Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 111

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
ར་སྐྱེ་བ་མངོན་པར་འགྲུབ་པས་དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན།

ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ་དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟ་བུར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ། །བཙུན་པ་ཤཱ་རིའི་བུ་རྟེན་ཅིང་
འབྲེལ་བར་འབྱུང་བ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་འདི་གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པ་དང་སྲོག་དང་བྲལ་བ་དང་། ཇི་ལྟ་བ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་
བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། མི་ཟད་པ་དང་། རྣམ་པར་མ་ཞི་བའི་རང་བཞིན་དུ་མཐོང་བ་དང་། མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། ནད་དང་།
འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་སྔོན་གྱི་དུས་ན་བྱུང་བ་ཞིག་གམ་འོན་ཏེ་མ་བྱུང་བ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག་གོ། །མ་འོངས་པའི་དུས་ན་ཅིར་འགྱུར་ཅི་ལྟ་བུར་
འགྱུར་ཞེས་མ་འོངས་པའི་མཐའ་ལ་མི་རྟོག་གོ། །འདི་ཅི་ཞིག་འདི་ཅི་ལྟ་བུ་ཞིག་ཅི་ཞིག་ཡོད་ཅིར་འགྱུར་སེམས་ཅན་འདི་དག་གང་ནས་འོངས་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་ཡང་མི་རྟོག་གོ་ཞེས་བྱ་བའོ། །འཕགས་པ་ས་བཅུའི་མདོ་ལས་ཀྱང་གསུངས་ཏེ།
དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པར་རབ་ཏུ་རྣམ་པར་ཕྱེའོ། །དེ་བཞིན་དུ་སྦྱར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་
རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཐའ་ལ་ལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་དེ་ནི་ད་ལྟར་བྱུང་བ་ལ་ལྟོས་པའོ། །སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཐའ་ལ་ལྟོས་པ་སྟེ། དེ་ཕན་ཆད་ཡང་དེ་དག་རབ་ཏུ་འབྱུང་ངོ་། །དེ་བཞིན་དུ་སྦྱར་ཏེ། དེ་འདི་སྙམ་

དུ་སེམས་ཏེ། ལྡན་པ་ལས་ནི་འདུས་བྱས་འབྱུང་ངོ་། །བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ་། །ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ་། །མ་ཚོགས་པ་ལས་ནི་འདུས་བྱས་མི་འབྱུང་ངོ་། །མ་ལ་དེ་ལྟར་བདག་གིས་འདུས་བྱས་ཉེས་པ་མང་པོའི་སྐྱོན་ཆགས་པ་འདི་ལྟ་
བུ་འདི་ཤེས་པར་བྱས་ལ། འདུ་བ་འདི་དང་ཚོགས་པ་འདིའི་རྒྱུན་གཅད་པར་ཡང་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བར་བྱ་བ་ཐོབ་པར་ཡང་མི་བྱའོ་སྙམ་མོ་ཞེས་གསུངས་སྟེ། །འདི་ནི་གཏི་མུག་སྦྱང་བ་མདོར་བསྡུས་པའོ། །བསླབ་པ་ཀུན་ལས་བཏུས་པ་
ལས། སེམས་ཡོངས་སུ་སྦྱང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ལྟར་སེམས་ལས་སུ་རུང་ནས་དྲན་པ་ཉེ་བར་གཞག་པ་ལ་འཇུག་སྟེ། དེ་ལ་མི་སྡུག་པའི་སྐབས་ནས་ལུས་དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ། །དེ་ཉིད་དབྱེ་བའི་བག་ཙམ་ཞིག་ཆོས་ཡང་དག་པར་སྡུད་པའི་
མདོ་ལས་གསུངས་ཏེ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང་། རྐང་སོར་དང་། བྱིན་པ་དང་། བརླ་དང་། དཀུ་དོ་དང་། ལྟོ་བ་དང་། ལྟེ་བ་དང་། སྒལ་ཚིགས་དང་། སྙིང་དང་། རྩིབ་ལོགས་དང་། སོག་པ་དང་། ལག་པ་དང་། ལག་ངར་དང་། དཔུང་པ་
དང་། ཐལ་གོང་དང་། མཇིང་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོ་དང་། མགོའི་ཐོད་པ་འདུས་པ་ཙམ་སྟེ། ལས་འབྱུང་བའི་བྱེད་པ་པོས་བསགས་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སུ་གྱུར་པའོ། །
འདིར་ཁམས་ཀྱི་རྫས་མང་པོ་འདུས་པ་ནི་འདི་ལྟ་སྟེ། སྐྲ་དང་ཁ་སྤུ་དང་སེན་མོ་དང་སོ་དང་རུས་པ་དང་པགས་པ་དང་ཤ་དང་ཤའི་སྤྲི་དང་རྒྱུས་པ་དང་ཚིལ་དང་ཞག་དང་ཆུ་སེར་དང་མཆེར་པ་དང་གཅིན་དང་ཕྱི་ས་དང་། ཕོ་བ་དང་ལོང་ཀ་དང་ཁྲག་དང་སྣབས་དང་མཁྲིས་པ་དང་། རྣག་དང་མཆིལ་མ་
དང་ཀླད་པ་དང་ཀླད་རྒྱས་རྣམས་ཏེ། དེ་ལྟར་རྫས་མང་པོ་འདུས་པ་ཡིན་ནོ། །འདི་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ། །དེ་ལ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་

བར་འཇོག་གོ། །དེ་ཐམས་ཅད་ནམ་མཁའ་ལྟར་མཐོང་ངོ་། །དེ་ལུས་ཡོངས་སུ་ཤེས་པའི་ཕྱིར་གང་དུ་ཡང་དྲན་པ་ཉེ་བར་མི་འཇོག་གོ། །རྣམ་པར་མི་འཇོག་གོ། །རྣམ་པར་མི་འཕྲོའོ་ཞེས་བྱ་བའོ། །ཡང་གསུངས་པ། ལུས་འདི་ནི་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐར་
ཡང་མི་འགྲོ །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་ཡང་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་ཚོར་བ་པོ་མེད་པ། ཐོག་མ་དང་ཐ་མ་དང་དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ་ངའི་བ་མེད་པ་ཡོངས་སུ་འཛིན་པ་
མེད་པ་སྟེ། ཚོགས་ཞེས་བྱ་བ་དང་ལུས་ཞེས་བྱ་བ་དང་ལོངས་སྤྱོད་ཅེས་བྱ་བ་དང་གནས་ཞེས་བྱ་བ་དང་རྟེན་ཞེས་བྱ་བ་དང་ཚང་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད་རྣམས་ཀྱིས་ཐ་སྙད་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་དང་མའི་ཁུ་བ་དང་ཁྲག་ལས་བྱུང་
བ་མི་གཙང་བ་རུལ་བ་རང་བཞིན་གྱིས་དྲི་མི་ཞིམ་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པ་དང་སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིག་པ་འབྲལ་བ་འབྲུལ་བ་རྣམ་པར་འཐོར་བ་རྣམ་པར་འཇོམས་པའི་ཆོས་ཅན། ནད་ཐ་དད་པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་
ལ་དྲན་པ་ཉེ་བར་འཇོག་གོ་ཞེས་བྱ་བའོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། ཀྱེ་མའོ་ལུས་འདི་ནི་མི་རྟག་པའི་རྣམ་པ་སྟེ་རིང་པོར་མི་གནས་པ་ཐ་མར་འཆི་བ་ཡིན་པར་ཤེས་ནས་ལུས་ཀྱི་ཕྱིར་མི་མཐུན་པའི་འཚོ་བ་མི་སྤྱོད་ཅིང་སྙིང་པོ་ལེན་ཏོ། །དེ་སྙིང་པོ་གསུམ་ལེན་ཏེ།
གསུམ་གང་ཞེ་ན། ལུས་ཀྱི་སྙིང་པོ་དང་། ལོངས་སྤྱོད་ཀྱི་སྙིང་པོ་དང་། འཚོ་བའི་སྙིང་པོའོ། །དེ་ལུས་མི་རྟག་གོ་སྙམ་ནས་སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་ཁས་བླངས་ཏེ་ཅི་བྱའོ་ཅོག་ལ་འབད་པ་ཡིན། ལུས་མི་རྟག་གོ་སྙམ་ནས་ལུས་ཀྱི་ཉེས་པ་ཡོན་པོ་དང་གཡོ་དང་ཚུལ་
འཆོས་པ་ཐམས་ཅད་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་སྲོག་ལ་བག་མི་སྟོན་པར་འགྱུར་ཏེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་ལོངས་སྤྱོད་ལ་སྤྱོད་པ་སྲེད་ཅིང་ཆགས་པར་མི་བྱེད་དེ་དེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ། །རིགས་ཀྱི་བུ་

གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་པ། བདག་གི་ལུས་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་འདོགས་ཤིང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་ལ་
གནས་པར་བྱའོ་སྙམ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཟག་པ་མེད་པ་ལྟར་རང་གི་ལུས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་དུ་རྟོག་གོ། །དེ་ཟག་པ་མེད་པའི་ཆོས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱིམ་
བདག་དཔས་བྱིན་གྱིས་ཞུས་པ་ལས་ཀྱང་། འདི་ལྟ་སྟེ་ལུས་འདི་མཐར་གྱིས་འགྲུབ་པ་དང་མཐར་གྱིས་འཇིག་པ་དང་རྡུལ་ཕྲ་རབ་བསྩགས་པ་དང་ཁོང་སྟོང་དང་གྱེ་གུ་ཅན་དང་བུ་ག་དགུ་དང་སྤུའི་ཁུང་བུ་ནས་ཟག་པ་དང་། གྲོག་མཁར་ལྟར་སྦྲུལ་གདུག་པའི་གནས་སུ་གྱུར་པ་དང་། མ་སྐྱེས་དགྲའི་
སྤྲེའུ་ལྟར་གྲོགས་ལ་འཁུ་བ་དང་། བཤེས་གཉེན་ངན་པ་ལྟར་འདྲིད་པའི་བདག་ཉིད་ཅན་དང་། དབུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང་། ཆུའི་ཆུ་བུར་ལྟར་བྱུང་ནས་འཇིག་ཅིང་འཇུ་བ་དང་། སྨིག་རྒྱུ་ལྟར་སླུ་བའི་བདག་ཉིད་ཅན་དང་། ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང་། སྒྱུ་མ་
ལྟར་སླུ་བའི་བདག་ཉིད་ཅན་དང་། རྒྱལ་པོ་ལྟར་བསྒོ་བླག་མང་བ་དང་། དགྲ་ལྟར་གླགས་ལྟ་བ་དང་། རྐུན་པོ་ལྟར་ཡིད་བརྟན་དུ་མི་རུང་བ་དང་གཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང་། མི་མཛའ་བ་ལྟར་མི་ཕན་པར་འདོད་པ་དང་། གསོད་པ་ལྟར་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང་།
གྲོང་སྟོང་ལྟར་བདག་དང་བྲལ་བ་དང་། རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ་དང་། རྫིང་ལྟར་མི་གཙང་བ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། སྦང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང་། དེ་བཞིན་དུ་སྦྱར་ཏེ། རྨ་ལྟར་བསྐྱོད་མི་བཟོད་པ་དང་། ཟུག་རྔུ་ལྟར་གནོད་པའི་བདག་ཉིད་ཅན་
དང་། ཁང་རྙིང་ལྟར་བཅོས་ལེགས་བྱ་ཞིང་བརྟེན་པ་དང་། གྲུ་རྙིང་ལྟར་བཅོས་ལེགས་བྱ་ཞིང་སྤྱད་པ་དང་། བུམ་པ་སོ་མ་བཏང་བ་ལྟར་ནན་ཏན་གྱིས་བག་བྱ་དགོས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་དང་། ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་མཐར་འཆི་

བའི་རྒྱ་མཚོ་ལ་ཐུག་པ་དང་། གློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང་། མགོན་མེད་པའི་གནས་ཁང་ལྟར་ཡོངས་སུ་གཟུང་བ་མེད་པ་དང་། བཙོན་སྲུང་ལྟར་གསུག་གིས་བསྒྲུབ་པར་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ། བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངས་སུ་
བསྐྱང་དགོས་པའོ་ཞེས་གསུངས་སོ། །ཡང་གསུངས་པ། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི། །གཟུགས་ཀྱི་ང་རྒྱལ་ཅན་གང་གཅེས་འཛིན་པ། །བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །དེ་ཡི་སྣ་ནས་རྣག་གི་རྣམ་པ་འཛག །ཁ་
ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་། །སྐྱེ་བོའི་ཁ་འགྲམ་མིག་ནི་སྲིན་བུ་བཞིན། །དེ་ལ་སུ་ཞིག་ཆགས་ཤིང་གཅེས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་བྱེད་ཀྱང་། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་
ཏུ་མངོན་པར་རློམ། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ལྡན། །ང་ཡི་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང་། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །བྱང་ཆུབ་སེམས་དཔའ་དེ་ལྟར་ལུས་ལ་འཇིག་པ་དང་། བུ་ག་དགུའི་
སྒོ་ནས་འཛག་པར་བརྟག་པར་བྱ་བ་ནས་བྱང་ཆུབ་སེམས་དཔའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ་བའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལུས་ལ་སྤྱང་ཀི་དང་ཅེ་སྤྱང་དང་ཁྱི་དང་རྗེན་ཤ་ཟ་བ་གཞན་གྱི་ཟས་སུ་བརྟག་པར་བྱ། བྱང་ཆུབ་
སེམས་དཔའ་ལུས་ལ་རུས་པ་དང་རྒྱུས་པའི་བོག་རེས་སྦྲེལ་བས་འཁྲུལ་འཁོར་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔའ་ལུས་ལ་ཟས་དང་སྐོམ་ལས་བྱུང་བ་སྟེ་རང་གི་ཁ་ན་ལས་པ་མ་ཡིན་པར་བརྟག་པར་བྱའོ་ཞེས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས་ཤེས་པར་བྱའོ། །ཚོར་བ་དྲན་པ་ཉེ་བར་གཞག་
པ་ནི། རེ་ཞིག་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་ཚོར་བ་བདེ་བར་གནས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་རོ། །

དེ་འདི་ལྟར་གང་ལ་ཚོར་བ་མེད་པ་དེ་ནི་བདེ་བ་ཡིན་ནོ་ཞེས་སློབ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྤང་བའི་ཕྱིར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་མོ། །དེ་སེམས་ཅན་རྣམས་ཀྱི་ཚོར་བ་འགོག་པའི་ཕྱིར་གོ་ཆ་བགོས་
ཀྱང་བདག་གི་ཚོར་བ་འགོག་པར་ཡང་མི་བྱེད་དོ། །དེས་ཚོར་བ་གང་ཅི་མྱོང་ཡང་ཚོར་བ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་ཞིང་མྱོང་བར་བྱེད་དོ། །དེ་ནམ་བདེ་བའི་ཚོར་བ་མྱོང་བའི་ཚེ་ན་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་འདོད་
ཆགས་ཀྱི་ཆ་བག་ལ་ཉལ་བ་ཡང་ཡོངས་སུ་སྤོང་ངོ་། །ནམ་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཚེ་ན་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་ཞེ་སྡང་གི་བག་ལ་ཉལ་ཡང་ཡོངས་སུ་སྤོང་ངོ་། །ནམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བའི་
ཚེ་ན་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་གཏི་མུག་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ་། །བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པར་མི་འགྱུར་ཏེ་རྗེས་སུ་ཆགས་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། །སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བར་ཡང་མི་འགྱུར་
ཏེ། ཁོང་ཁྲོ་བ་ལེགས་པར་འཇོམས་པར་ཡང་བྱེད་དོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ་དང་ལྡན་པར་མི་འགྱུར་ཏེ་མ་རིག་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། །དེས་ཚོར་བ་གང་ཅི་མྱོང་བ་དེ་དག་ཐམས་ཅད་ཀྱང་མི་རྟག་པར་ཤེས་ཤིང་མྱོང་བར་
བྱེད་དོ། །སྡུག་བསྔལ་དུ་ཤེས་ཤིང་མྱོང་བར་བྱེད་དོ། །བདག་མེད་པར་ཤེས་ཤིང་མྱོང་བར་བྱེད་དོ། །དེ་བདེ་བའི་ཚོར་བ་ལ་ནི་མི་རྟག་པར་ཤེས་པར་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཟུག་རྔུར་ཤེས་པར་འགྱུར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་
ལ་ནི་ཞི་བར་ཤེས་པར་འགྱུར་རོ། །དེ་ལྟར་ན་གང་བདེ་བ་དེ་ནི་མི་རྟག་པའོ། །གང་སྡུག་བསྔལ་བ་དེ་ནི་སྡུག་བསྔལ་བ་ཉིད་དོ། །གང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ནི་བདག་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །འཕགས་པ་བློ་གྲོས་

མི་ཟད་པའི་མདོ་ལས་ཀྱང་། སྡུག་བསྔལ་གྱི་ཚོར་བས་རེག་ན་ངན་སོང་དང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་ནི་མངོན་པར་ཞེན་པའོ། །ཚོར་བ་ནི་ཡོངས་སུ་འཛིན་པའོ། །ཚོར་བ་ནི་ཉེ་བར་ལེན་པའོ། །ཚོར་བ་ནི་
དམིགས་པའོ། །ཚོར་བ་ནི་ཕྱིན་ཅི་ལོག་གོ། །ཚོར་བ་ནི་རྣམ་པར་རྟོག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། ཚོར་བ་མྱོང་བར་རབ་བསྟན་པ། །ཚོར་བ་ལས་གཞན་ཚོར་བ་པོ། །གུད་ན་ཡོད་པ་མ་ཡིན་ན། །གང་གིས་དེ་ནི་ཚོར་
བར་འགྱུར། །བྱང་ཆུབ་ཅི་འདྲ་དེ་བཞིན་དུ། །ཞི་ཞིང་དག་ལ་འོད་གསལ་བར། །ཚོར་བ་འདི་ལ་མཁས་པ་རྣམས། །དྲན་པ་དེ་ལྟར་ཉེ་བར་གཞག །ཅེས་གསུངས་སོ། །དེ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་མདོར་བསྡུས་པའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་དཀོན་མཆོག་
བརྩེགས་པ་ལས་ཇི་སྐད་དུ། དེ་འདི་ལྟར་སེམས་ཡོངས་སུ་ཚོར་ཏེ། འདོད་ཆགས་པར་འགྱུར་བའམ་ཞེ་སྡང་བར་འགྱུར་བའམ་གཏི་མུག་པར་འགྱུར་བའི་སེམས་དེ་དག་གང་ཡིན། ཅི་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་ཞིག་ཡིན། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་
པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུངས་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉི་ག་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུངས་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ།
རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར། །སངས་
རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་སྦྱར་ཏེ། འོད་

