Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 117

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
ྱངས་ཀྱིས་བསྟན་པ་ནི་མ་བཤད་དོ། །རྫུ་འཕྲུལ་གྱི་ཆོ་ག་བསྟན་ནས་ད་ནི་ལྷའི་རྣ་བ་ལ་སོགས་པ་བཤད་པར་འདོད་པས། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་
པ་ལ། ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ནི་ལྷའི་རྣ་བའི་ཁམས་མིའི་ལས་འདས་པས་ལྷའི་དང་། གཞན་དག་གི་སེམས་ཅན་ཐམས་ཅད་ཀྱི་སྒྲ་ཐམས་ཅད་ཐོས་ཏེ། གང་ཐག་རིང་བ་དང་གཞན་དག་ཀྱང་རུང་། ཕྲ་བ་དང་རྒྱ་ཆེ་བ་ཡང་ཐོས་སོ་ཞེས་བྱ་བའོ། །དེ་བཞིན་དུ་ལྷའི་

སྣའི་དབང་པོ། མིའི་ལས་འདས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲིའི་ཁྱད་པར་ཡིད་དུ་འོང་བ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བའི་རྒྱུ་དེ་དག་ཐམས་ཅད་ཚོར་རོ། །མིག་དང་། རྣ་བ་དང་། ཡིད་ཀྱི་དབང་པོ་རྣམས་ནི་མངའ་ཐོབ་པའི་ཡུལ་ཅན་ཡིན་ལ། གསུམ་ནི་གཞན་ནོ་ཞེས་བྱ་བའི་ཚིག་
གིས་བསྟན་ན་ཇི་ལྟར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་དྲི་རྣམས་སྣའི་དབང་པོས་འཛིན་པར་ནུས་ཞེས་ཟེར་ན། དེ་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པ་གཞན་རྣམས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དབང་པོ་
རྣམས་ནི་ཡུལ་ཐམས་ཅད་ཀྱི་ཡུལ་ཅན་ཏེ། དོན་ཐམས་ཅད་ཀྱང་སྤྱོད་ཡུལ་པའོ་ཞེས་བྱ་བའི་ཚིག་གིས་སོ། །སེམས་ཙམ་སོ་སོར་སྣང་བ་ལ་བར་ཆད་ལ་སོགས་པ་ནི་ཀུན་དུ་རྟོག་པའི་བཟོས་བསྒྲུབས་པ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །སྣའི་དབང་པོ་དང་། རོའི་དབང་པོ་དང་། རེག་པའི་
དབང་པོ་རྣམས་ཀྱིས་ཐམས་ཅད་ཤེས་ཞེས་བྱ་བ་སྟེ། ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པ་ཉིད་དུ་གལ་ཏེ་རྣམ་པར་འཇོག་པར་བྱེད་ན་མི་གཙང་བ་ལ་སོགས་པའི་རོ་ལ་སོགས་པ་ཡང་མྱོང་བ་ཐོབ་པར་འགྱུར་རོ་ཞེས་རྒོལ་བའི་ལན་གདབ་པར་དཀའོ་ཞེ་ན། རྒོལ་བ་འདི་ནི་ལན་གདབ་པར་
འོས་པར་ཡང་མ་ཡིན་ཏེ། གཞོན་ནུ་མ་ལན་གྱི་ཚིག་མི་ཤེས་པས་ཀུན་ནས་བསྐྱེད་པ་ཡིན་ནོ། །དེ་ཡང་སྒྱུ་མས་སྤྲུལ་པའི་དངོས་པོ་ཉམས་སུ་མྱོང་བ་བཞིན་དུ་ཕན་ཚུན་སེམས་རྣམ་པར་འཁྲུལ་པ་ཙམ་དུ་ཟད་ཀྱི། གང་དུ་ཅུང་ཞིག་ཀྱང་ཉམས་སུ་མྱོང་བ་ནི་མེད་དེ། རྫས་སུ་གྲུབ་པ་མེད་པའི་ཕྱིར་རོ། །
གཞན་གྱི་རྣམ་པར་རྨོངས་པ་བཟློག་པ་ཙམ་དེའི་དགོངས་པ་ཡིན་ནོ་ཞེས་པ་དེ་བཞིན་དུ་རབ་ཏུ་བསྟན་པའི་ཕྱིར་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་གཟུང་བར་བྱའི། དོན་དམ་པར་ནི་གཟོད་མ་ནས་ཞི་བ་སྐྱེ་བ་མེད་པའོ་ཞེས་བྱ་བར་གནས་སོ། །སེམས་ཀྱི་རྣམ་གྲངས་ཤེས་པ་བསྟན་པའི་ཕྱིར་གསུངས་
པ། སེམས་ཅན་ཕ་རོལ་དང་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཕ་རོལ་ཞེས་བྱ་བ་ནི་སེམས་ཅན་གྱི་སྤྱི་བསྟན་པ་ཡིན་ནོ། །གང་ཟག་ཕ་རོལ་ཞེས་བྱ་བ་ནི་སོ་སོར་ངེས་པའི་སེམས་ཅན་གྱི་ཁྱད་པར་རོ། །སེམས་ཀྱི་རྣམ་པར་རྟོག་པ་དང་དཔྱོད་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཞེས་བྱ་

བ་ལ་སོགས་པ་ལ། འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་
སོ་ཞེས་བྱ་བའི་བར་དུའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་གསུངས་པ། དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་སྐྱེ་བའི་བར་དུ་ཡང་རྗེས་སུ་དྲན་ནོ། །འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་
པ་གཅིག་ནས་འཇིག་པ་དང་། འཆགས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་ཡང་རྗེས་སུ་དྲན་ཏེ། བདག་སྔོན་གནས་ཆེ་གེ་མོ་ཞིག་ཏུ་སྐྱེས་ཏེ་མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་དོག་ནི་འདི་འདྲ་བ་ཞིག །ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདག་གི་འཚོ་བ་ནི་
འདི་འདྲ། ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ། ཡུན་ནི་འདི་སྲིད་གཅིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་མྱོང་། དེ་ནས་ཤི་འཕོས་ནས་ནི་ཆེ་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས་པ་དང་། ཡུལ་ཕྱོགས་དང་བཅས་པ་དང་།
གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ་ཞེས་བྱ་བ་ནི་རྟོགས་སླ་བའི་ཕྱིར་མ་བཤད་དོ། །ལྷའི་མིག་གི་མངོན་པར་ཤེས་པ་གསུངས་པ། དེ་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་ཡང་འཆི་འཕོ་དང་སྐྱེ་བ་ཤེས་པ་
རྣམ་པར་དག་པའི་ཁྱད་པར་གྱིས་མཐོང་ངོ་། །ཁ་དོག་བཟང་བ་དང་། ཁ་དོག་ངན་པ་ལ་སོགས་པ་ཡང་ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་ཤེས་སོ། །སེམས་ཅན་འདི་རྣམས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པའོ། །ལུས་ཀྱི་
ཉེས་པར་སྤྱོད་པ་ཡང་རྣམ་པ་གསུམ་མོ། །ངག་གི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞིའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་དག་པར་ལྡན་པ་སྟེ་བཅས་པའོ། །འཕགས་པ་ལ་སྐུར་པ་ནི་འཕགས་པའི་ལམ་སུན་འབྱིན་པར་བྱེད་པའོ། །ལོག་པར་ལྟ་བ་ནི་ལས་དང་འབྲས་བུ་

མེད་པར་ལྟ་བ་ལ་ཞུགས་པའོ། །ལོག་པར་ལྟ་བའི་ཆོས་ཀྱི་ལས་ཡང་དག་པར་འཛིན་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ་ཞེས་བྱ་བ་ཡིན་ནོ། །དེ་དག་ལས་བཟློག་པའི་ལམ་ལ་ནན་ཏན་བྱས་པས་ནི་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་
འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མངོན་པར་ཤེས་པ་ལྔའི་གོ་རིམས་འཆོལ་བ་ནི། འདིར་མདོ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་པས་བརྟག་པར་བྱ་བ་མེད་དོ། །དེ་ལྟར་རིམ་གྱིས་མངོན་པར་རྟོགས་པ་ངེས་པར་བསྟན་ནས་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར། །གཞོན་ནུ་ལུས་ཀྱི་སྤྱོད་པ་
ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཅུང་ཟད་ཤེས་པར་བྱ་བ་དང་། བལྟ་བར་བྱ་བ་དང་། མཉན་པར་བྱ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་དང་། རྣམ་པར་འཕྲུལ་པར་བྱ་བ་དེ་ཐམས་ཅད་ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཐོས་སོ། །མཐོང་ངོ་། །མངོན་པར་རྫོགས་པར་སངས་རྒྱས་སོ། །དོན་དེ་དག་ཉིད་ཚིགས་སུ་བཅད་པས་གསུངས་པ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །མངོན་པར་ཤེས་པའི་རིམ་པ་བསྟན། །ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་ཤེས་པའི་རིམ་
པ་ངེས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའི་རྟོགས་པ་ལ་མཁས་པ་ཤེས་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་ལ་གནས་པས་ན། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་འབའ་ཞིག་ལ་གནས་པས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན་ན་ཡང་གང་ཡང་རྣ་བས་
ཀྱང་རྣམ་པར་སྦྱང་བའི་ཕྱིར། དེ་དག་རྣ་བ་རྣམ་སྦྱངས་ཏེ། །ལྷ་ཡི་རྣ་བ་བསམ་མི་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལ། དེ་ལྷའི་རྣ་བས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཉན་ཏོ། །དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དྲིའི་ཁྱད་པར་རྣམས་ཇི་ལྟར་འདི་ན་འདུག་པ་
བཞིན་དུ་ལྷའི་སྣས་སྣོམ་མོ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་རྣམས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་པས་ལུས་ཀྱི་སྡོམ་པ་རྣམ་པར་དག་པ་ལ་གནས་ནས་ངེས་པར་སྒྲུབ་པར་བྱེད་དོ། །མ་ལུས་རྣམ་དག་ནམ་

མཁའ་ལྟ་བུའི་ཆོས་ཀྱི་ལུས། །བདག་ཉིད་རྫོགས་སངས་རྒྱས་ཀྱི་སྐུ་རུ་གསུངས། །དེ་ཡི་སྡོམ་པ་བྱང་ཆུབ་མཆོག་གཙོ་རྟོགས་གྱུར་པ། །སངས་རྒྱས་ཞེས་བསྟན་དེ་ནི་ཆོས་ཀྱི་དབྱིངས། །ལུས་ཀྱི་སྡོམ་པའི་ཕན་ཡོན་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའི་འགྲེལ་པ་རྫོགས་སོ།། །།
ལུས་ཀྱི་སྡོམ་པའི་རྗེས་ལ་ངག་གི་སྡོམ་པ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གཞོན་ནུ་དེ་ལ་ངག་གི་སྡོམ་པ་གང་ཞེ་ན། ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་དྲུག་ཅུ་དང་ལྡན་པའི་སངས་རྒྱས་ཀྱི་
གསུང་དབྱངས་ཐོགས་པ་མེད་པ། བསམ་གྱིས་མི་ཁྱད་པ་རབ་ཏུ་ཐོབ་པར་འགྱུར་རོ། །རྣམ་པ་དྲུག་ཅུ་ནི་མཉེན་པ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། གསལ་བ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་
པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། རྣམ་པར་བྱང་བ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་ཚིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བ་དང་བདེ་བ་སྐྱེད་པ་དང་། ཡོངས་སུ་གདུང་བ་
མེད་པ་དང་། ཀུན་དུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིག་པ་དང་འབྲེལ་བ་དང་། ཟློས་པའི་སྐྱོན་མེད་པ་དང་། སེང་
གེའི་སྒྲའི་ཤུགས་དང་། གླང་པོ་ཆེའི་སྒྲའི་སྐད་དང་། འབྲུག་གི་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། ཀ་ལ་པིངྐའི་སྒྲ་དབྱངས་དང་། ཚངས་པའི་སྒྲ་དབྱངས་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་དང་། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང་། རྔའི་
སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་པ་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཐ་བ་དང་བཅས་པའི་ཆེད་དང་། རྒྱུན་ཆགས་པ་དང་། འབྲེལ་པ་

དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟབས་པ་དང་། འཁོར་ཀུན་དུ་གྲགས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་རྣམས་ནི་གཞོན་ནུ་ངག་གི་སྡོམ་པ་ཞེས་བྱ་བའོ། །ངག་གི་
སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཚིག་བཙུན་པ་ཐོབ་པར་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རབ་
ཏུ་ཐོབ་པར་འགྱུར་བ་དེ་ནི་ངག་གི་སྡོམ་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ངེས་པར་སྒྲུབ་པའི་ཕྱིར་དང་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་ཚིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ་འདི་དག་ནི་ལུས་ཀྱི་སྡོམ་པའི་སྐབས་སུ་རྒྱས་པར་བཤད་པས་ཡང་བཤད་པ་མ་བྱས་སོ། །གཞན་ཡང་ངག་གི་སྡོམ་པ་གང་དང་
ལྡན་པས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་སྤོང་བར་འགྱུར་བ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ཚིག་རྩུབ་པོ་དང་། འཁྱལ་པར་སྨྲ་བ་སྤངས་པར་གྱུར་པ་དང་། ཕ་མ་དང་སློབ་དཔོན་གང་སྨྲ་བར་བྱ་བར་བྱ་བ་མ་ཡིན་པའི་ཚིག་མི་སྨྲ་བ་དང་།
སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་སྨོད་པ་དང་། ཚིག་གཞན་གང་ཉེས་པ་དང་ལྡན་པའི་ཚིག་དེ་དག་སྤངས་པ་ཡིན་ཏེ་ཚིག་དེ་དག་ལ་ཡང་མི་དམིགས་ཏེ་མི་རྟོག །རློམ་སེམས་སུ་མི་བྱེད། མི་ལྟ། མངོན་པར་ཆགས་པར་མི་བྱེད་དེ་ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་བྲག་ཅ་ལྟ་བུ་དང་། སྤྲུལ་པ་ལྟ་
བུ་དང་། སྨིག་རྒྱུ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུའོ་ཞེས་ཤེས་ནས་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་ཉེ་བར་དེ་དམིགས་པར་མི་འགྱུར་རོ། །མི་རྟོག་པས་ན་མངོན་པར་མི་ཞེན་པས་དེ་དག་གི་སྡོམ་པ་ཞེས་བརྗོད་དོ། །ངག་གི་སྤྱོད་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་ཐམས་ཅད་ཀྱིས་མི་
འཇིགས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པ་ནི་གོ་སླ་བས་མ་བཀྲོལ་ལོ། །ཆོས་ཀྱི་ངེས་ཚིག་རྟོག་པ་ངག་གི་སྡོམ་པ་སྟེ། སངས་རྒྱས་གསུང་རྣམས་ཐམས་ཅད་རྣམ་པར་དག །ཏིང་འཛིན་རང་བཞིན་ཏིང་འཛིན་དངོས་པོར་གསུངས། །གང་ཕྱིར་

ཚིག་གིས་བསྟན་པས་རྣམ་པར་སྤྲོས། །ངག་གི་སྡོམ་པའི་ལེའུ་སྟེ་བཞི་བཅུ་པའི་འགྲེལ་པ་རྫོགས་སོ།། །།ངག་གི་སྡོམ་པའི་རྗེས་ལ་ཡིད་ཀྱི་སྡོམ་པ་བསྟན་པའི་ཕྱིར་གསུངས་པ། གཞོན་ནུ་དེ་ལྟ་བས་ན་ཡིད་ཀྱི་སྡོམ་པས་བསྡམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ཀྱི་
སྡོམ་པ་གང་དང་ལྡན་པ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པར་འགྱུར་བ་ཞེས་བྱ་བ་ནི་འཇིགས་པ་ཐམས་ཅད་དང་བྲལ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དོ། །ཆོས་ནི་སངས་རྒྱས་ཀྱི་རང་བཞིན་ཅན་གྱི་ཆོས་སོ། །འཐོབ་པར་འགྱུར་བ་ནི་མངོན་སུམ་དུ་བྱེད་པའོ། །མི་འཁྲུགས་པའི་
སེམས་རྣམ་པར་གྲོལ་བ་རབ་ཏུ་ཐོབ་པར་གྱུར་པ་ནི་ཉོན་མོངས་པ་དང་། བདུད་དང་རྣམ་པར་རྟོག་པས་བསྐྱོད་པར་མི་ནུས་པས་རྣམ་པར་གྲོལ་བ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་མཚན་ཉིད་ཅན་གྱི་མཐར་ཐུག་པ་ཐོབ་པར་གྱུར་པ་ལ་ཡིད་ཀྱི་སྡོམ་པ་ཞེས་བྱ་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་
ཐོབ་པར་འགྱུར་བ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གང་ལ་གནས་པས་བདུད་ལ་སོགས་པས་མི་ཕྱེད་ཅིང་མི་བསྐྱོད་པ་སྟེ། སེམས་ལས་མ་གཏོགས་པའི་བདུད་ཀྱི་ངོ་བོ་མེད་པ་འདི་ལྟ་བུར་རྟོགས་ཤིང་སེམས་ཀྱི་རང་བཞིན་དུ་རྟོགས་པ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱ་བའོ། །འབར་བའི་བྱེ་བྲག་དང་འདྲ་བ། །ཞེས་
བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཞེས་བྱ་བ་ནི་འབར་བ་ནི་སྤྲུལ་པའི་འོད་ཟེར་གྱི་ཚོགས་སོ། །ཏིང་ངེ་འཛིན་གང་ལས་ཐ་དད་པ་ལྟ་བུར་སྣང་བའི་འབར་བའི་ཚོགས་འཕྲོ་བ་དེ་ལྟ་བུ་འཐོབ་པའོ། །གཞུང་ལ་ལ་ལས་ནི་འོད་ཟེར་འཐོབ་པར་འགྱུར་ཞེས་ཟེར་བ་དེ་ནི་ཏིང་ངེ་འཛིན་གྱི་རྒྱུས་བྱུང་བའི་ཕྱིར་ཏིང་ངེ་འཛིན་
ཉིད་འོད་ཟེར་གྱི་སྒྲས་ཉེ་བར་བཏགས་པ་ཡིན་ནོ། །ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །ཡིད་ཀྱི་སྡོམ་པ་གང་དང་ལྡན་པར་བྱང་ཆུབ་སེམས་དཔའ་ཚིག་བཙུན་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཚིག་གཟུང་བར་འོས་པར་འགྱུར་བའོ། །ཡིད་
ཀྱི་སྡོམ་པ་ཞེས་བྱའོ་ཞེས་པ་ཐམས་ཅད་དུ་སྦྱར་རོ། །མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནས་བརྩམས་ནས་ཇི་སྲིད་དུ་ཕན་པར་འདོད་པ་དང་། སྤྱོད་ལམ་དང་སྤྱོད་པ་ལ་འཇུག་པ་ཐོབ་པར་འགྱུར་ཞེས་བྱ་བའི་བར་ནི་སྔར་བཤད་ཟིན་པས་ཡང་བཤད་པར་མི་བྱའོ། །གཞན་ཡང་གཞོན་ནུ་ཞེས་བྱ་བ་ལ་སོགས་

པས་ནི་ཡིད་ཀྱི་སྡོམ་པ་རྣམ་པ་གཞན་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལོག་པར་ལྟ་བ་སྤང་བའི་ཕྱིར་ལོག་པར་ལྟ་བ་དང་འགྲོགས་པར་མི་བྱེད་ཅེས་བྱ་བ་ནི་ལོག་པར་ལྟ་བའི་བག་ཆགས་སྤང་བའི་དོན་ཏོ། །དེ་བཞིན་དུ་བརྣབ་སེམས་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བརྣབ་སེམས་ནི་གཞན་གྱི་
རྫས་ལ་མི་རིགས་པའི་འདོད་པས་བདག་གིར་གྱུར་ཅིག་ཅེས་འདོད་པའོ། །གནོད་སེམས་ནི་སེམས་ཅན་ལ་སྡང་བའོ། །གནོད་སེམས་སྤང་བའི་ཕྱིར་གནོད་སེམས་དང་འགྲོགས་པར་མི་བྱེད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ལེ་ལོ་སྤང་བའི་ཕྱིར་ལེ་ལོའི་སེམས་དང་འགྲོགས་པར་མི་བྱེད་ཅེས་བྱ་བ་ལ།
ལེ་ལོ་ནི་སྙོམ་པའོ། །བླ་མ་རྣམས་ལ་གཡོའི་སེམས་མི་བསྐྱེད་ཅེས་བྱ་བ་ནི་སླུ་བའི་སེམས་མི་བསྐྱེད་པ་སྟེ། དགེ་བའི་ཕྱོགས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕ་དང་། མ་དང་། སློབ་དཔོན་རྣམས་ལ་གཡོའི་སེམས་མི་བསྐྱེད་པའོ། །འདོད་ཆགས་དང་། ཞེ་སྡང་དང་།
གཏི་མུག་གི་སེམས་མི་བསྐྱེད་པ་སྟེ་ཆགས་པར་མི་བྱེད་དོ། །འདོད་ཆགས་ལ་སོགས་པ་དང་མི་འགྲོགས་པ་དང་། བྱང་ཆུབ་ཀྱི་སེམས་གཏང་བར་མི་བྱ་བ་དང་། ལྷག་པའི་སེམས་ཀྱང་འཁྲུགས་པར་མི་བྱེད་པ་ནི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པས་མི་གཡོ་བའོ། །ཉོན་མོངས་པ་དང་ཉེ་
བའི་ཉོན་མོངས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་ཀུན་དུ་རྟོག་པ་སྤང་བར་འགྱུར་བ་ཡིན་ཏེ། དེ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །ཡིད་དེ་ཡང་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་འཇུག་གོ་ཞེས་བྱ་བ་ནི་སེམས་རྣམ་པར་རྨོངས་པའི་རང་བཞིན་ཅན་གྱི་བྱིས་པ་རྣམས་རང་གི་རང་བཞིན་འཛིན་པའི་ཤེས་
རབ་དང་བྲལ་བའི་ཕྱིར་དེ་ལྟ་བུའི་བྱིས་པ་རྣམས་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བློ་འབྱུང་བར་འགྱུར་ཏེ། སེམས་ཀྱི་རང་བཞིན་ཇི་ལྟ་བ་མ་ཤེས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་ཇི་ལྟར་སྒྱུ་མའི་རང་གི་ངོ་བོ་ཉིད་ནི་མ་སྐྱེས་པའོ། །གང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་
ནི་སྐྱེ་བ་མེད་པ་འགག་པ་མེད་པ་སྟེ་དེའི་ངོ་བོ་ཉིད་མེད་པའོ། །གང་གི་ངོ་བོ་ཉིད་མེད་པ་དེ་རང་བཞིན་མེད་པའོ། །རང་བཞིན་མེད་པའི་ཕྱིར་དམིགས་སུ་མེད་དེ་ཤེས་པ་ཞེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། མི་ཤེས་པ་ཞེས་བྱ་བའམ། ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བར་རྣམ་པར་རྟོག་པ་མི་འབྱུང་ངོ་། །གལ་ཏེ་དེ་ལྟ་ན་

ཐ་སྙད་གཞག་པ་ཇི་ལྟ་བུར་འགྱུར་ཞེ་ན། ཐ་སྙད་ལ་བརྟགས་པས་དགོས་པ་ཅི་ཞིག་ཡོད། །གལ་ཏེ་ཐ་སྙད་རྣམ་པར་གཞག་པ་མེད་པར་གནས་པར་མི་ནུས་སོ་ཞེ་ན། དེ་ལྟ་ན་སྐྱེ་བ་དང་འགག་པ་ནི་རྨི་ལམ་ལྟ་བུའོ། །ཆུ་ལྟར་སྣང་བ་ནི་སྨིག་རྒྱུ་ལྟ་བུའོ། །བུ་དང་བུ་མོ་ལ་སོགས་པའི་ཐ་
སྙད་ནི་སྤྲུལ་པ་ལྟ་བུའོ། །དེ་དག་ཐམས་ཅད་ཀྱང་གང་ནས་ཀྱང་འོངས་པ་མེད། གར་ཡང་འགྲོ་བ་མེད་ལ་དེ་ལྟ་ན་ཡང་གཞི་མེད་བཞིན་དུ་ཐ་སྙད་ཉིད་ཞུགས་པར་གྱུར་ཅིང་འཇུག་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཐ་སྙད་ཀྱང་ཁྱད་པར་མེད་པར་བལྟ་བར་བྱའོ། །ཡིད་ཀྱི་སྡོམ་པས་ཡང་དག་
པར་བསྡམས་པའི་བྱང་ཆུབ་སེམས་དཔའི་ཡིད་དེ་ཡང་མི་དམིགས་སོ། །དེའི་ཕྱིར་མི་རྟོག་གོ། །དེའི་ཕྱིར་རློམ་སེམས་སུ་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དམིགས་པར་མི་འགྱུར་ཏེ། གང་གི་ཕྱིར་ཅུང་ཟད་ཙམ་ཡང་མི་མཐོང་ངོ་། །དེས་ན་ཐམས་ཅད་ལ་མངོན་པར་མི་ཞེན་ཏེ། ཀུན་རྫོབ་ཏུ་ནི་ཆོས་
ཀྱི་དབྱིངས་ཀྱི་ངོ་བོ་ལས་མི་གཡོ་བ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱའོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་པའོ། །ཚིགས་སུ་བཅད་པ་རྣམས་ལ་ནི་ལྷག་པ་མེད་པས་མ་བཤད་དོ། །སངས་རྒྱས་ཡོན་ཏན་ཡོངས་སུ་རྫོགས་པར་སྡོམ་པ་ལ་ཞུགས་ཤིང་། །རྫོགས་སངས་རྒྱས་ཀྱི་གཟུགས་ལྡན་རྟོགས་པ་འདི་ནི་རབ་
འདོད་ཅིང་། །ཐམས་ཅད་མཁྱེན་པའི་ཉི་མའི་འོད་ཀྱི་ཚོགས་ཀྱི་དཀྱིལ་ཞུགས་ན། །སྒྲིབ་པ་མ་ལུས་རྣམ་པར་བསལ་ནས་རབ་ཏུ་སད་པའི་སེམས། །ཡིད་སྡོམ་པ་ཞེས་དེ་བཤད་ཆོས་རྣམས་ཐམས་ཅད་ལེགས་བསྡུས་པས། །ཆོས་ཉིད་ལས་གཞན་མིན་གཟུགས་ཕྱིར་ནི་སྡོམ་པ་ཆོས་ཀྱི་སྐུ། །
ཡིད་ཀྱི་སྡོམ་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའི་འགྲེལ་པ་རྫོགས་སོ།། །།ཚིག་སུམ་བརྒྱ་པོ་འདི་དག་ནི་གླེང་གཞིའི་ལེའུར་བཤད་པས་ཡང་བརྗོད་པར་མི་བྱའོ། །རྒྱ་ཆེ་བ་ནི་སངས་རྒྱས་ཀྱི་ཆོས་ཡངས་པར་གྱུར་པའོ། །སྟེ་ནི་གང་གི་ཕྱིར་ཏེ་གང་གི་ཕྱིར་རྒྱ་ཆེ་བ་དེའི་ཕྱིར་
བསྟན་པ་ཡང་རྒྱ་ཆེ་བ་སྟེ་ཚུལ་སྣ་ཚོགས་དང་། སྒོ་སྣ་ཚོགས་ནས་བསྟན་པས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་བྱང་ཆུབ་ཆེན་པོ་ལ་རབ་ཏུ་བཀོད་ནས་དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་འཐོབ་པར་འགྱུར་བས་འདི་ནི་ནམ་མཁའ་བཞིན་རྒྱ་ཆེ་བའོ། །རིན་ཆེན་འོད་ཟེར་རྒྱ་ཆེ་

