Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 111

Văn bản gốc(Tây Tạng)

Trang 10 / 20 (50.000 ký tự/trang)
ཡི་
རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམར་དེ་བཞིན་མཐོ་བའི་རིགས་རྣམས་དང་། །ཕྱུག་པོའི་ཁྱིམ་དང་དབུལ་བའི་རིགས་རྣམས་དང་། །ཞེས་བྱ་བ་ལ་སོགས་པའོ། །ཡང་གསུངས་པ། གང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་གང་ཞིག །ཅི་གཟུགས་སམ། འོན་ཏེ་ཚོར་བའམ། འོན་ཏེ་འདུ་ཤེས་སམ། འོན་ཏེ་འདུ་བྱེད་དམ། འོན་ཏེ་རྣམ་པར་ཤེས་པ་ཞིག་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་སྙམ་ནས།
དེ་དག་འདི་སྙམ་དུ་སེམས་ཏེ། གཟུགས་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་ནས། རྣམ་པར་ཤེས་པའི་བར་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱང་མ་སྐྱེས་པ། བྱང་ཆུབ་ཀྱང་མ་སྐྱེས་པ་སྟེ། ཇི་ལྟར་མ་སྐྱེས་
པས་མ་སྐྱེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཤེས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་ན། འདི་ལ་སངས་རྒྱས་ནི་གང་། བྱང་ཆུབ་སེམས་དཔའ་ནི་གང་། བྱང་ཆུབ་ནི་གང་། ལུང་བསྟན་པ་ནི་
གང་། གཟུགས་ནི་གཟུགས་ཀྱིས་སྟོང་པ་ནས་རྣམ་པར་ཤེས་པའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། དེ་དག་ནི་ཐ་སྙད་ཙམ་མིང་ཙམ་བརྡ་ཙམ་ཀུན་རྫོབ་ཙམ་བརྗོད་པ་ཙམ་གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་མི་ཆའོ་ཞེའོ། །ཡང་དེ་ཉིད་ལས་
འདི་སྐད་ཅེས་གསུངས་ཏེ། འཕྲུལ་དགའི་ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གིས་འཚལ་བ་ལྟར་ན། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་། སྒྲིབ་པ་མ་མཆིས་པའི་མཐའ་དང་། མཐའ་ཡས་པའི་མཐའ་དང་། མི་

གནས་པའི་མཐའ་ཞེས་བྱ་བ་ལ་སོགས་པ་དང་། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་མ་ཡིན་པ་ནི་བྱང་ཆུབ་ལགས་པར་རིག་པར་བགྱིའོ། །ཐ་ན་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་པོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་རང་བཞིན་མ་མཆིས་པ་སྟེ།