སྲུངས་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ་མི་གནས་པ་སྐྱེས་ནས་འཇིག་ཅིང་དེངས་པའོ། །འོད་སྲུངས་སེམས་ནི་རླུང་དང་མཚུངས་ཏེ་རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རྒྱུ་བའོ། །འོད་སྲུངས་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ་རྒྱུ་དང་རྐྱེན་ལས་བྱུང་
བའོ། །འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ། །འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ་སྐད་ཅིག་གཅིག་ཏུ་འཇིག་ཅིང་མི་གནས་པའོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་སེམས་
ནི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་ཕྱིར་མི་མཛའ་བ་དང་མཚུངས་སོ། །འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་བྱེ་མའི་ཁང་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་པ་དང་མཚུངས་སོ། །
འོད་སྲུངས་སེམས་ན་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲང་མ་སྔོན་པོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་གནོད་པ་རྣམ་པ་མང་པོ་བྱེད་པས་ཕྱིར་རྒོལ་བ་དང་མཚུངས་སོ། །འོད་
སྲུངས་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས་འཕྲོག་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟ་བས་དགྲ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པས་རྟག་ཏུ་མཐོ་དམན་ཅན་ནོ། །འོད་སྲུངས་སེམས་ནི་དགེ་
བའི་རྩ་བ་ཐམས་ཅད་རྐུ་བས་ཆོམ་རྐུན་དང་མཚུངས་སོ། །འོད་སྲུངས་སེམས་ནི་གཟུགས་ལ་དགའ་བས་ཕྱི་བྱི་ཞི་ལའི་མིག་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྒྲ་ལ་དགའ་བས་གཡུལ་གྱི་རྔ་དང་མཚུངས་སོ། །འོད་སྲུངས་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྲི་ལ་
དགའོ། །འོད་སྲུངས་སེམས་ནི་རོ་ལ་དགའ་ཞིང་ཟས་ཀྱི་ལྷག་མ་ཟ་བའི་བྲན་མོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རེག་པ་ལ་དགའ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་ཀུན་དུ་བཙལ་ཡང་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་

པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་
པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། དེ་སེམས་ཀུན་དུ་ཚོལ་བས་ན་སེམས་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་རོལ་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་།
སེམས་ཕྱི་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། དེས་སེམས་ཡང་དག་པར་རྗེས་
སུ་མི་མཐོང་བས། སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཀུན་དུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་གཞན་ནམ། འོན་ཏེ་དམིགས་པ་
གང་ཡིན་པ་དེ་ཉིད་སེམས་ཡིན་གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་དེ་ཡང་གཞན་ན་ནི། སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ་། །འདི་
ལྟ་སྟེ་དཔེར་ན་རལ་གྱིའི་སོ་དེ་ཉིད་ཀྱིས་རལ་གྱིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་མགྱོགས་པ་
རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ་སྤྲེའུ་དང་རླུང་དང་འདྲ་བ་འབབ་ཆུའི་རྒྱུན་དང་འབྲུ་མར་གྱི་མར་མེ་དང་འདྲ་བ་རྒྱང་རིང་པོར་འགྲོ་བ། ལུས་མེད་པ། ཡུལ་ལ་བརྐམ་པ། སྐྱེ་མཆེད་དྲུག་ལ་སྤྱོད་པ། གཞན་དང་གཞན་གྱི་ཤེས་པ་དང་ལྡན་པའི་སེམས། གནས་པ། རྩེ་གཅིག་པ། མི་འཕྲོ་བ།

རྣམ་པར་མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་པ། གཡེང་བ་མེད་པ་འདི་ནི་སེམས་གནས་པ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བདག་གིས་རྣམ་པར་བསྒྲུབ་པར་བྱ་བ་ལ་བརྩོན་པར་བྱ་སྟེ་སེམས་ཀྱི་ཆོས་ཉིད་འདི་
ཡང་མི་འདོར་རོ་སྙམ་མོ། །དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང་རྣམ་པར་བསྒྲུབ་པ་ནི་གང་ཞེ་ན། སེམས་ནི་སྒྱུ་མ་ལྟ་བུ་སྟེ་འདི་ལ་གང་ཡང་སྦྱིན་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་
ཕྱིར་ཡོངས་སུ་བསྔོ་བ་འདི་ནི་རྣམ་པར་བསྒྲུབ་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྗེས་སུ་དྲན་པ་ནི་རེ་ཞིག་དེ་ཉིད་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི་གང་ལས་སངས་རྒྱས་ཀྱི་ཆོས་མེད་པ་དང་། གང་ལས་བྱང་ཆུབ་མེད་
པ་དང་། གང་ལས་ལམ་མེད་པ་དང་། གང་ལས་ཐར་པ་མེད་པ་དང་། གང་ལས་ངེས་པར་འབྱུང་བ་མེད་པའི་ཆོས་དེ་གང་ཡང་མི་མཐོང་ངོ་། །དེས་ཆོས་ཐམས་ཅད་འབྱུང་བར་ཤེས་ནས་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པར་ཤེས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་
འགྱུར་རོ། །དེ་ཆོས་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་པ་ཐོབ་སྟེ། ཆོས་འདི་དག་ནི་ཉོན་མོངས་པ་མེད་པ་སྟེ་འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ངེས་པའི་དོན་ལ་རྟོག་པ་སྟེ། ཉོན་མོངས་པ་རྣམས་
ལ་ནི་ཚོགས་མེད། ཕུང་པོར་གྱུར་པ་མེད། འདོད་ཆགས་ཀྱི་དངོས་པོ་མེད། ཞེ་སྡང་གི་དངོས་པོ་མེད། གཏི་མུག་གི་དངོས་པོ་མེད་པ་སྟེ། ཉོན་མོངས་པ་འདི་དག་ཉིད་རྟོགས་པའི་ཕྱིར་བྱང་ཆུབ་པོ། །ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ་ཞེས་དེ་ལྟར་
དྲན་པ་ཉེ་བར་འཇོག་གོ་ཞེས་གསུངས་སོ། །འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཀྱང་། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། སྐྱེ་བ་ན་ཆས་རྣམས་ཁོ་ན་སྐྱེ། འགག་པ་ན་ཆོས་

རྣམས་ཁོ་ན་འགག་སྟེ། འདི་ལ་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་པོའམ་གསོ་བའམ་སྐྱེས་བུའམ་གང་ཟག་གམ་ཤེད་ལས་སྐྱེས་པའམ་ཤེད་བུའམ་གང་སྐྱེ་བའམ་རྒ་བའམ་འཆི་བའམ། འཕོ་བའམ་སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་
དོ། །གལ་ཏེ་བསྒྲུབས་ན་ནི་གྲུབ་པོ། །གལ་ཏེ་མ་བསྒྲུབས་ན་ནི་མི་འགྲུབ་སྟེ། དགེ་བ་ཡང་རུང་མི་དགེ་བ་ཡང་རུང་མི་གཡོ་བ་ཡང་རུང་སྟེ་ཇི་ལྟར་བསྒྲུབས་པ་དེ་ལྟ་བུར་འགྲུབ་མོད་ཀྱི། ཆོས་རྣམས་ལ་སྒྲུབ་པར་བྱེད་པ་ཡང་མེད་ལ། ཆོས་རྣམས་རྒྱུ་མེད་པར་ཡང་གང་ཡང་མི་སྐྱེའོ་
སྙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེ་ཉིད་ལས། དེ་གང་ཅུང་ཟད་ཆོས་ཟབ་མོ་ལ་སོ་སོར་རྟོག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དེ་ཡང་མི་འདོར་ཞེས་གསུངས་སོ། །འཕགས་པ་རྒྱ་ཆེར་རོལ་པ་ལས་ཀྱང་། །འདུ་བྱེད་མི་རྟག་བརྟན་པ་
མ་ཡིན་ཏེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག །གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུངས། །བྱེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོགས། །འདུ་བྱེད་འདི་དག་འཇིག་པའི་ཆོས་ཅན་ཏེ། །དབྱར་གྱི་ཞལ་ཞལ་ཇི་ལྟར་འགོགས་པ་བཞིན། །ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་
ལ་རག་ལས་རང་བཞིན་ཉམ་ཆུང་བར། །འདུ་བྱེད་མར་མེའི་འོད་འགྲོ་འདྲ་བ་སྟེ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཡིན། །རླུང་དང་མཚུངས་པར་རིང་དུ་མི་གནས་ལ། །སྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །འདུ་བྱེད་གཡོ་བ་མེད་ཅིང་སྟོང་པ་སྟེ། །བརྟགས་ན་ཆུ་ཤིང་དག་གི་ཕུང་པོ་འདྲ། །
སྒྱུ་མ་ལྟ་བུར་སེམས་ནི་རྨོངས་པར་བྱེད། །ལག་བཅངས་སྟོང་པས་བྱིས་པ་འདྲིད་དང་མཚུངས། །འདུས་བྱས་གྱུར་པ་ཐམས་ཅད་རྒྱུ་དག་དང་། །རྐྱེན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། །གཅིག་གིས་གཅིག་རྒྱུ་བྱས་ཏེ་བརྟེན་ནས་བྱུང་། །བྱིས་པའི་སྐྱེ་བོས་འདི་འདྲ་འདི་མ་རྟོགས། །དཔེར་ན་གྲེས་
མ་མུན་ཛ་བརྟེན་བྱས་ལ། །བརྩལ་བའི་སྟོབས་ཀྱིས་ཐག་པར་འགྱུར་བ་དང་། །ཟོ་ཆུན་རྒྱུད་མོ་འཁོར་འབྱུང་བཅས་པ་ཡང་། །དེ་དག་རེ་རེས་འགྲུབ་པར་འགྱུར་བ་མེད། །དེ་ལྟར་སྲིད་པའི་ཡན་ལག་ཀུན་འགྲུབ་པ། །གཞན་དང་གཞན་ཚོགས་པ་ལ་བརྟེན་ནས་ནི། །དེ་དག་སོ་སོ་རེ་རེ་འགྲུབ་