གང་། །ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་རྣམས་དཔག་ཏུ་མེད་པའི་སྤྱོད་པ་རྒྱ་ཆེ་བ་དང་། བསྟན་པ་རྒྱ་ཆེ་བ་ནི་རྒྱ་ཆེ་བ་ཞེས་བརྗོད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ངེས་པར་
བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན་སྐལ་པ་ཇི་ལྟ་བ་བཞིན་དུ་ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་ནི་ཕྱིར་མི་ལྡོག་པ་ཉིད་དུའོ། །གཞན་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཡང་གཞན་དག་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་
པར་གྱུར་ཏེ་ཞེས་བྱ་བས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཤིང་ལྟས་ཆེན་པོ་བཅོ་བརྒྱད་དུ་གཡོས་པ་ནི། གཡོས་སོ། །རབ་ཏུ་གཡོས་
སོ། །ཀུན་དུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་དུ་རབ་ཏུ་འགུལ་ཏོ། །ལྡེག་གོ། །རབ་ཏུ་ལྡེག་གོ། །ཀུན་དུ་རབ་ཏུ་ལྡེག་གོ། །འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །ཤིག་ཤིག །རབ་ཏུ་ཤིག་
ཤིག །ཀུན་དུ་རབ་ཏུ་ཤིག་ཤིག་གོ་ཞེས་བྱ་བ་ནི་དེ་ལ་རྣམ་པ་དྲུག་ཏུ་གཡོས་པ་ནི་གཡོ་བ་དང་། མཐོ་བ་དང་། དམའ་བ་དང་། སྟེང་དུ་འགྲོ་བ་དང་། འོག་ཏུ་འགྲོ་བ་དང་། སྒྲ་རྗེས་སུ་སྒྲོགས་པའོ། །ལྟས་ཆེན་པོ་བཅོ་བརྒྱད་ནི་དྲུག་པོ་དེ་དག་ཉིད་ཀྱི་རྣམ་པར་འགྱུར་བ་རྣམས་ཀྱིས་གཡོ་བ་ལ་
སོགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གོ་རིམས་ཇི་ལྟ་བ་བཞིན་དུ་རིགས་པར་བྱའོ། །སྣོད་ཀྱི་འཇིག་རྟེན་ཡང་རྣམ་པ་གཉིས་ཏེ། །འདུས་བྱས་པ་དང་། འདུས་མ་བྱས་པའོ། །སེམས་ཅན་གྱི་འཇིག་རྟེན་ཡང་རྣམ་པ་གཉིས་ཏེ། སེམས་ཅན་མི་དགེ་བ་ལ་སྤྱོད་པ་དང་།
ལྷ་ཚོགས་ལ་མོས་པ་དང་། ང་རྒྱལ་ཅན་དང་རིག་པ་དང་ལྡན་པ་རྣམས་ཀྱི་དབང་དུ་བྱས་ནས་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གཡོས་སོ་ཞེས་བྱ་བ་ནས་ཀུན་དུ་ཤིག་ཤིག་ཅེས་བྱ་བའི་བར་དུ་ཚིག་བཅོ་བརྒྱད་ཀྱིས་དོན་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་གཞན་དུ་

བཤད་པར་བྱ་སྟེ། རྣམ་པ་དྲུག་ཏུ་གཡོས་པ་དང་། ལྟས་ཆེན་པོ་བཅོ་བརྒྱད་ཅེས་བྱ་བ་ནི་གཡོས་པ་དང་། འགུལ་བ་དང་། ལྡེག་པ་དང་། ཆེམ་ཆེམ་པ་དང་། འུར་འུར་བ་དང་། ཤིག་ཤིག་པ་ནི་རྣམ་པ་དྲུག་གོ། །དེ་དག་ཉིད་སོ་སོར་ཆུང་ངུ་དང་། འབྲིང་དང་།
ཆེན་པོའི་དབྱེ་བས་ཕྱེ་ན་ལྟས་ཆེན་པོ་བཅོ་བརྒྱད་དུ་འགྱུར་རོ། །ཕྱོགས་དྲུག་ལ་མཐོ་བ་དང་། དམའ་བའི་དབྱེ་བས་ཕྱོགས་ཀྱི་འགྱུར་བ་བཅུ་གཉིས་སུ་འགྱུར་ལ། དེ་དག་ཀྱང་སྔར་བསྟན་ཟིན་ཏོ། །དེ་ལ་རྒྱུ་གཉིས་ཀྱིས་གཡོ་བ་ལ་སོགས་པ་འདི་དག་འབྱུང་བར་འགྱུར་ཏེ། མཐུ་ཆེན་པོ་དང་ལྡན་
པའི་ལྷ་རྣམས་ཀྱིས་དམ་པའི་ཆོས་ཐོས་པ་ལས་བྱུང་བའི་དགའ་བ་རབ་ཀྱི་མཐར་ཐུག་པར་གྱུར་པ་ལས་བྱུང་བས་ཀུན་དུ་འཁོར་བར་གྱུར་པ་ལས་འཁྲུགས་པའོ། །བརྟན་པའི་འཇིག་རྟེན་ཡང་ཐམས་ཅད་ལས་འདས་པའི་དེ་བཞིན་གཤེགས་པའི་བསྟན་པའི་ཆོས་ཉིད་ཀྱི་དབང་པོར་གྱུར་པ་ཉིད་དུ་བསྟན་
པ་དང་། ཆོས་ཉིད་ཀྱི་མཐུས་ཆོས་ཀྱི་བདག་ཉིད་ཀྱི་ཆེ་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །དེ་ལ་ཕྱོགས་གཅིག་པར་བར་དུ་འགུལ་བ་ནི་གཡོ་བའོ། །ཤིང་རྣམས་བཞིན་དུ་བདག་ཉིད་ཐམས་ཅད་གཡོ་བ་ནི་འགུལ་བའོ། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ནི་ལྡེག་པའོ། །ཆེམ་
ཆེམ་པ་ནི་སྒྲ་རྒྱུན་ཆགས་སུ་འབྱུང་བའོ། །འུར་འུར་ནི་འཁྲུགས་པའོ། །ཤིག་ཤིག་པ་ནི་ཤིན་ཏུ་ཟབ་པའི་སྒྲའོ། །ཡང་ན་གཡོ་བ་ནི་སའོ། །འགུལ་བ་ནི་ཤིང་ཐམས་ཅད་དོ། །ལྡེག་པ་ནི་རི་ཐམས་ཅད་དོ། །ཆེམ་ཆེམ་པ་ནི་ལྷའི་རྔའི་སྒྲ་ལ་སོགས་པའོ། །འུར་འུར་བ་ནི་རྒྱ་མཚོ་ལ་སོགས་
པའོ། །ཤིག་ཤིག་པ་ནི་འབྲུག་གི་སྒྲ་ལྟར་སྒྲོགས་པའོ། །དེ་དག་ཀྱང་དང་པོའི་གནས་སྐབས་ཙམ་པའི་དུས་ན་ནི་ཆུང་བར་འབྱུང་ལ། བར་དུ་ནི་འབྲིང་དུ་འབྱུང་། ཐ་མར་ནི་ཆེ་བར་འབྱུང་ངོ་ཞེས་བྱ་བས་བཅོ་བརྒྱད་དུ་འགྱུར་རོ། །ཕྱོགས་ཐམས་ཅད་དུ་ཡང་མཐོ་བ་དང་། དམའ་བ་ལ་སོགས་པ་
རྣམ་པ་གཅིག་ཏུ་མཉམ་དུ་འབྱུང་བར་འགྱུར་ན་ནི་བཅད་ནས་གཏོར་བ་བཞིན་དུ་ཤིན་ཏུ་འཁྲུགས་པར་འགྱུར་ན་རིམ་གྱིས་མཐོ་བ་དང་། དམའ་བ་ལ་སོགས་པར་འགྱུར་རོ། །དེ་ལ་གང་གི་ཚེ་ཤར་ཕྱོགས་ཀྱི་ས་ཆེན་པོ་རི་དང་ཤིང་དུ་བཅས་པ་ཤིན་ཏུ་འཁྲུགས་པར་གྱུར་པ་དེའི་ཚེ་ཤར་ཕྱོགས་མཐོ་

བ་ལྟ་བུར་སྣང་བ་འགྱུར་རོ། །དེའི་ཚེ་ནུབ་ཕྱོགས་རང་གི་རང་བཞིན་དུ་གནས་ཀྱང་དམའ་བ་ལྟ་བུར་སྣང་བར་འགྱུར་རོ། །དེའི་ཕྱིར་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ་བ་ཞེས་བསྟན་པ་ཡིན་ནོ། །གང་གི་ཚེ་ནུབ་ཕྱོགས་ཀྱི་ས་ཆེན་པོ་རི་དང་ཤིང་དུ་བཅས་པ་ཤིན་ཏུ་འཁྲུགས་པར་གྱུར་པ་དེའི་ཚེ། ནུབ་
ཕྱོགས་མཐོ་བ་ལྟར་སྣང་བར་འགྱུར་རོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །ཆོ་འཕྲུལ་དང་བཅས་པར་བསྟན་པ་ཡང་ཆོ་འཕྲུལ་བསྟན་པས་སེམས་ཅན་རྣམས་འདུལ་བ་ནི་དགོས་པ་ཡིན་ནོ། །ཆོས་ཉིད་ཀྱི་བདག་ཉིད་ཆེ་བ་ཉིད་ཀྱིས་གཡོ་བ་ལ་སོགས་པ་ཡིན་ནོ་ཞེས་ཤེས་ནས་ཆོས་ཀྱི་དེ་ཁོ་ན་ཉིད་
གོམས་པར་བྱ་བ་ལ་རྟག་ཏུ་ནན་ཏན་བྱའོ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་ལྷའི་མེ་ཏོག་ལ་སོགས་པའི་ཆར་འབབ་པ་ལ་སོགས་པ་རྣམས་ཀྱང་ཆོས་ཉིད་ཀྱི་སྟོབས་སུ་བལྟ་བར་བྱའོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ཟུང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་ཡང་དག་པར་གཏོད་པར་བྱེད་
པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཞེས་བྱ་བ་ནི་མིང་གཟུང་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་ཆེན་པོར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་གཟུང་བར་
བགྱི་ཞེས་བྱ་བ་ནི་ཐ་སྙད་དུ་བྱེད་པའི་དུས་སུ་ཐེ་ཚོམ་མེད་པར་ཐ་སྙད་དུ་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་རྗེ་ཆེན་པོ་ལ་འཇུག་པ་ཞེས་བྱ་བར་ཟུང་ཤིག་ཅེས་བྱ་བ་ནི་འདིས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ངེས་པར་བྱས་པ་ཞེས་བྱ་བའོ། །ཆོས་
ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བར་ཡང་ཟུང་ཞིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་བཀའ་ནི་ཤིན་ཏུ་འདའ་བར་དཀའོ་ཞེས་བྱའོ། །ཀུན་དགའ་བོས་གསོལ་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་
སོ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོས་ཁས་བླངས་པར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་མདོ་སྡེ་འདི་གསུངས་པར་གྱུར་པ་ནའོ། །ཡི་རངས་པ་ནི་གདུལ་བྱ་རྣམས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་པས་

