Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 117

Văn bản gốc(Tây Tạng)

Trang 10 / 18 (50.000 ký tự/trang)
་མེ་ཏོག་དང་འདྲ་བ་ཡིན་པས་རྒྱུར་རུང་བ་མ་ཡིན་ནོ། །མ་ཞིག་པ་ལས་སྐྱེ་བར་འགྱུར་ཞེ་ན། དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་
རོ། །བ་ལང་གི་རྭ་གཡས་གཡོན་བཞིན་དུ་དུས་གཅིག་ཏུ་བྱུང་བ་ལ་རྒྱུ་དང་འབྲས་བུའི་ངོ་བོ་ཡོད་པ་མ་ཡིན་ནོ། །མེད་པའི་སྔོན་དུ་ནུས་མེད་ལ། །ནུས་པའི་དུས་སུ་འབྲས་བུའང་ཡོད། །རྒྱུ་དང་འབྲས་བུ་དུས་གཅིག་ཏུ། །འབྱུང་བ་གསལ་པོར་འགལ་བ་ཡིན། །ཞེས་བྱ་བ་ཡིན་ནོ། །ཡང་ན་སྐྱེས་པར་གྱུར་པའི་

རྫས་ལ་ཕྱིས་འབྲས་བུ་དང་དུས་མཉམ་དུ་ཡང་དམིགས་པ་ཡིན་ནོ་ཞེས་འདོད་པས་དུས་མཉམ་པར་གནས་པ་མི་འགལ་ལོ་ཞེ་ན། དེ་ལྟ་ན་ནི། འདུས་བྱས་ཐམས་ཅད་སྐད་ཅིག་མ། །ཞེས་གསུངས་པས་སྐད་ཅིག་མ་གནོད་པས་ཤིན་ཏུ་ཡང་འབྲས་བུ་སྐྱེད་པར་རིགས་པ་མ་ཡིན་ནོ། །འོན་ཏེ་རྒྱུ་
འགག་པར་འགྱུར་བའི་དུས་སུ་འབྲས་བུ་སྐྱེ་བར་འགྱུར་བ་ལ་སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་ན་དེ་ལ་ཡང་བརྗོད་པར་བྱ་སྟེ། རྒྱུའི་འཇིག་པ་ཞེས་བྱ་བ་གང་ཡིན། ཅིའི་རྒྱུའི་ངོ་བོ་ཉིད་ཡིན་ནམ། སྐད་ཅིག་ལས་མི་གནས་པའི་ཆོས་ཞིག་པ་ཡིན་ཞེས་བྱ་བ་ཡིན་ནམ། ཡང་ན་རྒྱུ་
ཐམས་ཅད་དུ་དམིགས་པར་མ་གྱུར་པ་ཡིན་ནམ། དེ་ལྟ་ན་ཅི་ཉེས་ཤེ་ན། རྒྱུའི་ངོ་བོ་ཉིད་ཡིན་ན་ནི་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་དུས་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་རྒྱུ་ཞིག་པ་ཉིད་ཡིན་ནོ་ཞེ་ན། འབྲས་བུ་དང་དུས་མཉམ་པ་ཉིད་ག་ལ་ཡོད། ཡང་དངོས་པོ་མེད་པ་
ཞེས་བྱ་བ་རེས་འགའ་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ་རེས་འགའ་བ་ཉིད་དུ་གྱུར་པ་ནི་རྒྱུ་དང་བཅས་པ་ཉིད་དང་། རྫས་ཉིད་དུ་ཐལ་བར་འགྱུར་ཏེ་རྣམ་པར་ཤེས་པ་བཞིན་ནོ། །ཡང་སྨྲས་པ། རེ་ཞིག་ཉམས་པའི་རྒྱུ་ལས་ཀྱང་། །འབྲས་བུ་འབྱུང་བར་མི་རིགས་ལ། །མ་
ཉམས་ལས་མིན་རྨི་ལམ་དང་། །འདྲ་བར་ཁྱོད་ཀྱིས་འབྱུང་བར་འདོད། །མ་ཞིག་པ་ལས་འབྲས་སྐྱེ་ན། །དེ་ཚེ་འབྲས་བུ་ཅི་སྟེ་མེད། །ཞིག་པར་གྱུར་ལས་འབྲས་སྐྱེ་ན། །དེ་ཚེ་འང་འབྲས་དེ་གང་ལས་བྱུང་། །ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་དངོས་པོའི་དོན་རྣམས་ཀྱི་སྐྱེ་བ་
བརྟགས་པ་ཇི་ལྟ་ཇི་ལྟར་དཔྱད་པ་བྱས་པ་དེ་ལྟ་དེ་ལྟར་རིགས་པ་བཟོད་པ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་དང་བཅས་པའི་སྲིད་པ་རྣམས་སྙིང་པོ་མེད་པ་དངོས་པོ་མེད་པ། མ་སྐྱེས་པ་ཡིན་ན་སྐྱེ་བ་ལ་སོགས་པའི་ཐ་སྙད་ཇི་ལྟར་རུང་ཞེ་ན། སྨྲས་པ། ཀུན་བརྟགས་ཏེ་མི་བདེན་པའི་ཀུན་དུ་བརྟགས་
པ་ཙམ། དངོས་པོ་རྣམས་བརྟགས་པ་ཙམ་དུ་བྱུང་བའོ། །དེའི་ཕྱིར། གསོག་དང་སྨིག་རྒྱུ་འདྲ་བ་ཡིན། །ཞེས་བྱ་བ་གསུངས་ཏེ། གསོག་ནི་སྨིག་རྒྱུ་ལ་ཆུ་ཡོད་པ་མ་ཡིན་པའོ། །དེ་དང་འདྲ་བའི་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །སྒྱུ་

མ་སྟེ་སྤྲུལ་པ་དང་། ནམ་མཁའི་མེ་ཏོག་གི་དྲི་དང་འདྲ་བ་ཡིན་ནོ། །གློག་དང་སྤྲིན་འདྲ་སྟེ་གཡོ་བ་དང་། སྟོང་པ་ཉིད་དེ། དེ་དག་ཇི་ལྟ་བ་བཞིན་དུ་བརྟགས་པ་ན་ཡང་གཡོ་བ་དང་། གློག་ལྟར་སྐད་ཅིག་མའི་རང་བཞིན་དང་། སྤྲིན་བཞིན་དུ་ཡོངས་སུ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་
སྟོང་པའོ། །གང་ཟག་ལ་བདག་མེད་པར་བསྟན་པའི་སྒོ་ནས་སྐྱེ་བ་མེད་པར་བསྒྲུབས་པས་ཆོས་ལ་བདག་མེད་པ་ཡང་བསྒྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་དང་སེམས་ཅན་སྲོག་ཀུན་མེད། ཅེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་ཞེས་
བྱ་བ་ནི་ཇི་ལྟ་བུ་ཞིག་བདག་ལ་སོགས་པ་རྫས་སུ་གྱུར་པ་རྣམས་ཡོད་དེ། རིགས་པ་པ་དང་། བྱེ་བྲག་པ་དང་། སྤྱོད་པ་པ་དང་། གྲངས་ཅན་ལ་སོགས་པའི་བར་དང་། ཕྱོགས་ཀྱི་གོས་ཅན་ལ་སོགས་པ་རྣམས་ཡོད་པ་མ་ཡིན་པའི་བདག་ལ་སོགས་པ་ཁས་བླངས་ནས་དེ་བསྒྲུབས་པའི་ཕྱིར་རིགས་པ་སྨྲ་བ་
བཅོམ་པར་བྱེད་དོ། །དེ་དག་ལས་རིགས་པ་སྨྲ་བ་པས་སྨྲས་པ། གང་ཡང་བདག་མེད་ན་ལས་དང་འབྲས་བུ་དག་དང་། བྱེད་པ་པོ་དང་། སྤྱོད་པའི་རྣམ་པར་གཞག་པ་རྙེད་པར་མི་འགྱུར་ཏེ། བྱེད་པ་པོ་གཅིག་ཉིད་མེད་ན་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་ཐལ་བར་འགྱུར་རོ། །དེ་
དག་གི་ཡོད་པ་ཉིད་དང་། རྟག་པ་ཉིད་དང་། ཁྱབ་པ་ཉིད་དང་། བྱེད་པ་པོ་ཉིད་དང་། སྤྱོད་པ་པོ་ཉིད་སྒྲུབ་པར་བྱེད་པའི་ཚད་མ་རྗོད་པར་བྱེད་དོ། །ཡོད་པ་ཉིད་ནི་རེ་ཞིག་ལེགས་ལྡན་བྱེད་ཚད་མ་འགོད་པ་ནི་ཡོད་པ་ལ་སོགས་པ་དྲུག་པོའི་ཁྱད་པར་ཡུལ་དུ་གྱུར་པ་དང་། ཡུལ་དུ་གྱུར་པ་མ་ཡིན་
པ་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་དང་། སྒྲ་ལས་བྱུང་བ་དང་། དྲན་པ་དང་། སོ་སོ་ཤེས་པ་དང་། གྲུབ་པའི་ལྟ་བ་དང་། གྲུབ་པའི་ཤེས་པ་དང་། ཡིད་གཉིས་དང་། ཕྱིན་ཅི་ལོག་དང་། སོ་སོར་མ་བརྟགས་པ་དང་། རྨི་ལམ་གྱི་རྨི་ལམ་སྟེ་བདག་གི་ཤེས་པའི་ཁྱད་
པར་རྣམས་ཀྱིས་ལུས་ལས་ཐ་དད་པའི་རིག་པར་བྱ་བ་རིག་པར་འགྱུར་ཏེ། རང་གི་རྒྱུ་ལས་བྱུང་བའི་སྐྱེ་བ་ཡིན་པའི་ཕྱིར། སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་ཞིག་པའི་བུམ་པ་ལ་སོགས་པ་བཞིན་ནོ། །དེ་ལ་ཡོད་པ་ལ་སོགས་པ་ཁྱད་པར་དྲུག་སྟེ། ཡོད་པ་དང་། མི་རྟག་པ་དང་།

རྫས་དང་ལྡན་པ་དང་། འབྲས་བུ་དང་། རྒྱུ་དང་། སྤྱིའི་ཁྱད་པར་ཞེས་བྱ་བ་ལས་དྲུག་པོ་དེ་དག་གི་ཡུལ་ལ་རྫས་དང་། ཡོན་ཏན་དང་། ལས་རྣམས་ནི་ཡུལ་དུ་གྱུར་པའོ། །ཡུལ་དུ་མ་གྱུར་པ་ནི་སྤྱི་དང་། ཁྱད་པར་དང་། འདུ་བའོ། །འདི་དག་གཉི་ག་ཡང་ཤེས་བྱ་སྟེ་ཡུལ་ལོ། །གང་
དག་མངོན་སུམ་ལ་སོགས་པ་ལ་དེ་སྐད་ཅེས་བྱའོ། །གྲུབ་པའི་ལྟ་བ་ནི་རྩིས་ཀྱི་བསྟན་བཅོས་དང་འབྲེལ་པ་སྟེ། གྲུབ་པ་རྣམས་ཀྱི་ལྟ་བ་ཡིན་པའམ། གྲུབ་པར་བྱེད་པའི་ལྟ་བ་ཡིན་པས་གྲུབ་པའི་ལྟ་བ་ཞེས་བྱའོ། །སྤོབས་པའི་ཤེས་པ་ནི་གྲུབ་པའི་ཤེས་པ་ཞེས་བྱ་བ་སྟེ། སང་ངའི་ཕུ་བོ་འོང་
ངོ་ཞེས་བྱ་བ་ལྟ་བུའོ། །ཡང་ན་ནི་དྲང་སྲོང་རྣམས་ཀྱི་ཤེས་པ་ཡིན་པས་གྲུབ་པའི་ཤེས་པ་ཞེས་བྱའོ། །ཡིད་གཉིས་ནི་ཐེ་ཚོམ་མོ། །ཕྱིན་ཅི་ལོག་ནི་ཕྱིན་ཅི་ལོག་ཏུ་གྱུར་པའོ། །རྨི་ལམ་ནི་དང་པོའི་རྨི་ལམ་གྱི་གནས་སྐབས་ཀྱི་རྐྱེན་གྱི་རྨི་ལམ་མོ། །རྨི་ལམ་གྱི་རྨི་ལམ་ནི་རྨི་ལམ་གྱི་ནང་དུ་རྨི་ལམ་གཞན་བྱུང་
བའོ། །འདི་དག་བུད་མེད་རྣམས་དང་དམངས་རིགས་རྣམས་ངོ་མཚར་བསྐྱེད་པའི་ཕྱིར་རྣ་མ་ཕུག་པས་བསྟན་པ་ཡིན་ནོ། །སྣང་བར་བྱེད་པ་བས་ཚད་མ་འགོད་པ་ནི་ལྷས་བྱིན་ངས་ཡིད་ཆེས་པས་རབ་ཏུ་སྦྱོར་བར་བྱེད་དེ། གཟུགས་དང་། རོ་དང་། དྲི་དང་། རེག་པའི་རྐྱེན་གཅིག་པ་དང་། དུ་མའི་མཚན་
མ་ཅན་ཡུལ་སྣ་ཚོགས་ཀྱི་རྐྱེན་དེ་དག་ཉིད་ལ་མཚན་མ་གཅིག་དང་རབ་ཏུ་སྦྱོར་བའི་མཚན་མ་གཅིག་པུ་གང་ཡིན་པ་དེ་ནི་བདག་ཅེས་བྱའོ། །བདག་ཅེས་བྱ་བའི་ཚིག་ནི་ལུས་དང་། དབང་པོ་དང་། ཡིད་དང་། བློ་དང་ཚོར་བ་ལ་སོགས་པ་བསྡུས་པ་ལས་ཐ་དད་གྱུར་པའི་ཡུལ་ཏེ། སྒྲ་གཅིག་པའི་
ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་འཚོ་བ་དང་བཅས་པའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་བྲལ་བར་ཐལ་བར་འགྱུར་བའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའོ། །དེ་ལྟར་ཡོད་པར་སྨྲ་བའི་ཚད་མ་བརྗོད་ནས། རྣ་མ་ཕུག་པས་རྟག་པ་ཉིད་དང་ཁྱབ་པ་ཉིད་ཀྱིས་
ཚད་མ་བརྗོད་པའི་ཕྱིར་སྨྲས་པ། ངས་དང་པོ་མའི་མངལ་ནས་བྱུང་མ་ཐག་པའི་ཡུལ་རིག་པའི་ཤེས་པ་དེ་ཉིད་ཕྱི་མའི་དུས་ཐ་མའི་ཡུལ་རིག་པའི་ཤེས་པ་ཡང་དེ་ཉིད་ཡིན་ཏེ། རང་གི་ཤེས་པ་ཡིན་པའི་ཕྱིར་དང་པོའི་རང་གི་ཤེས་པ་བཞིན་ནོ་ཞེས་ཟེར་རོ། །ཁྱབ་པའི་ཚད་མ་ཡང་དེ་ཉིད་ཡིན་ཏེ། ས་དང་