བ་ནི། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས། །ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་དེ་ཉིད་མྱུ་གུ་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དེ། །མ་རིག་པ་ནི་འདུ་བྱེད་རྐྱེན་ཡིན་ཏེ། །འདུ་བྱེད་
དེ་ཡང་ཡང་དག་ཉིད་དུ་མེད། །མ་རིག་པ་དང་འདུ་བྱེད་དེ་དག་ཀྱང་། །རང་བཞིན་སྟོང་སྟེ་གཡོ་བ་མེད་པ་ཡིན། །རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱུ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལས་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །
མིག་དང་གཟུགས་ལ་བརྟེན་པ་བྱས་ནས་སུ། །མིག་གི་རྣམ་པར་ཤེས་པ་འདིར་བྱུང་ཡང་། །མིག་ནི་གཟུགས་ལ་བརྟེན་པ་མ་ཡིན་ལ། །གཟུགས་ཀྱང་མིག་ལས་འཕོ་བ་ཡོད་མ་ཡིན། །འདི་དག་བདག་མེད་མི་སྡུག་ཆོས་ཅན་ཡིན། །དེ་དག་བདག་དང་སྡུག་པར་བརྟགས་པ་སྟེ། །
ནོར་པ་ཡང་དག་མ་ཡིན་བརྟགས་ཡིན་ཡང་། །དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་། །རྣམ་པར་ཤེས་པ་འགགས་ནས་འབྱུང་གྱུར་ཏེ། །མཁས་པས་སྐྱེ་དང་འཇིག་པ་རྣམ་པར་མཐོང་། །གང་དུ་མ་སོང་གང་ནས་འོང་བ་མིན། །རྣལ་འབྱོར་པས་ནི་སྟོང་པ་སྒྱུ་ལྟར་མཐོང་། །དཔེར་
ན་གཙུབ་ཤིང་དང་ནི་གཙུབ་སྟན་དང་། །ལག་པས་བརྩལ་བ་བྱས་པ་གསུམ་ཚོགས་པ། །དེ་ལ་བརྟེན་ནས་མེ་ནི་འབྱུང་འགྱུར་ཏེ། །བྱུང་ནས་རིང་པོར་མི་ཐོགས་འགག་པར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །འདི་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་
དང་ཕྱོགས་མཚམས་ཀུན་དུ་བརྟགས་བྱས་ན། །དེ་ནི་འོང་བའམ་འགྲོ་བ་མི་དམིགས་སོ། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ཀྱི། །རྐྱེན་ནི་མ་རིག་པ་དང་སྲེད་དང་ལས། །དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང་། །དེ་ནི་དམ་པའི་དོན་དུ་དམིགས་སུ་མེད། །ཅེས་བྱ་བ་
ལ་སོགས་པ་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་དྲན་པ་ཉེ་བར་གཞག་པའི་ལེའུ་སྟེ་བཅུ་གསུམ་པའོ། །དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ།། །།དེ་ལྟར་སེམས་འོས་སུ་གྱུར་ནས་ཡང་སྟོང་པ་ཉིད་ལ་འཇུག་པར་བྱ་སྟེ། གང་ཟག་སྟོང་པ་ཉིད་ནི་

དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་དུ་མི་འབྱུང་ངོ་། །འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཇི་སྐད་དུ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་
ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སྟོང་པ་ཉིད་བསྒོམ་པའི་ཕན་ཡོན་ནི་མུ་མེད་དོ། །རེ་ཞིག་ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། དེ་ནི་ནམ་
ཡང་བདེ་གཤེགས་རྣམས་ཀྱི་བསླབ་མི་འདོར། །དཔའ་བོ་དེ་ནི་ནམ་ཡང་བུད་མེད་དབང་མི་འགྲོ། །དེ་ནི་བདེ་གཤེགས་རྣམས་ཀྱི་བསྟན་ལ་དགའ་བ་རྙེད། །འདི་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །དེ་འདིར་རིང་པོ་མི་ཐོགས་རྐང་གཉིས་དབང་པོར་འགྱུར། །དེ་ནི་བདེ་བ་སྦྱིན་པར་
བྱེད་པའི་སྨན་པར་འགྱུར། །དེ་ནི་སྡུག་བསྔལ་རྣམས་ཀྱི་ཟུག་རྔུ་ཀུན་དུ་འབྱིན། །དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །མི་ཡི་ཟླ་བ་དེ་ནི་བཟོད་པའི་སྟོབས་ཀྱིས་འཕགས། །དེ་ནི་རྡོ་དབྱུག་དག་གིས་བསྣུན་ཀྱང་འཁྲུགས་མི་འགྱུར། །དེ་ཡི་ཡན་ལག་ཉིང་ལག་བཅད་ཀྱང་འཁྲུགས་པ་
མེད། །དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །དེ་ནི་ནམ་ཡང་ངན་འགྲོར་སྐྱེ་བར་འགྱུར་མ་ཡིན། །རྟག་ཏུ་གཟུགས་མཛེས་ཤིང་ནི་མཚན་དང་ལྡན་པར་འགྱུར། །དེས་ནི་རྟག་ཏུ་མངོན་ཤེས་ལྔ་པོ་འདི་དག་བསྒོམ། །དཔའ་དེ་འདིར་རྟག་བདེ་གཤེགས་རྣམས་ཀྱི་མདུན་ན་གནས། །
ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །བཅོམ་ལྡན་འདས་མ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་
པར་འདོད་པ་དང་། སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་བརྗེད་པ་ཐོབ་པར་འདོད་པ་དང་། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤོང་བར་འདོད་པ་དང་། སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་དང་དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱ་བར་འདོད་པ་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་གདུལ་བར་འདོད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་པ་དང་། ཆོས་ཐམས་ཅད་ལ་བསྒྲིབ་པ་མེད་པ་ཐོབ་པར་འདོད་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་བདག་གིས་བསྔགས་པ་བརྗོད་དོ་སྙམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་
བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་བར་འདོད་པ་དང་། དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཐམས་ཅད་འདའ་བར་འདོད་པས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་ཇི་ལྟར་ཆོས་ཐམས་ཅད་བདག་མེད་ཀྱང་ལས་དང་འབྲས་བུར་འབྲེལ་པ་མི་འགལ་བ་དང་། རང་བཞིན་མེད་ཀྱང་ཇི་ལྟར་མཐོང་བཞིན་པའི་ཆོས་ཐམས་ཅད་མི་འགལ་བ་དེ་ལྟར་ནི། ཡབ་དང་སྲས་
མཇལ་བའི་མདོ་ལས་བསྟན་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས་གང་སྨྲས་པ་དེ་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་
གོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་དག་ནི་ཁམས་དྲུག་པའོ་ཞེས་གང་ངས་སྨྲས་པ་
དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་སྨྲས་པ་དེ་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ། དྲུག་གང་ཞེ་ན། གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་རེག་པའི་སྐྱེ་མཆེད་དང་། སྒྲ་རྣམས་ལ་ཉན་པའི་

ཕྱིར་རྣ་བ་རེག་པའི་སྐྱེ་མཆེད་དང་། དྲི་རྣམས་ལ་སྣོམ་པའི་ཕྱིར་སྣ་རེག་པའི་སྐྱེ་མཆེད་དང་། རོ་རྣམས་ལ་མྱང་བའི་ཕྱིར་ལྕེ་རེག་པའི་སྐྱེ་མཆེད་དང་། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཆེད་དང་། ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་རེག་པའི་སྐྱེ་མཆེད་དོ། །རྒྱལ་
པོ་ཆེན་པོ་དེ་དག་ནི་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས་བུ་འདི་དག་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ་ཞེས་གང་སྨྲས་པ་དེ་ཅི་ལ་བརྟན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་
པོ་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་ནི་འདི་དག་སྟེ། བཅོ་བརྒྱད་གང་ཞེ་ན། འདི་ལ་མིག་གིས་གཟུགས་མཐོང་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །རྒྱལ་པོ་ཆེན་པོ་དེ་
ལ་གང་དག་ཡིད་བདེ་བར་ཉེ་བར་སྤྱོད་པ་དྲུག་དང་། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག་དང་། གང་དག་བཏང་སྙོམས་སུ་ཉེ་བར་སྤྱོད་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ན་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་གང་
ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་མཁྲང་བའི་རྣམ་པ་དང་ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང་། སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ།
ཕྱི་རོལ་གྱི་སྲ་བ་དང་མཁྲང་བའི་རྣམ་པ་དང་། ཉེ་བར་མ་གྱུར་པ་དང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་། འགག་པའི་ཚེ་གང་དུ་ཡང་སྩོགས་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་བུད་
མེད་ནང་དུ་བདག་ནི་བུད་མེད་དོ་ཞེས་རྟོག་པའི་དུས་དེ་ཡོད་དོ། །དེ་ནང་དུ་བུད་མེད་ཅེས་བརྟགས་ནས་ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པ་ཞེས་རྟོག་གོ། །དེ་ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པ་ཞེས་བརྟགས་ནས་ཆགས་པར་གྱུར་ཏེ་ཕྱི་རོལ་གྱི་སྐྱེས་པ་དང་ཕྲད་པར་འདོད་དོ། །སྐྱེས་པ་ཡང་ནང་དུ་