མཚམས་མེད་པ་རྣམས་ཀྱང་རང་བཞིན་མ་མཆིས་པ་ལགས་པས་དེའི་སླད་དུ་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཅེས་བགྱིའོ། །བཅོམ་ལྡན་འདས་གང་སུ་དག་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བ་དེ་དག་ནི་གནོད་པར་འགྱུར་བའི་ཆོས་ཅན་ཏེ། དེ་ཅིའི་སླད་དུ་ཞེ་ན། གལ་
ཏེ་འཁོར་བར་ཞུགས་པ་ཞིག་མཆིས་ན་ནི་མྱ་ངན་ལས་འདས་པ་ཡང་འཚལ་བར་འགྱུར་ན་ཞེས་བྱ་བའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འཕྲུལ་དགའི་ལྷ་རྣམས་ཀྱིས་ཡང་དག་པའི་མཐའ་ཞེས་གང་སྨྲས་པ་དེ་ལ་བདག་ཅག་གིས་ནི་
ཡང་དག་པ་ཡང་མ་དམིགས་ན་དེའི་མཐའ་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་ཡང་དག་པར་དམིགས་ན་ནི། མཐའ་ཡང་དེས་དམིགས་པར་འགྱུར་ཏེ། དེ་ནི་གཉིས་ཀྱིས་སྤྱོད་པའོ་ཞེས་སོ། །དེ་ཉིད་ལས་འདི་སྐད་དུ། མི་མཇེད་
ཀྱི་བདག་པོས་སྟོན་པ་ལ་བསྟོད་པ། །ཇི་ལྟར་མི་ཞིག་རྨི་ལམ་བཀྲེས་གྱུར་པས། །ཁ་ཟས་རོ་བརྒྱ་ཟོས་པས་འགྲངས་འགྱུར་བ། །དེ་ལ་བཀྲེས་མེད་ཟས་མེད་སེམས་ཅན་མེད། །རྨི་ལམ་དེ་འདྲར་ཆོས་རྣམས་ཐམས་ཅད་གཟིགས། །མི་ཞིག་ཡིད་དུ་འོང་བའི་ཚིག་སྨྲས་ན། །
དགའ་བར་འགྱུར་ཡང་ཚིག་ལ་འཕོ་བ་མེད། །ཚིག་ཉིད་མེད་ཅིང་དགར་འགྱུར་དངོས་ཀྱང་མེད། །དེ་མཁྱེན་དེ་ལ་ཐེ་ཚོམ་ཡང་མི་མངའ། །པི་ཝང་སྒྲ་སྙན་མཉན་ན་རྣར་སྙན་ཏེ། །སྒྲ་དེ་རང་བཞིན་གང་ཡང་ཡོད་མ་ཡིན། །དེ་ལྟར་མཁས་པས་ཕུང་པོ་འདི་གཟིགས་ན། །ཕུང་པོའི་རང་
བཞིན་གང་ཡང་དམིགས་མི་མངའ། །ཇི་ལྟར་མི་ཡིས་དུང་གི་སྒྲ་ཐོས་ཏེ། །སྒྲ་འདི་གང་ལས་བྱུང་ཞེས་བརྟགས་བྱས་ཀྱང་། །རང་བཞིན་སྟོང་པའི་དངོས་དེ་མི་དམིགས་པ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་བསོད་པའི་ཁ་ཟས་ལ། །ཡན་ལག་

སྲོག་ཕན་ཇི་ལྟར་འགྱུར་བརྟགས་ན། །དངོས་མེད་ཡན་ལག་སྲོག་ཀྱང་དེ་བཞིན་ཏེ། །དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་ནམ་མཁའི་འཇའ་མཐོང་ན། །ཡན་ལག་གཞིགས་བརྟགས་རང་བཞིན་མེད་ཕྱིར་སྟོང་། །འཇའ་འདྲར་
ཡན་ལག་དེ་དག་སྟོང་པ་ཉིད། །དྲང་སྲོང་ཆེ་ཁྱོད་དེ་བཞིན་ཆོས་ཀུན་གཟིགས། །གྲོང་ཁྱེར་མཆོག་ཀྱང་ཡན་ལག་རྣམས་གཟིགས་ན། །གྲོང་ཁྱེར་རང་བཞིན་དེ་བཞིན་མིང་མི་དམིགས། །གྲོང་ཁྱེར་ཇི་བཞིན་དེ་ལྟར་ཡན་ལག་སྟོང་། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་