ཤིན་ཏུ་ཡང་བཟུང་བས་ཡི་རངས་བས་བཅོམ་ལྡན་འདས་ཀྱང་ཐུགས་རངས་པའོ། །ཟླ་འོད་གཞོན་ནུར་གྱུར་པ་ཡང་ཡི་རངས་པའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ཡི་རངས་པའོ། །འཁོར་བཞི་པོ་དེ་དག་ཀྱང་ཡི་རངས་པའོ། །གནས་གཙང་མའི་ལྷའི་བུ་དུ་མ་ཡང་ཡི་
རངས་པའོ། །ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཀྱང་ཡི་རངས་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་ཡང་དག་པར་མཉེས་པར་བྱས་པ་གང་ཡིན་པ་དེ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི་
ལེགས་སོ་ལེགས་སོ་ལེགས་པར་གསུངས་སོ་ཞེས་བྱ་བས་མངོན་པར་དགའ་བ་དང་ལྡན་པའོ། །ཤིན་ཏུ་ཡིད་འོང་ཤིན་ཏུ་སྙན་པའི་ཚིག་གི་ཚོགས་ཀྱི་འོད་ཟེར་དང་། །འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨ་རྣམ་བསྙེན་འགྲོ་བ་ཡི། །སྲིད་པར་གཏོགས་པའི་རབ་རིབ་ཚོགས་རྣམས་མ་ལུས་
སེལ་བྱེད་པ། །བདེ་བར་གཤེགས་པའི་ཚུལ་གྱིས་གནས་གྱུར་རྣམ་པར་འགྲེལ་ལ་རབ་མཁས་ཤིང་། བདེ་བར་གཤེགས་པའི་ཆོས་རྣམས་བསྒོམ་བྱ་མ་ལུས་བསྒོམས་གྱུར་གང་ཡིན་པས། ཚུལ་རྣམས་སྣ་ཚོགས་བརྙེས་པའི་གཉེན་དང་མ་ཆགས་པ་དག་གིས། །བདེ་བར་
གཤེགས་པའི་གསུངས་གི་སྙིང་པོར་གྱུར་པ་རབ་གནས་པ། །མ་བཀྲོལ་བཞག་པ་བདག་ལ་སྐལ་བ་ཅུང་ཟད་ཙམ་ཞིག་ཡོད་པ་ཡིན། །སེམས་ཅན་དོན་ལ་བརྩོན་པའི་སེམས་ལྡན་སྙིང་རྗེ་རྣམ་པར་འཕྲོ་བ་སེམས་ཅན་གཉེན་གཅིག་པ། །ས་སྟེངས་རིགས་མང་ལྡན་པར་གྲགས་པ་
འཇམ་དཔལ་གྲགས་པ་ཞེས་བྱ་བ་རྟུལ་ཞུགས་ཅན། །དེས་ནི་མདོ་སྡེ་རིན་པོ་ཆེ་འདིའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བྱས། །དེ་ནི་བསྒོམ་བྱ་བསྒོམས་ན་བདེ་གཤེགས་ཀྱིས་གསུངས་དེ་ཉིད་གཅིག་ཏུ་ཞི་བ་སྣང་བར་འགྱུར། །ཆོས་རྣམས་ཐམས་ཅད་མཉམ་ཉིད་རྣམ་སྤྲོས་པ། །
ཏིང་འཛིན་རྒྱལ་པོ་དེ་ཉིད་འཇམ་དབྱངས་མཆོག །ཆོས་རྣམས་ཀུན་གྱི་ལུགས་ལ་མཁས་གྱུར་པ། །ངོ་བོ་ཉིད་ཀྱིས་དག་པའི་ཆོས་སྐུ་མཆོག །རྒྱལ་བའི་ཡོན་ཏན་ཀུན་གྱིས་བརྒྱན་པའི་མདོ་སྡེའི་རྒྱལ་པོའི་འགྲེལ་པ་ཇི་བཞིན་བྱས་པ་ལས། །བསོད་ནམས་མཁའ་ལྟར་མཐའ་མེད་སྟོན་

ཀའི་སྐར་མའི་བདག་པོའི་མ་དངས་འདྲ་བདག་གིས་གང་ཐོབ་པ། །དེ་དག་གིས་ནི་འཁྲུལ་པ་མེད་པའི་སེམས་ཀྱིས་གཅིག་ཏུ་གཞན་ཕན་སེམས་ཅན་ཀུན་གྱི་དོན་བྱས་ནས། །འཇམ་པའི་དཔལ་གྱི་གྲགས་ལྡན་རྒྱལ་བའི་སྲས་མཆོག་བྱང་ཆུབ་སེམས་དང་སངས་རྒྱས་གྱུར་པར་
ཤོག །འཇམ་པའི་དབྱངས་ཀྱི་བྱིན་གྱི་རླབས་ཀྱིས་གྲགས་པའི་གྲགས་པ་ཤིན་ཏུ་རབ་རྒྱས་ནས། །ནམ་མཁའ་དྲི་མེད་སྟེང་ནས་འགྲོ་བའི་ཉི་མའི་འོད་ཀྱིས་མུན་པ་སེལ་ཞིང་རབ་རྒྱས་པ། །སངས་རྒྱས་གདུང་ལ་གཅིག་ཏུ་ཞེན་པས་ཐམས་ཅད་མཁྱེན་པའི་རྟེན་གྱི་སར་གྱུར་འདི་ཡི་
འགྲེལ་བྱས་པས། །བཤད་པ་དཔག་མེད་བྱེད་པས་ཡུལ་དང་དུས་ཀྱི་མཐར་གནས་ཤོག །ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་རྫོགས་སོ།། །།དཔལ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས་རྒྱ་
གར་གྱི་མཁན་པོ་ཞི་བ་བཟང་པོའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཁུ་བརྩོན་འགྲུས་གཡུང་དྲུང་གི་སྐུའི་བསོད་ནམས་སུ་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་
ཎི་དྷ་ན་མ་ཧཱ་རཱ་ཛ་ནི་བནྡྷ་ན། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར། ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོ་ལ་དོན་མདོར་བསྡུ་ན་བཅུ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་
བ་དང་། དེ་ལ་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དེ་བཞིན་གཤེགས་པ་རྣམས་བཞུགས་པར་གསོལ་བ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་། དེའི་རབ་ཏུ་དབྱེ་བ་དང་། དེའི་མཐར་
ཐུག་པ་དང་། དེའི་ཕན་ཡོན་ནོ། །དེ་ལ་ཕྱོགས་བཅུ་ཀུན་གྱི་ཞིང་ལ་སོགས་པ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྤྱིར་ལུས་དང་ངག་དང་ཡིད་རྣམ་པར་མ་ཕྱེ་བར་ཕྱག་འཚལ་བའི་དབང་དུ་མཛད་ནས་གསུངས་པ་ནི་ཇི་སྙེད་སུ་དག་ཅེས་བྱ་བ་ལ་སོགས་པའོ། །ཇི་སྙེད་ཅེས་བྱ་

བ་ནི་ཇི་སྲིད་པ་སྟེ་ཚད་ཇི་ཙམ་ཡིན་པའོ། །དེའི་ཕྱིར་ཚད་ཡོངས་སུ་བཅད་པར་འགྱུར་རོ། །དེས་ན་སྤྱིའི་སྒྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་གཞལ་དུ་མེད་པ་ཉིད་དུ་སྟོན་པས་གསུངས་པ་ནི་སུ་དག་ཅེས་བྱ་སྟེ། གྲངས་དང་མིང་གི་སྒོ་ནས་ཚད་ལས་འདས་པ་
ཞེས་བྱ་བའི་དོན་ཏོ། །ཕྱོགས་བཅུའི་འཇིག་རྟེན་ན་ཞེས་བྱ་བ་ནི་ཕྱོགས་བཅུ་པོ་རྣམས་ཀྱི་འགྲོ་བ་ནའོ། །དུས་གསུམ་ཀུན་གཤེགས་མི་ཡི་སེང་གེ་རྣམས། །ཞེས་བྱ་བ་ནི་དུས་གསུམ་པོར་གྱུར་པ་མཐའ་དག་སྟེ། དུས་གསུམ་ན་བཞུགས་པ་རྣམས་ཞེས་བྱ་བའི་དོན་ཏོ། །མིའི་སེང་གེ་ཞེས་
བྱ་བ་ནི་ཐམས་ཅད་ལ་འཇིགས་པ་དང་བྲལ་ཞིང་གང་ལས་ཀྱང་དོགས་པ་མེད་པ་ནི་སེང་གེ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ན་དེ་དང་འདྲ་བ་ཡིན་ཏེ། དེས་ན་སེང་གེ་དང་འདྲ་བས་སེང་གེའོ། །མི་རྣམས་སུ་སྐྱེ་བ་ཀུན་དུ་བསྟན་པའི་
ཕྱིར་དེ་དག་ནི་མི་ཡང་ཡིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་སེང་གེ་ཡིན་ནོ། །དེ་དག་ཐམས་ཅད་ལ་བདག་གིས་ཕྱག་བགྱིས་ཏེ་རབ་ཏུ་འདུད་དོ། །བརྗོད་པར་འདོད་པའི་དབང་གིས་ཕྱོགས་གཅིག་བརྗོད་པས་ཐམས་ཅད་ཀྱི་སྒྲ་མཐོང་བ་དེས་ན་ལྷག་མ་མ་ལུས་པ་ཡངས་
ཡོངས་སུ་གཟུང་བའི་དོན་དུ་མ་ལུས་ཞེས་གསུངས་སོ། །ལུས་དང་ངག་དང་ཡིད་རབ་ཏུ་དང་བ་ནི་མཆོག་ཏུ་དང་བར་གྱུར་པ་སྟེ། སེམས་རབ་ཏུ་དང་བས་ཀུན་ནས་བསླང་བའི་ཕྱིར་ལུས་དང་ངག་ཀྱང་རབ་ཏུ་དང་བ་ཡིན་ནོ། །ད་ནི་ལུས་ལ་སོགས་པ་སོ་སོ་རྣམ་པར་ཕྱེ་བས་ཕྱག་འཚལ་བ་གསུངས་ཏེ།
དེ་ལ་རེ་ཞིག་ལུས་ཀྱིས་ཕྱག་འཚལ་བ་ནི། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་གང་གི་རྡུལ་དང་མཉམ་པའི་ལུས་རབ་ཏུ་བཏུད་པས་སོ། །སྙེད་ཀྱི་སྒྲས་ནི་འདིར་དཔེ་དང་མཐུན་པའི་རྣམ་གྲངས་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །
ཕྱོགས་བཅུ་དུས་གསུམ་དུ་སོན་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་ཞིང་དེའི་གྲངས་ཀྱི་ལུས་རབ་ཏུ་བཏུད་པས། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་ཕྱིར་དང་བདུད་ལས་རྒྱལ་བའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་

ལ་རྒྱལ་བ་ཞེས་བརྗོད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྡིག་པའི་ཆོས་ལས་ང་རྒྱལ་ཏེ། །དེས་ན་ཉེར་འགྲོ་ང་རྒྱལ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དུས་གསུམ་དུ་གཤེགས་པའི་རྒྱལ་བ་དེ་དག་ཐམས་ཅད་ལ་རབ་ཏུ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་
གཅིག་ལ་སེམས་ཕྱོགས་པར་གྱུར་པའི་ཕྱིར་ན་གཞན་ལ་ཡིད་ཀྱིས་སྟོང་པའི་ལུས་ཞིང་གི་རྡུལ་དང་མཉམ་པ་ཁོ་ནས་རབ་ཏུ་ཕྱག་འཚལ་ལམ་ཅི་ཞེ་ན་མ་ཡིན་ནོ་ཞེས་བརྗོད་པ་ནི། རྒྱལ་བ་ཀུན་ལ་མངོན་ཕྱོགས་ཡིད་ཀྱིས་སུ། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་རྣམས་རེ་རེ་ལ་མངོན་དུ་
ཕྱོགས་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །ཞེས་བྱ་བ་ལ། བཟང་པོ་ནི་དགེ་བའོ། །དེ་ནི་བཟང་པོ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་ཞེས་བྱ་བའི་དོན་ཏོ། །དེའི་དོན་དུ་སྨོན་པ་ནི་སྨོན་ལམ་སྟེ་དོན་དུ་གཉེར་
བའོ། །དེའི་སྟོབས་ནི་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་དང་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བ་ཡིན་ཏེ། དེ་ནས་དེའི་སྟོབས་ཀྱིས་ཏེ། རྣམ་པ་གཞན་དུ་ནི་འདི་ལྟ་བུའི་ཚུལ་གྱི་བྱ་བ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཡིད་ཀྱིས་ཕྱག་འཚལ་
བ་ནི། རྡུལ་གཅིག་སྟེང་ན་ཞེས་བྱ་བ་ལ་སོགས་པའོ། །རྡུལ་གཅིག་སྟེང་ན་ཞེས་བྱ་བ་ནི་རྡུལ་གཅིག་གི་ཐོག་ནའོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཚོགས་དཔག་ཏུ་མེད་པའི་དབུས་ན་སོ་སོར་བཞུགས་པའོ། །སངས་རྒྱས་རྡུལ་སྙེད་
རྣམས་ཞེས་བྱ་བ་ནི་འདིར་ཡང་ཁྱད་པར་མེད་པའི་ཕྱིར་ན་ཕྱོགས་བཅུ་དུས་གསུམ་དུ་རྗེས་སུ་སོན་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བདེ་བར་གཤེགས་པ་རྣམས་མོས་ཞེས་འཆད་པར་འགྱུར་བ་དང་འབྲེལ་ལོ། །ཇི་ལྟར་རྡུལ་གཅིག་གི་སྟེང་ན་དེ་ལྟར་ཏེ་ཚུལ་འདི་ཉིད་ཀྱིས་
མ་ལུས་པར་མཐའ་དག་པར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཆོས་ཉིད་དོ། །དེ་ཉིད་ནི་དབྱིངས་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུའི་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་སྟེ། རྡུལ་གཅིག་གི་སྟེང་ན་གནས་པའི་བྱང་

ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་སོ་སོར་བསྐོར་བའི་བཅོམ་ལྡན་འདས་རྣམས་ཀྱིས་གང་ཞིང་བར་ཆད་མེད་པར་ཁྱད་པར་ཡིད་ཀྱིས་མོས་པའོ། །ལུས་དང་ངག་གི་ལས་དག་ནི་ཡིད་ཀྱིས་ཀུན་ནས་བསླང་བའི་ཕྱིར་ན་ཡིད་ཀྱི་ལམ་རབ་ཏུ་བསྟན་ཏོ། །ད་ནི།
དེ་དག་བསྔགས་པ་རྒྱ་མཚོ་མི་ཟད་རྣམས། །ཞེས་བྱ་བ་ལ་སོགས་པས་དག་གིས་ཕྱག་འཚལ་ལོ། །དེ་དག་ཅེས་བྱ་བ་ལ། དེ་ལྟར་ལྷག་པར་མོས་པར་བྱས་པ་དེ་དག་ལ་སྟེ། གང་དག་ལ་བསྔགས་པ་རྒྱ་མཚོ་སྟེ། ཡོན་ཏན་རྒྱ་མཚོ་ཡོད་པ་དང་ཉམས་པ་དང་མཐའ་གཏུགས་པ་མེད་པའི་ཕྱིར་ཟད་པ་
མེད་པས་མི་ཟད་པ་ཡོད་པ་དེ་དག་ནི་བསྔགས་པ་རྒྱ་མཚོ་མི་ཟད་པ་རྣམས་སོ། །འདིར་བསྔགས་པའི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས་ཡིན་ལ། རྒྱ་མཚོའི་སྒྲ་ནི་དོན་མང་པོ་བརྗོད་པ་ཡིན་པར་རྟོགས་པར་བྱ་སྟེ། བསྔགས་པ་རྒྱ་མཚོ་མི་ཟད་པ་མངའ་བ་དེ་དག་ལའོ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་
ཀུན་གྱིས། །ཞེས་བྱ་བ་ལ། འདིར་ཡང་ཡན་ལག་གི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་ཡན་ལག་ལྔ་དང་ལྡན་པར་བརྗོད་པ་དང་། ཐེག་པ་ཆེན་པོར་ཡང་ཡན་ལག་དྲུག་ཅུ་དང་ལྡན་པ་དང་། ཡན་ལག་སྟོང་ཕྲག་བཅུ་དང་ལྡན་པ་དང་། ཡན་ལག་དཔག་ཏུ་མེད་པ་དང་ལྡན་
པར་བརྗོད་པ་དེར་ཡང་ཡོན་ཏན་ལྔ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པར་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དབྱངས་ཀྱི་ཡོན་ཏན་དང་ལྡན་པའི་སྒྲས་ཏེ་དོན་གྱི་ཚུལ་གང་ཡིན་པ་རྒྱ་མཚོ་དཔག་ཏུ་མེད་པ་དེ་དག་ཀུན་གྱིས་སོ། །རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། །རྒྱལ་བ་རྣམས་ཀྱི་ཡོན་ཏན་
ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཉེ་བར་བཟུང་ནས་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གཞལ་དུ་མེད་ཅིང་ཐུན་མོང་མ་ཡིན་པ་གང་དག་ཡིན་པ་དེ་དག་རབ་ཏུ་བརྗོད་ཅིང་སྟེ་མངོན་པར་སྨྲ་བར་བྱེད། །རབ་ཏུ་སྒྲོགས་པར་བྱེད་ཅིང་ངོ་། །བདེ་བར་གཤེགས་པ་སོ་སོ་ནས་མདུན་ན་
བཞུགས་པ་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་བདག་གིས་བསྟོད་པར་བགྱིའོ། །ཡང་ན་བསྔགས་པ་རྒྱ་མཚོ་མི་ཟད་ཅེས་བྱ་བ་ནི་གཞི་མཐུན་པ་ཉིད་ཀྱི་སྒོ་ནས་ཡོན་ཏན་ཞེས་བྱ་བ་འདི་ཉིད་ཀྱི་ཁྱད་པར་ཡིན་ཏེ། བདེ་བར་གཤེགས་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་རྒྱ་མཚོ་མི་ཟད་པ་རབ་བརྗོད་

ཅིང་ཞེས་བྱ་བའི་དོན་ཏོ། །ད་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་བླ་ན་ཡོད་པ་དང་བླ་ན་མེད་པའི་མཆོད་པ་རྣམ་པ་གཉིས་གསུངས་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བླ་ན་ཡོད་པ་ཡིན་ཏེ། མེ་ཏོག་ལ་སོགས་པ་རྣམས་ཀྱི་ནང་ན་དམ་པ་གང་དག་
ཡིན་པའི་མེ་ཏོག་དམ་པ་དེ་དག་དང་། ཕྲེང་བ་དམ་པ་དང་། སིལ་སྙན་དམ་པ་དང་། གུར་གུམ་དང་། ཙན་དན་ལ་སོགས་པའི་བྱུག་པ་དམ་པ་དང་། གདུགས་དམ་པ་མཆོག་དང་། མར་མེ་མཆོག་དང་། བདུག་པ་དམ་པ་དང་། ན་བཟའ་དམ་པ་དང་། དྲི་དམ་པ་དང་། དྲི་སྣ་ཚོགས་སྦྱར་
ཅིང་ལེགས་པར་བསྒྲུབས་པའི་ཕྱེ་མའི་ཕུར་མ་སྟེ་ཙན་དན་དང་གུར་གུམ་དང་ག་པུར་དང་ཨ་ག་རུ་ལ་སོགས་པ་སྣ་ཚོགས་ཀྱི་རང་བཞིན་རི་རབ་དང་མཉམ་པ་དང་། བཀོད་པ་ཁྱད་པར་འཕགས་པ་མཆོག་ཀུན་གྱིས། །ཞེས་བྱ་བ་བཀོད་པ་དམ་པ་དང་། འདིར་བཀོད་པའི་སྒྲ་ནི་ཚོགས་པའི་རྣམ་
གྲངས་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་ལྷ་རྫས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྣམས་ཀྱིས་རྒྱལ་བ་ཐམས་ཅད་ལ་མཆོད་པར་བགྱིའོ། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པ་ཡང་གསུངས་སོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་
འཛིན་གྱི་མཐུས་བསྐྱེད་པའི་མཆོད་པ་གང་རྣམས་བླ་ན་མེད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲོས་པས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པའི་རྒྱ་ཆེ་བ་དེ་དག་རྒྱལ་བ་ཐམས་ཅད་ལ་བདག་ལྷག་པར་མོས་སོ། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །ཞེས་བྱ་བ་ལ་
བཟང་པོ་སྤྱོད་པ་ལ་ལྷག་པར་མོས་ཤིང་མངོན་པར་ཡིད་ཆེས་པ་དང་། མངོན་པར་ངེས་པ་དེའི་སྟོབས་ཀྱིས་ཏེ། དེ་ལ་མིང་དུ་མ་དག་ལས་བཟང་པོ་སྤྱོད་པ་ན་དེ་ལྟར་རྣམ་པ་སྣ་ཚོགས་པའི་མཆོད་པ་བྱང་ཆུབ་སེམས་དཔའི་བྱམས་པ་ལྟར་མོས་པ་ཡིན་ནོ། །ད་ནི་ཇི་སྐད་བརྗོད་པའི་ཕྱག་འཚལ་བ་
དང་། མཆོད་པ་ཉེ་བར་བསྡུས་པར་གསུངས་པ་ནི། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བྱ་བ་སྟེ། རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པར་བགྱི་བའོ། །ཀུན་ནས་སློང་བ་དང་། གནས་དང་། ངོ་བོ་ཉིད་རྣམ་པ་གསུམ་གྱི་སྒོ་ནས་སྡིག་པ་བཤགས་པ་གསུངས་

པ་ནི། འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྡིག་པ་ཀུན་ནས་སློང་བའི་རྒྱུ་གང་ཞིག་ཡིན་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་ནི་ཀུན་ནས་སློང་བའི་རྒྱུ་ཡིན་ནོ། །གནས་གང་ཡིན་ཞེ་ན། གནས་ནི་ལུས་དང་ངག་དང་ཡིད་ཡིན་ནོ། །ངོ་བོ་ཉིད་ནི། སྡིག་པ་བདག་
གིས་བགྱིས་པ་ཅི་མཆིས་པ། །ཞེས་བྱ་བ་སྟེ། སྐྱེ་བ་འདི་འམ་སྐྱེ་བ་ཕྱི་མ་དག་ཏུ་བདག་ཉིད་ཀྱིས་བྱས་པ་དང་བྱེད་དུ་བཅུག་པ་དང་བྱེད་པ་ལ་རྗེས་སུ་ཡི་རང་བའོ། །དེ་ཐམས་ཅད་ནི་དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་མངོན་སུམ་དུ་འདུག་པ་ལྟ་བུས་སྐད་ཅིག་ཙམ་ལའང་འགྱོད་
བཞིན་པས་སོ་སོར་བཤགས་པར་བྱ་ཞིང་བསལ་བར་བགྱིའོ། །ད་ནི་ཕྱོགས་བཅུའི་འགྲོ་བ་ཀུན་དང་ཞེས་བྱ་བ་ལ་སོགས་པས་བསོད་ནམས་ལ་རྗེས་སུ་ཡི་རང་བ་གསུངས་སོ། །ཕྱོགས་བཅུའི་འགྲོ་བའི་བསོད་ནམས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བ་དུས་གསུམ་པ་
གང་ཡིན་པ་དང་། གང་ཡང་སློབ་པའི་གང་ཟག་བདུན་པོ་རྣམས་དང་། གང་ཡང་མི་སློབ་པའི་དགྲ་བཅོམ་པ་རྣམས་དང་། རང་རྒྱལ་བ་རྣམ་པ་གཉིས་པོ་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་རྣམས་ཀྱི་བསོད་ནམས་དུས་གསུམ་ལ་འཇིག་རྟེན་ལས་འདས་པ་གང་ཡིན་པ་དང་། གང་ཡང་
སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་དུ་གཤེགས་པ་རྣམས་ཀྱི་བརྡ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དང་ས་ལ་སོགས་པ་ལས་ངེས་པར་
སྐྱེས་པ་རེ་རེ་ཞིང་དུས་གསུམ་དུ་གྱུར་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐྱོད་ཡུལ་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་བར་བགྱིད་དོ། །འགྲོ་བའི་སྒྲ་མ་ལུས་པ་རྗོད་
པར་བྱེད་པ་ཉིད་ཀྱིས་སློབ་པ་དང་མི་སློབ་པ་ལ་སོགས་པའི་བསོད་ནམས་འདུས་པར་གྲུབ་བཞིན་དུ་སོ་སོར་ཉེ་བར་བླངས་པ་ལ་དོན་ཅི་ཞིག་ཡོད་ཅེ་ན་དེ་ནི་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྟེ་སྲིད་པ་དང་བཅས་པ་ཞེས་བྱ་བའི་དོན་ནམ། འཁོར་བར་འགྲོ་བ་ཞེས་བྱ་བའི་དོན་ནོ། །དེ་ལ་ཁ་ཅིག་ལ་ནི་ཤིན་ཏུ་འགྲོ་བ་

མེད་པའི་ཕྱིར་དང་། ཁ་ཅིག་ནི་མི་འགྲོ་བ་ཉིད་ཀྱིས་འགྲོ་བའི་སྒྲར་བརྗོད་པར་བྱ་བ་མ་ཡིན་ཏེ། དེས་ན་ཐ་དད་པར་བསྟན་པ་ཡིན་ནོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་རྣམས་ན་འགྲོ་བའི་སྒྲོན་མ་
སྟེ། འཇིག་རྟེན་གྱི་ཕྱི་དང་ནང་གི་མུན་པའི་ཚོགས་རྣམས་སེལ་བར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་སྒྲོན་མ་ཡིན་ནོ། །བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་
པའོ། །མ་ཆགས་བརྙེས་ཞེས་བྱ་བ་ནི་མ་ཆགས་པ་ཉིད་ཐོབ་པ་སྟེ། མངོན་པར་བྱང་ཆུབ་པའི་ཆོས་ཀྱི་ཚུལ་ལས་དོན་མ་ལུས་པའི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་ན་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཆོས་ཟབ་མོ་རྟོགས་པའི་དོན་དུ་མི་གཉེར་ཞིང་མངོན་པར་མི་བརྩོན་པ་གཞན་
དག་གིས་རྟོགས་པར་དཀའ་བ་དེས་ན་གང་དག་ཆོས་བསྟན་པ་ལ་སྤྲོས་པ་མེད་པར་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་ན་བྱང་ཆུབ་ཀྱི་ཤིང་མཆོག་གི་དྲུང་དུ་གཤེགས་ནས་བཞུགས་པ་གང་ཡིན་པའི་འཇིག་རྟེན་གྱི་མགོན་པོ་དེ་དག་ཐམས་ཅད་ལ་བདག་གིས་འགྲོ་བའི་མི་ཤེས་པའི་མུན་པ་
བསལ་བའི་ཕྱིར་དང་། བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་བྱ་བའི་ཕྱིར་ན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་སའི་སྟེང་དུ་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་བ་བྱས་ནས་སོ་སོའི་མདུན་དུ་གནས་པ་ལྟ་བུས་བསྐུལ་བར་བགྱིད་དོ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་བསྐུལ་བའོ། །ད་ནི།
མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་འདེབས་སོ། །གང་ཞེས་བྱ་བ་ནི་ཁྱད་པར་མེད་པ་ཡིན་ཡང་སྐབས་ཡིན་པའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་དང་མངོན་པར་འབྲེལ་ཏོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་དག་མྱ་ངན་འདས་
སྟོན་ཏེ། མྱ་ངན་འདས་པ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་རབ་ཏུ་སྦྱར་ནས་ཡུན་རིང་དུ་བཞུགས་པའི་དོན་དུ་གསོལ་བར་བགྱི་སྟེ་ཞུ་བ་འབུལ་ལོ། །དུས་ཇི་སྲིད་དུ་ཞེ་ན། བསྐལ་པ་ཞིང་གི་རྡུལ་སྙེད་དེ་དུས་གསུམ་དུ་རྟོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་དང་མཉམ་