ཆུ་དང་། མེ་དང་། རླུང་དང་། ཡིད་ཅེས་བྱ་བ་རྣམས་ནི་རྩོད་པའི་ཡུལ་དུ་གྱུར་པ་ཡིན་ཏེ། རིང་དུ་གྱུར་པ་ན་གནས་ན་ཡང་ང་ཡི་བདག་དང་འབྲེལ་བ་ཡིན་ཏེ། ཐོགས་པ་དང་བཅས་པ་ཉིད་དང་། ཤུགས་དང་བཅས་པ་ཉིད་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་
དང་། ཕན་ཚུན་ཡང་དག་པར་སྦྱོར་བའི་རྣམ་པར་དབྱེ་བ་ཉིད་ཀྱི་ཕྱིར་བདག་ཉིད་ཀྱི་ལ་སོགས་པ་བཞིན་ཞེས་བྱ་བའོ། །དེ་དག་གིས་ནི་ཡོད་པ་ཉིད་དང་། རྟག་པ་ཉིད་དང་། ཁྱབ་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །གལ་ཏེ་དེ་ལྟར་རྟག་པ་ཉིད་དང་། ཁྱབ་པ་ཉིད་ཡིན་ན་ཡང་བྱེད་པ་པོ་ཉིད་དང་། སྤྱོད་པ་
པོ་ཉིད་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། སྲོག་དང་། གསོད་པ་ལ་སོགས་པ་འགལ་བར་མི་འགྱུར་རོ། །དེ་ལྟར་ན་ཡང་ཤེས་པ་དང་། བྱེད་པར་འདོད་པ་དང་། འབད་པ་རྣམས་བདག་མེད་ལ་མཉམ་དུ་ཚོགས་པ་ནི་བྱེད་པ་པོ་ཞེས་བྱ་བའོ། །བདེ་བ་དང་སྡུག་བསྔལ་ཡང་དག་པར་རིག་
པ་མཉམ་དུ་ཚོགས་པ་ནི་སྤྱོད་པ་པོ་ཞེས་བྱའོ། །དེ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ནི་ལོངས་སྤྱོད་དོ། །དེ་བདག་ཉིད་ལ་མཉམ་དུ་ཚོགས་པ་ནི་སྤྱོད་པ་པོ་ཉིད་དོ། །སྐྱེ་བ་ནི་ལུས་དང་དབང་པོ་དང་བློ་དང་ཚོར་བ་ལ་སོགས་པ་རིགས་རྣམ་པར་དག་པ་རྣམས་སུ་སྔོན་མ་ཐོབ་པར་མངོན་པར་སྦྱོར་བའོ། །སྔོན་གྱི་
དེ་དང་བྲལ་བ་ནི་འཆི་བའོ། །ལུས་དང་བཅས་པའི་བདག་དང་། ཡིད་སྦྱོར་བ་ཆོས་དང་ཆོས་མ་ཡིན་པ་ལ་ལྟོས་པ་ནི་སྲོག་ཅེས་བྱ་བའོ། །དགོས་པའི་རྟེན་དང་བྱེད་པའི་རྒྱུན་ལ་གནོད་པ་བྱེད་པ་ནི་གསོད་པ་ཞེས་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། སེམས་ཅན་འཆི་བ་མེད་པའི་ཆོས་ཅན་ལ་བདེ་བ་ལ་སོགས་པ་ཡང་དག་
པར་མྱོང་བའི་ཚོར་བ་འབྲས་བུའི་རྟེན་ལུས་དང་། ཡུལ་ཉེ་བར་དམིགས་པའི་བྱེད་པ་པོ་དབང་པོ་རྣམས་ཀྱི་རྒྱུན་གཅོད་པ་ལ་གསོད་པ་ཞེས་རྣམ་པར་འཇོག་པར་བྱེད་དོ། །དེ་དག་ལ་ལན་གདབ་པར་བྱའོ། །གང་རྟག་པ་ལ་སོགས་པའི་སྦྱོར་བས་ཚིག་གི་དོན་དྲུག་གིས་ཡུལ་ཉིད་ལ་མངོན་སུམ་ལ་སོགས་པ་
གསུངས་པ་དེ་མ་གྲུབ་པ་ཡིན་ཏེ། མངོན་སུམ་གྱི་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འདུ་བ་རྣམས་མི་འཛིན་པའི་ཕྱིར་རོ། །མི་འཛིན་པ་ཡང་མིག་ལ་སོགས་པ་ནི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །དེ་ཡང་མིག་གིས་གཟུགས་ཉིད་འཛིན་གྱི་རོ་ལ་སོགས་པ་ནི་མ་ཡིན་ཏེ།

དབང་པོ་ལྷག་མ་རྣམས་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རྣ་བས་སྒྲ་ཉིད་འཛིན་གྱིས་གཟུགས་ལ་སོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་རང་གི་ཡུལ་འཛིན་པར་ངེས་པ་ཡིན་ནོ། །གང་གིས་གཟུགས་ལ་སོགས་པ་དེ་དག་ལ་ཐ་དད་པའི་རྫས་ལ་སོགས་པ་གཟུང་བར་འགྱུར།
གལ་ཏེ་རྗེས་སུ་དཔག་པས་བསྒྲུབ་པར་བྱའོ་ཞེས་ཟེར་ན། དེ་ལྟ་ན་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཡིན་པས་དེ་མེད་པར་ཇི་ལྟར་དེ་ལ་འཇུག་པ་སྤྲོ་བར་བྱེད། བདག་གི་ཤེས་པའི་ཁྱད་པར་རྣམས་ཀྱིས་ལུས་ལས་ཐ་དད་པའི་རིག་པར་བྱ་བ་རིག་པར་འགྱུར་ཏེ་ཞེས་བྱ་བ་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། ཁྱོད་ཀྱི་ཡུལ་ལས་
ཐ་དད་པའི་ཐམས་ཅད་མཁྱེན་པ་དང་། འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པས་རིག་པའི་ཕྱིར་རོ། །གང་ཡང་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ་ཞེས་ཆོས་མཐུན་པའི་དཔེར་བསྟན་པ་དེ་ཡང་བསྒྲུབ་བྱས་སྟོང་པ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་རང་རིག་པའི་བདག་ཉིད་ཅན་ཉིད་
དོ། །ཤེས་པ་གཞན་གྱིས་རིག་པར་འདོད་པའི་ཕྱོགས་ལྟར་ན་ཐུག་པ་མེད་པར་ཐལ་བར་འགྱུར་བ་བསྒྲུབ་པ་མེད་པའི་སྐྱོན་དུ་འགྱུར་རོ། །གང་དག་མ་ལུས་པ་འདི་དག་ནི་རྣམ་པར་ཤེས་པ་ཉིད་དོ། །རང་རིག་པའི་མཐར་ཐུག་པའི་ཕྱིར་དེ་ལས་གཞན་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ལྟ་བ་ལྟར་ན་ནི་
གསལ་པོ་ཉིད་དུ་གྲུབ་པ་སྒྲུབ་པའི་སྐྱོན་དུ་འགྱུར་བའོ། །དེ་བཞིན་དུ་གཞན་དག་ལ་ཡང་གཏན་ཚིགས་ཀྱི་གཞན་དབང་དུ་གྱུར་པའི་སྐྱེ་བ་དང་ལྡན་པ་ལ་གྲུབ་པ་སྒྲུབ་པའི་སྐྱོན་བརྗོད་པར་བྱའོ། །གང་ཡང་སྣང་བར་བྱེད་པས་སྨྲས་པའི་ལྷས་བྱིན་གཟུགས་ལ་སོགས་པ་དང་སོ་སོར་སྦྱོར་བའི་ཤེས་པས་བདག་
གིས་མཐོང་ངོ་། །བདག་གིས་ཐོས་སོ་ཞེས་བྱ་བས་བྱེད་པ་པོ་གཅིག་ཉིད་གོ་བར་བྱེད་པ་ཡིན་པས་གང་དང་སོ་སོར་སྦྱོར་བ་དེ་ཉིད་བདག་ཡིན་ནོ་ཞེས་ཟེར་བ་དེ་ནི་རིག་པ་མ་ཡིན་ཏེ། རྟག་པ་དང་། ཐམས་ཅད་དུ་རྟོག་པ་དང་། གཅིག་པུ་ཉིད་དེ་ལྟ་བུ་དང་སོ་སོར་སྦྱོར་བ་མ་མཐོང་བའི་ཕྱིར་མི་སྲིད་པ་ཉིད་
དོ། །རྟག་པ་དང་། ཐམས་ཅད་དུ་རྟོག་པ་དང་། བྱེད་པ་པོ་དང་། སྤྱོད་པ་པོ་དང་། རྗེས་སུ་སྦྱོར་བ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བ་དང་མེད་ན་མི་འབྱུང་བ་མེད་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་དུ་བརྟགས་པ་ཙམ་མོ། །དེ་ལྟ་ན་གང་དང་སོ་སོར་སྦྱོར་བར་བྱེད་ཅེ་ན། སེམས་སྐད་ཅིག་མ་ཉིད་ལ་ཐོག་

མ་མེད་པའི་དུས་ཀྱི་མ་རིག་པས་གཅིག་པ་ཉིད་དུ་སྒྲོ་བཏགས་ནས་སོ་སོར་སྦྱར་བའི་རྣམ་པར་འཁྲུལ་པས་དངོས་པོ་དང་མ་རེག་པ་ནི་དངོས་པོའི་དེ་ཁོ་ན་ཉིད་དང་སོ་སོར་མི་སྦྱོར་བར་བྱེད་ཅེ་ན། དེ་ལྟ་བས་ན་བདག་ཡོད་པར་རྟོག་པ་ནི་ཤིན་ཏུ་སྡིག་པ་ཅན་ཡིན་ནོ། །ཚིག་གཅིག་ཉིད་ཀྱིས་ཞེས་བྱ་བའི་
བསྒྲུབ་པར་བྱ་བ་ཡང་བདག་གི་མི་མཐུན་པའི་ཕྱོགས་སྒྲུབ་པར་བྱེད་པ་ཡིན་ཏེ། ཚིག་གི་བརྗོད་བྱ་ནི་སྤྱི་ཡིན་ལ། བདག་ནི་སྤྱི་མ་ཡིན་པས་སོ། །གཞན་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་ཚིག་གི་ཡུལ་ནི་མེད་པའོ། །དེས་ནི་བདག་ནི་མ་ཡིན་ནོ་ཞེས་བསྒྲུབ་པར་འགྱུར་རོ། །གང་ཡང་སྲོག་དང་བཅས་པའི་ལུས་
འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་མེད་པ་ལྟར་ཐལ་བར་འགྱུར་བའི་ཕྱིར་ཤིན་ཏུ་ཡང་འབྲེལ་པ་མེད་པ་ཡིན་ཏེ། སྲོག་ལ་སོགས་པ་དང་བདག་ལ་འབྲེལ་པ་གྲུབ་པ་མེད་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱི་འབྲེལ་པ་ནི་མ་ཡིན་ཏེ་ཐ་དད་ཀྱི་དབྱེ་བ་ཁས་བླངས་པའི་ཕྱིར་རོ། །དེ་ལས་བྱུང་བའི་
འབྲེལ་པ་ཡང་མ་ཡིན་ཏེ་རྟག་པ་ནི་རིམ་དང་ཅིག་ཅར། དོན་བྱ་བ་བྱེད་པ་འགལ་བའི་ཕྱིར་རོ། །དེ་ལ་རེ་ཞིག་རིམ་གྱིས་སྐྱེས་པའང་མི་རིགས་ཏེ། སྐྱེད་པར་བྱེད་པ་དང་། སྐྱེད་པར་བྱེད་པ་མ་ཡིན་པའི་རང་བཞིན་གཉིས་དུས་གཅིག་ཏུ་གཅིག་ལ་འགལ་བའི་ཕྱིར་རོ། །ལྷན་ཅིག་བྱེད་པ་སྟོང་གིས་ཀྱང་འགྱུར་བ་མེད་
པ་ལ་ལྷག་པར་ཕན་གདགས་པར་ནུས་པ་མི་སྲིད་པས་ལྷན་ཅིག་བྱེད་པ་ལ་ལྟོས་པས་རྟགས་ལ་ཅི་ཞིག་དགོས། ཅིག་ཅར་སྐྱེད་པར་བྱེད་པ་ཡིན་ན་ཡང་སྐད་ཅིག་གཅིག་ལ་ཐམས་ཅད་སྐྱེད་པར་བྱེད་དོ་ཞེས་བྱ་བས་སྐད་ཅིག་གཉིས་པ་ལ་བྱ་བ་མེད་པས་དབུགས་དབྱུང་འཇུག་རྒྱུན་ཆད་པའི་འཆི་བའམ།
ཡང་ན་དངོས་པོ་ཐམས་ཅད་མི་དམིགས་པའི་གྲོལ་བ་ཐོབ་པར་འགྱུར་རོ། །ཡང་མེད་ན་མི་འབྱུང་བའོ་ཞེས་རྟོག་ན་ཡང་རྗེས་སུ་མཐུན་པ་མ་ཡིན་ནོ། །གང་ཡང་རྟག་པ་ཉིད་དང་། ཁྱབ་པ་ཉིད་དུ་སྒྲུབ་པར་བྱེད་པའི་གཏན་ཚིགས་གཉིས་ཉེ་བར་བཀོད་པ་དེ་དག་ཀྱང་ཤིང་ཏུ་འབྲེལ་པ་མེད་པ་ཡིན་ཏེ། ཆོས་ཅན་
མེད་པ་ཉིད་དེ་བདག་ནི་ཆོས་ཅན་དུ་མ་གྲུབ་པའི་ཕྱིར་རོ། །འོན་ཏེ་ལུས་ཕྱོགས་སུ་བྱས་ནས་དང་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་དུས་ཕྱི་མར་བྱུང་བའི་རྣམ་པར་ཤེས་པ་ཡང་སྐྱེད་པར་བྱེད་དོ་ཞེས་ཟེར་བ་དེ་ཡང་རིག་པ་མ་ཡིན་ཏེ། དེ་ཉིད་ལས་འདི་ཡང་སྐྱེས་སོ་ཞེས་བྱ་བ་ལ་ཚད་མ་