བདག་ནི་སྐྱེས་པའོ་ཞེས་རྟོག་སྟེ་དེ་ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས་ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ། །ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་བརྟགས་ནས་ཆགས་པར་འགྱུར་ཏེ། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་འདོད་དོ། །ཕྲད་པར་འདོད་པས་
ཕྲད་པར་འགྱུར་རོ། །ཕྲད་པའི་རྐྱེན་གྱིས་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ལ་ཀུན་དུ་རྟོག་པ་གང་ཡིན་པ་དང་། གང་ཀུན་དུ་རྟོག་པ་པོ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་དོ། །བུད་མེད་ལ་ནི་བུད་མེད་མེད་དོ། །སྐྱེས་པ་ལ་ནི་སྐྱེས་པ་མེད་དོ། །དེ་ལྟར་
མེད་ཅིང་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་སྐྱེ་སྟེ། ཀུན་དུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །ཀུན་དུ་རྟོག་པ་ཇི་ལྟ་བ་བཞིན་དུ་ཕྲད་པ་དང་མེར་མེར་པོ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །གང་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་སྲ་བ་སྐྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་དུ་རྟོག་པ་
ཤེས་པར་བྱས་ནས་སྲ་བ་ཉིད་རྟོག་པར་བྱ་སྟེ། ཅི་ནས་སྲ་བ་ནི་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐར་འགྱུར་བའི་དུས་དེ་ཡོད་དོ། །དེའི་སྲ་བ་དེ་འཇིག་ཅིང་འགག་པར་འགྱུར་བའི་ཚེ། ཤར་ཕྱོགས་སུ་མི་འགྲོ།
ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་འོག་དང་། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོ་སྟེ། རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་ནི་དེ་ལྟར་བལྟའོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནམ་མཁར་གྱུར་པ་ལ། ཚངས་པའི་གཞལ་མེད་ཁང་རིན་
པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་ལ་གནས་པའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང་རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་
ནས་ཀྱང་མི་འོང་ངོ་། །ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ་སྲ་ཞིང་བརྟན་ལ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་། །རིའི་རྒྱལ་པོ་རི་རབ་དག་དང་། གཉའ་ཤིང་འཛིན་དག་དང་། མུ་ཁྱུད་འཛིན་དག་དང་།

གཤོལ་མདའ་འཛིན་དག་དང་། རྡོ་རྗེ་འཛིན་དག་དང་། སེང་ལྡེང་ཅན་དག་དང་། རྣམ་པར་འདུད་དག་དང་། རི་རྟ་རྣ་དག་དང་། བལྟ་ན་སྡུག་དག་དང་། བལྟ་ན་སྡུག་ཆེན་པོ་དག་དང་། ཐེར་སྒྲེ་དག་དང་། སྤོས་ཀྱི་ངད་ལྡང་དག་དང་། གངས་ཀྱི་རི་དག་དང་། དེ་མ་
ཡིན་པའི་རི་ནག་པོའི་བར་དག་གནས་པ་དག་དང་། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པ་དག་དང་། རྔམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང་རྒྱལ་པོ་ཆེན་པོ་སྲ་
བདེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་། །རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ་ས་ཆེན་པོ་འདི་མེས་ཚིག་པའམ། ཆུས་བཤིག་པའམ། རླུང་གིས་གཏོར་བར་འགྱུར་བའི་དུས་དེ་ཡོད་དོ། །དེ་མེས་ཚིག་ན་ནི་དུ་བ་ཡང་མི་མངོན་ཐལ་བའི་ལྷག་མ་ཡང་མི་མངོན་
པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། མར་རམ་འབྲུ་མར་མེས་བསྲེགས་ན་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་
མངོན་པར་འགྱུར་རོ། །ཆུས་བཤིག་པའི་ཚེ། ཡང་ལྷག་མ་ཅི་ཡང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ལན་ཚྭ་ཆུའི་ནང་དུ་ཞུ་བ་ནི་ལྷག་མ་ཅུང་ཟད་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆུས་བཤིག་པའི་ཚེ་ལྷག་མ་
ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རླུང་གིས་གཏོར་བའི་ཚེ་ཡང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་རྣམ་པར་འཐོར་རླུང་གིས་བདས་པའི་བྱེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་འདི་ཡང་རླུང་གིས་གཏོར་བའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྟོང་། སའི་ཁམས་འཇིག་པ་དང་འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ་། །རྒྱལ་པོ་ཆེན་པོའི་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་

ཁམས་ཉིད་དུ་མི་དམིགས་ཏེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་རྟོགས་ཤིག །རྒྱལ་པོ་ཆེན་པོ་དེ་ལ་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་དང་། ཕྱི་རོལ་གྱིའོ། །
ནང་གི་ཆུའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་ཆུ་ཉིད་དང་། རླན་པ་དང་། རླན་པའི་རྣམ་པ་དང་རླན་པ་ཉིད་དང་གཤེར་བ་ཉིད་དང་། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་། རྡུལ་དང་། མཆིལ་
མ་དང་། སྣབས་དང་། ཆུ་སེར་དང་། ཚིལ་དང་། མཁྲིས་པ་དང་། ངར་སྣབས་དང་། རྣག་དང་། ཁྲག་དང་། འོ་མ་དང་། གཅིན་དང་། གཞན་ཡང་གང་ལུས་འདིའི་ནང་གི་ཁོང་ན། ཆུ་དང་ཆུའི་རྣམ་པ་དང་ཆུ་ཉིད་དང་རླན་པ་དང་རླན་པའི་རྣམ་པ་དང་རླན་པ་ཉིད་དང་གཤེར་བ་ཉིད་དང་། ཉེ་
བར་གྱུར་པ་དང་ཟིན་པ་འདི་ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོའི་སྡུག་པ་མཐོང་ན་མཆི་མ་འབྱུང་བ་དང་། སྡུག་བསྔལ་གྱིས་ཉེན་པ་དང་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱུང་བ་དང་རླུང་གིས་བཏབ་བམ། རྣམ་པ་གཞན་དག་གིས་ཀྱང་མཆི་མ་འབྱུང་
སྟེ། དཔྱད་བྱས་པས་ཀྱང་ནང་གི་ཆུའི་ཁམས་འཕེལ་བར་འགྱུར་བའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་། །རྒྱལ་པོ་ཆེན་པོ་གང་ནང་གི་ཆུའི་ཁམས་དེ་ཡོངས་སུ་སྐམ་པར་འགྱུར་བའི་དུས་དེ་ཡོད་དེ། དེ་ཡོངས་སུ་སྐམ་ཞིང་
འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་ནང་གི་མེའི་ཁམས་ཤས་ཆེ་བར་གྱུར་ན། དེས་ནང་གི་ཆུའི་ཁམས་ཡོངས་སུ་གདུང་བར་འགྱུར་བའི་དུས་དེ་ཡོད་དེ། གདུངས་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ནང་གི་ཆུའི་ཁམས་འབྱུང་བའི་
ཚེ་གང་ནས་ཀྱང་མི་འོང་ངོ་། །འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་ཆགས་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འདི་ཆགས་པར་འགྱུར་བའི་ཚེ། ནམ་མཁའ་འདི་ལ་ཀུན་དུ་སྤྲིན་ཤིན་ཏུ་སྟུག་པོའི་ཚོགས་སུམ་ཅུ་རྩ་

