས་བུ་ཐོབ་པའི་མཚན་ཉིད་བྱེ་བྲག་མེད་པར་འགྱུར་རོ། །དེ་ལྟར་འདོད་པ་ཡང་མི་འཐད་དེ། རྣལ་འབྱོར་ཅན་རྣམས་ཀྱི་ཐོབ་པ་དང་སྤངས་པ་མི་འདྲ་བའི་བྱེ་བྲག་མཐོང་བའི་ཕྱིར་རོ། །དམིགས་པ་མེད་ཅེས་པ་ནི་ཤེས་པ་ཐམས་ཅད་ཀྱིས་མི་དམིགས་པའོ། །ཚད་མ་
དང་དབང་པོ་ནི་རྗེས་སུ་དཔག་པ་ལ་སོགས་པའི་སྤྱི་དང་། དབང་པོའི་མངོན་སུམ་གྱི་ཡུལ་མ་ཡིན་པའོ། །ཕུང་པོར་བརྟེན་ནས་ཅེས་པ་ནི་དེ་རྒྱུར་བྱས་པའམ། བློའི་མདུན་དུ་བྱས་པའོ། །ཕུང་པོ་མ་ཡིན་ཕུང་དང་མིན། །ཞེས་པ་ལ་སོགས་པའི་དོན་ནི་ཕུང་པོའི་ངོ་བོ་མ་ཡིན་པ་དང་། དེ་དང་འབྲེལ་བ་ཡང་
མ་ཡིན་ལ། གཞན་ཐ་དད་པ་ལ་སོགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཆོས་ཉིད་གྱི་ངོ་བོར་འདྲེས་པའི་ཕྱིར་རོ། །གང་རྣམས་ཞེས་པ་ལ་སོགས་པའི་དོན་ནི་ཇི་ལྟར་བརྟགས་པའི་བདག་ཉིད་དུ་སྣང་བ་རྟོག་པའི་གཟུང་བ་དེ་ཡང་སྔར་བསྟན་པ་ལྟར་སྣང་ཚོད་དུ་མེད་པ་མ་ཡིན་ཞེས་པའོ། །ཡོད་པའི་ཞེས་པ་
ལ་སོགས་པས་ནི་ཕན་ཚུན་ལྡོག་པ་ལ་ལྟོས་ནས་བརྟགས་པའི་ཐ་དད་པ་ཡང་དེ་ཁོ་ན་ཉིད་དུ་མི་འཐད་པའོ། །སྒྲ་ཙམ་ལ་འཇུག་པ་ནི་ཡོད་པ་དང་མེད་པ་ལ་སོགས་པར་བསྟན་པ་ནི་སྒྲ་ཇི་བཞིན་གྱི་མཚན་མར་འཛིན་པའི་ཚུལ་གྱིས་འཇུག་པ་ནི་མཐའ་གཉིས་སུ་ལྟུང་བས་བདག་ཉིད་ཀྱང་སྐྱེ་བ་གཞན་དུ་བདེ་འགྲོ་
དང་ཐར་པ་ལས་ཉམས་པར་འགྱུར་ཞིང་། བྱིས་པ་གཞན་ཡང་ཉམས་པར་བྱེད་པས་ན་རླག་པར་བྱེད་ཅེས་པའོ། །ཉེས་པ་ཀུན་ལས་གྲོལ་བ་ནི་སྒྲ་ཇི་བཞིན་མ་ཡིན་པ་མཐའ་གཉིས་སྤངས་པའི་དབུ་མའོ། །དེ་འདྲ་བར་རྟོགས་པ་ནི་འདྲེན་པ་དག་ལ་མི་སྨོད་ཅིང་གུས་པར་འགྱུར་ལ། དེ་ལས་གཞན་
སྒྲ་ཇི་བཞིན་དུ་འཛིན་པ་རྣམས་ནི་དེ་བཞིན་གཤེགས་པ་ལ་ཆད་པར་ལྟ་བའོ་ཞེས་པ་ལ་སོགས་པའི་སྒོ་ནས་སྨོད་པར་འགྱུར་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་དོན་དང་ལྡན་པའི་མཚན་གྱི་རྣམ་གྲངས་སྟོན་ཏེ། སྐྱེ་བ་མེད་པ་དང་འགག་པ་མེད་པ་འདི་ནི་དེ་བཞིན་