ཡོད་པ་མ་ཡིན་ནོ། །དེ་ལ་རེ་ཞིག་མངོན་སུམ་ནི་སྔོན་དང་ཕྱི་མའི་དངོས་པོ་ལ་འཇུག་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཉིད་ཡིན་པས་དེ་མེད་ན་དེ་འཇུག་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཉིད་སྔོན་དུ་འགྲོ་བ་ཡང་ཐུག་པ་མེད་པར་འགྱུར་རོ། །སྦྱོར་བ་གཉིས་པ་
གཟུགས་དང་ལྡན་པའི་ཕྱིར་བདག་གི་ལུས་བཞིན་ནོ་ཞེས་བྱ་བའི་དཔེ་ཉིད་བདག་དང་འབྲེལ་པར་མ་གྲུབ་པ་ཡིན་ན་ཐམས་ཅད་དུ་འགྲོ་བ་དང་ཁྱབ་པ་ཉིད་ལྟ་ག་ལ་ཡིན། བྱིས་པའི་ཚིག་བཞིན་འབྲེལ་པ་མེད་པར་འགྱུར་རོ། །བྱིས་པས་སྨྲས་པ་སུན་འདོན་པའི་ཕྱིར་རྒལ་བའི་ལན་བརྗོད་པར་བྱ་སྟེ། གང་ལ་
སྐྱེ་བ་མེད་པ་དེ་ལ་འགག་པ་ཡང་མེད་པའི་ཕྱིར་དེ་ལ་སེམས་ཅན་ཡང་མེད་དེ་རི་བོང་གི་རྭ་བཞིན་ནོ། །གཞན་གྱིས་འདོད་པའི་བདག་ལ་ནི་སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །དེ་བཞིན་དུ་གང་རིམ་གྱིས་སམ། ཅིག་ཅར་ཡང་རུང་། དོན་བྱ་བ་བྱེད་པ་དེ་
ནི་རྟག་པ་ཡང་མ་ཡིན། ཁྱབ་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པའི་ཕྱིར། མར་མེ་དང་། ས་བོན་དང་། མྱུ་གུ་དང་། འཁྲི་ཤིང་ལ་སོགས་པ་བཞིན་ནོ། །རིམ་གྱིས་སམ། ཅིག་ཅར་ཡང་རུང་། དོན་བྱ་བ་བྱེད་པ་ལས་ལོག་པ་དེ་ནི་རྟག་པ་ཉིད་དང་། ཁྱབ་པ་ཉིད་མེད་པ་མ་ཡིན་པ་ལས་ལོག་པའི་
ཕྱིར་མེད་པ་མ་ཡིན་པ་དང་འགལ་བའི་ཡོད་པ་ཉེ་བར་དམིགས་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །ཡང་ན་གང་རིམ་གྱིས་སམ། ཅིག་ཅར་ཡང་རུང་བས་དོན་བྱ་བ་བྱེད་པ་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་དང་། རུས་སྦལ་གྱི་སྤུ་ལ་སོགས་པ་བཞིན་ནོ། །རིམ་
གྱིས་ཀྱང་རུང་། ཅིག་ཅར་ཡང་རུང་བས་དོན་བྱ་བ་བྱེད་པ་བདག་རྟག་པ་ལ་ཡོད་པ་མ་ཡིན་ནོ། །རིམ་གྱིས་སམ། ཅིག་ཅར་གྱི་མཚན་ཉིད་ཀྱིས་དོན་བྱ་བ་བྱེད་པ་རྟག་པ་ལས་ལོག་པས་ཁྱབ་པར་བྱ་བ་སེམས་ཅན་ཡང་ལྡོག་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། ཡང་ན་གང་ཡང་
རྫས་ཉིད་དང་། ཡོད་པ་ཉིད་དང་། བྱེད་པ་པོ་ཉིད་དང་། སྐྱེ་བ་དང་། ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་ཐམས་ཅད་བདག་མེད་པའི་ཕྱིར་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ། །རྫས་ཉིད་ལ་སོགས་པའི་ཆོས་དང་ལྡན་པའི་ནང་གི་བདག་ཉིད་ཅན་གྱི་སྲོག་དང་བཅས་པའི་

ལུས་དང་། ཡིད་དང་། བློ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཡང་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རིམ་པ་འདི་ཉིད་ཀྱིས་སྤྱོད་པ་པ་ལ་སོགས་པ་ལ་ཡང་མངོན་སུམ་ལ་སོགས་པའི་ཚད་མས་གནོད་པས་བདག་ལ་སོགས་པ་ཁས་
ལེན་པའི་རྒོལ་བ་རྣམས་ཀྱང་སུན་ཕྱུང་བར་འགྱུར་རོ། །དེ་ལྟ་ན་ཡང་ཆུང་ཟད་ཙམ་བསྟན་པར་བྱའོ། །དེ་ལ་སྤྱོད་པ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རང་བཞིན་གྱིས་སེམས་པ་བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་ངོ་བོར་རྗེས་སུ་སོང་བ་བདག་གི་དེ་ཁོ་ན་ཉིད་ཁས་ལེན་པར་བྱེད་དེ་གཅིག་
ཏུ་མེད་པར་གྱུར་ན་ནི་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་འགྱུར་རོ། །གཅིག་ཏུ་སྐྱེས་བུ་རྟག་པར་གྱུར་ན་ནི་བྱེད་པ་པོའི་རང་གི་ངོ་བོ་མ་བཏང་བས་སྤྱོད་པ་པོ་ཉམས་པར་འགྱུར་རོ་ཞེས་བྱ་བའོ། །དེ་ཡང་གཞོན་ནུ་མ་ལེན་གྱིས། དེའི་ཕྱིར་གཉི་ག་སྤངས་ནས་ནི། །ལྡོག་དང་རྗེས་
འགྲོའི་བདག་ཉིད་ཀྱི། །སྐྱེས་བུ་ཁས་བླང་བྱ་བ་སྟེ། །བསྐྱིལ་ལ་སོགས་པའི་སྦྲུལ་དང་འདྲ། །ཞེས་སྨྲས་པ་ཡིན་ནོ། །བྱེད་པ་པོ་དང་། སྤྱོད་པ་པོ་ཉིད་ནི་བདག་ལ་བརྟེན་པ་ཡིན་གྱི། གནས་སྐབས་ལ་བརྟེན་པ་ནི་མ་ཡིན་ནོ། །དེ་ཉིད་ནི་བྱེད་པ་པོ་དང་། སྤྱོད་པ་པོ་ཉིད་དུ་ཤེས་པ་སྟོབས་ཀྱིས་
རྣམ་པར་འཇོག་པར་བྱེད་དོ། །དེ་ནི་བདག་ཉིད་མངོན་སུམ་དུ་བྱས་པ་ན་རྟག་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པ་བདག་གི་ཡུལ་ཡིན་པའི་ཕྱིར་བདག་ཤེས་པ་དང་ལྡན་ནོ། །བདག་གིས་ཤེས་པར་འགྱུར་རོ། །བདག་གིས་ཤེས་སོ་ཞེས་ཡུལ་གཅིག་གཉིས་སུ་ངེས་པར་བྱེད་
དོ་ཞེ་ན། དེ་ལྟ་བུ་ནི་ཤིན་ཏུ་ཚད་མ་ལ་མཁས་པའི་བྲམ་ཟེ་རྣམས་ལ་སྲིད་པ་ཡིན་ནོ། །དེ་ཡང་མངོན་སུམ་ནི་གཉིས་ཀའི་བདག་ཉིད་ཅན་འདས་པ་དང་། མ་འོངས་པ་ལ་སོགས་པའི་དུས་ལ་ཁྱབ་པའི་དངོས་པོར་རབ་ཏུ་ཤེས་པའོ་ཞེས་བྱ་བས་ནི་འདི་སྐད་བསྟན་པར་འགྱུར་ཏེ། འདས་པ་ཞེས་བྱ་བ་ནི་
ཉམས་པའོ། །མ་འོངས་པ་ནི་ད་དུང་མ་བྱུང་བའོ། །དེ་དག་མངོན་སུམ་གྱིས་རབ་ཏུ་རིག་གོ་ཞེས་སྨྲས་པས་ཡོད་པ་དང་རབ་ཏུ་སྦྱོར་བའི་མདོའི་རྩ་བས་གནོད་པར་འགྱུར་བ་ནི། མ་འོངས་པ་ནི་མ་མཐོང་བས། །མངོན་སུམ་གྱུར་པ་ཅི་ཡང་མེད། །ཅེས་བྱ་བ་ལ་སོགས་པས་འདས་པ་དང་། མ་འོངས་པ་

ལ་སོགས་པའི་ཡུལ་ལ་སྦྱོར་བས་འཇུག་པ་ལ་རྩོད་པའི་སྐྱེས་བུས་བྱས་པ་མ་ཡིན་པས་བསྒྲུབས་པའི་འབད་པ་འབྲས་བུ་མེད་པར་འགྱུར་ཏེ། དེའི་ཕྱིར་མངོན་སུམ་ནི་ད་ལྟར་བྱུང་བའི་ཡུལ་ཙམ་འཛིན་པར་ངེས་པར་ཤེས་པར་བྱའོ། །དེ་ལྟར་ན་སྔོན་དང་ཕྱི་མ་དང་བྲལ་བའི་ད་ལྟར་བྱུང་བའི་ངོ་བོ་ཙམ་
གྱིས་བདག་རང་རིག་པར་བྱ་བར་ཤེས་པར་བྱའོ་ཞེས་བྱ་བས་རྣམ་པར་ཤེས་པ་ཉིད་དང་། སྔོན་དང་ཕྱི་མའི་རྗེས་སུ་འགྲོ་བ་དང་བྲལ་བ་སྐད་ཅིག་མ་རང་རིག་པར་བྱ་བའི་བདག་ཉིད་ཁས་བླངས་པ་ནི་བདག་ཅེས་མིང་གི་རྣམ་པ་གཞན་བརྟགས་པར་ཟད་དོ། །གལ་ཏེ་རྗེས་སུ་དཔག་པས་བདག་རྟག་པ་ཉིད་
དུ་སྒྲུབ་པར་བྱེད་དོ་ཞེས་བྱ་ཞེ་ན། དེ་ལྟ་ན་ཡང་མངོན་སུམ་སྔོན་དུ་འགྲོ་བའམ། རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ན་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ། །མངོན་སུམ་ལ་འཇུག་པ་སྔོན་དུ་མ་སོང་བར་ཡང་ཇི་ལྟར་རྗེས་སུ་དཔག་པ་ལ་འཇུག་པར་ནུས་པར་འགྱུར།
གཞན་ཡང་བདག་ཏུ་ང་རྒྱལ་བའི་སྟོབས་ཀྱིས་བདག་སྒྲུབ་པར་བྱེད་ན་ཡང་ལུས་ལ་དམིགས་ནས་བདག་རིད་དོ། །ཚོའོ། །དམར་སེར་རོ་ཞེས་སྤྱིའི་དབང་དུ་བྱས་ནས་སྨྲ་ཡི། བདག་ནི་བདག་གི་སྤྱིའི་དབང་དུ་བྱས་ནས་ནི་མ་ཡིན་ནོ། །དེས་ན་འདི་སྐད་སྨྲས་པར་འགྱུར་ཏེ། མིག་ལ་སོགས་
པའི་བདག་ཉིད་ཅན་ལུས་ཙམ་ལ་དམིགས་ནས་བདག་ཅེས་བྱ་བར་རྟོགས་པར་འགྱུར་རོ། །དེ་ལ་འགལ་བ་མེད་དེ། མིང་ཙམ་དུ་བྱས་ནས་བྱེད་པ་པོ་ཉིད་ལ་སོགས་པ་ཡང་རྣམ་པར་ཤེས་པ་སྐད་ཅིག་མའི་ཁྱད་པར་ཅན་གྱི་རྒྱུ་དང་འབྲས་བུའི་ངོ་བོ་ལས་གཞན་ནི་མེད་དོ། །བྱས་པ་ཆུད་ཟོས་པ་
དང་། མ་བྱས་པ་དང་ཕྲད་པར་འགྱུར་རོ་ཞེས་རྩོད་པ་དེ་ཡང་རྩོད་པ་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་སྤྱོད་པ་པས་བརྟགས་པའི་བདག་ནི་བཏགས་པ་འབའ་ཞིག་ཁོ་ནའོ། །ཕྱོགས་ཀྱི་གོས་ཅན་པ་ནི་མངོན་སུམ་ཉིད་ཀྱིས་འཇུག་པ་དང་། ལྡོག་པའི་ངོ་བོ་ཤེས་པའི་བདག་ཉིད་ཀྱིས་བདག་ཉེ་བར་
དམིགས་སོ་ཞེས་སྨྲས་པ་དེ་ལྟར་ན་ཡང་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་ཀྱི་དབྱེ་བས་ཕྱེ་བ་ཡོད་ཀྱང་གང་ཡང་གནས་སྐབས་ཅན་ནི་གནས་སྐབས་ཐམས་ཅད་དུ་རྟོགས་པའི་ངོ་བོར་ཉེ་བར་དམིགས་ཏེ། དེ་ཡང་རྫས་སུ་ཡོད་པའོ། །རྣམ་གྲངས་ཀྱང་རིམ་གྱིས་གོམས་པ་ལས་བདེ་བ་དང་།

སྡུག་བསྔལ་གྱི་གནས་སྐབས་དབྱེ་བ་ཡིན་ལ། དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་ཡུལ་དང་དུས་དང་ངོ་བོ་ཉིད་དབྱེ་བ་མེད་པ་ཆོས་དང་ཆོས་ཅན་གྱི་དབྱེ་བ་མེད་དོ། །གྲངས་དང་། མིང་དང་། མཚན་ཉིད་དང་། འབྲས་བུའི་དབྱེ་བས་ནི་དབྱེ་བ་ཡོད་དེ། དཔེར་ན་བུམ་པ་དང་། གཟུགས་ལ་
སོགས་པ་བཞིན་ནོ་ཞེས་བྱ་བས་བུམ་པ་དང་། དེའི་གཟུགས་ལ་སོགས་པ་དང་། ཡུལ་ལ་སོགས་པ་དབྱེ་བ་ཡོད་དོ། །གང་ཡང་ཡུལ་བུམ་པའི་ཡུལ་དང་། དུས་དང་། ངོ་བོ་ཉིད་ནི་གཟུགས་ལ་སོགས་པའོ། །གྲངས་ལ་སོགས་པས་ནི་བུམ་པའི་གཟུགས་ལ་སོགས་པ་ལ་དབྱེ་བ་ཡོད་དོ། །དེ་ཡང་བུམ་པ་ནི་གཅིག་གོ། །གཟུགས་ལ་སོགས་པ་ནི་
མང་པོའོ་ཞེས་བྱ་བ་ནི་གྲངས་ཀྱི་དབྱེ་བའོ། །གདུ་བུ་དང་། རྣ་ཆ་དང་། རྐང་གདུབ་དང་། ཁམ་ཕོར་ཞེས་བྱ་བ་ནི་མིང་གི་དབྱེ་བའོ། །རྗེས་སུ་འཇུག་པའི་མཚན་ཉིད་ནི་རྫས་སོ། །ལྡོག་པའི་མཚན་ཉིད་ནི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་དབྱེ་བའོ། །བུམ་པའི་དགོས་པ་ནི་ཆུ་ལེན་པའི་དགོས་པ། གཟུགས་ལ་སོགས་པའི་ནི་
རང་དང་རྗེས་སུ་མཐུན་པར་བསྒྱུར་བའི་འབྲས་བུའོ་ཞེས་བྱ་བ་ནི་འབྲས་བུའི་དབྱེ་བའོ་ཞེས་ཟེར་ན་དེ་ལ་བརྗོད་པར་བྱའོ། །གང་ཡང་རྟོགས་པའི་ངོ་བོའི་བདག་ཉིད་རྫས་ཀྱི་རྣམ་གྲངས་དང་སྦྱོར་བར་བྱེད་པ་ན་ཅི་སྔར་གྱི་རང་གི་ངོ་བོ་དང་སྦྱོར་བར་བྱེད་དམ། ཡང་ན་སྔར་གྱི་ངོ་བོ་ཡོངས་སུ་གཏོང་བར་བྱེད་ཅེས་རྣམ་པར་རྟོག་པར་བྱེད་ན། དེ་ལ་
རྟོག་པ་དང་པོ་ལྟར་སྔོན་དང་ཕྱི་མའི་གནས་སྐབས་སུ་ཁྱད་པར་མེད་པས་རྟོགས་པ་དེ་ཡོངས་སུ་གྱུར་པ་མ་ཡིན་ཞེས་བྱ་བ་ཇི་ལྟ་བུ་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་སྔོན་གྱི་གནས་སྐབས་ཡོངས་སུ་བཏང་ནས་གཞན་ཞིག་ཡོངས་སུ་གཟུང་བ་ལ་བརྗོད་དོ། །དེ་ལ་མི་འགྱུར་བའི་རང་བཞིན་མེད་པས་ཚིག་ཙམ་གྱིས་ཡོངས་སུ་
གྱུར་པར་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ལ་སྔོན་དང་། ཕྱི་མའི་གནས་སྐབས་སུ་ཁྱད་པར་མེད་པ་དེ་ནི་ཡོངས་སུ་འགྱུར་བ་མ་ཡིན་ཏེ་ནམ་མཁའ་བཞིན་ནོ། །རྟོགས་པ་ལ་ཡང་སྔོན་དང་ཕྱི་མའི་གནས་སྐབས་ཁྱད་པར་མེད་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གལ་ཏེ་རྣམ་པར་རྟོག་པ་གཉིས་པ་ལྟར་ན་ཡང་
སྔར་གྱི་རང་གི་ངོ་བོ་ཡོངས་སུ་བཏང་ནས་གཞན་གྱི་ངོ་བོར་སྐྱེ་བར་འགྱུར་ཏེ། ཐག་པ་ལས་རས་ཡུག་བྱུང་བ་བཞིན་ཞེས་བྱ་བས་ཇི་ལྟར་དེ་ཡོངས་སུ་གྱུར་པ་ཡིན། སྦྱོར་བ་ནི་གང་གི་ཚེ་མི་འགྱུར་བའི་ངོ་བོར་གནས་པ་མ་ཡིན་པར་གང་གྱུར་པ་དེ་ནི་ཡོངས་སུ་གྱུར་པ་མ་ཡིན་ཏེ། མི་འགྱུར་བའི་རང་བཞིན་གྱི་བུམ་པ་ཡོད་བཞིན་དུ་རས་ཡུག་བྱུང་