གཉིས་འཁྲིགས་པར་འགྱུར་ཏེ། དེ་དག་འཁྲིགས་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གཡོགས་པར་འགྱུར་ཏེ། དེ་ལས་བསྐལ་པ་བར་མ་ལྔའི་བར་དུ་གཤོལ་མདའ་ཙམ་གྱི་ཆར་གྱི་རྒྱུན་འབབ་པོ། །བསྐལ་
པ་བར་མ་ལྔའི་བར་དུ་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་ཆར་འབབ་པོ། །བསྐལ་པ་བར་མ་ལྔའི་བར་དུ་རྒྱུན་མི་འཆད་པའི་ཆར་འབབ་པོ། །བསྐལ་པ་བར་མ་ལྔའི་བར་དུ་ཐིགས་པ་ཆེན་པོའི་ཆར་འབབ་པོ། །དེས་ས་ཆེན་པོ་འདི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་ཁྱབ་པར་
གང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆུའི་ཕུང་པོ་ཆེན་པོ་དེ་འབྱུང་བའི་ཚེའང་གང་ནས་མི་འོང་ངོ་། །རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ། ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་
གཉིས་འཇིག་རྟེན་དུ་བྱུང་བས་ཆུ་མིག་དང་ཆུ་བྲན་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བ་ན་ཆུ་མིག་ཆེན་པོ་དང་ཆུ་ཀླུང་ཆེན་པོ་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་
འཇིག་རྟེན་དུ་བྱུང་བས་གང་ནས་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པ་དེ་དེ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་སྐམ་པར་འགྱུར་ཐིམ་པར་འགྱུར་ཏེ་མེད་པར་འགྱུར་རོ། །དེ་ནས་ཉི་མ་ལྔ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་
དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །དཔག་ཚད་གཉིས་དང་། དཔག་ཚད་གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། དཔག་ཚད་ལྔ་བཅུ་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་
པར་འགྱུར་བ་ནས། དཔག་ཚད་བཞི་ཁྲིའི་བར་གྱི་ཆུ་ལས་པར་འགྱུར་བ་དང་། ཤིང་ཏ་ལ་གཉིས་ཙམ་ནས་མཆན་ཁུང་ནུབ་ཙམ་དང་། བ་ལང་གི་རྗེས་ཀྱི་ཆུ་ཙམ་གྱི་བར་དུ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལས་ཟིལ་པ་ཕྲམ་ཕྲུམ་ཙམ་

ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལ་མཛུབ་མོ་སྣུབས་པ་ཙམ་གྱི་ཆུའང་མ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ཙམ་དུ་ཡང་ཆུའི་ཁམས་དེ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། ཤར་ཕྱོགས་
དང་། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་སྟེང་དང་འོག་དང་། ཕྱོགས་མཚམས་རྣམས་སུ་མི་འགྲོའོ། །རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་སྐྱེ་བ་ཡང་སྟོང་། འཇིག་པ་ཡང་སྟོང་། གནས་པའི་ཚེ་ཡང་ཆུའི་ཁམས་དེ་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་
དེ་ནི་ཐ་སྙད་ཙམ་མ་གཏོགས་པར་ཆུའི་ཁམས་ཀྱིས་སྟོང་ཞིང་མི་དམིགས་པ་སྟེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་སྔ་མ་བཞིན་ནོ། །མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ།
ལུས་འདི་ལ་མེ་དང་མེའི་རྣམ་པ་དང་། དྲོ་བ་དང་དྲོ་བའི་རྣམ་པ་དང་། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། གང་གིས་ལུས་འདི་གདུང་བ་དང་། ཀུན་དུ་གདུང་བ་དང་ཡོངས་སུ་གདུང་བ་དང་། གང་གིས་ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་
བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང་། གང་གི་ཤས་ཆེ་ན། རིམ་མོ་རིམ་མོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་མེ་དང་མེའི་རྣམ་པ་དང་། དྲོ་བ་དང་དྲོ་བའི་རྣམ་པ་དང་། ཉེ་བར་མ་གྱུར་པ་དང་མ་
ཟིན་པ་སྟེ། དེ་དག་ནི་མི་དག་གཙུབ་ཤིང་དང་ལྡན་པ་དང་རྩྭ་དང་ལྡན་པའམ། བ་ལང་གི་ལྕི་བའི་སྦུར་མའམ་ཤིང་བལ་གྱི་འདའ་བ་དང་ལྡན་པར་བྱས་ཤིང་མེ་འབྱིན་ཏེ། དེ་བྱུང་ནས་གྲོང་ཡང་ཚིག་གྲོང་གི་ཕྱོགས་ཀྱང་ཚིག །གྲོང་ཁྱེར་རམ་གྲོང་ཁྱེར་གྱི་ཕྱོགས་སམ་ཡུལ་ལམ་ཡུལ་
གྱི་ཕྱོགས་སམ། གླིང་ངམ། རྩྭའི་གཏོས་སམ། ནགས་སམ། ཤིང་ངམ། རྩྭའམ། བ་ལང་གི་ལྕི་བ་དག་སྲེག་ཅིང་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་དེ་ལ་ཕྱི་རོལ་གྱི་མེའི་ཁམས་ནི་འབྱུང་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་

ཡང་མི་འགྲོ་སྟེ། དེ་ནི་རང་བཞིན་དང་བྲལ་བའི་ཕྱིར་མེད་པ། ལས་ཡོད་པར་འགྱུར་ཞིང་ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང་རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་གཡོ་བ་ཉིད་དང་།
ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང་། ཐུར་དུ་འགྲོ་བ་དང་། ཐད་ཀར་འགྲོ་བ་དང་། རྒྱབ་ཏུ་འགྲོ་བ་དང་། རྒྱབ་ན་གནས་པ་དང་། ལྟོ་ན་གནས་པ་དང་། འཆད་པར་བྱེད་པ་དང་། འགས་པར་བྱེད་པ་དང་། གཟེར་བ་དང་། འདར་
བུ་དང་། སྣ་སྐད་དང་། རླུང་སྐྲན་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་ལྡན་པ་དང་། ཡན་ལག་དང་ཡན་ལག་ལ་གནས་པའི་རླུང་དག་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་རླུང་དེ་ཡང་ཤར་ཕྱོགས་ཀྱི་རླུང་ཡོད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རླུང་ཡོད་
དོ། །རྡུལ་དང་བཅས་པ་དང་། རྡུལ་མེད་པ་དང་ཆུང་བ་དང་ཆེ་བའི་རླུང་ཡོད་དོ། །ཀུན་དུ་ཁྱབ་པའི་རླུང་དང་། རྣམ་པར་འཐོར་བའི་རླུང་དང་། ཚུབ་མའི་རླུང་དག་ཀྱང་ཡོད་དོ། །རྒྱལ་པོ་ཆེན་པོ་རླུང་གི་ཕུང་པོ་ཆེན་པོ་ལངས་ན་ཤིང་དག་ཀྱང་གཅོག །རྩིག་པའི་ཁ་དག་དང་རིའི་རྩེ་མོ་དག་ཀྱང་
བསྙིལ་ཞིང་བསྙིལ་ནས་རྨེག་མེད་པར་འགྱུར་བ་དག་དང་། ཡང་སེམས་ཅན་དག་གོས་ཀྱི་མཐའ་མའམ་སྦུད་པའམ་རླུང་གཡབ་དག་གིས་རླུང་གཡོབ་པའི་དུས་དེ་ཡོད་དོ། །གཞན་ཡང་གང་ཚུལ་འདི་དང་འདྲ་བ་དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། །།
བམ་པོ་བཅུ་གཅིག་པ། ནང་གི་ནམ་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པ་དང་། ནམ་མཁའ་དང་ནམ་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ། མ་གང་བ་དང་པགས་པ་དང་ཤ་དང་ཁྲག་གིས་གང་བར་བྱ་བ་མ་
ཡིན་པའོ། །དེ་ཡང་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེའམ། རྣ་བ་དང་། སྣའི་ནང་ཞེའམ། ཁའམ་ཁའི་ནང་ཞེའམ། ཁའི་སྒོ་ཞེའམ། ལྐོག་མ་ཞེའམ། མིད་པ་ཞེའམ། གང་ནས་ཀྱང་མིད་པ་དང་། གང་དུ་གནས་པ་དང་། གང་གིས་ཟོས་པ་དང་འཐུངས་པ་དང་འཆོས་པ་

དང་མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པ་དང་། ཕུང་པོར་གྱུར་པའམ་ཁམས་སུ་གྱུར་པའམ་སྐྱེ་མཆེད་དུ་གྱུར་པ་དག་ནི་ནམ་མཁའི་དང་། ནམ་མཁའི་རྣམ་པ་དང་། མ་གང་བ་
དང་པགས་པ་དང་ཤ་དང་ཁྲག་གིས་གང་བར་བྱ་བ་མ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་དག་ནི་ནང་གི་ནམ་མཁའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ནམ་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཕྱི་རོལ་གྱི་ནམ་མཁའ་དང་ནམ་མཁའི་རྣམ་པ་
དང་། མ་གང་བ་དང་། གཟུགས་སུ་གྱུར་པས་གང་བར་བྱ་བ་མ་ཡིན་པ། མ་འདྲེས་པ་ཁོང་སྟོང་དང་བུ་གར་གྱུར་པ་འདི་ནི་ཕྱི་རོལ་གྱི་ནམ་མཁའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་གང་ལས་ཀྱི་རྐྱེན་གྱིས་སྐྱེ་མཆེད་རྣམས་འབྱུང་བའི་དུས་དེ་ཡོད་དོ། །དེ་དག་ནམ་མཁའི་ཁམས་ལ་
ཀུན་ནས་སྐོར་བར་བྱེད་དོ། །དེ་ནང་གི་ནམ་མཁའི་ཁམས་ཞེས་བྱ་བའི་གྲངས་སུ་འགྲོ་ཡང་དེ་ནི་གང་ལས་ཀྱང་མ་འོངས་སོ། །རྒྱལ་པོ་ཆེན་པོ་གཟུགས་ཞིག་ན་ཐམས་ཅད་ནམ་མཁའ་འགྱུར་བའི་དུས་དེ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ཟད་མི་ཤེས་པའི་ཕྱིར་རོ། །
དེ་ལྟ་ན་ནང་གི་ནམ་མཁའི་ཁམས་ནི་གནས་ཤིང་མི་གཡོ་བའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེ་བཞིན་དུ་ནམ་མཁའི་ཁམས་ཀྱང་ཐམས་ཅད་དུ་སོང་བར་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་ཞིག་
གིས་ཐང་ལ་ཁྲོན་པའམ་རྫིང་བུའམ་ཁྲོན་རིངས་སམ་རྫིང་ཞིག་བརྐོས་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། དེའི་ནམ་མཁའ་དེ་ག་ལས་འོངས། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་ལས་ཀྱང་མ་མཆིས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མེ་དེས་ཁྲོན་
པ་ནས་རྫིང་གི་བར་དེ་དག་ཕྱིར་བཀང་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། དེའི་ནམ་མཁའ་དེ་གང་དུ་སོང་། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་དུ་ཡང་མ་མཆིས་ཏེ། དེའི་སླད་དུ་ཞེ་ན། ནམ་མཁའི་ཁམས་ནི་འགྲོ་བའམ་འོང་བར་ཉེ་བར་གནས་པ་མ་ལགས།