པའི་བསྐལ་པར་བཞུགས་པར་རོ། །ཅིའི་དོན་དུ་ཞེ་ན། མགོན་མེད་པར་གྱུར་པའི་འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར་རོ། །དེ་ལ་ཕན་པ་ནི་གཏན་དུ་བའི་གྲུབ་པ་དང་བདེ་བ་སྟེ་མྱ་ངན་ལས་འདས་པའི་ལམ་ཐོབ་པའོ། །བདེ་བ་ནི་ལྷ་གྲངས་ཀྱི་ཉེ་བར་སྤྱོད་པ་ཐོབ་པའོ། །ད་ནི་ཇི་སྐད་
བརྗོད་པའི་ཕྱག་འཚལ་བ་ལ་སོགས་པས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པར་ཡོངས་སུ་སྔོ་བར་བྱེད་པ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་
ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པའི་དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་སྟེ་ཉེ་བར་བསྒྲུབས་པ་དེ་དག་ཐམས་ཅད་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་བསྔོ་བར་བགྱིའོ། །ད་ནི་བརྒྱད་
པ་དེའི་རབ་ཏུ་དབྱེ་བ་སྟེ། ཀུན་དུ་བཟང་པོའི་སྨོན་ལམ་དེའི་ཡན་ལག་སོ་སོའི་རབ་ཏུ་དབྱེ་བ་ནི་དེའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ཡང་རྣམ་པ་བཅུ་དྲུག་སྟེ། འདི་ལྟ་སྟེ་བསམ་པའི་སྒོ་ནས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་དང་། མ་གོས་པའི་སྦྱོར་བའི་སྒོ་ནས་དང་། སེམས་ཅན་ལ་
ཕན་པའི་སྒོ་ནས་དང་། གོ་ཆའི་སྒོ་ནས་དང་། སྐལ་པ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་སྒོ་ནས་དང་། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པའི་སྒོ་ནས་དང་། དེ་བཞིན་གཤེགས་པ་མངོན་དུ་གྱུར་པའི་སྒོ་ནས་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་སྒོ་ནས་དང་། མི་ཟད་པའི་
མཛོད་ཐོབ་པའི་སྒོ་ནས་དང་། འཇུག་པའི་སྒོ་ནས་དང་། སྟོབས་ཀྱི་སྒོ་ནས་དང་། སྒྲུབ་པའི་སྒོ་ནས་དང་། ལས་ཀྱི་སྒོ་ནས་དང་། རྗེས་སུ་སློབ་པ་ཡོངས་སུ་ཕྱེ་བའི་སྒོ་ནས་དང་། བསྡུ་བའི་སྒོ་ནས་སོ། །དེ་ལ་བསམ་པའི་སྒོ་ནས་ནི་རྣམ་པ་དང་པོའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་
པ་དང་དགོངས་པ་ཡོངས་སུ་རྫོགས་པའི་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་བསྟན་ཟིན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བླ་ན་མེད་པའི་མཆོད་པས་མཆོད་པར་གྱུར་ཅིང་ཕྱོགས་བཅུའི་འཇིག་རྟེན་ཏེ། འཇིག་རྟེན་གྱི་ཁམས་

དུ་མ་རྣམས་ན་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བ་སྒྲུབ་པ་ལྷུར་མཛད་པ་དང་། དེ་ལྟར་བཞུགས་ཤིང་འཚོ་བ་གང་ཡིན་པ་དེ་དག་རྣམས་ཀྱང་དེ་བཞིན་དུ་མཆོད་པར་གྱུར་ཅིག་པའོ། །གང་ཡང་མ་བྱོན་པ་འབྱུང་བར་འགྱུར་བ་དེ་དག་ཀྱང་རབ་མྱུར་བར་ཏེ་དཀའ་བ་མེད་པ་ཁོ་ནར་བསམ་རྫོགས་བྱང་ཆུབ་རིམ་པར་
སངས་རྒྱས་སྤྱོན་ཅིག་པའོ། །ཕྱེད་སྔ་མས་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་བསམ་པ་དང་། ཕྱེད་ཕྱི་མས་ནི་དགོངས་པ་ཡོངས་སུ་རྫོགས་པའི་བསམ་པ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་བསམ་པ་ནི། ཕྱོགས་བཅུའི་ཞིང་རྣམས་གང་དག་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་གང་
གསུངས་པ་ཡིན་ནོ། །ཕྱོགས་བཅུ་རྣམས་ན་སངས་རྒྱས་ཀྱི་ཞིང་རྣམས་གང་དག་ཅེས་བྱ་བ་གང་དག་ཡོད་པ་ཇི་སྙེད་ཅེས་བྱ་བ་ནི་སྲིད་པ་དེ་དག་ཐམས་ཅད་བདེ་བ་ཅན་བཞིན་དུ་རྒྱ་ཆེར་ཡོངས་སུ་དག་པར་གྱུར་ཏེ། དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་གནས་རྣམས་སོ་སོར་ཐ་གྲུ་ཆེ་བར་
གྱུར་ཅིང་། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་སྟེ། བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་གང་བར་ཏེ་ཀུན་ནས་བར་མཚམས་མེད་པར་ཁྱབ་པར་ཤོག་ཅེས་བྱ་བའོ། །སེམས་ཅན་ཐམས་ཅད་བདེ་བའི་ལྷག་པའི་བསམ་པ་ནི་ཕྱོགས་བཅུའི་ཞེས་བྱ་བ་ལ་
སོགས་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུ་རྣམས་ན་སྐྱེ་གནས་བཞིས་བསྡུས་པ་འགྲོ་བ་དྲུག་གི་སེམས་ཅན་གང་རྣམས་ཇི་སྙེད་ཡོད་པ་དེ་དག་རྟག་ཏུ་སྟེ། གཏན་དུ་ལུས་དང་སེམས་ཀྱི་ནད་དང་བྲལ་བར་གྱུར་ཅིག །ཉམས་པ་མེད་པ་མཆོག་ཏུ་གྱུར་པའི་བདེ་བས་བདེ་བར་གྱུར་ཅིག །དེ་
དག་གི་ཆོས་དང་ལྡན་པའི་དོན་དེ་མཐུན་པ་སྟེ་རྗེས་སུ་མཐུན་པར་གྲུབ་པར་ཤོག་ལ། འགྲོ་བ་ཀུན་གྱིས་ཆོས་དང་ལྡན་པའི་རེ་བ་ཡང་རྟག་ཏུ་འགྲུབ་པར་ཤོག་སྟེ། ཡོངས་སུ་རྫོགས་པར་གྱུར་ཅིག་པའོ། །ད་ནི་མི་མཐུན་པའི་ཕྱོགས་སྤང་བ་ཉེ་བར་སྟོན་པའི་སྒོ་ནས་ཚིགས་སུ་བཅད་པ་བཞིས་རྣམ་པ་
གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཚེ། །ཞེས་བྱ་བ་ནས་བརྩམས་ནས། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ཅེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ། །བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེའི་དོན་དུ་སྤྱོད་

པ་ནི་བྱང་ཆུབ་སྤྱོད་པའོ། །དེ་ལ་བདག་སྤྱོད་པའི་ཚེ་འགྲོ་བ་ཀུན་དུ་སྐྱེ་བ་དྲན་པར་གྱུར་ཅིག །དེ་བཞིན་དུ་ཚེ་རབས་ཀུན་དུ་འཆི་འཕོ་བ་དང་སྐྱེ་བ་ནས་བདག་ནི་རབ་ཏུ་འབྱུང་བར་ཤོག །ཅེས་བྱ་བ་འཆི་འཕོ་བ་དང་སྐྱེ་བ་དག་གིས་ནི་དོན་གྱིས་ན་བར་གྱི་གནས་སྐབས་བརྗོད་པ་ཉིད་དུ་
བལྟ་བར་བྱ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་རྒྱུ་དང་པོ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་གཤེགས་པའི་རྒྱལ་བ་མ་ལུས་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པར་བྱེད་ཅིང་། བཟང་པོ་སྤྱོད་པ་ཞེས་པ་ལ།
བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཞེས་བྱ་བ་ཡང་དག་པར་སྒྲུབ་པར་བྱེད་པ་ན་ཅི་ཞིག་གི་བདག་གིས་བྱ་ཞེ་ན། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བྱ་བ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་གློ་བུར་གྱི་དྲི་
མ་དང་མི་ལྡན་པ་ཉིད་ཀྱིས་དྲི་མ་མེད་པ་དང་། ལུས་ཀྱི་ཉེས་པ་དང་བྲལ་བའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མ་ཉམས་པ་དང་སྐྱོན་མེད་པ་ཡིན་ཏེ། འདོད་པ་ཐམས་ཅད་སྐོང་བར་བྱེད་པ་དང་། ཡོངས་སུ་གདུང་བ་ཐམས་ཅད་སེལ་བར་བྱེད་པ་ཡིན་ཞིང་ནད་ཐམས་
ཅད་དང་བྲལ་བར་བྱེད་པ་དང་། དུས་མ་ཡིན་པར་འཆི་བ་རབ་ཏུ་ཞི་བར་བྱེད་པ་དང་། གཞན་གྱི་དོན་བསྒྲུབ་པ་ལ་འཇུག་པ་འབའ་ཞིག་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱང་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་ཡིན་ཏེ། གློ་བུར་གྱི་ལས་དང་ཉོན་མོངས་
པའི་དྲི་མ་དང་། མ་འདྲེས་པའི་ཕྱིར་དྲི་མ་མེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སེམས་བསྐྱེད་པའི་ལུས་ཀྱི་སྐྱོན་དང་བྲལ་བའི་ཕྱིར་དང་། མེད་ན་མི་འབྱུང་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར། ཀུན་ནས་
ཡོངས་སུ་དག་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་གུས་པར་བྱེད་པ་ཉིད་ཀྱིས་ལྟུང་བ་ཀུན་དུ་མི་སྤྱོད་པའི་ཕྱིར་ན་བསླབ་པ་མ་ཉམས་པས་མ་ཉམས་པ་དང་། འདས་པའི་ཡུལ་ཉམས་སུ་མྱོང་བ་ལ་ལྟོས་ནས་སྲེད་པ་སྐྱེ་ཞིང་མ་འོངས་པའི་སྐྱེ་བ་ལ་ཡང་འདིར་བདག་ཉིད་དུ་

མངོན་པར་དགའ་བ་དང་། ད་ལྟར་བྱུང་བ་ལ་ལྷག་པར་ཞེན་པའི་སྲེད་པ་སྟེ་དུས་གསུམ་པའི་སྲེད་པས་སྟོན་པར་བྱེད་པ་འདི་དག་གིས་ཅུང་ཞིག་ཀྱང་སྐྱོ་བ་མེད་པའི་ཕྱིར་སྐྱོན་མེད་པ་ཡིན་ཞིང་ས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་དང་།
འགྲོ་བའི་འདོད་པ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྱིར་ཡོངས་སུ་གདུང་བ་ཐམས་ཅད་སེལ་ཞིང་ནད་ཐམས་ཅད་སེལ་བ་དང་། ལྷ་དང་མི་རྣམས་སུ་དཔག་ཏུ་མེད་པའི་ཚེ་བསྒྲུབ་པ་དང་། གཞན་གྱི་དོན་བསྒྲུབ་པ་ལ་འཇུག་པ་ལ་འཇུག་པ་འབའ་ཞིག་ཏུ་གྱུར་པ་ཡིན་ནོ། །ངེས་པའི་ཚིག་
གིས་ལུས་དང་སེམས་ཀྱི་གདུང་བ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་ན་བསིལ་བར་གྱུར་པ་ཉིད་ཀྱིས་ན་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་སྤྱོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉིད་སྤྱོད་པ་ཡིན་པས་ཚུལ་ཁྲིམས་སྤྱོད་པ་སྟེ་སྤྱད་པས་ན་སྤྱོད་པའོ། །རྣམ་པ་དེ་ལྟ་བུའི་ཚུལ་ཁྲིམས་སྤྱོད་པ་དྲི་མེད་པ་ཡོངས་
སུ་དག་པ་མ་ཉམས་པ་སྐྱོན་མེད་པ་ལ་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་སྤྱོད་པར་ཤོག་ཅིག་ཅེས་བྱ་བ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗོད་པའི་རྒྱུ་གཉིས་པ་ཡིན་ནོ། །ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ལ་ལྷའི་སྐད་ཀྱིས་སོ། །ཀླུ་དང་གནོད་སྦྱིན་དང་གྲུལ་བུམ་དང་མི་རྣམས་ལ་ནི་
དེའི་སྐད་དེ་སྒྲ་རྣམས་ཀྱིས་སོ། །མདོར་ན། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པ། །དེ་དང་དེ་དག་གིས་དེ་དག་ལ་དེ་ལྟར་སོ་སོར་བྱང་ཆུབ་ཀྱི་བར་དུ་དམ་པའི་ཆོས་བསྟན་ཏོ་ཞེས་བྱ་བ་འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གསུམ་པ་ཡིན་ནོ། །དེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ངེས་པ་ནི་རྒྱུད་འཇོམ་
པའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུའོ། །དེ་དག་ལ་བརྩོན་པ་ནི་བདག་ཉིད་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་གྲིམས་ཤིང་ཡིད་མི་སྐྱོ་བའོ། །ནམས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ནམ་ཡང་བརྗེད་པར་མ་གྱུར་ཅིག་པ་སྟེ། འདི་ནི་རྒྱུ་
བཞི་པའོ། །ཚིགས་སུ་བཅད་པ་ཕྱེད་དང་བཞི་པོ་འདི་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་གང་ཡིན་པ་དེ་དག་གི་གཉེན་པོ་བསྟན་པར་མཛད་པ་ཡིན་ནོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་མི་མཐུན་པའི་ཕྱོགས་སྤང་བ་བསྟན་པ་ནི། སྡིག་པ་གང་རྣམས་