བར་གྱུར་པ་བཞིན་ནོ། །སྔར་གྱི་རང་གི་ངོ་བོ་ཡོངས་སུ་བོར་བས་ངོ་བོ་གཞན་ཞིག་ཏུ་གྱུར་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའི་འགལ་བ་དམིགས་པའོ། །གང་ཡང་གཉི་གའི་བདག་ཉིད་ཡིན་པས་གཅིག་ཏུ་རྫས་ཀྱི་རྣམ་གྲངས་ལ་དབྱེ་བ་ཡོད་པ་ཡང་མ་ཡིན། དབྱེ་བ་མེད་པ་ཡང་མ་ཡིན་ནོ། །དེ་ལྟ་ན་ཡང་ཐ་དད་
པ་དང་། ཐ་དད་པ་མ་ཡིན་པ་དང་གཉི་ག་ཡང་རུང་ཇི་སྐད་བསྟན་པའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་མཛེས་པ་མ་ཡིན་ཏེ། གལ་ཏེ་རྫས་ཀྱི་རྣམ་གྲངས་ཀྱི་དབྱེ་བ་མེད་པར་ཁས་ལེན་པར་བྱེད་ན། དེ་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་དབྱེ་བ་མེད་པའི་ཕྱིར་དེ་ལས་ཟློག་པའི་དབྱེ་བ་ཡོད་པར་ཇི་
ལྟར་འགྱུར། གཅིག་ལ་དུས་གཅིག་ཏུ་དགག་པ་དང་སྒྲུབ་པ་ཕན་ཚུན་འགལ་བ་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་དབྱེ་བ་མེད་པ་དེར་དེ་དང་འགལ་བའི་དབྱེ་བ་དམིགས་པར་མི་འགྱུར་ཏེ། ཇི་ལྟར་དེའི་རྣམ་གྲངས་ཀྱི་རྫས་རྣམས་ལ་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་སོ་སོར་ངེས་པ་བདག་ཉིད་ཀྱི་ངོ་བོ་
དེའི་རང་བཞིན་ནི་དབྱེ་བ་མེད་ལ། དབྱེ་བ་མེད་པའི་རྫས་ཀྱི་རྣམ་གྲངས་གང་ཡིན་པ་དེ་ནི་ངེས་པར་གནས་སོ་ཞེས་བྱ་བ་ནི་འགལ་བ་དམིགས་པའོ། །ཡང་ན་ལྡོག་པ་དང་ལྡན་པ་རང་གི་ངོ་བོ་ལས་ཐ་མི་དད་པ་དེ་ནི་ལྡོག་པ་དང་ལྡན་པའི་ཕྱིར། ཇི་ལྟར་རྣམ་གྲངས་ཀྱི་རང་གི་ངོ་བོ་ལས་ལྡོག་པ་དང་ལྡན་པའི་རང་བཞིན་
ལས་ཐ་མི་དད་པའི་རྫས་ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །ཡང་ན་གང་རྗེས་སུ་འགྲོ་བའི་བདག་ཉིད་ཅན་གྱི་གཟུགས་ལས་ཐ་མི་དད་པའི་ཕྱིར་དེ་ནི་རྗེས་སུ་འགྲོ་བའི་བདག་ཉིད་ཁོ་ན་སྟེ། རྫས་ཀྱི་རང་བཞིན་ནོ། །རྗེས་སུ་འགྲོ་བའི་བདག་ཉིད་ཅན་གྱི་ངོ་བོ་ལས་ཐ་མི་དད་པའི་
རང་བཞིན་གྱི་བདེ་བ་དང་། སྡུག་བསྔལ་ལ་སོགས་པའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་དུ་ཆོས་འགལ་བའི་གནོད་པ་ཡོད་པར་གྱུར་ན་ཡང་དབྱེ་བ་མེད་པ་ཡིན་ཏེ། དབྱེ་བ་མེད་པའི་ཕྱིར་དབྱེ་བ་ཡང་ཡོད་པར་མི་འགྱུར་ཏེ། དབྱེ་བ་དང་དབྱེ་བ་མེད་པའི་ཐ་སྙད་དུ་རྒྱུན་
ཆད་པས་འགྲོ་བ་རྣམས་ཀྱང་འཇུག་པ་དང་ལྡོག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ལྡོག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་དང་བྲལ་བ་སྔོན་དང་ཕྱི་མའི་རང་བཞིན་གྱིས་དབེན་པ། ད་ལྟར་བྱུང་བ་ཙམ་གྱི་དངོས་པོ་ཉེ་བར་འཛིན་པ།

རང་རིག་པའི་བདག་ཉིད་ནི་མངོན་སུམ་ཞེས་བྱ་བས་བདག་མེད་པ་མངོན་སུམ་དུ་གྲུབ་པ་ཡིན་ནོ། །མངོན་སུམ་གྱིས་གྲུབ་ཀྱང་རྗེས་སུ་དཔག་པ་ཉེ་བར་འགོད་པ་ནི་བདག་མེད་པ་རྣམས་ལ་ཕ་རོལ་པོ་རྣམས་ཀྱི་རང་གི་བྱ་བས་རྒོལ་བ་རྣམས་བཟློག་པའི་ཕྱིར་ཡིན་པས་འདི་
ལ་མངོན་པར་ཞེན་པར་མི་བྱའོ་སྙམ་དུ་དགོངས་པའོ། །བདག་ཏུ་ལྟ་བ་མཐུག་པོ་འཛིངས་པའི་ནང་དུ་ཞུགས་པའི་མུ་སྟེགས་ཚད་མ་ངན་པའི་རླུང་གིས་ཤིང་བལ་བཞིན་བདས་ལ། ཞི་ཤེས་བྲག་རི་ཕྱེ་མར་རློག་པའི་ཐོག་ལྷུང་བས། །བྱེ་མར་བརླག་པས་ཕྱིས་འབྱུང་བར་ནི་ག་ལ་འགྱུར། །དེ་ལྟར་
ན་ཆོས་ཐམས་ཅད་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པའོ་ཞེས་བཤད་པ་ཡིན་ནོ། །གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཕྱི་རོལ་གྱི་དངོས་པོའི་དོན་མེད་པ་དང་། བདག་མེད་པས་བདག་མེད་པ་རྣམ་པར་གཞག་པ་ཡིན་ན་ཡང་། དེ་ལྟར་ན་ཡང་
གང་ཟག་ལ་བདག་མེད་པ་ཡིན་གྱི། ཆོས་ཐམས་ཅད་ལ་བདག་མེད་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་ཆོས་སུན་མ་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐེ་ཚོམ་དང་བྲལ་བའི་གཟོད་མ་ནས་ནི་སྟོང་ཞིང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གཟོད་མ་ནས་ཞི་བ་དང་མ་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་
པ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་མ་སྐྱེས་པས་ན་གཟོད་མ་ནས་ཞི་བའོ། །ཇི་ལྟར་ཕྱི་རོལ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མ་སྐྱེས་པའི་ཕྱིར་གཟོད་མ་ནས་ཞི་བ་ཞེས་བྱའོ། །ཕུང་པོ་ལྔ་སྟོང་པ་ཉིད་
དུ་བསྒྲུབས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒྲུབ་པ་ཡིན་པའི་ཕྱིར་དེས་ན་གང་ནས་ཀྱང་འོངས་པ་མེད། གར་ཡང་སོང་བ་མེད། གང་དུ་ཡང་གནས་པ་མེད་པ་སྟེ། རང་བཞིན་གྱིས་གནས་པ་མེད་པའི་ཕྱིར་རོ། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཅེས་བྱ་བ་ལ། སྙིང་པོ་མེད་པ་སྟེ།
ཐམས་ཅད་དུ་ཕྱི་དང་། ནང་གི་དངོས་པོ་རྣམས་ལ་བདག་ལ་སོགས་པའི་སྙིང་པོར་གྱུར་པའི་རྫས་ཅི་ཡང་མེད་པའོ། །སྒྱུ་མའི་རང་བཞིན་ཏེ། གཟུགས་བརྙན་ཙམ་གྱི་བྱིས་པ་རྣམས་རྣམ་པར་རྨོངས་པར་བྱེད་དོ། །དོན་དམ་པར་ནི། ཐམས་ཅད་དག་ཅིང་རྣམ་དག་ནམ་མཁའ་བཞིན། །ཞེས་

བྱ་བ་ནི་དག་པ་སྟེ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་སྤྲིན་དང་། ཁུག་རྣ་ལ་སོགས་པ་ལྟ་བུ་དང་བྲལ་བས་ཆོས་ཐམས་ཅད་རྣམ་དག་ནམ་མཁའ་བཞིན་ཞེས་བྱ་བའོ། །མི་སྔོ་མི་སེར་དཀར་པོ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། སྔོན་པོ་དང་། སེར་པོ་དང་། དཀར་པོ་ལ་སོགས་
པའི་ཁ་དོག་དང་བྲལ་བའི་ཕྱིར་ཏེ། སྔོན་པོ་ལ་སོགས་པའི་ཡོན་ཏན་ནི་རྫས་ལ་བརྟེན་པའི་ཕྱིར་རྫས་ཀྱི་རང་བཞིན་མེད་ན་དེ་ལ་བརྟེན་པ་རྣམས་ཤིན་ཏུ་ཡང་རིང་ཐུང་མེད་པ་ཁོ་ནའོ་ཞེས་བྱ་བས་མིང་འབའ་ཞིག་ཙམ་མོ། །དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་
ཡང་མི་དམིགས་ཞེས་བྱ་བ་ལ་སོགས་པས་སུན་ཕྱུང་བ་ཉིད་ཡིན་ནོ། །དེའི་ཕྱིར་སེམས་ནི་དབེན་ཞིང་སྟེ། སེམས་ཀྱིས་བསམ་པར་བྱ་བ་མ་ཡིན་པའོ། །ཐམས་ཅད་སྒྲ་དང་བྲལ་བ་ནི་བརྗོད་དུ་མེད་པའོ། །སྐད་ཅིག་སྟེ་བརྡར་བྱ་བ་ཡོད་པ་མ་ཡིན་པས་ཕྱི་དང་ནང་གི་བདག་ཉིད་ཐམས་ཅད་སྒྲ་
དང་བྲལ་བའོ། །བཤད་པ་ན་ཡང་ཡི་གེ་འཕོ་བ་མེད། །ཅེས་བྱ་བ་ལ་སོགས་པ་ལ་བཤད་ཀྱང་རུང་། མ་བཤད་ཀྱང་རུང་། ཡི་གེ་རྣམས་ལ་འཕོ་བ་མེད་པ་སྟེ། གཞན་དུ་འགྲོ་བ་ཡང་མེད་པ་ཞེས་བྱ་བས་ཡུལ་གཞན་དུ་འགྲོ་ཡང་རུང་། མི་འགྲོ་ཡང་རུང་། བཤད་ཀྱང་རུང་། མ་བཤད་ཀྱང་རུང་
བར་ཡི་གེའི་ངོ་བོ་ནི་མི་ཟད་པར་བསྟན་པ་ཡིན་ནོ། །དེ་ལྟར་ན་གང་གིས་ཡི་གེའི་རང་བཞིན་མི་ཟད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེ་ནི་མི་ཟད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྱུར་རོ། །སངས་རྒྱས་བརྒྱ་སྟོང་དག་ནི་གང་འདས་པ། །ཞེས་བྱ་བ་ལ་སོགས་པ་
ལ། གང་སངས་རྒྱས་བརྒྱ་སྟོང་གྲངས་མེད་པ་འདས་པ་རྣམས་ཀྱིས་ཆོས་བརྒྱ་སྟོང་ཕྲག་མང་པོ་རབ་ཏུ་བསྟན་ཀྱང་ཆོས་དང་ཡི་གེ་ལ་ཟད་པ་ཡོད་པ་མ་ཡིན་ཏེ། སྐྱེས་པ་མེད་པ་ལ་འགགས་པ་ཡང་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཇི་ལྟ་བུ་ནི་སྔར་བསྟན་པ་ཡིན་ནོ། །མདོ་སྡེ་བརྒྱ་སྟོང་དག་ནི་བཤད་
བྱས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་དཔག་ཏུ་མེད་པ་གདུལ་བྱ་རྣམས་དང་མཐུན་པར་བཤད་ཀྱང་ཆོས་ཐམས་ཅད་ཡི་གེ་མེད་པར་ཡང་ཤེས་ལ་རྣམ་པར་རྟོག་པས་དེ་ལ་ཆགས་པར་ཡང་མི་འགྱུར་རོ། །བདག་མེད་པ་དང་། སེམས་ཅན་མེད་པ་ལ་སོགས་པའི་ཆོས་བསྟན་ཀྱང་ཟད་