གཟིགས། །སྐྱེས་བུ་དགའ་བར་རྔ་ཞིག་བརྡུངས་བགྱིས་ན། །དགའ་བ་སྐྱེས་ཀྱང་སྒྲ་ཡི་རང་བཞིན་སྟོང་། །ཇི་ལྟར་སྒྲ་བཞིན་དེ་ཡི་ཡན་ལག་སྟོང་། །མི་དབང་ཁྱེད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་སྐད་རྔ་དེ་བརྡུངས་པའི་ཚེ། །སྒྲ་ནི་ཕྱོགས་སུ་མི་འགྲོ་འབྱུང་བ་
མེད། །ཕྱོགས་སུ་དེ་བཞིན་འགག་པར་མི་འགྱུར་ཏེ། །མི་དབང་ཁྱེད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །ཐོགས་པ་མེད་ཅིང་སྙན་པའི་རང་བཞིན་ཏེ། །སྒྲ་འདྲར་དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །
སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་དེ་འཇིག་རྟེན་དགའ་བྱར་རྟོག་པ་མེད། །སྒྲ་འདྲར་དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །གཡོ་བ་མེད་ཅིང་ཞི་བའི་དངོས་ཀྱང་མེད། །སྒྲ་འདྲར་
དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་དེ་རང་དབང་མ་བྱུང་ཡན་ལག་མིན། །ཇི་ལྟར་སྒྲ་བཞིན་ཁྱོད་ཀྱི་ཡན་ལག་སྟོང་། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །ཞེའོ། །ཡང་གསུངས་
པ། བྱམས་པ་དགེ་བསྒོམས་སེམས་ཅན་དམིགས་པ་ཡིན་ཞེས་འདྲེན་པས་བཀའ་སྩལ་པ། །སེམས་ཅན་རྣམ་པར་བཤིག་ཅིང་འགྲོ་བ་ཐམས་ཅད་སེམས་ཅན་མེད་པར་མཁྱེན། །དེ་ལྟར་རྐང་གཉིས་དམ་པ་རྙོག་པ་མི་མངའ་ཐེ་ཚོམ་བྲལ་ཐུགས་ལྡན། །དེས་ན་བདེ་གཤེགས་

རྣམས་བརྟགས་བློ་མངའ་མཆོད་འོས་ཁྱོད་ལ་མཆོད་པར་འཚལ། །བདེ་བར་གཤེགས་པས་སྡུག་བསྔལ་ཕྱོགས་བཅུར་གནས་པ་ཀུན་དུ་མི་དམིགས་ཀྱང་། །ལྷ་ཡི་ལྷར་གྱུར་ཁྱོད་ཀྱིས་སེམས་ཅན་རྣམས་ལ་སྙིང་རྗེ་བགྱི་བར་གསུངས། །དེ་ལྟར་རྒྱལ་མཆོག་བདག་ཅག་རྒྱལ་བའི་
དགོངས་པ་ཇི་བཞིན་འཚལ། །དེས་ན་རྐང་གཉིས་གཙོ་བོ་མི་མཆོག་མཆོད་འོས་ཁྱོད་ལ་མཆོད་པར་འཚལ། །ཐུབ་པ་ཁྱོད་ཀྱིས་སེམས་ཅན་དང་ནི་བསལ་བགྱི་སྡུག་བསྔལ་མ་གཟིགས་ལ། །དགྱེས་པ་སྐྱེས་ནས་རབ་ཏུ་དགྱེས་པའི་ཐུགས་ཀྱིས་མི་དགྱེས་རྣམ་པར་བསལ། །
དེ་ལྟར་སངས་རྒྱས་ཚུལ་ནི་བསམ་གྱིས་མི་ཁྱབ་ཚུལ་འདི་ཇི་བཞིན་འཚལ། །དེས་ན་མི་མཆོག་ཁྱོད་ལ་མཆོད་ནས་མཉེས་པའི་འབྲས་བུ་ཐོབ་པར་བགྱི། །ཐུབ་པས་སྐུ་ནི་རྣམ་པར་སྤངས་པས་སྐུ་བཙལ་མཛད་ན་མ་བསྙེངས་ཀྱང་། །དེ་ལྟར་འདྲེན་པ་དྲན་པ་མ་གསུང་མ་ལགས་
བསྙེལ་བ་ཡོང་མི་མངའ། །བདེ་བར་གཤེགས་པས་ལུས་ལ་སོང་བའི་བསྒོམ་པ་བསྒོམ་པར་གྱིས་ཞེས་གསུངས། །སངས་རྒྱས་ཚུལ་འདི་རིག་ནས་བདེ་བར་གཤེགས་པ་སྐྱོབ་ལ་མཆོད་པར་བགྱིས། །སྡུག་བསྔལ་ཞི་བྱ་ཕྱིར་ནི་ཞི་གནས་ལྷག་མཐོང་ལམ་ཡང་བསྒོམས་ཞེས་