སྒྲིབ་པར་གྱུར་པ་དག །ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྡིག་པ་གང་རྣམས་བྱང་ཆུབ་སེམས་ལ་བར་དུ་གཅོད་པར་བྱེད་པའི་སྒྲིབ་པར་གྱུར་པ་དེ་དག་ཐམས་ཅད་དུ་ཐམས་ཅད་མ་ལུས་པར་ཡོངས་སུ་བྱང་བར་སྟེ་སྤང་བར་ཤོག་ཅིག་ཅེས་པའོ། །
དེ་ནི་རྣམ་པ་གསུམ་མ་གོས་པའི་སྦྱོར་བ་རྒྱུ་རྣམ་པ་གསུམ་པོ་གང་ལས་གང་དུ་ཇི་ལྟར་ཞེས་བྱ་བས་གསུངས་པ་ནི། ལས་དང་ཉོན་མོངས་ཞེས་བྱ་བ་ལ་སོགས་པའོ། །རྣམས་ལས་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམས་ལས་ཏེ། ལས་འདི་ཡང་ཁྱད་པར་མེད་
པའི་ཕྱིར་ན་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་རྣམ་པ་གསུམ་གང་ཡང་གཟུང་ངོ་། །དེ་ལ་མི་དགེ་བའི་ལས་དང་ཉོན་མོངས་པ་བདུད་ཀྱི་ལས་རྣམས་ལས་གྲོལ་བ་ནི་དེ་དག་གིས་མ་གོས་པར་འཇིག་རྟེན་གྱི་འགྲོ་བ་ལ་སོགས་པ་རྣམས་སུ་རྟག་ཏུ་སྤྱད་དོ། །ཅི་དང་འདྲ་བར་ཞེ་ན། ཇི་ལྟར་པདྨ་
ཆུས་མི་ཆགས་པ་བཞིན། །ཞེས་བྱ་བ་སྟེ། དཔེར་ན་པདྨ་ཆུར་སྐྱེས་པ་ཆུས་མི་གོས་པ་དེ་བཞིན་དུ་བདག་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མ་གོས་པར་རོ། །དེ་བཞིན་དུ་དགེ་བ་དང་མི་གཡོ་བའི་ལས་རྣམས་སུ་ཆགས་པ་མེད་པ་སྟེ། རྣམ་
པར་སྨིན་པའི་འབྲས་བུ་ལ་མི་ལྟོས་པར་དེ་བཞིན་འགྲོ་བ་མཐའ་དག་ལ་ཕན་པ་དང་བསྒྲུབ་པའི་དོན་ཉིད་འབའ་ཞིག་ཏུ་སྤྱད་པར་བྱ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞེས་ཁོང་ནས་དབྱུང་ངོ་། །ཅི་འདྲ་བར་ཞེ་ན། ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་ཞེས་བྱ་བ་སྟེ། དཔེར་ན་ཉི་མ་དང་ཟླ་བ་
དག་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་ལྟར་གཞན་གྱི་དོན་བྱེད་པ་ལ་རོ་གཅིག་ཏུ་འཇུག་པའི་ཕྱིར་རང་གི་དོན་ལ་ཆགས་པ་ཕྲ་མོ་ཡང་མེད་པར་ཉིན་དང་མཚན་མོ་ནམ་མཁའ་ལ་རྒྱུ་བ་དེ་བཞིན་དུ་སྤྱད་པའོ། །དེ་ལ་བདུད་ཅེས་བྱ་བ་ནི་དགེ་བའི་བར་ཆད་བྱེད་ཅིང་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་ལམ་
དམ་པ་ལས་ལྡོག་པར་བྱེད་པ་ཡིན་ནོ། །དམ་པའི་ངེས་ཚིག་ནི་ཆོས་ནི་དམ་པ་ཡིན་ལ་ཆོས་ཀྱི་འཚོ་བ་འགོག་པར་བྱེད་པའི་ཕྱིར་གསོད་པར་བྱེད་པས་ན་བདུད་ཅེས་བརྗོད་དོ། །དེའི་ལས་ནི་རྒྱུས་ཕན་པའི་དངོས་པོ་ལས་ཕྱིར་ཕྱོགས་པའོ། །རྣམ་པ་བཞི་པ་འདི་དང་ཕ་རོལ་ཏུ་སེམས་བསྐྱེད་མ་

ལུས་པ་ལ་ཕན་འདོགས་པ་ནི་ཞིང་གི་ཁྱོན་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འགྲོ་བའི་ངན་སོང་གི་སྡུག་བསྔལ་ངན་སོང་གསུམ་གྱིས་དབྱེ་བ་ཅན་ཐམས་ཅད་རབ་ཏུ་ཞི་བྱེད་ཅིང་ངོ་། །ཅིའི་ཕྱིར་ངན་སོང་གི་སྡུག་བསྔལ་ཁོ་ན་ཞི་བར་བྱེད་པར་གསུངས་ཤེ་ན། དེ་དག་ནི་ཤིན་
ཏུ་གདུང་བར་བྱེད་པ་ཡིན་པའི་ཕྱིར་གཙོར་ཉེ་བར་བླངས་པ་ཡིན་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ཉིད་ཞི་བར་བྱེད་པ་ཞེས་བྱ་བར་རིག་པར་བྱའོ། །ཕུལ་དུ་བྱུང་བའི་བདེ་བ་དག་ལ་འགྲོ་བ་ཀུན་འགོད་པ་ནའོ། །ཅི་ཞིག་བྱེད་ཅེ་ན། འགྲོ་བ་ཐམས་ཅད་ལ་ནི་ཕན་ཕྱིར་སྤྱད་དེ། ཡིད་སྐྱོ་
བ་མེད་པར་སྦྱོར་བ་གཞན་མེད་པར་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་དོན་དུ་ཞེས་བྱ་བའི་དོན་ཏོ། །སྤྱད་པ་ནི་འབད་པར་བྱ་བའོ། །དུས་ཇི་སྲིད་དུ་ཞེ་ན། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ཞེས་བྱ་བ་སྟེ། ཇི་ཙམ་པར་ཞེས་པ་ནི་ཇི་སྲིད་དུའོ། །ཞིང་གི་ཁྱོན་ཞེས་
བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཇི་སྲིད་པའི་ཁྱོན་རབ་ཏུ་རྒྱུགས་དང་རྒྱན་ཏེ་སྐབས་བརྒྱུད་ལས་འབྱུང་བའོ། །ཕྱོགས་རྣམས་ཞེས་བྱ་བ་ནི་ཕྱོགས་བཅུ་པ་རྣམས་སུ་སྟེ་དེ་སྲིད་དུ་སྤྱད་ཅེས་འབྲེལ་ཏོ། །རྣམ་པ་ལྔ་པ་ནི་གོ་ཆའོ། །དེ་ཡང་རྣམ་པ་གསུམ་སྟེ། སངས་རྒྱས་ཀྱི་ཆོས་ཡོངས་སུ་
རྫོགས་པར་བྱེད་པ་དང་། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འདུག་པ་དང་། དམ་པའི་ཆོས་རབ་ཏུ་སྦྱིན་པའི་སྒོ་ནས་ཏེ། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཞེས་
བྱ་བ་ལ། བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་སྟེ། དེ་ཡོངས་སུ་རྫོགས་པར་བྱེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པར་བྱེད་ཅིང་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་དང་སྐྱེ་བར་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཤེས་པར་བྱས་ནས། རང་བཞིན་གྱིས་རྒྱུ་མེད་ཅིང་
འགྲོགས་ན་བདེ་བས་དེ་དག་དང་མི་མཐུན་པ་མེད་པར་རྗེས་སུ་མཐུན་པར་འཇུག་པའོ། །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །ཞེས་བྱ་བ་ལ་འདིར་བཟང་པོ་སྤྱོད་པ་ནི་ཆོས་སྟོན་པའི་རང་བཞིན་ཡིན་པར་བཟུང་སྟེ། རབ་ཏུ་སྟོན་པར་བརྗོད་པར་འདོད་པའི་ངག་ལས་བཟང་པོ་སྤྱོད་པར་

བཏགས་པའི་ཕྱིར་ན། དེ་འགྲོ་བ་ལ་རབ་ཏུ་སྟོན་པ་དང་བརྗོད་པ་དང་གསོལ་བར་བྱེད་ཅིང་། མ་འོངས་པ་བསྐལ་པ་ཕྱི་མའི་མཐར་ཐུག་པ་ཀུན་དུ་ཡིད་ཡོངས་སུ་མི་སྐྱོ་བར་སྤྱོད་པར་གྱུར་ཞེས་བྱ་བ་དང་། རྣམ་པ་དྲུག་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་སྨོན་ལམ་
གྱིས་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པ་ནི། བདག་གི་སྤྱོད་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བདག་གི་སྤྱོད་དང་སྟེ་སྤྱོད་པའི་སྒོ་ནས་མཚུངས་པར་གང་སྤྱོད་པ་སྟེ། མཉམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་
དག་དང་ནི་རྟག་ཏུ་འགྲོགས་པར་ཤོག་སྟེ། ཇི་སྲིད་བྱང་ཆུབ་ཀྱི་བར་དུ་ལྷན་ཅིག་གནས་པར་གྱུར་ཅིག་པའོ། །ལུས་དང་ངག་རྣམས་དང་ནི་ཡིད་ཀྱིས་ཀྱང་། །དེ་དག་ཉིད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་གཅིག་པ་སྨོན་ལམ་གཅིག་ཏུ་སྤྱད་དེ་ཀུན་ནས་ཉོན་མོངས་པ་ཅན་མ་
ཡིན་པར་གནས་པར་བྱའོ། །རྣམ་པ་བདུན་པ་ཕན་པའི་བསམ་པས་ཉེ་བར་བསྟན་པ་སྒྲུབ་པ་དག་གིས་དགེ་བའི་བཤེས་གཉེན་མཉེས་པར་བྱེད་པའི་སྒོ་ནས་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་གང་། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གང་གསུངས་པ་ཡིན་ནོ། །གྲོགས་
པོ་གང་དག་ཕན་པར་འདོད་ཅིང་བཟང་པོ་སྤྱོད་པ་རབ་ཏུ་སྟོན་པར་བྱེད། འཆད་པར་བྱེད་ལ་ཆོས་སྨྲ་བར་བྱེད་པ་དེ་དག་དང་ཡང་བདག་ལྷན་ཅིག་རྟག་ཏུ་ཕྲད་པར་ཏེ་ཉེ་བར་གནས་པར་ཤོག་ཅིག་པའོ། །དེ་དག་ཀྱང་བདག་གིས་ནམས་ཀྱང་སྟེ་འགའི་ཚེ་ཡང་ཡིད་མི་འབྱུང་སྟེ་ཅུང་ཟད་ཙམ་
སུན་པར་ཡང་མི་བྱའི། །ཇི་སྲིད་བྱང་ཆུབ་ཀྱི་བར་དུ་གཏན་དུ་རྗེས་སུ་མཐུན་པར་འཇུག་པར་བྱའོ། །རྣམ་པ་བརྒྱད་པ་དུས་རིང་པར་མཆོད་པའི་བྱ་བས་མི་སྐྱོ་བར་དེ་བཞིན་གཤེགས་པར་མངོན་དུ་གྱུར་པ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །ཞེས་བྱ་བ་ལ་
སོགས་པའོ། །ཕྱོགས་བཅུ་པོ་རྣམས་ཐམས་ཅད་དུ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་ཞེས་བྱ་བ་འགྲོ་བའི་གཉེན་གཅིག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་རྣམས་རྟག་ཏུ་ཐོགས་པ་མེད་པའི་མིག་གིས་མངོན་སུམ་དུ་ཞེས་བྱ་བ་མངོན་དུ་