པར་མི་འགྱུར་ཏེ་ཉམས་པ་མེད་པའོ། །མཁས་པ་དེ་ནི་ཚིག་ཀུན་སྨྲ་བྱེད་ཀྱང་། །ཞེས་བྱ་བ་ལ། སྐད་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ངེས་པའི་ཚིག་བསྒྲུབས་པས་ཆོས་སྟོན་ཀྱང་དེའི་སེམས་འཕྲོག་པར་ཡང་མི་འགྱུར་རོ། །དེ་སེམས་ཅན་ཐམས་ཅད་ལ་
གནས་པ་མེད་པའི་ཕྱིར་རོ། །ཚིག་རྣམས་ཐམས་ཅད་རི་ཡི་བྲག་ཅ་བཞིན། །ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཐམས་ཅད་ནི་རིའི་གཅོང་རོང་དང་ཕུག་གི་ནང་གི་བྲག་ཅ་དང་འདྲ་བས་རང་བཞིན་མེད་པའོ་ཞེས་བྱ་བར་ཤེས་ནས་དེ་དང་དེ་ལ་མངོན་པར་ཞེན་པ་མི་འབྱུང་ཞིང་ཆགས་པར་མི་འགྱུར་རོ། །ཚིག་
དེས་ནི་ཞེས་བྱ་བ་ནི་སྒྲ་གང་དག་གིས་ཆོས་ཐམས་ཅད་ཡོངས་སུ་བསྒྲགས་ཀྱང་དེའི་སྐད་ཅིག་མ་ཡིན་པའི་ཕྱིར་བརྟན་པ་མ་ཡིན་ནོ། །ཇི་ལྟར་སྒྲ་སྐད་ཅིག་མ་ཡིན་ཞིང་མི་བརྟེན་པ་ལྟར་ཆོས་ཐམས་ཅད་མི་བརྟན་པ་ཉིད་དོ། །མཚན་མེད་ནི་མཚན་ཉིད་དང་མཚོན་པར་བྱ་བ་དང་བྲལ་བ་ཉིད་
དོ། །དབེན་པ་ནི་དབེན་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པའོ། །རྣམ་པར་དག་པའི་ཕྱིར་སྟོང་པའོ་ཞེས་བསྟན་པར་འོས་པ་ཡིན་ནོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་དབྱེ་བའི་རྣམ་པར་རྟོག་པ་དྲང་སྲོང་དེ་དག་སྟེ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་
ཆེན་པོ་རྣམས་ལ་མེད་པའོ། །དེ་འགྲོ་བ་ཐམས་ཅད་དུ་སྐྱེས་པར་གྱུར་པའི་སེམས་ཅན་རྣམས་འདུལ་བ་ལ་མཁས་པ་ཡིན་ནོ། །འདུས་མ་བྱས་པའི་འགྲོ་བའི་འགྲོ་བར་གྱུར་པས་ལྟ་བས་བྱས་པའི་ཉོན་མོངས་པའི་འདམ་ཐམས་ཅད་ལས་བརྒལ་བའོ། །ཏིང་ངེ་འཛིན་ལ་དབང་བར་གྱུར་པས་
འབད་པ་མེད་པ་ཉིད་དུ་འགྲོ་བའི་དོན་སྒྲུབ་པར་བྱེད་པའི་ཚིག་གི་རང་བཞིན་ཤེས་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་མངོན་པར་ཤེས་པ་ལྔ་ངེས་པར་བསྒྲུབས་ནས་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ་སོ་ཡང་དག་པར་རིག་པ་ལ་འཇུག་ཅིང་མངོན་པར་བསྒྲུབས་ནས་ངེས་པའི་ཚིག་གིས་ངག་གི་སྤྱོད་
ཡུལ་ཐམས་ཅད་ལས་འདས་པ་ཞི་བ་རབ་ཏུ་ཞི་བ་སྟོན་ཏོ་ཞེས་བྱ་བ་ཡིན་ནོ། །བཏགས་པ་ཙམ་དུ་བཏགས་ནས་བརྗོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། ཁམས་གསུམ་པ་ཐམས་ཅད་སེམས་དང་སེམས་ལས་བྱུང་བས་བརྟགས་པ་ཡིན་པས་བརྟགས་པ་ཙམ་ཞེས་བརྗོད་དོ། །དེ་ནི་བརྟགས་པ་ཙམ་

ཉིད་ཡིན་པའི་ཕྱིར་རྫས་ནི་ཕྲ་མོ་ཙམ་ཡང་ཡོད་པ་མ་ཡིན་ནོ། །གཞན་གྱི་དབང་གང་ཡིན་པ་དེ་ལ་ནི་མཐའ་མེད་དེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་སྟོང་པའི་ཕྱིར་སྐྱེ་བ་དང་འཇིག་པའི་ངོ་བོས་སྟོང་པ་ཉིད་ཀྱི་དབུས་ཀྱང་མེད་པའོ་ཞེས་བྱ་བས། འཁོར་བ་ལ་ནི་མཐའ་མ་མི་རྙེད་དེ། །ཞེས་བྱ་བ་བཤད་པ་ཡིན་
ནོ། །ཡོངས་སུ་གྲུབ་པ་ཡང་། གང་དག་སྔོན་བྱུང་མཐའ་ནི་མཚན་ཉིད་མེད། །ཅེས་བྱ་བ་ལ་སོགས་པ་ལ་སྔོན་གྱི་མཐའ་ནི་རྒྱུ་སྟེ། སྐྱེ་བའི་མཐའ་ཉིད་མེད་པས་མཚན་ཉིད་མེད་པའོ། །དེ་ལ་ལྟོས་ནས་མ་འོངས་པ་དང་། ད་ལྟར་གྱི་མཚན་ཉིད་ཀྱང་མེད་པའོ། །དེའི་ཕྱིར་ཀུན་བརྟགས་
པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་སྨྲ་བ་སུན་ཕྱུང་ནས་དབུ་མ་ཉིད་དུ་བསྒྲུབ་པ་ནི་ཆོས་རྣམས་སྟོང་པ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དགེ་བ་དང་། མི་དགེ་བའི་ལས་དང་། དེའི་འབྲས་བུ་རྣམ་པར་གཞག་པ་ཇི་
ལྟར་གྲུབ་ཅེ་ན། བརྗོད་པར་བྱའོ། །དགེ་བ་དང་། མི་དགེ་བའི་ལས་དང་འབྲས་བུ་རྣམ་པར་གཞག་པ་ནི་རྨི་ལམ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་གསུངས་ལ། ལས་དང་བྱ་བས་དེ་ལྟར་ཞུགས་གྱུར་ཏེ། །ཞེས་བྱ་བ་ནི་དམན་པ་དང་། རབ་དང་། བར་མའི་དབྱེ་བས་འབྲས་བུ་མྱང་བར་འགྱུར་བའི་
དབྱེ་བ་ཡང་འབྱུང་བར་འགྱུར་རོ། །ཆོས་རྣམས་རྟག་ཏུ་དབེན་ཞིང་རང་བཞིན་སྟོང་། །ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་སོགས་པས་སྟོང་པ་ཇི་ལྟར་ས་བོན་དང་། མྱུ་གུ་དང་། འཁྲི་ཤིང་ལ་སོགས་པའི་རྒྱུ་དང་འབྲས་བུ་ཡང་དམིགས་པ་ཡིན་ནོ། །དེ་དང་འདྲ་བར་ནང་གི་བདག་ཉིད་ཀྱི་ལུས་ཀྱི་
མིག་ལ་སོགས་པ་ཡང་བལྟའོ་ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་སོ། །ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ནི་ཀུན་རྫོབ་ཅེས་བྱ་བའི་སྒྲས་བརྗོད་དོ། །དོན་དམ་པར་ནི་བརྗོད་དུ་མེད་པ་ཞེས་
བྱའོ། །འགྲོ་བ་ཀུན་གྱི་མཚན་ཉིད་དེ་འདྲའོ། །ཞེས་བྱ་བ་ལ། འདུས་བྱས་དང་འདུས་མ་བྱས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་མཚན་ཉིད་འདི་ཉིད་དོ། །ལས་དཀར་ནག་གི་འབྲས་བུ་བདག་ཉིད་ཀྱིས་བྱས་པ་རྣམས་རྒྱུད་གཅིག་ཏུ་མངོན་པར་ཞེན་པས་ཉམས་སུ་མྱོང་བར་འགྱུར་བས་

འབྲས་བུ་རྒྱུ་མེད་པ་ཡང་མ་ཡིན་ཏེ། ལས་དང་རྗེས་སུ་མཐུན་པའི་འབྲས་བུ་ཡོད་པའི་ཕྱིར་རོ། །སྲིད་པ་ཐམས་ཅད་སྒྱུ་མ་དབང་མེད་པ། །ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོར་བརྟགས་པའི་སོ་སོར་ངེས་པར་སྣང་བའི་རྒྱུ་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་འདྲ་བ་བརྫུན་པ་སྟོང་པའོ་
ཞེས་བསྟན་པ་ཡིན་ནོ། །དངོས་པོ་རྣམས་འདི་ལྟ་བུ་ཤེས་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་ཏེ། ལྷག་པའི་ཤེས་རབ་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་བཟོད་པའི་སྟོབས་དང་ལྡན་པའི་ཕྱིར་ཅུང་ཟད་ཙམ་ལ་ཡང་རྟོགས་པར་མི་བྱེད་དོ། །བྱང་ཆུབ་
སེམས་དཔའ་རྟག་ཏུ་སེམས་མཉམ་པར་གཞག་པ་ནི་མཉམ་པར་གཞག་པ་ཞེས་བྱའོ། །རྒྱལ་པོ་དེས་ནི་ཇི་ཙམ་ཆོས་རིག་པ། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་དེས་དོན་དང་། ཚིག་དང་བཅས་པ་ཐམས་ཅད་འཛིན་པར་ནུས་
ཤིང་བརྗོད་པར་ཡང་མི་འགྱུར་རོ། །དོན་ཇི་ལྟ་བ་བཞིན་ངེས་པར་རྟོགས་པས་རྒྱལ་པོ་དེ་འཁོར་དང་བཅས་པ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་མ་ཉམས་པར་བསྲུངས་སོ། །རྒྱལ་པོའི་བུ་རྣམས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས་ལེགས་པར་གསུངས་པ་ལ་མངོན་པར་དགའ་ནས་ཡིད་རབ་ཏུ་མགུ་བས་བདེ་
བར་གཤེགས་པ་སྲས་དང་བཅས་པ་ལ་ཕྱག་འཚལ་ནས་ཏིང་ངེ་འཛིན་རབ་ཏུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པར་གྱུར་ཏོ་ཞེས་གསུངས་པ་ཡིན་ནོ། །དེར་ཡང་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་དག །ཅེས་བྱ་བ་ལ་སོགས་པ་ལ། དེར་ཆོས་བསྟན་པས་སྐྱེ་བ་མེད་པའི་ཆོས་ལ་
བཟོད་པ་སོ་སོར་ཐོབ་པར་གྱུར་ཏོ་ཞེས་བྱ་བར་འབྲེལ་ཏོ། །ཆོས་ཀྱི་རང་བཞིན་བཟང་པོ་འདི་ཐོས་ནས། །ཞེས་བྱ་བ་ལ། ཆོས་ཀྱི་རང་བཞིན་ཟབ་མོ་འདི་ཐོས་ནས་ཏིང་ངེ་འཛིན་ཡང་དག་པ་འདི་དོན་དམ་པ་སྟེ། ཕྱིན་ཅི་མ་ལོག་པའི་བདེན་པ་འདི་བཅོམ་ལྡན་འདས་ཀྱིས་ངེས་པར་བསྟན་ཏོ་ཞེས་
བྱ་བའོ། །ཇི་ལྟ་བུའི་མི་སྐྱེ་བ་ཞིག་ཅེ་ན། སྐྱེས་བུ་ལ་ནི་སྐྱེ་དང་འགག་པ་མེད། །ཅེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་སྟེ་བདག་ལ་སྐྱེ་བ་དང་འགག་པ་མེད་པའོ། །དེ་བཞིན་ཆོས་འདི་སྟེ་གཞན་དག་ཀྱང་རྟག་ཏུ་སྔ་ནས་ཏེ་ཐམས་ཅད་དུ་གཟོད་མ་ནས་དབེན་པ་དང་ཞི་བ་ནི་མི་སྐྱེ་བའི་ཆོས་

ཞེས་བྱའོ། །དེ་ལྟ་བུའི་ཆོས་ཀྱི་རང་བཞིན་ངེས་པར་རྟོགས་ནས་རྒྱལ་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པས་རྒྱལ་སྲིད་ཡོངས་སུ་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །བུ་དང་བཅས་པའི་འཁོར་གཞན་
དེའི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་འདོད་པས་དེའི་རྗེས་སུ་རབ་ཏུ་བྱུང་བར་གྱུར་ཏོ། །ལོ་ནི་བརྒྱ་ཕྲག་ཉི་ཤུ་ཡོངས་ཚང་བར། །ཞེས་བྱ་བ་ལ་སོགས་པས་ནི་ཆོས་རབ་ཏུ་བསྟན་པ་དང་། ཐོས་པའི་དུས་ངེས་པར་བསྟན་པ་ཡིན་ནོ། །དེ་ནས་དུས་ཀྱང་གཞན་དུ་གྱུར་པའི་ཚེ། །ཞེས་བྱ་བ་ལ་སོགས་པ་ལ། དེ་
བཞིན་གཤེགས་པ་དེ་ཡང་མྱ་ངན་ལས་འདས། ཉན་ཐོས་རྣམས་ཀྱང་མྱ་ངན་ལས་འདས་ནས་དེའི་ཆོས་ཉམ་ཆུང་བར་གྱུར། ཡོངས་སུ་འཛིན་པ་ཡང་ཉུང་བར་གྱུར་པ་ན་རྒྱལ་པོ་དེའི་བུ་རྒྱལ་ཚབ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་དད་པར་གྱུར་པ་ཅིག་བྱུང་བ་དེའི་ཁབ་ཏུ་རྟག་ཏུ་འོང་བའི་དགེ་སློང་
ཞིག་ཡོད་པ་དེས་ཏིང་ངེ་འཛིན་འདི་རབ་ཏུ་བསྟན་ཏོ། །ཡང་དག་པར་བཤད་དོ། །དེ་ཡང་ཡིད་དུ་འོང་བ་ཤིན་ཏུ་འཇམ་པ་སྙན་པར་སྨྲ་བའོ། །སྔོན་གྱི་འབྲེལ་པར་གྱུར་པའི་ལྷ་ཞིག་རྟག་ཏུ་དེའི་བསྔག་པ་རྗོད་པར་བྱེད་དོ། །དེ་ཡང་དྲན་པ་དང་། བློ་གྲོས་དང་རྟོགས་པ་དང་། བསྟན་པ་ཕུན་སུམ་ཚོགས་པའི་
ཕྱིར་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཚིག་གིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ལ་མཁས་པས་ཆོས་གོས་དང་། ལྷུང་བཟེད་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་མང་དུ་རྙེད་པ་དང་ལྡན་པས་གྲགས་པ་དང་ལྡན་པའི་འོད་ཀྱིས་
ཕྱོགས་ཐམས་ཅད་དུ་ཁྱབ་པའི་འོད་འདི་ལ་ཡོད་པས་དགེ་སློང་དེའི་མིང་སྙན་པའི་འོད་ཅེས་བྱའོ། །གཞན་དགེ་སློང་མང་པོས་དེའི་བསོད་ནམས་ཀྱི་སྟོབས་མ་བཟོད་ནས་དམིགས་པའི་ལྟ་བ་ཅན་དེ་དག་ལ་ཕྲག་དོག་གི་མཚོན་རྣོན་པོ་སྙིང་ལ་ཕོག་པར་གྱུར་པས་དེ་མ་དད་པའི་སེམས་སྐྱེས་པར་གྱུར་ཏོ། །
དགེ་སློང་དེ་ཡང་བསོད་ནམས་དང་། ཡེ་ཤེས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་ཐམས་ཅད་ལས་འཕགས་པར་གྱུར་ཅིང་། འཇིག་རྟེན་ཐམས་ཅད་ཀྱི་མིག་འཕྲོག་པར་བྱེད་པ་མཆོད་པར་བྱེད་པའི་དགེ་སློང་ཆོས་སྨྲ་བ་དེ་ལ་དགེ་སློང་གཞན་དག་གདུག་པའི་སེམས་