བུད་མེད་ཀྱི་དངོས་པོ་དང་སྐྱེས་པའི་དངོས་པོར་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཕྱི་རོལ་གྱི་ནམ་མཁའི་ཁམས་ནི་མི་གཡོ་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་ཞིང་ནམ་མཁའི་
ཁམས་དང་བྲལ་བ་སྟེ། ནམ་མཁའི་ཁམས་ནི་བུད་མེད་ཀྱི་དངོས་པོར་ཉེ་བར་མི་གནས། སྐྱེས་པའི་དངོས་པོར་ཉེ་བར་མི་གནས་ཀྱིས། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་
གི་དབང་པོ་ནི་བདག་པོ། །གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པའམ། སེར་པོ་དང་དམར་པོ་དང་ཁྲ་བོ་རྣམ་པར་རིག་པའམ། རིང་པོ་དང་ཐུང་ངུ་དང་། སྦོམ་པོ་དང་ཕྲ་མོ་རྣམ་པར་རིག་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་གང་ཅི་ཡང་རུང་།
ཁ་དོག་དང་དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་བཞིན་དུ་གང་ཅི་ཡང་རུང་། རྣ་བའི་དབང་པོ་ནི་བདག་པོ་ནས། ཡིད་ཀྱི་དབང་པོ་ནི་བདག་པོ། །ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པའམ། དྲི་རྣམ་པར་རིག་པའམ། རོ་རྣམ་པར་
རིག་པའམ། རིག་པ་རྣམ་པར་རིག་པའམ། ཆོས་རྣམ་པར་རིག་པ་འདི་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། །ཡུལ་དྲུག་ནི་དམིགས་པ་ཡིན་ལ། ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་
ཤེས་པའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པའི་ཁམས་དེ་ནི་དབང་པོ་ལ་མི་བརྟེན། ཡུལ་རྣམས་ལས་མ་འོངས། བར་གྱི་དབུས་ན་མི་གནས་ཏེ། དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉི་ག་མེད་པར་ཡང་མ་ཡིན་ནོ། །རྣམ་པར་ཤེས་པའི་
ཁམས་དེ་ནི་དངོས་པོ་སོ་སོར་རྣམ་པར་རིག་ནས་འགག་སྟེ། དེ་འབྱུང་བའི་ཚེ་གང་ནས་ཀྱང་མ་འོངས། འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་སྟོང་། འཇིག་པ་ཡང་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་རང་བཞིན་གྱིས་

སྟོང་ངོ་། །རྒྱལ་པོ་ཆེན་པོ་དེ་ལྟར་ན། ཐ་སྙད་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་དེ་ནི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་སྟོང་སྟེ། ཐ་སྙད་དེ་ཡང་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་གྱི། དེ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་
རབ་ཀྱི་ས་རྟོགས་ཤིག །རྒྱལ་པོ་ཆེན་པོ་དེ་ལ་མིག་གི་སྐྱེ་མཆེད་གང་ཞེ་ན། དེ་ནི་འབྱུང་བ་ཆེན་པོ་བཞི་དང་བ་སྟེ། འདི་ལྟར་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་དང་བ་ནི་སྐྱེ་མཆེད་མ་ཡིན་ནོ། །ཆུའི་ཁམས་དང་བ་ཡང་
མ་ཡིན་ནོ། །མེའི་ཁམས་དང་བ་ཡང་མ་ཡིན་ནོ། །རླུང་གི་ཁམས་དང་བ་ཡང་མིག་གི་སྐྱེ་མཆེད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་ཆོས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་བར་དང་བ་ནི་
ཚེས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་སེམས་པ་མེད་ཅིང་བྱེད་པ་མེད་ལ་ཅི་ལ་ཡང་མི་ནུས་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བཙལ་ན་ཐ་སྙད་ཙམ་མ་གཏོགས་པར་མིག་གི་སྐྱེ་མཆེད་མི་
དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་སའི་ཁམས་དང་བས་སྟོང་། རླུང་གི་ཁམས་དང་བའི་བར་ནི་རླུང་གི་ཁམས་དང་བས་སྟོང་སྟེ། ཆོས་གང་དག་རང་བཞིན་གྱིས་སྟོང་པ་དེ་དག་ལ་དང་བའམ་འཁྲུགས་པར་འགྱུར་བའང་ག་ལ་ཡོད་དེ། གང་ལ་ཡང་དང་བའམ་
འཁྲུགས་པ་མི་དམིགས་པ་དེ་དག་ཇི་ལྟར་གཟུགས་ལ་ལྟ་བར་འགྱུར། དེ་ལྟར་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་ཤིན་ཏུ་སྟོང་སྟེ། དེ་ནི་འོང་བ་དང་འགྲོ་བ་མེད་པའི་ཕྱིར་སྔོན་གྱི་མཐའ་ཡང་མི་དམིགས་ཕྱི་མའི་མཐའ་ཡང་མི་དམིགས་སོ། །རང་བཞིན་མེད་པའི་
ཕྱིར་དེ་ལ་གནས་པ་ཡང་མི་དམིགས་སོ། །གང་རང་བཞིན་གྱིས་མེད་པ་དེ་ནི་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་ནོ། །གང་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པ་དེ་ནི་དེས་རློམ་སེམས་སུ་ལྟ་ག་ལ་འགྱུར་ཏེ། རྒྱལ་པོ་ཆེན་པོ་རློམ་སེམས་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །རློམ་

སེམས་མེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རློམ་སེམས་དང་བྲལ་བའོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་དེ་ལ་རྣ་བའི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་དང་བའོ། །རྒྱལ་པོ་ཆེན་པོ་དེ་
ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི། རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པ་ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། གདགས་སུ་མེད་པ། ཐ་སྙད་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ་གང་ལ་དབང་པོ་རྣམས་
ཐོགས་པར་འགྱུར་བ་དེ་ནི་ཡུལ་རྣམས་ཞེས་བྱ་སྟེ། མིག་གིས་གཟུགས་རྣམས་ལ་ཐོགས་པར་འགྱུར་བ་དེའི་ཕྱིར་གཟུགས་རྣམས་ནི་མིག་གི་ཡུལ་ཞེས་བྱའོ། །དེ་བཞིན་དུ་རྣ་བའི་སྒྲ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མིག་གཟུགས་རྣམས་ལ་ཐོགས་སོ་ཞེས་བྱ་བ་འདི་
ནི་འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འདི་ལྟར་མིག་ནི་གཟུགས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ། མཐུན་པ་རྣམས་ལ་སྡུག་པའི་འདུ་ཤེས་ཀྱིས་འབབ་པ་དང་། མི་མཐུན་པ་རྣམས་ལ་ཁོང་ཁྲོ་བའི་འདུ་ཤེས་ཀྱིས་འབབ་པ་དང་། མཐུན་པ་ཡང་མ་ཡིན་མི་མཐུན་པ་
ཡང་མ་ཡིན་པ་རྣམས་ལ་བཏང་སྙོམས་ཀྱི་འདུ་ཤེས་ཀྱིས་འབབ་པ། །དེ་བཞིན་དུ་ཡིད་ནི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་དེ་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་སྟེ། དེ་ལ་ཡིད་སྤྱོད་ཅིང་རྣམ་པར་སྤྱོད་པས་དེའི་ཕྱིར་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་
ཡིད་དེ་མཐུན་པའི་གཟུགས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་དེའི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་གཟུགས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར། མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པར་སྤྱོད་
པ་དེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་ཡང་ཆོས་རྣམ་པ་གསུམ་གསུམ་ལ་དམིགས་པ་མྱོང་བར་འགྱུར་ཏེ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་དེ་ལ་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་ཡུལ་རྣམས་ནི་རྨི་ལམ་ལྟ་བུར་ཤེས་པར་བྱའོ། །

རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་བུད་མེད་ཡུལ་གྱི་བཟང་མོ་དེ་རྗེས་སུ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། རྨི་ལམ་ན་
མཐོང་བའི་ཡུལ་གྱི་བཟང་མོ་དེ་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ་རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་སྐྱེས་བུ་གང་རྨི་ལམ་ན་ཡུལ་གྱི་བཟང་མོ་མཐོང་བའི་བུད་མེད་དེ་དང་ལྷན་ཅིག་ཏུ་རྩེ་བ་དང་དགའ་བ་དང་། མངོན་པར་ཞེན་པར་འགྱུར་བ་
དེ་མཁས་པའི་རང་བཞིན་ཅན་ཡིན་ནམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ནི་མཐོང་བའི་ཡུལ་གྱི་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ་གཞན་དུ་
ན་གང་དེ་ལ་ཞེན་པའི་མི་དེ་ནི་ཤིན་ཏུ་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་
འགྱུར་ཏེ། དེ་མངོན་པར་ཞེན་ནས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་
པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་འགྱུར་བ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་
བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན་ཕ་བི་ན་མ་ཡིན་པར་བར་མ་དོར་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་