གཤེགས་པའི་ཚིག་བླ་དགས་སོ་ཞེས་གསུངས་པ་ནི། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་དང་དེ་བཞིན་གཤེགས་དང་འདྲ། །ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ལྟར་གསུངས་པའི་དོན་དེ་སྐྱེ་བ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མེད་པ་རི་བོང་གི་རྭ་ལྟ་བུ་ཡིན་ལ། དེས་

ན་དེ་བཞིན་གཤེགས་པ་ནི་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་དུ་སྟོན་པ་ཡིན་ནམ། འོན་ཏེ་འདི་དེ་བཞིན་གཤེགས་པའི་ཡེ་ཤེས་སྒྱུ་མ་སྟོན་པའི་མིང་གི་རྣམ་གྲངས་གཅིག་ལགས། དེ་ལ་ཕྱོགས་དང་པོ་ལྟར་ན། ཆོས་རྣམས་ཀུན་དང་དེ་བཞིན་གཤེགས་དང་འདྲ། །ཞེས་གསུངས་པས་ཆོས་ཐམས་ཅད་དང་དེའི་སྐྱེ་བ་
ལ་སོགས་པ་ཡང་ཀུན་རྫོབ་ཙམ་དུ་ཡང་མེད་པར་འགྱུར་ལ། དེ་ལྟ་ན་ཆོས་ཐམས་ཅད་ཅེས་པའི་ཆོས་ཅན་དགག་གཞི་སྨོས་པ་ཡང་མི་འཐད་དེ། དེ་འདྲ་བའི་གཞི་ཀུན་རྫོབ་ཏུ་མ་གྲུབ་པས། དེ་ལ་སྐྱེ་བ་ལ་སོགས་པ་བཀག་པའི་ཆོས་དང་འབྲལ་བ་རྟོགས་པ་མི་འཐད་དེ། ཇི་ལྟར་སྣང་བ་ཙམ་པོ་འགོག་
པ་རང་སེལ་བ་ཉིད་མི་འཐད་པར་སྔར་བསྟན་པ་བཞིན་ནོ། །འདིར་ཚིག་གི་དོན་བསྟན་པ་ལ་དངོས་པོ་མ་མཆིས་པ་ནི་ཀུན་རྫོབ་ཙམ་དུ་ཡང་ངོ་། །དེ་བཞིན་གཤེགས་པའི་རྣམ་གྲངས་ནི་ཡེ་ཤེས་སྒྱུ་མ་ཙམ་དུ་སྟོན་པའི་མིང་གི་རྣམ་གྲངས་སོ། །ཕྱོགས་མི་མཐོང་བ་ནི་བློའི་མདུན་དུ་མ་བྱས་ཤིང་སྣང་ཚོད་དུ་
ཡང་མ་གྲུབ་པའོ། །མ་སྐྱེས་པའི་ཕྱིར་ཞེས་པ་ཀུན་རྫོབ་ཏུ་ཡང་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཅེས་སྨོས་པ་མི་འཐད་པའོ། །དེ་དང་འདྲ་བར་དེ་བཞིན་གཤེགས་པ་ཡང་མ་སྐྱེས་ཞེས་སྟོན་པའི་སྐབས་སུ། དེ་བཞིན་གཤེགས་པ་ཞེས་སྐྱེ་བ་བཀག་པའི་རྟེན་སྨོས་པ་མི་འཐད་དོ། །ཆོས་ལ་ལ་ཞིག་
གི་ཞེས་པ་ནི་ཡེ་ཤེས་སྒྱུ་མ་ལྟ་བུའོ། །ལན་གྱི་དོན་བརྟག་པའི་ཕྱོགས་དང་པོ་ཁས་མི་ལེན་ལ། འོན་ཀྱང་སྐྱེ་བ་མེད་ཅེས་པ་ལ་སོགས་པའི་དོན་ནི་དོན་དམ་པར་རྒྱུ་དང་རྐྱེན་ལ་ལྟོས་པ་མ་ཡིན་ཞིང་། ཀུན་རྫོབ་ཏུ་ཡེ་ཤེས་སྒྱུ་མ་ལྟ་བུ་རྐྱེན་ལ་རག་ལས་པའོ། །སྨོས་པ་ཡང་མ་ཡིན་ཅེས་པ་ནི་སྐྱེ་