སྐྱེས་པར་རིག་ནས་ཆོས་སྨྲ་བ་དེ་བསྲུང་བའི་ཕྱིར་གོ་ཆ་དང་། ཡ་ལད་ལེགས་པར་བགོས་ལ། ལག་ན་མཚོན་སྣ་ཚོགས་ཐོགས་པ་སྐྱེས་བུ་རྣམས་ལ་བཀའ་སྩལ་པས་དེ་བསྐོར་ནས་དོགས་པ་དང་། བག་ཚ་བ་དང་བྲལ་བས་སྟོང་པ་དང་། མཚན་མ་མེད་པ་དང་། དོན་དམ་པ་
མྱ་ངན་ལས་འདས་པ་རབ་ཏུ་སྟོན་པའི་ཆོས་རབ་ཏུ་སྟོན་ཏོ། །དམིགས་པའི་ལྟ་བ་ཅན་གང་དག་ཡིན་པ་དེ་དག་ནི་སྟོང་པ་ཉིད་བསྟན་པ་ལ་སྤྲོ་བ་མེད་དོ། །དགེ་སློང་དག་ནི་ལག་ན་མཚོན་ཐོགས་འོངས། །ཞེས་བྱ་བ་ལ་སོགས་པ་ལ། རང་དང་རྗེས་སུ་མཐུན་པའི་ཆོས་སྟོན་པར་བྱེད་པ་དགྲ་འདི་
གསད་པར་བྱ་བའི་ཕྱིར་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པས་འབྲེལ་པའི་ལག་པ་དང་བཅས་པས་ལངས། དགེ་སློང་འདི་ནི་ཆོས་མིན་རབ་སྟོན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། དགེ་སློང་འདི་ནི་བདག་ཅག་གི་འདོད་པ་དང་མི་མཐུན་པའི་ཕྱིན་ཅི་ལོག་གི་ཆོས་སྟོན་གྱིས་འདི་
བསད་ན་བསོད་ནམས་ཉིད་མང་དུ་འཕེལ་བར་འགྱུར་གྱིས། བདག་ཅག་ལ་བསོད་ནམས་མ་ཡིན་པར་ནི་མི་འགྱུར་རོ་ཞེས་ངེས་པར་བསམས་ནས་བརྡེག་པར་བརྩམས་པ་དང་། མཐོང་ནས་དགེ་སློང་མཚོན་གྱིས་མི་འཇིགས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། མཚོན་ཆ་སྣ་ཚོགས་རྡེག་
པར་བྱེད་པ་དེ་དག་མཐོང་བ་ཡང་འཆི་བའི་འཇིགས་པ་མེད་པས་བག་ཚ་བ་ཅི་ཡང་མེད་ཀྱིས་སྟོང་པ་ཉིད་རྗེས་སུ་དྲན་ཞིང་། གང་བསད་པ་དང་། གང་གིས་གསོད་པ་དང་། ཅིས་གསོད་པ་དེ་དག་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་བསད་དུ་མེད་དེ། འཆི་བར་འགྱུར་བ་ཡང་མེད་པའི་ཕྱིར་སུ་ཞིག་འཆི་བར་
འགྱུར་ཞེས་ངེས་པར་སེམས་པའི་བློས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་བདེན་པའི་བྱིན་གྱི་རླབས་རྩོམ་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་བདེན་པ་དང་། བདེན་པའི་ཚིག་འདིས་མཚོན་ཆ་འདི་དག་མནྡཱ་ར་བའི་མེ་ཏོག་ཏུ་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་ངོ་
མཚར་རྨད་དུ་བྱུང་བའི་ལྟས་བྱུང་བར་གྱུར་ཏེ། མཚོན་ཆ་དེ་དག་ཀྱང་མེ་ཏོག་མནྡཱ་ར་བར་གྱུར། རི་དང་ནགས་ཚལ་དང་བཅས་པའི་ས་ཆེན་པོ་ཡང་གཡོ་བར་གྱུར་ཏོ། །མཚོན་ཆ་འཛིན་པའི་དགེ་སློང་དེ་དག་ཀྱང་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཡང་དེ་དང་ཉེ་བར་འགྲོ་བར་མ་ནུས་སོ། །སུ་དག་ཐུབ་

དབང་ལ་ནི་དད་མོས་ཤིང་། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གང་དག་སྟོང་པ་ཉིད་ལ་མོས་པ་དེ་དག་ནི་ཐུབ་པའི་དབང་པོ་དེ་ལ་དད་ཅིང་མོས་པར་གྱུར་ཏེ། དེ་དག་ཨ་ལ་ལ་སྟོང་བརྗོད་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་ལ་ཞེས་བྱ་བ་ནི་སྡིག་པ་ཅན་ལ་སྨད་པས་དགེ་སློང་སྡིག་པ་ཅན་གྱི་
སྤྱོད་པ་སྨད་པ་དང་། ཆོས་སྨྲ་བ་ལ་སེམས་དང་བ་བསྐྱེད་པས་ལན་སྟོང་སྙེད་བརྗོད་པའོ། །རས་བཅོས་བརྒྱ་ཡིས་དགེ་སློང་མངོན་པར་གཡོགས། །ཞེས་བྱ་བ་ལ། ཆོས་སྨྲ་བའི་དགེ་སློང་དེ་རང་བཞིན་གྱིས་བཟང་བ་ཉིད་དང་། བདག་ཉིད་ཀྱིས་བྱམས་པ་ཆེན་པོའི་བདག་ཉིད་ཅན་
དུ་གསལ་བར་བསྟན་པའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་མདུན་དུ་ཚིག་འདི་སྐད་ཅེས་རྗོད་པར་བྱེད་དོ། །སེམས་ཅན་སུ་དག་ང་ལ་སྡང་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ལ། གང་དག་བདག་གསད་པར་བྱ་བའི་ཕྱིར་སྡང་བའི་སེམས་ཀྱིས་ཞུགས་པ་དེ་དག་ངེས་པར་མནར་མེད་པར་
འགྲོ་བར་འགྱུར་བས་དེ་དག་གཟུང་བར་བྱ་བའི་ཕྱིར་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་བླང་བར་བྱའི། གཞན་གྱིས་ནི་གཟུང་བར་ནུས་པ་མ་ཡིན་ནོ་ཞེས་སྨྲས་ནས། དགེ་སློང་དེས་ལོ་བརྒྱད་ཅུར་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྟོང་པ་ཉིད་ཀྱི་མཛོད་བཤད་
དོ། །དགེ་སློང་གང་དག་སྡང་བར་གྱུར་པ་དེ་དག་ནི་ཕམ་པར་གྱུར་ཅིང་འཇིག་རྟེན་ཐམས་ཅད་ཀྱིས་སྨད་ཅིང་བརྙས་པར་གྱུར་ཏོ། །དགེ་སློང་དེ་ནི་གཞན་དག་གཤེ་བའི་ཚིག་དྲག་པོ་མཚོན་ཆ་དང་འདྲ་བས་སྣད་ཅིང་ཞེར་འདེབས་པར་བྱེད་ཀྱང་དགེ་སློང་སྡིག་པ་ཅན་གྱི་ཡུལ་དེ་དག་ལ་ཡང་
བཟོད་པ་ལ་གོམས་པའི་སྟོབས་ཀྱིས་བཞིན་གྱི་པདྨའི་མདངས་གཞན་དུ་གྱུར་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ནས་དགེ་སློང་དེ་ལ་རྒྱལ་པོའི་བུ་བསོད་ནམས་བློ་གྲོས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་གིས་སློབ་དཔོན་དེ་ལ་གང་སུ་དག་གིས་ཡིད་མི་བདེ་བའི་རྒྱུ་སེམས་ལ་གནོད་པ་ཅི་ཞིག་མ་བྱས་སམ་
ཞེས་སྨྲས་པ་དང་། བཟོད་པ་ལ་གོམས་པར་བྱས་པའི་སྟོབས་ཀྱིས་སེམས་འཁྱམས་པ་ཆེན་པོ་ཤིན་ཏུ་བརྟན་པ་རིང་དུ་གོམས་པར་གྱུར་པས་ཁྲོ་བ་དང་འཁྲུག་པས་བསྐྱེད་པའི་གནོད་པ་མ་མཆིས་སོ་ཞེས་སོ། །གང་གིས་བསྐལ་པ་བརྒྱ་སྟོང་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བཟོད་པ་ལེགས་པར་

བསྒོམས་པའི་བདག་ཉིད་དུ་བྱས་པའི་དགེ་སློང་སྙན་པའི་འོད་ཅེས་བྱ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིན་ནོ། །གང་གིས་ཆོས་སྨྲ་བའི་དགེ་སློང་སྙན་པའི་འོད་སྲུང་བར་བྱེད་པའི་རྒྱལ་པོའི་བུ་བསོད་ནམས་བློ་གྲོས་གང་ཡིན་པ་བྱམས་པ་འདི་ཡིན་ཏེ། དེ་ཡང་དེ་བཞིན་
གཤེགས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གང་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང་ཕྱུག་ལ་མཆོད་པ་བྱས་པའི་རྒྱལ་པོ་མེ་ཏོག་མཆོག་ཅེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་ཅེས་བྱ་བར་གྱུར་ཏོ་ཞེས་ལུང་བསྟན་ཏོ། །དེ་ལྟ་བུར་
བསྐལ་པ་དཔག་ཏུ་མེད་པས་ཆོས་མཉན་པ་དང་། བསམ་པ་དང་། བསྒོམ་པས་མངོན་སུམ་དུ་བྱ་བའི་ཕྱིར་བཟོད་པ་རྣམ་པ་གསུམ་མངོན་སུམ་དུ་བྱས་སོ། །དེ་ལྟར་ངས་སྔོན་བཟོད་པའི་སྟོབས་བསྒྲུབས་པ་བཞིན་དུ་གཞོན་ནུ་ཁྱོད་ཀྱང་རྗེས་སུ་སློབས་ཤིག་ཅེས་ཟླ་འོད་གཞོན་ནུ་ལ་གདམས་པའོ། །ང་
མྱ་ངན་ལས་འདས་པར་གྱུར་ནས་དམ་པའི་ཆོས་རྣམ་པར་འཇིག་པར་གྱུར་པའི་ཚེ་མུ་སྟེགས་ཀྱི་གཞུང་ལ་བརྩོན་ཞིང་ཞེན་པའི་དགེ་སློང་མང་པོ་འབྱུང་བར་འགྱུར་ཏེ། དེ་དག་ངའི་དམ་པའི་ཆོས་སྟོང་པ་ཉིད་ལྟ་བ་ངན་པ་ཐམས་ཅད་འཇིག་པར་བྱེད་པ་འདི་སྤོང་བར་བྱེད་པར་འགྱུར་ཏེ། དེ་དག་ནི་
རྨོངས་པའི་མུན་ནག་མཐུག་པོར་ཞུགས་པས་བདག་ཉིད་ཕུང་བར་བྱས་ནས་གཞན་དག་ཀྱང་ཕུང་བར་བྱེད་པ་ཡིན་ནོ་ཞེས་བྱ་བས་དེའི་བག་ཡོད་པར་བྱའོ། །གང་ཡང་ནད་ཐམས་ཅད་ཞི་བར་བྱེད་པའི་བདུད་རྩི་འཐུང་བ་བཞིན་དུ་སྟོང་པ་ཉིད་ལ་མོས་པ་དེ་ནི་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་ཞེས་བྱའོ། །དགེ་སློང་གི་
དངོས་པོར་བསྙེན་པར་རྫོགས་ཏེ། གསོ་སྦྱོང་གི་ལས་ལ་སོགས་པ་ཡང་རུང་བ་ཁོ་ནའོ། །དེ་ལྟ་བས་ན་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བྱས་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་གྱི་ཕྱིར་ངལ་བ་མེད་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ས་རྣམས་ངེས་པར་སྒྲུབ་པར་བྱེད་པའི་དགེ་བའི་རྩ་བ་རྣམས་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །མཆོད་པ་ཐམས་ཅད་དང་། ལུགས་སྐུ་ལ་སོགས་པ་ཡང་འདི་དག་ཉིད་ཀྱི་

ཁོངས་སུ་གཏོགས་པས་མ་སྤྲོས་སོ། །གང་གི་ཚེ་སྟོང་པ་ཉིད་བསྒོམ་པས་འདོད་ཆགས་ལ་སོགས་པ་རྣམ་པར་བསལ་བར་མི་ནུས་པ་དེའི་ཚེ་འདོད་ཆགས་ལ་མི་སྡུག་པ་དང་ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་ཤེས་རབ་ནི་གཉེན་པོ་ཡིན་ནོ་ཞེས་བྱ་བས་མི་སྡུག་པ་ལ་སོགས་པ་བསྒོམ་པར་བྱ་བ་ལ་སོགས་
པ་ནི་མན་ངག་གོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །འཇིག་རྟེན་གྱི་ཆོས་བརྒྱད་རྣམ་པར་སྤངས་པའི་སེམས་ཀྱིས་ཆོས་ཉིད་ཀྱི་དེ་ཉིད་ཁོ་ན་ཉིད་རྗེས་སུ་ཚོལ་བ་ལ་གཅིག་ཏུ་མངོན་པར་ཞེན་པས་ཚུལ་བཞིན་དུ་བསྒོམས་ན་སངས་རྒྱས་ཉིད་དུ་འགྱུར་གྱི་ཚིག་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སངས་
རྒྱས་སྲས་པོ་བདེ་གཤེགས་འོད་ཀྱི་ཕྲེང་བས་ཕྲེང་བརྒྱུས་པའི། །མ་ལུས་འཁོར་ལོར་དེ་ཡི་སྙན་པའི་འོད་ཀྱིས་ཁྱབ་པར་གྱུར། བསོད་ནམས་ཡེ་ཤེས་དག་གིས་དེ་ཉིད་མ་ལུས་གསལ་བྱས་ནས། །དེ་ནི་ཡང་འདིར་ཤཱཀྱའི་མགོན་པོ་ཤིན་ཏུ་མགོན་པོར་གྱུར། །སྙན་པའི་འོད་ནི་དེ་ཉིད་ཤེས་པའི་
མཆོག །ཏིང་འཛིན་རྒྱལ་པོ་ཡོན་ཏན་ལྡན་པར་གྲགས། །སྙན་པའི་འོད་ཀྱིས་ཤིན་ཏུ་གསལ་བར་བྱས། །སྙན་པའི་འོད་འདིར་ཐུབ་པའི་དབང་པོར་གྱུར། །སྙན་པའི་འོད་ཀྱི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །།ད་ནི་བྱང་ཆུབ་སེམས་དཔའ་ལུས་དང་། ངག་དང་། ཡིད་ཀྱི་
སྡོམ་པས་བསྡོམས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྡོམ་པ་གསུམ་ལས་ངེས་པར་བྱུང་བ་ཡིན་པས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པར་འགྱུར་བས་དེ་ལ་མངོན་པར་བརྩོན་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ལུས་ཀྱི་སྡོམ་པ་ཉེ་བར་བསྟན་པའི་ཕྱིར། དེ་ནས་
བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལུས་ཀྱི་སྡོམ་པ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་པ་དང་། ཀུན་རྫོབ་པའོ། །དོན་དམ་པ་པའི་ལུས་ནི་ཆོས་ཀྱི་སྐུའོ། །དེ་མངོན་སུམ་དུ་བྱེད་པ་དང་། སྲུང་བའི་ལུས་ཀྱི་སྡོམ་པ་ཞེས་བྱའོ། །ཡང་དག་པའི་མཆོག་དང་། གཙོ་བོ་ཞེས་
བྱ་བ་ནི་སྡོམ་པ་སྟེ། ལུས་ཀྱི་སྡོམ་པའོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། ལུས་ཀྱི་སྡོམ་པ་གང་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འགྱུར་བ་དེ་ནི་ལུས་ཀྱི་སྡོམ་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་སྐུ་ཉིད་ཆོས་ཐམས་ཅད་ལ་ཆགས་