ཕྱོགས་ཤིང་མངོན་དུ་གྱུར་པར་བལྟ་བར་བགྱི་ཞིང་། དེ་དག་ལ་ཡང་སོ་སོར་སྐད་ཅིག་རེ་རེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མཆོད་པ་ནམ་མཁའི་ལྟར་ཡངས་པ་རྒྱ་ཆེན་པོར་གྱུར་པ་ཆོས་ཀྱིས་དབྱིངས་ཁྱབ་པ་དག་བགྱིའོ། །དུས་ཇི་སྲིད་དུ་ཞེ་ན། མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་
བར། །ཞེས་བྱ་བ་སྟེ། ཕྱི་མའི་མཐའི་མུར་ཐུག་པ་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་སྐྱོ་བ་མེད་པའི་ཡིད་དང་ལྡན་པས་བགྱི་བའོ། །རྣམ་པ་དགུ་པ་འཛིན་པ་དང་སྟོན་པར་བྱེད་པའི་བྱ་བ་དག་གིས་དམ་པའི་ཆོས་ཡོངས་སུ་འཛིན་པའི་རྒྱལ་བ་རྣམས་ཀྱི་དམ་ཆོས་འཛིན་པ་དང་ཞེས་བྱ་བ་ལ་
སོགས་པ་གང་གསུངས་པ་ཡིན་ནོ། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་པོ་གང་ཡིན་པ་དེ་དག་གཟུངས་ཀྱི་སྟོབས་ཀྱིས་འཛིན་པར་བྱེད་པ་ཡང་དག་པར་འཛིན་པར་བྱེད་པ་དང་། ཆོས་སྟོན་པའི་རང་བཞིན་གྱིས་བྱང་ཆུབ་སྤྱོད་པ་འགྲོ་བ་ལ་
ཀུན་དུ་སྣང་བར་བྱེད་ཅེས་བྱ་བ་ཡང་དག་པར་འཆད་པར་བྱེད་ཅིང་ངོ་། །འདིར་ཡང་བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནི་དེ་སྟོན་པར་བྱེད་པའི་ཚིག་ལ་བརྗོད་པ་ཡིན་ནོ། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ནི། །ཞེས་བྱ་བ་ལ། བཟང་པོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ཏེ། དེ་རྣམ་པར་
སྦྱོང་བ་ནི་དྲི་མ་མེད་པར་བྱེད་པ་ཡིན་པས། མ་འོངས་བསྐལ་པ་ཀུན་དུ་སྟེ་དུས་རིང་པོར་བྱེད་པས་མ་ལུས་རྣམས་སུ་སྤྱད་པར་བགྱི་ཞེས་བྱ་བ་ནི་འབད་པར་བགྱི་བའོ། །རྣམ་པ་བཅུ་པ་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་རྙེད་པས་ན་མི་ཟད་པའི་མཛོད་ཐོབ་པ་ནི། སྲིད་པ་ཐམས་ཅད་དུ་ཡང་
འཁོར་བ་ན། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདོད་པ་ལ་སོགས་པའི་སྲིད་པ་ཐམས་ཅད་དུ་ཡང་སེམས་ཅན་གྱི་དོན་གྱི་དབང་གིས་འཁོར་བ་སྟེ་སྐྱེ་བ་ན་བསོད་ནམས་དང་ཡེ་ཤེས་དག་ནི་མི་ཟད་རྙེད་དེ་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག །དེ་བཞིན་དུ་ཐབས་དང་། ཤེས་
རབ་དང་། ནམ་མཁའ་མཛོད་དང་། དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྙིང་རྗེ་ཆེན་པོ་དང་། དྲི་མ་མེད་པ་དང་། སྒྱུ་མའི་རྣམ་པ་ལ་སོགས་པ་རྣམས་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐུན་མོང་

དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་མི་ཟད་མཛོད་དེ། འགྲོ་བ་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྐྱེད་པའི་དོན་དུ་ཡོན་ཏན་ཟད་མི་ཤེས་པའི་གཞིར་གྱུར་ཅིག་ཅེས་བྱ་བའོ། །རྣམ་པ་བཅུ་གཅིག་པ་ནི་འཇུག་པའོ། །དེ་ཡང་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་
བལྟ་བ་ལ་འཇུག་པ་རྣམ་པ་གཉིས་དང་། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང་། བསྐལ་པའི་འཇུག་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། དེའི་སྤྱོད་ཡུལ་ལ་འཇུག་པ་དང་། སངས་
རྒྱས་ཀྱི་ཞིང་མངོན་པར་བསྒྲུབ་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་ཐད་དུ་འགྲོ་བ་ལ་འཇུག་པ་ནི་བརྒྱད་པའོ། །དེ་ལ་སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པ་རྣམ་པ་གཉིས་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་
ཀྱིས་གང་གསུངས་པ་ཡིན་ཏེ། རྡུལ་གཅིག་ཉིད་ཀྱི་སྟེང་ན་ཕྱོགས་བཅུ་དུས་གསུམ་དུ་སོན་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དེ་རྣམས་དང་། ཞིང་དེར་ཞེས་བྱ་བ་ཞིང་དང་ཞིང་རྣམས་སུ་བསམ་གྱིས་མི་ཁྱབ་ཅེས་བྱ་བ་བསམ་དུ་མེད་ཅིང་བསམ་པ་ལས་འདས་པའོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་སྲས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུས་ན་བཞུགས་པ་ཞེས་བྱ་བ་བཞུགས་པར་གྱུར་པ་རྣམས་ལ་བལྟ་བར་བགྱི་ཞེས་འབྲེལ་ཏེ་བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྒྲུབ་པར་བྱེད་ཅིང་ངོ་། །བལྟ་བར་བགྱིའོ་ཞེས་བྱ་བ་ནི་
འཇུག་པར་བགྱིའོ། །གལ་ཏེ་དེ་ལྟ་ཡིན་ན་མི་སྲིད་པ་དོན་དུ་གཉེར་བ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་འབྲས་བུ་མེད་པའི་སྨོན་ལམ་ཉིད་འདེབས་པར་བྱེད་པར་མི་འགྱུར་རམ། འདི་ལྟར་རེ་ཞིག་སངས་རྒྱས་ཀྱི་ཞིང་གཅིག་ཉིད་རྣམ་པར་དབྱེ་བ་སོ་སོ་དང་བཅས་པ་མ་ལུས་པར་རྡུལ་གཅིག་
གི་སྟེང་ན་མཐོང་བ་མི་སྲིད་པ་ཡིན་ན། དེ་ཇི་ལྟར་བགྲང་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་རྣམས་ཀྱིས་གང་བའི་སངས་རྒྱས་ཀྱི་ཞིང་དུས་གསུམ་དུ་སོན་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པ་སོ་སོར་རྣམ་པར་ཕྱེ་བ་

རྣམས་རྡུལ་གཅིག་གི་སྟེང་དུ་མཐོང་བར་གྱུར་ཅིག་ཅེས་སྨོན་ལམ་ཇི་ལྟར་འདེབས་པར་བྱེད་ཅེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་བསམ་གྱིས་མི་ཁྱབ་པའི་ལས་ཀྱིས་སྤྲུལ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་སྟེང་དང་འོག་དང་ཐད་ཀར་ཡུལ་ཐ་དད་པ་ཡིན་པ་དེ་བཞིན་དུ་བསམ་
གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྲུལ་པ་རྣམས་རྡུལ་གཅིག་གི་ཡང་སྟེང་དུ་དེ་ལྟར་ཅི་སྟེ་མི་སྲིད། བསམ་གྱིས་མི་ཁྱབ་པ་ཉིད་ཀྱང་། །གང་ཚེ་ས་ནི་མཁས་རྣམས་ལ། །མཚར་མིན་ཅུང་ཟད་ཡོད་མིན་པ། །དེ་ཚེ་དབང་པོ་རྣམས་ཀྱིས་ནི། །རྟོག་པ་ཉིད་ལ་མཚར་ཅི་ཡོད། །འཇིག་རྟེན་
མགོན་པོ་སྐྱོབ་པ་ཡིས། །བསམ་གཏན་ལས་ཚུལ་ཀླུ་རྣམས་དང་། །སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱི། །བསམ་མི་ཁྱབ་པ་བཞིར་གསུངས་སོ། །ཞེས་བརྗོད་པ་འཛིན་ནོ། །དེ་ལྟར་ན་མི་སྲིད་པའི་དོན་མ་ཡིན་ཡང་བློ་རྣམ་པར་འགྱུར་བ་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་
གསུང་འདི་ཐམས་ཅད་ལ་དེ་ཁོ་ན་ལྟར་ཡིན་ནོ་སྙམ་དུ་མངོན་པར་དད་པར་བྱའོ། །འདི་ལ་ཤིན་ཏུ་གསལ་བར་རབ་ཏུ་བསྒྲགས་པ་ཡིན་ཏེ། སངས་རྒྱས་ཀྱི་གསུང་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེད་བྱེད་དེས། །འདི་ཉིད་དུ་ནི་སྟོང་ཉིད་ལ། །ཡང་དག་པར་ནི་ཡིད་ཆེས་བྱའོ། །ཞེས་
བྱ་བའོ། །འཇིག་རྟེན་ན་ཡང་རེ་ཞིག་ཆུ་དངས་པས་ཁེངས་པའི་སྣོད་ཤིན་ཏུ་ཆུང་ངུའི་ནང་དུ་གཟའ་དང་སྐར་མ་དང་རྒྱུ་སྐར་ལ་སོགས་པས་བརྒྱན་པར་བྱས་པའི་ནམ་མཁའ་ཐམས་ཅད་མཐོང་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆོས་རྣམས་གཟུགས་བརྙན་དང་
མཚུངས་ཏེ། །རབ་རིབ་རྨི་ལམ་མཚན་ཉིད་ཅན། །སྒྱུ་མ་སྨིག་རྒྱུ་དང་འདྲ་ཞིང་། །དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན། །ཞེས་གསུངས་སོ། །འདིར་ཡང་། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིར་ཕྱིར་གསལ་བར་བྱའོ། །དེ་ལྟར་མ་
ལུས་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ནི་རྡུལ་གཅིག་གི་སྟེང་དུ་ཇི་ལྟར་དེ་ལྟར་རོ། །མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ནི་ཕྱོགས་མ་ཚང་བ་མེད་པ་རྣམས་སུའོ། །སྐྲ་ཙམ་ཁྱོན་ལ་ཞེས་བྱ་བ་ལ་སྐྲའི་ཁྱོན་ནི་སྐྲའི་སྟེང་ངོ་། །འདི་སྐད་དུ་སྐྲ་ཉག་མ་ཙམ་གྱི་གོ་སྐབས་སུ་

དུས་གསུམ་གྱི་ཚད་དང་མཉམ་པ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་རྒྱ་མཚོ་རྣམས་དང་། དེའི་ཞིང་རྒྱ་མཚོ་རྣམས་སུ་སྤྱོད་ཅིང་ཞེས་བྱ་བ་སྤྱོད་པ་ལ་འཇུག་བཞིན་པས། བསྐལ་པ་རྒྱ་མཚོར་རབ་ཏུ་འཇུག་སྟེ་འཇུག་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །སངས་
རྒྱས་ཀྱི་གསུང་ལ་འཇུག་པ་ནི། གསུང་གཅིག་ཡན་ལག་རྒྱ་མཚོའི་སྐད་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆོས་སྟོན་པར་མཛད་པའི་དེ་བཞིན་གཤེགས་པ་གཅིག་གི་གསུང་དབྱངས་རྒྱ་མཚོ་སྒྲ་སྐད་རྣམས་ཏེ། བགྲང་བ་ལས་འདས་པའི་ཉན་པ་པོ་སྐྱེ་བོའི་མོས་པའི་
དབྱེ་བ་ཉིད་ལས་གཅིག་པ་ཁོ་ནར་ཚིག་དང་ཡི་གེ་གཞན་དང་གཞན་རྣམས་སུ་ཐ་དད་པ་ཉིད་ཀྱིས་གཞན་དང་གཞན་དུ་གྱུར་པ་རྣམས་ཉན་པའི་སྒོ་ནས་དེ་ཁོ་ན་བཞིན་དུ་ཆོས་སྟོན་པར་མཛད་པ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པ་རྒྱལ་བ་ཀུན་གྱི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་གང་ཡིན་
པས་ཆོས་ཉན་པར་བྱེད་པའི་འགྲོ་བ་དཔག་ཏུ་མེད་པ་ཀུན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་གྱུར་པའི་དབྱངས་སངས་རྒྱས་ཀྱི་གསུང་དེ་ལྟ་བུར་གྱུར་པ་ཡིན་པ་སྟེ། དེ་ལྟར་ཐོས་པའི་རྣ་བས་འཇུག་པར་བགྱི་སྟེ། དེ་བཞིན་གཤེགས་པ་གཅིག་གི་གསུང་གི་ཡན་ལག་རྒྱ་མཚོའི་སྒྲ་སྐད་དེ་ཉིད་ལ་
འཇུག་པར་བགྱིའོ། །དེ་སྐད་དུ་ཡང་མོས་པ་སྣ་ཚོགས་ཅན་གྱི་ནི། །འཁོར་མང་རྣམས་ནི་གནས་པ་ལ། །གསུང་གཅིག་བཀའ་ནི་སྩལ་པ་ན། །གསུང་རྣམས་དུ་མར་གོ་འགྱུར་ཞིང་། །ང་ཡི་ཆེད་དུ་ཡིན་ནོ་ཞེས། །སྐྱེ་བོ་ཀུན་གྱིས་རྟོགས་འགྱུར་གང་། །འདི་ལས་ཆེས་རྨད་ཅི་ཡོད་དེ། །
འདི་ལས་ཆེས་མཚར་ཅི་ཞིག་ཡོད། །ཅེས་གསུངས་པ་དང་། དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པའི་མདོའི་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང་། འདི་ནི་གང་དག་ཐེག་མཆོག་ལ་གནས་རྨོངས་མེད་དང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་སུ་ཡང་། །
ངོམས་མེད་སེམས་ཀྱིས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་ནི། །ཆོས་སྤྲིན་མཐུན་པར་བྱེད་པ་རྣམས་ཀྱི་གནས་ཡིན་ནོ། །ཞེས་གསུངས་པ་ཡིན་ཏེ། ཚིགས་སུ་བཅད་པ་སྔ་མ་གཉིས་ཀྱིས་ནི་འཆད་པ་པོའི་ཆེ་བ་དང་། ཚིགས་སུ་བཅད་པ་ཕྱི་མས་ནི་ཉན་པ་པོའི་སྐྱེ་བོའི་ཆེ་བའི་

བདག་ཉིད་ཡིན་ནོ། །གང་དག་གཅིག་གསུང་ཡན་ལག་རྒྱ་མཚོའི་སྒྲ་སྐད་ལ། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །ཞེས་བདུན་པའི་གཅིག་ཚིག་གི་མཐའ་ཅན་དུ་འདོད་པ་སྟེ་དེ་དག་གིས་ནི་སྟེའི་སྒྲ་ཚིག་གི་ཁ་སྐོང་བ་ཡིན་པར་བལྟ་བར