འགག་ཀུན་རྫོབ་ཙམ་དུ་ཡང་མེད་པར་དེའི་རྟེན་ཆོས་ཐམས་ཅད་ཅེས་སྨོས་པ་མ་ཡིན་པའོ། །དོན་མེད་པ་ནི་དོན་མི་བདེན་པའོ། །ཡིད་ཀྱི་རང་བཞིན་ནི་ཡེ་ཤེས་སོ། །ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་
ཏན་གྱི་རིགས་ཙམ་མངོན་དུ་མ་བྱས་ཤིང་དབང་པོ་རྟུལ་བས། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་མ་རྟོགས་པས་དེའི་སྤྱོད་ཡུལ་དུ་མི་འགྱུར་བའོ། །འདི་ལྟ་སྟེ་ཞེས་པ་ལ་སོགས་པས་དོན་དེ་ཉིད་དཔེའི་སྒོ་ནས་རྒྱས་པར་སྟོན་ཏེ། དེ་ལ་བརྒྱ་བྱིན་དང་དབང་པོ་དང་།

གྲོང་ཁྱེར་འཇིག་ཅེས་པ་ནི། ལྷའི་དབང་པོའི་རྣམ་གྲངས་སུ་གཏོགས་པའོ། །དེ་བཞིན་དུ་ལག་པ་དང་བྱེད་པ་དང་སྤྱོད་པ་རྣམས་ཀྱང་ངོ་། །ཡང་ལུས་དང་འདུས་པ་དང་། གཟུགས་རྣམས་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་བཞིན་དུས་དང་། གནས་དང་། ནོར་འཛིན་ཀྱང་
ངོ་། །ཡང་ནམ་མཁའ་དང་། གོ་འབྱེད་པ་དང་། འོད་རྒྱུ་ཞེས་པ་སྟེ། དེ་ལ་སོགས་པ་དངོས་པོ་རེ་རེ་ལ་རྣམ་གྲངས་ཀྱི་ཚིག་མང་པོ་འཇུག་པ་ལྟར་ཞེས་པའོ། །རང་བཞིན་མ་ཡིན་པར་ཡང་མི་འགྱུར་ཞེས་པ་ནི་དོན་དང་མི་ལྡན་པའི་མིང་སྒྲ་བཤད་པའི་རྒྱུ་མཚན་མེད་པ་ནི་མ་ཡིན་ཞེས་པའོ། །དེ་བཞིན་དུ་
བློ་གྲོས་ཆེན་པོ་ང་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་སྟེ། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་
སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པ་སྟེ། སེམས་ཅན་རྣམས་ཀྱི་རང་རང་གི་སེམས་ཉིད་དེ་ལྟར་སྣང་བའོ། །དེ་ལས་གཞན་པའི་འཇིག་རྟེན་གྱི་ཁམས་ཀྱང་རུང་སྟེ། དེ་རྣམས་སུ་མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་དུ་བྱིས་པ་རྣམས་ཀྱི་རྣ་ལམ་དུ་གྲག་པ་སྟེ།