པ་མེད་པའི་ཡེ་ཤེས་སུ་གྱུར་པ་ནི་དེ་ཐོབ་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དོན་དམ་པ་པ་ཡིན་ནོ་ཞེས་བྱ་བར། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ཐོབ་པར་འགྱུར་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ངོ་བོ་ཉིད་ལོངས་རྫོགས་པ་དང་། །དེ་བཞིན་
གཞན་ནི་སྤྲུལ་པ་དང་། །ཆོས་སྐུ་ཞེས་བྱ་བ་ལ། ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུའོ་ཞེས་བསྟན་པའི་ཕྱིར། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་འཐོབ་པ་ཞེས་བྱ་བ་ལ། དེ་ལ་དང་པོར་བྱང་ཆུབ་སེམས་དཔའི་སྟོབས་བཅུ་ནི་ལྷག་པར་མོས་པའི་སྟོབས་དང་།
སོ་སོར་བརྟགས་པའི་སྟོབས་དང་། བསྒོམས་པའི་སྟོབས་དང་། བཟོད་པའི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། སྤོང་བའི་སྟོབས་དང་། སྤོབས་པའི་སྟོབས་དང་། ཐོས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། སྒྲུབ་པའི་སྟོབས་ཏེ། འདི་དག་གི་བཤད་པ་རྒྱས་པ་ནི་མཚན་ཡང་
དག་པར་བརྗོད་པའི་འགྲེལ་པ་ནས་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་
དང་། དབང་པོ་རྣམ་པ་དབྱེ་བ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་
སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །འདི་དག་གི་བཤད་པ་ཡང་། དེ་ཉིད་ནས་ཤེས་པར་བྱའོ། །མི་འཇིགས་པ་བཞི་ཞེས་བྱ་བ་ལ་བཞི་གང་ཞེ་ན། ཀྱེ་མ་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་པ་ན་ཆོས་འདི་མངོན་པར་རྫོགས་
པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་གང་གིས་ཀྱང་ཆོས་དང་ལྡན་པར་རྒོལ་བར་འགྱུར་བའི་རྒྱུ་དགེ་སྦྱོང་དང་བྲམ་ཟེའི་ནང་ནས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། འཇིགས་པ་མེད་པ་ཐོབ་

པ་འདི་ནི་དང་པོའོ། །དེ་བཞིན་དུ་བདག་ཟག་པ་ཟད་དོ་ཞེས་དམ་བཅས་པ་ན་ཟག་པ་འདི་རྣམས་ཟད་པར་མ་གྱུར་ཏོ་ཞེས་བྱ་བ་དང་། དེ་བཞིན་དུ་བདག་གིས་ངེས་པར་འབྱུང་བའི་ལམ་བསྟན་པ་ན་འདི་ནི་སྡུག་བསྔལ་ཟད་པ་ཡང་མ་ཡིན་ངེས་པར་འབྱུང་བ་ཡང་མ་ཡིན་ཞེས་ཟེར་བའི་གནས་མེད་དོ་ཞེས་བྱ་བ་དང་།
གང་ཡང་བདག་གིས་བར་དུ་གཅོད་པར་འགྱུར་བའི་ཆོས་བཤད་པ་ན་འདི་ནི་བར་དུ་གཅོད་པ་མ་ཡིན་ནོ་ཞེས་ཆོས་དང་ལྡན་པར་རྒོལ་བ་དགེ་སྦྱོང་དང་བྲམ་ཟེའི་ནང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་ཞེས་བྱ་བ་ནི་གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་
རྫོགས་པར་སངས་རྒྱས་པ་ནས་ཉེ་བར་བཟུང་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའ་འོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །ཀུན་
ཏུ་མ་བརྟགས་པའི་བཏང་སྙོམས་མི་མངའོ། །འདུན་པ་ཉམས་པ་མི་མངའོ། །བརྩོན་འགྲུས་ཉམས་པ་མི་མངའོ། །དྲན་པ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཉམས་པ་མི་མངའོ། །ཤེས་རབ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཉམས་པ་མི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་
སྔོན་དུ་འགྲོ་བ་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་
པ་དང་། མ་འོངས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་ཞེས་བྱ་བ་སྟེ། འདི་ནི་གཞོན་ནུ་ལུས་ཀྱི་སྡོམ་པ་ཞེས་བྱའོ་ཞེས་བྱ་བ་ནི། ཐམས་ཅད་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་
ལུས་ཀྱི་སྡོམ་པ་ཞེས་གཟུང་བར་བྱའོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་ནི་ལུས་ཀྱི་སྡོམ་པའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ནི་ལུས་ཀྱི་སྡོམ་པའོ། །ཆོས་དང་། དོན་དང་།

ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ནི་ལུས་ཀྱི་སྡོམ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་སྟེ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་དྲན་པ་ཉེ་བར་གཞག་པ་དང་བཞིའོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་བྱས་པ་རྣམས་སྤངས་
པ་དང་། མ་བྱས་པ་རྣམས་མི་བྱེད་པ་དང་། དགེ་བ་བྱས་པ་རྣམས་སྤེལ་བར་བྱེད་པ་དང་། མ་བྱས་པ་རྣམས་བྱེད་པ་ལ་འདུན་པ་བསྐྱེད་ཅེས་བྱ་བ་ལ་སོགས་པའོ། །འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དད་པ་དང་། བརྩོན་
འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཅེས་བྱ་བ་དབང་པོ་ལྔ་དང་། གཞན་དེ་དག་ཉིད་སྟོབས་དང་ལྡན་པར་གྱུར་པའི་སྟོབས་ལྔ་པོ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་
ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ལུས་ཀྱི་སྡོམ་
པའོ་ཞེས་བྱ་བས་ནི་དོན་དམ་པའི་ལུས་ཀྱི་སྡོམ་པ་བསྟན་ཏོ། །ད་ནི་ཀུན་རྫོབ་ཀྱི་ལུས་ཀྱི་སྡོམ་པ་བརྗོད་པར་བྱའོ། །ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་སྤོང་བར་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་སྲུང་བ་དང་། མི་དགེ་བ་
བཅུའི་ལས་ཀྱི་ལམ་རྣམ་པར་སྤོང་བ་ནི་ལུས་ཀྱི་སྡོམ་པའོ། །གཞན་ཡང་མི་དགེ་བའི་བྱེ་བྲག་རྣམས་བསྟན་པའི་ཕྱིར་སྲང་ལ་གཡོ་བྱེད་པ་དང་ཞེས་བྱ་བ་ལ། སྲང་ལ་གཡོ་བྱེད་པ་ནི་སྲང་མཐོ་དམན་དུ་བྱེད་པའོ། །ཚད་ལ་གཡོ་བྱེད་པ་ནི་བྲེ་ཕུལ་མཐོ་དམན་དུ་བྱེད་པ་ལ་སོགས་པའོ། །ནོར་ལ་གཡོ་བྱེད་པ་

ནི་བཅོས་མའི་གསེར་ལ་སོགས་པ་བྱེད་པའོ། །ཆགས་པ་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་བསླང་བའི་སེམས་ཀྱིས་བཅིངས་པ་ནི་ལྕགས་སྒྲོག་ལ་སོགས་པས་བསྡམས་པའོ། །གཟུང་བ་ནི་བཅིང་བའི་གནས་སུ་བཅུག་ནས་འཛིན་པའོ། །རྡེག་པ་ནི་དབྱིག་པ་ལ་སོགས་པས་སོ། །བསྡིགས་
པ་ནི་འདི་བཞིན་གྱིས་ཤིག །མི་བྱེད་ན་ཁྱོད་གཉེན་དང་བཅས་པ་འཆི་བར་བྱའི་ཞེས་བྱ་བ་ལ་སོགས་པས་འབྲོས་པར་རྩོམ་པའོ། །གཅད་པ་ནི་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་ལ་སོགས་པ་ལ་གཅོད་པའོ། །དབུག་པ་ནི་མདུང་ལ་བསྐྱོན་པའོ། །ཞེ་ལ་གནོན་པས་ནི་གཞན་གནོད་པ་བྱེད་
པ་ལ་མི་བཟོད་པའོ། །དེ་དག་ལས་ལྡོག་པ་ནི་ལུས་ཀྱི་སྡོམ་པའོ་ཞེས་བྱ་བའོ། །ལག་པ་རྒོད་པ་དང་རྐང་པ་རྒོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཀྱང་དོན་འདི་ཉིད་བསྟན་པ་ཡིན་ནོ། །བཤད་པ་རྣམ་པ་གཉི་ག་ཡང་ལུས་ཀྱི་སྡོམ་པ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུངས་
པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་སྡོམ་པའི་ཏིང་ངེ་འཛིན་གྱི་སྒོར་འཇུག་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བ་ནི། ཇི་ལྟར་བར་སྣང་ནམ་མཁའ་རྣམ་དག་སྟེ། །ཆོས་ཉིད་
ཀྱི་བདག་ཉིད་ཅན་གྱི་སྐུ་ནི་ཤིན་ཏུ་རྣམ་པར་དག་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལྟ་བུའི་རྣམ་པར་དག་པ་ནི་ལུས་ཀྱི་སྡོམ་པའོ། །དེ་ནི་སྒྲས་བསྟན་པར་ནུས་པ་མ་ཡིན་ཏེ། ཚིག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །ཇི་ལྟར་ལུས་ཀྱི་སྡོམ་པ་དབེན་ཞིང་སྟོང་པ་ཡིན་པ་ལྟར་ལུས་ཀྱང་
སྟོང་པ་སྟེ། ལུས་ཀྱི་མཚན་ཉིད་ནི་ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ལུས་དང་སྡོམ་པ་དག་མཚན་ཉིད་གཅིག་པའི་ཕྱིར་ཀུན་རྫོབ་ཏུ་ནམ་མཁའ་ཞེས་གདགས་པའི་ཐ་སྙད་ཀྱིས་འཇུག་པར་འགྱུར་རོ། །དེ་བཞིན་དུ་ལུས་དང་། སྡོམ་པ་ཞེས་བྱ་བའི་གདགས་པའི་ཐ་སྙད་ཀྱང་འཇུག་
པར་འགྱུར་རོ་ཞེས་བྱ་བའོ། །སྡོམ་པའི་མཚན་ཉིད་དེ་འདྲར་སུས་ཤེས་པ། །ཞེས་བྱ་བ་ལ་སོགས་པ་ལ། སྡོམ་པའི་མཚན་ཉིད་འདི་ལྟ་བུ་སུས་ཤེས་པ་དེ་ལ་སྡོམ་པ་ནམ་ཡང་མེད་མི་འགྱུར་ཏེ། ནམ་ཡང་སྡོམ་པ་ལས་མ་གཏོགས་པའི་སྡོམ་པ་མ་ཡིན་པ་རྗེས་སུ་མི་དམིགས་པའི་ཕྱིར་རོ། །

ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ཐོབ་པའི་ཟག་པ་མེད་པ་ལ་ཉོན་མོངས་པའི་འཇུག་པ་འབྱུང་བར་ག་ལ་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་དུ་གྱུར་པས་ནི་ལུས་ཀྱི་སྡོམ་པ་འདི་མངོན་དུ་ཤེས་པར་མི་ནུས་ཏེ། འདོད་ཆགས་ལ་སོགས་
པ་དང་འགལ་བ་ཡིན་པའི་ཕྱིར་ལྷན་ཅིག་གནས་པ་འགལ་བ་བཟློག་པར་དཀའ་བ་ཡིན་ནོ། །ཟག་པ་མེད་པའི་ལུས་ཀྱི་སྡོམ་པ་གང་གིས་ཤེས་པ་དེ་ནི་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བར་མི་འགྱུར་རོ། །ཉོན་མོངས་པ་དང་བྲལ་བར་གྱུར་ཀྱང་སྨོན་ལམ་གྱི་དབང་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་
པ་ལ་ནི་འགལ་བ་མེད་དོ། །དགྲ་བཅོམ་པ་ཡི་ཆོས་ནི་དེ་འདྲ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དགྲ་བཅོམ་པ་རྣམས་ལས་དང་ཉོན་མོངས་པའི་དབང་གིས་ལེན་པར་མི་འགྱུར་བ་བཞིན་དུ་གང་དག་ཁམས་གསུམ་ལ་ཆགས་པ་མེད་པ་དེ་དག་ཀྱང་དེ་བཞིན་ཏེ། དེས་ལུས་ཀྱི་སྡོམ་པ་ཤེས་པ་ཞེས་
བྱའོ། །ལུས་ཀྱི་སྡོམ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་དོན་དམ་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡང་དག་པ་གང་ཡིན་པ་ནི་ཡོངས་སུ་གང་བའི་ཕྱིར་རབ་ནི་མཆོག་སྟེ་སྡོམ་པ་ཞེས་བྱའོ། །དོན་དམ་པར་ནི་ཚིག་གིས་
བརྗོད་དུ་མེད་པས་ཇི་ལྟར་བཤད་པར་ནུས་ནས། ཇི་ལྟར་ལུས་ཀྱི་སྡོམ་པ་ཞེས་བྱ་ཞེ་ན། གསུངས་པ། དོན་ལ་ཞུགས་ལ་ངས་ནི་དོན་བསྟན་ཏེ། །ཞེས་བྱ་བ་ལ། ཀུན་རྫོབ་ཀྱང་རང་གི་ངོ་བོ་ལ་མངོན་པར་ཞེན་པ་མེད་པ་དོན་དམ་པ་ལ་ཞུགས་པ་རྣམས་ལ་ངས་བསྟན་ཏེ། །ཆོས་ཀྱི་སྐུའི་དབང་གིས་
སྐལ་བ་དང་ལྡན་པ་རྣམས་ལ་བཤད་པའི་རྣམ་པའི་སྣང་བ་ཡང་འབྱུང་བར་འགྱུར་རོ་ཞེས་བྱའོ། །དོན་མེད་རྣམ་སྤངས་དོན་ལ་གནས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། །གང་དོན་དང་མངོན་པར་ལྡན་པ་དེ་དོན་མ་ཡིན་པ་སྤངས་ནས་ལུས་ཀྱི་སྡོམ་པ་ལ་གནས་པར་འགྱུར་རོ། །རྒྱལ་བའི་བསྟན་
ལ་དོན་དུ་གང་བརྗོད་དང་། །ཞེས་བྱ་བ་ནི་བློ་དམན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དྲིས་པ། དོན་ནི་གང་ཞིག་ཡིན་ཇི་ལྟར་ནི་ཤེས་པར་བྱ་ཞེས་བྱ་བའོ། །ཆོས་ཐམས་ཅད་སྟོང་པ་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བས་དེ་བཞིན་ཉིད་ཀྱི་དོན་ནི་དོན་ཏོ། །ཇི་ལྟར་ཤེས་པར་འགྱུར་ཞེ་ན་