འགགས་པའི་ཚེ། འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང་ལས་དམིགས་པ་དེ་དང་རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་
དང་པོ་འབྱུང་སྟེ། ཡང་ན་ནི་སེམས་ཅན་དམྱལ་བར། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང་ན་ནི་ལྷ་མ་ཡིན་གྱི་རིས་སུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ།
དེ་འགགས་མ་ཐག་ཏུ་བར་མ་ཆད་པར། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བར་འབྱུང་ངོ་། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར་རོ། །གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ལ་
ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལྟ་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བའང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། །འགག་པའི་ཚོ་གང་དུ་ཡང་
མི་འགྲོའོ། །ལས་ཀྱང་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་
རྣམ་པར་ཤེས་པ་ཐ་མས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ།
དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོའམ་ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་ཞིག་ཉལ་བའི་རྨི་ལམ་ན་དགྲ་དང་འཐབ་པ་ཞིག་རྨིས་ལ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་

སེམས་རྨི་ལམ་དུ་རྨིས་པའི་དགྲ་དེའམ་དགྲ་དེ་དང་འཐབ་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་དགྲ་ལ་མངོན་པར་ཞེན་པའམ། དགྲ་དང་འཐབ་
པར་འགྱུར་བ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་དགྲ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་དེ་དང་འཐབ་པ་ལྟ་ག་ལ་མཆིས་ཏེ་གཞན་དུ་ན་གང་དེ་ལ་མངོན་
པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད་མི་བདེ་བར་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་
འགྱུར་ཏེ་མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར། ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་
འདི་ལྟ་སྟེ། དཔེར་ན། མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་འདྲེས་ནོན་པར་རྨིས་ཏེ་འཇིགས་པས་ཤིན་ཏུ་རྨོངས་པར་འགྱུར་ལ། ཉལ་བ་ལས་སད་ནས་འདྲེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་འདྲེ་དེ་དང་ཤིན་
ཏུ་རྨོངས་པར་གྱུར་པ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་དེ་ལྟར་རྨི་ལམ་ན་མཐོང་བའི་འདྲེ་དེ་ལ་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པར་འགྱུར་བའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་
པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་འདྲ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་ཤིན་ཏུ་རྨོངས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ། །ཤིན་ཏུ་རྨོངས་
ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་
ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་གླུ་ལེན་པའི་གླུ་སྙན་པ་དང་པི་བང་ལེན་པའི་སྒྲ་སྙན་པ་ཉན་ཅིང་དེ་གླུ་དང་རོལ་མོའི་སྒྲ་དེས་ཡོངས་སུ་སྤྱོད་པ་རྨིས་ལ། ཉལ་བ་ལས་སད་ནས་གླུ་དང་རོལ་མོའི་སྒྲ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་
ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང་། གླུ་དང་རོལ་མོའི་སྒྲ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་གླུ་དང་རོལ་མོའི་སྒྲ་ལ་
མངོན་པར་ཞེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེའི་གླུ་དང་རོལ་མོའི་སྒྲ་ལྟ་ག་ལ་མཆིས་ཏེ། གཞན་
དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་ཡིད་དུ་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ་ཞེས་བྱ་བ་ལ་
སོགས་པ་སྔ་མ་བཞིན་ནོ། །དེ་བཞིན་དུ་དྲི་ལ་སོགས་པ་ལ་ཡང་རྣམ་པ་གསུམ་གསུམ་དུ་རིག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་ན་བདག་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་དང་། སྒྲོན་མ་དང་། མར་མེ་དང་། སྣང་བ་དང་། གྲུ་དང་། ངོགས་

དང་། འབབ་སྟེགས་དང་། འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། སྟོན་པ་དང་། དེད་དཔོན་དང་། སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང་། བདག་གྲོལ་ནས་དགྲོལ་བར་བྱའོ། །རྒལ་ནས་བསྒྲལ་བར་བྱའོ། །དབུགས་ཕྱིན་ནས་དབུགས་དབྱུང་བར་བྱའོ། །
ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་ཡིད་ལ་གཞག་པར་བྱའོ། །རྒྱལ་པོ་ཆེན་པོ་དབང་ཕྱུག་ལྟ་ཞིག་ནི་སྔོན་མྱོང་བར་གྱུར་པའི་མཐའ་ཡང་མི་མངོན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་སྟེ་ཆོག་མི་ཤེས་སོ། །ཚིམ་པར་
མི་འགྱུར་བའོ། །ཡུལ་རྣམས་ནི་རྨི་ལམ་ལྟ་བུ་སྟེ་ཚིམ་པར་མི་ནུས་པ་ངོམས་པར་མི་ནུས་པའོ་ཞེའོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་གཏམ་རྒྱུད་ལས་མཐོ་རིས་ནས་ལྷུང་སྟེ། དེའི་ཚེ་རྒྱལ་པོ་ཆེན་པོ་དང་གྲོང་ཁྱེར་བས་བསྐོར་བ་ལས་འདི་སྐད་འབྱུང་སྟེ།
འདི་ལྟ་སྟེ། དཔེར་ན། མར་གྱི་གོང་བུའམ། མར་གསར་གྱི་གོང་བུ་བྱེ་མ་ཚ་བ་ལ་གཞག་པ་ནི་འཇུ་ཞིང་མི་གནས་སོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ཀྱང་བྱིང་ཞིང་མི་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་དགའ་བྱེད་ཀྱིས། རྒྱལ་པོ་ཆེན་པོ་གྲགས་པ་
མཐའ་ཡས་དེ་ལྟར་བྱིང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ཀྱིས་ལེགས་པར་བརྗོད་པ་ཇི་སྐད་ཅིག་གསུངས་ཞེས་མཆི་ན་བདག་གིས་འཇིག་རྟེན་པ་རྣམས་ལ་ཇི་སྐད་ཅིག་ལུང་བསྟན་པར་བགྱི། དེས་སྨྲས་པ། རྒྱལ་པོ་ཆེན་པོ་གྲགས་པ་མཐའ་
ཡས་ནི་གླིང་ཆེན་པོ་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཤིང་བསམ་པ་ཡིད་བཞིན་དུ་གྲུབ་ལ་དོན་མེད་པར་མ་གྱུར་པའང་མྱོང་། ཤིང་ཐམས་ཅད་ན་དུས་མ་ཡིན་པར་ཡིད་བཞིན་དུ་འབྲས་བུ་ཆགས་པ་དང་། གནོད་པ་ཐམས་ཅད་རྒྱུན་ཆད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་
བསམས་པ་དོན་ཡོད་པ་དང་། སྤོས་ཆུའི་ཆར་དབབ་པ་དང་། ལྷའི་ཡིད་བཞིན་གྱི་གོས་ཀྱི་ཆར་དབབ་པ་དང་། དབྱིག་གི་ཆར་དབབ་པ་དང་། གསེར་གྱི་ཆར་དབབ་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དབབ་པ་དང་། ཡོ་བྱད་ཐམས་ཅད་ཀྱི་ཆར་དབབ་པ་ཡང་མྱོང་བར་གྱུར་ནས། གླིང་

ཆེན་པོ་བཞི་དག་ཏུ་གནས་ཏེ་གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས། བརྒྱ་བྱིན་གྱི་སྟན་ཕྱེད་མནན་པ་ལ་འདོད་པ་ཆེན་པོས་མ་བཏང་སྟེ། འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུང་སྟོན་ཅིག །དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་
ཀྱི་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུའོ་ཞེས་དེ་ལྟར་རིག་པར་བྱས་ནས་སེམས་ངེས་པར་གཞག་པར་བྱ་སྟེ། གཞན་གྱི་དྲིང་མི་འཇོག་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྨིག་རྒྱུའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་
གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དེ་ཉིད་ལས་གསུངས་པ། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་
ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན་ལེགས་པར་མངོན་དུ་མཛད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །
དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མ་ཐོས་པ། ཐོས་པར་མ་བྱས་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་བསྟན་
པ། མ་མཐོང་བ། མ་བཏགས་པ། འཛིན་དུ་མ་བཅུག་པ། རྟོགས་པར་མ་བྱས་པ། ཐོབ་པར་མ་བྱས་པ། མ་ཐོབ་པ། ཉེ་བར་མ་བསྙེན་པ། མ་བོར་བ། མ་བཞག་པ། མ་སྤངས་པ། བྱ་བ་མེད་པ། བྱེད་པ་མེད་པ། རབ་ཏུ་ཞི་བ་མེད་པ། མ་སྨད་པ། མ་བསྟོད་པ། ཐོགས་
པ་མ་ཡིན་པ། མ་ཐོགས་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང་། གང་གི་བདེ་བར་གཤེགས་ལ་འགྲོ་བ་རྣམས། །

བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དགས་དང་། །ལྷ་མིན་རིས་དང་མི་དང་ལྷ་
Luận tạng Tây Tạng (Tengyur) — Tập 111 | Tra cứu Kinh điển | Tàng Kinh Việt