སེམས་ཅན་རྣམས་ཇི་ལྟར་འདུལ་བར་འགྱུར་བའི་སྐུ་དང་གསུང་སྣ་ཚོགས་སུ་བསྟན་པས་མཚན་ཀྱང་སྣ་ཚོགས་སུ་གྲག་པའོ། །དེ་ལ་གྲངས་མེད་པ་ནི་གནས་གཞན་དྲུག་ཅུ་ལས་འདས་པའོ། །དེ་འདྲ་བ་བརྒྱ་སྟོང་ཕྲག་གསུམ་ཞེས་པ་སྟེ་མཚོན་པ་ཙམ་དུ་ཟད་དོ། །མིང་གི་རྣམ་གྲངས་སུ་མི་ཤེས་པ་
ནི་རང་རང་སོ་སོ་ལ་གྲགས་པས་ཕན་ཚུན་མི་ཤེས་པའོ། །དེ་ལ་རང་བྱུང་བ་ནི་སྲིད་པ་ཐ་མའི་གནས་སྐབས་ན་གཞན་གྱིས་བསྟན་པ་ལ་མི་ལྟོས་པའོ། །འདྲེན་པ་ནི་སེམས་ཅན་རྣམས་ཀྱི་འདྲེན་པ་སྟེ། གོང་ནས་གོང་གི་བྱེ་བྲག་གིས་རྣམ་པ་གསུམ་དུ་འགྱུར་བའོ། །ཁྱུ་མཆོག་དང་འདྲ་བས་ཁྱུ་མཆོག་
གོ། །ཚངས་པ་ལ་སོགས་པ་ཕྱི་རོལ་པའི་གཟུགས་ཀྱིས་འདུལ་བ་རྣམས་ལ་དེ་འདྲ་བའི་གཟུགས་ལ་སོགས་པར་བསྟན་པས་དེ་རྣམས་ཀྱི་མིང་དུ་གྲགས་པའོ། །གཞན་ལ་ལས་ནི་ཞེས་པ་ལ་གདུལ་བྱ་རྒྱུད་སྨིན་པ་རྣམས་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་ངའི་རང་བཞིན་ནི་སྐྱེ་བ་མེད་པའོ་ཞེས་པ་

ལ་སོགས་པ་གསུངས་པས་དེ་རྣམས་ལ་དོན་དམ་པའི་མིང་གི་རྣམ་གྲངས་འདི་རྣམས་སུ་གྲགས་པའོ། །གཞན་ཡང་ཀུན་རྫོབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རྐྱེན་ལས་སངས་རྒྱས་སུ་འགྱུར་བའི་རྒྱུ་བསྟན་ཅིང་སྟོན་པ་ཡིན་ཞེས་པ་དང་། རྣམ་པར་ཐར་པ་དང་། ལམ་དང་། བདེན་པ་རྣམས་སྟོན་
པ་དང་ཞེས་པ་ལ་སོགས་པ་སྦྱར་བར་བྱའོ། །ཞུགས་པ་ཡང་མེད་ཅེས་པ་ལ་སོགས་པས་ནི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་འཇུག་པ་དང་ལྡོག་པ་མེད་པའོ། །རི་མོར་བྱེད་པ་ནི་གཞན་ལས་ཐུན་མོང་མ་ཡིན་པའི་རིམ་གྲོར་བྱེད་པའོ། །མཆོད་པ་ནི་རྙེད་པ་དང་བཀུར་སྟི་དང་བསྒྲུབ་པའི་མཆོད་པའོ། །ཚིག་
གི་དོན་དང་ངེས་པའི་ཚིག་ནི་དོན་གང་ལ་བརྡར་བྱས་པའི་དོན་དང་། སྐྲ་བཤད་པའི་རྒྱུ་མཚན་ནོ། །མིང་ཐ་དད་པ་མ་ཡིན་ཞེས་པ་ནི་དོན་གྱི་རང་བཞིན་ཐ་དད་པ་མ་ཡིན་པའི་མིང་མི་འདྲ་བ་སྟེ། དེ་ཡང་སྒྲར་བཤད་པའི་རྒྱུ་མཚན་དང་ལྡན་པའི་མིང་གི་རྣམ་གྲངས་ཉིད་དུ་མི་ཤེས་པའོ། །བཤད་པའི་
སྒྲ་དང་བརྗོད་པ་ནི་རྗོད་བྱེད་དང་བརྗོད་བྱའོ། །རང་གི་ཚུལ་སོ་སོར་འཇོག་པ་ནི་དེ