ཡེ་ཤེས་ཀྱི་རང་གི་ངོ་བོ་བསྟན་པ་ཡིན་ནོ། །དོན་ཚུལ་རང་བཞིན་གང་གིས་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ་གང་གི་དོན་གྱི་ཚུལ་གྱིས་རང་བཞིན་ཤེས་པ་དེ་ནི་ལུས་ཀྱི་སྡོམ་པ་ཤེས་པ་ཡིན་ནོ། །གང་གིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་
ནས་བདག་མེད་པ་དང་གསོག་ཤེས་པར་བྱ་སྟེ། དེས་ནི་ལུས་ཀྱི་སྡོམ་པ་ཤེས་པར་འགྱུར་རོ། །དངོས་པོ་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་མེད་པ་གང་རིག་པར་གྱུར་པ་དེ་ནི་དངོས་པོ་ཐམས་ཅད་ལ་ཆགས་པར་མི་འགྱུར་ཏེ་མངོན་པར་ཞེན་པར་མི་འགྱུར་རོ། །དེ་མངོན་པར་ཞེན་པ་མེད་པས་
མཚན་མ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་རབ་ཏུ་ཐོབ་པས་ལུས་དང་། ངག་དང་། ཡིད་ཀྱི་གནས་ངན་ལེན་སྡོམ་པ་མ་ཡིན་པའི་མཚན་ཉིད་འབྱུང་བར་མི་འགྱུར་རོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་མཚན་མར་འཛིན་པས་བཟུང་
ནས་མངོན་པར་ཞེན་པས་ཕྱིན་ཅི་ལོག་སྒྲོ་བཏགས་པས་སྡོམ་པ་མ་ཡིན་པ་འཁོར་བའི་རྒྱུ་འབྱུང་བར་འགྱུར་རོ། །གྲོག་མ་ཀུན་གྱིས་གཡོས་ཤིང་འགུལ་མི་ནུས། །ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པའི་ཚུལ་ལ་རབ་ཏུ་གནས་པ་རི་རབ་ལྟར་མི་གཡོ་བའི་རང་བཞིན་ཅན་དེ་ལ་ཇི་ལྟར་གྲོག་མས་རི་རབ་ལྟར་
འདོད་ཆགས་ལ་སོགས་པས་གཡོ་བར་མི་འགྱུར་རོ། །མི་སྲིད་པར་བསྟན་པའི་ཕྱིར་ཡོངས་སུ་བརྟགས་པ་ཉེ་བར་བཟུང་ནས། ནམ་མཁའ་ལ་རི་མོ་བྲི་བར་ནུས་ཤིང་། ལག་པས་ནམ་མཁའ་ལ་བཟུང་བར་ནུས་པར་འགྱུར་སྲིད་ཀྱང་ཏིང་ངེ་འཛིན་ལ་གནས་པ་ནི་འདོད་ཆགས་ལ་སོགས་པས་བསྐྱོད་པར་མི་
ནུས་སོ། གང་ཡང་སེམས་ཅན་ཐམས་ཅད་ཀྱི་སྒྲ་ཐམས་ཅད་སྒྲོམ་དུ་བཅུག་ནས་བཅིངས་པར་ནུས་ཀྱང་སྲིད། དེ་བཞིན་དུ་ཉི་མའི་འོད་དང་། གློག་དང་། རླུང་རྣམས་རྒྱའི་ནང་དུ་བཟུང་ནས་བཅིངས་པར་ནུས་ཀྱང་སྲིད་ཅེས་བྱ་བ་ལ་སོགས་པས་ནི་ཐམས་ཅད་དུ་མི་སྲིད་པར་བསྟན་པའི་ཕྱིར་གསུངས་པ་
ཡིན་ནོ། །སྤྱོད་ཡུལ་གང་གནས་ལུས་ཀྱི་སྡོམ་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གང་དག་ལུས་ཀྱི་སྡོམ་པ་ལ་གནས་པ་དེ་ལ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འབྱུང་བར་མི་འགྱུར་རོ། །དུག་དང་མཚོན་ལ་སོགས་པས་ཀྱང་

གནོད་པར་མི་འགྱུར་རོ། །དེ་བཞིན་དུ་ཏིང་ངེ་འཛིན་ལ་གནས་པས་འཇིགས་པ་དང་སྐྲག་པ་ཐམས་ཅད་སྤངས་པ་ཡིན། འགྲོ་བ་མ་ལུས་པའི་དོན་བྱེད་པ་ཡིན། ཞི་བ་དང་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་དབང་རབ་ཏུ་ཐོབ་པ་ནི་འཇིགས་པ་དང་། སྐྲག་པ་དང་ཀུན་ནས་འཁྲུགས་པ་
དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པའི་རྣམ་པར་རྟོག་པ་ལས་རྣམ་པར་གྲོལ་བ་ཡིན་ནོ། །གང་གི་ཕྱིར་ལུས་ཀྱི་སྡོམ་པ་ལ་ལེགས་པ་བསླབས་པ་ནི་བདག་དང་བདག་གི་འདུ་ཤེས་དང་བྲལ་ཞིང་། འཇིགས་པ་ཐམས་ཅད་དང་བྲལ་བས་བདུད་བྱེ་བ་བརྒྱ་སྟོང་གིས་ཀྱང་བསྐྱོད་
པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པའི་ཕྱིར་སྡོམ་པ་གང་བརྗོད་པ་ནི་གཞུང་གི་སྒོ་ནས་སོ། །བཤད་པ་ནི་བསྒོམ་པའི་ཁྱད་པར་གྱི་མན་ངག་བསྟན་པའོ། །རབ་ཏུ་བསྟན་པ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པ་ཕ་རོལ་རྒོལ་བ་མ་ལུས་པས་རབ་ཏུ་སྦྱར་བའི་ཚད་མ་
ངན་པ་སུན་དབྱུང་བའི་ཕྱིར་བདེ་བར་གཤེགས་པ་པའི་གཞུང་གི་འདོད་པ་ལ་སྦྱོར་བའི་ཚད་མ་དང་ལྡན་པའི་ཆོས་བདག་མེད་པར་རབ་ཏུ་བསྒྲུབས་ནས་གཞུང་དང་། དོན་རབ་ཏུ་བསྟན་པའི་ཕྱིར། ཆོས་རྣམས་ཀུན་ལ་ཡེ་ཤེས་ཐོགས་པ་མེད། །ཅེས་བྱ་བ་ལ་སོགས་པ་ལ། ཐོགས་པ་ཐམས་ཅད་དང་བྲལ་བའི་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བྱང་ཆུབ་ནས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱ་ཅུས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་ཐུན་མོང་མ་ཡིན་པ་ངེས་པར་སྒྲུབ་པར་འདོད་པས་ཇི་སྐད་གསུངས་པའི་ལུས་ཀྱི་སྡོམ་པ་བསྒོམ་པར་
བྱའོ། །ལུས་ཀྱི་སྡོམ་པ་དང་ཡང་དག་པར་ལྡན་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་དཀའ་བ་མ་ཡིན་ནོ། །དྲང་སྲོང་ཆེན་པོའི་ཆོས་འདི་གང་འདོད་པ། །ཞེས་བྱ་བ་ལ་སོགས་པ་ལ། གང་དག་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྟོགས་པར་འདོད་པ་དེས་ཀྱང་ལུས་ཀྱི་
སྡོམ་པ་ལ་བསླབས་ན། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པས་ཕྱག་བྱ་བའི་གནས་སུ་འགྱུར་རོ། །སྟོབས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ནི་བཤད་ཟིན་པས་ཡང་བཤད་པར་མི་བྱའོ། །འདི་འདྲའི་ལུས་ཀྱི་སྡོམ་པ་ཐོས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ།

རྒྱལ་པོ་ཁྱད་པར་སེམས་དེས་ལུས་ཀྱི་སྡོམ་པ་ཐོས་ནས་དགའ་བ་དང་། རབ་ཏུ་དགའ་བ་ཐོབ་ནས་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ལོ་བྱེ་བ་ཕྲག་བཅུ་ཚངས་པར་སྤྱོད་པ་སྤྱད་དོ། །ཚངས་པའི་གནས་བཞི་ཡང་བསྒོམས་ནས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་སོ། །ཚུལ་ཁྲིམས་
རྣམ་པར་དག་པ་སྐྱོན་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་དང་། གཞོན་ནུ་གཞན་ཞིག་ཡིན་ནམ་སེམས་གྱུར་ན། །ཞེས་བྱ་བ་ལ་སོགས་པ་ལ་དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ཁྱད་པར་སེམས་གང་ཡིན་པ་དེ་ནི་གཞན་ཞིག་ཡིན་སྙམ་ན་དེ་ལྟར་མི་ལྟ་སྟེ་ཤཱཀྱ་ཐུབ་པ་ང་ཉིད་དེའི་ཚེ་རྒྱལ་པོ་ཁྱད་པར་སེམས་
ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་སོ། །ད་ནི་ལུས་ཀྱི་སྡོམ་པའི་ཕན་ཡོན་བསྟན་པའི་ཕྱིར་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བས་ན་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པར་བྱའོ་ཞེས། གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བོ་
ལ་ལྟོས་ནས་སློབས་ཤིག་ཅེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ལ་ཀུན་དུ་སྤྱད་པར་བྱ་ཞེས་སོམ་ཉི་ཟ་བའི་ཕྱིར་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བ་དག་ལ་མི་འཇིགས་ཞེས་
བྱ་བ་ལ་སོགས་པ་ལ། དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་རྒྱུ་ཡོད་པ་མ་ཡིན་ནོ། །དུག་དང་། མེ་དང་། ཆུ་དང་། མཚོན་དང་། སེང་གེ་དང་། གླང་དང་། སྟག་དང་། གནོད་སྦྱིན་དག་གིས་ཀྱང་འཇིགས་པར་མི་འགྱུར་ཏེ། འཇིགས་པའི་རྒྱུ་མི་
དགེ་བ་མེད་པའི་ཕྱིར་དང་། གཅིག་ཏུ་དགེ་བའི་རང་བཞིན་གྱིས་ལུས་ཀྱི་སྡོམ་པ་ལ་མི་དགེ་བ་ཕྲ་མོ་ཙམ་གྱི་གནས་ཀྱང་ཡོད་པ་མ་ཡིན་ནོ། །ཡང་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལག་མཐིལ་ཏུ་བཞག་སྟེ། ཏ་
ལ་གཅིག་ཙམ་མམ། ཏ་ལ་བདུན་ཙམ་གྱི་བར་དུ་སྟེང་དུ་འཕེན་པར་བྱེད་དོ་ཞེས་བྱ་བས་ནི་སྟོབས་རྣམས་ཀྱི་མཐར་ཐུག་པ་ཐོབ་པའི་བར་ཡང་ལུས་ཀྱི་སྡོམ་པ་ལེགས་པར་བསྡམས་པ་ལ་རྙེད་དཀའ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རྫུ་འཕྲུལ་དང་ཆོ་འཕྲུལ་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་

ཞེས་བྱ་བས་ནི་ལུས་ཀྱི་སྡོམ་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཉིད་དུ་བརྟེན་པ་ཡིན་ནོ། །ཀུན་ཚོགས་པས་ན་རྫུ་འཕྲུལ་ལོ། །ཆོ་འཕྲུལ་ནི་ཡང་རྫུ་འཕྲུལ་གང་དང་ཡང་དག་པར་ལྡན་པས་རྫུ་འཕྲུལ་གྱི་ཡུལ་སྣ་ཚོགས་པ་ཉམས་སུ་མྱོང་བ་དེ་གཅིག་ཏུ་གྱུར་ཅིང་མང་པོར་ཡང་འགྱུར་
རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་སྟེ། གཟུགས་བསྟན་པས་འདུས་པའི་སེམས་ཅན་རྣམས་འདུན་པར་བྱ་བའི་ཕྱིར། གཅིག་ཏུ་གྱུར་ཅེས་བྱ་བ་ནི་མདོར་བསྡུས་པའི་གཟུགས་བསྟན་པས་འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་རོ། །སྣང་བར་གྱུར་པ་ནི་གཟུགས་གསལ་བ་ཉིད་
དོ། །མི་སྣང་བར་གྱུར་པ་ནི་གཟུགས་མཐོང་བ་མེད་པ་ཉིད་དོ། །རྩིག་པ་ལ་ཡང་ཐད་ཀར་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། རྩིག་པ་དང་། ར་བ་དང་། བྲག་ལ་སོགས་པ་ལ་ཐོགས་པ་དང་བཅས་པའི་རྫས་རྣམས་ལ་ཐོགས་པ་མེད་པར་འགྲོ་བའོ། །དེས་ན་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ་བ་
ཞེས་བྱའོ། །ནམ་མཁའ་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བར་བྱེད་ལ། ས་ལ་ཡང་སྟེང་དུ་འབྱུང་བར་བྱེད། བྱིའུ་ཟུལ་ཡང་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་ས་ལ་བྱ་བ་བཞིན་མི་འབྱིང་བར་འགྲོ་བའོ། །ཆོ་འཕྲུལ་ཟུང་སྟོན་ཅིང་འབར་བ་དང་། ཆར་འབེབས་པའི་མཚན་ཉིད་
སྟོན་ཏེ། བསྐལ་པ་སྲེག་པའི་མེ་ལྟ་བུའི་མེའི་ཕུང་པོ་ལུས་ཀྱི་ཕྱོགས་གཅིག་ནས་སྟོན་པར་བྱེད་དོ། །འཇིག་པའི་དུས་ཀྱི་སྤྲིན་གྱི་ཆར་གྱི་རྒྱུན་བཞིན་དུ་ལུས་ཀྱི་ཕྱོགས་གཅིག་ནས་ཆུའི་ཕུང་པོ་འབེབས་པར་བྱེད་དོ། །བསྐལ་པ་སྲེག་པའི་མེའི་ཕུང་པོ་གང་ཡིན་པ་ཡང་ཁའི་དབུགས་གཅིག་གིས་ཞི་བར་
བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱི་སྐྱིལ་མོ་ཀྲུང་གཅིག་གིས་དབང་སྒྱུར་རོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པའི་དབ