གསུངས། །བཅོམ་ལྡན་གང་གིས་འགྲོ་བ་ཉོན་མོངས་བག་ཆགས་དྲི་མ་དེ་དག་ཞི། །ཐུབ་པ་ཞི་གནས་ལྷག་མཐོང་དྲི་མ་ཐམས་ཅད་སྟོང་པ་སྟེ། །འདི་ལ་ལྷ་ཚོགས་གང་དུའང་ཐེ་ཚོམ་མ་མཆིས་སྐྱོན་བྲལ་ཁྱོད་ལ་མཆོད། །ཡང་གསུངས་པ། མིག་ནི་མིག་གི་རང་བཞིན་དང་
བྲལ་བ། ཁམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ལ་ནི་སྐྱེ་བ་མ་མཆིས་སོ། །གང་སྐྱེ་བ་མ་
མཆིས་པ་དེ་ལ་ནི་འགག་པ་མ་མཆིས་སོ། །དེ་བཞིན་དུ་སྦྱར་ཏེ། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་མ་ལགས་དབང་པོ་མ་ལགས་སོ། །གང་མིག་མ་ལགས་ཤིང་དབང་པོ་མ་ལགས་པ་དེའི་ཐ་སྙད་ཇི་ལྟར་འཚལ་བར་བགྱི། འདི་ལྟ་སྟེ་དཔེར་ན། ཆད་པ་སྟོང་པ་ནི་

བརྫུན་པ་ཡང་དག་པ་མ་ལགས་པ་མ་མཆིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱི་དོན་དམ་པར་ནི་སྟོང་པར་ཡང་མི་དམིགས་ཆད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་མིག་དང་དབང་པོ་ཡང་ཆད་པ་སྟོང་པ་ལྟར་བརྫུན་ཞིང་མ་མཆིས་ལ་ཡང་དག་པ་མ་ལགས་
པ་སྟེ། གསོབ་གསོག་ལོག་པ་སླུ་བའི་ཆོས་ཅན་བྱིས་པ་འདྲིད་པ་གླེན་པ་རྨོངས་པར་བགྱིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱི་དོན་དམ་པར་ནི་མིག་ཀྱང་མི་དམིགས་ཞེས་བྱ་བའོ། །ཡང་དེ་ཉིད་ལས་གསུངས་པ། རྨི་ལམ་ཆར་ཆེན་འབབ་པ་ལྟར། །དེ་བཞིན་ཟག་པ་
རྣམས་འབྱུང་བར། །ཟག་པ་འབྱུང་བ་མཁས་པ་པོ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། །རྨི་ལམ་དག་ན་མགོ་བཅད་བཞིན། །ཁྱོད་ཀྱིས་ཟག་པ་ཟད་པ་གཟིགས། །དེ་ནི་མཁས་པ་རྣམས་ལ་བསྟན། །ཐམས་ཅད་གཟིགས་ལ་ཕྱག་ཀྱང་འཚལ། །ཞེས་སོ། །འདི་ཉིད་
ལས་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་དང་ལུང་བསྟན་པ། །བདག་གིས་མ་འཚལ་ཞེས་སྨྲས་པ། །གལ་ཏེ་འགའ་ཞིག་མི་སྟོང་ན། །རྒྱལ་བས་དེ་ལུང་བསྟན་མི་གསུངས། །ཅི་ཕྱིར་ཞེ་ན་འདི་ལྟ་བུར། །རང་གི་རང་
བཞིན་གནས་གྱུར་ནས། །འགྱུར་བ་མེད་ཅིང་ཐེར་ཟུག་སྟེ། །དེ་ལ་འཕེལ་མེད་འགྲིབ་པ་མེད། །དཔེར་ན་རང་བཞིན་སྟོང་པ་ཡི། །མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཆོས་ཀྱི་དབྱིངས་ནི་འགྱུར་
མེད་ན། །མཆོད་པའི་ཡན་ལག་འགྱུར་གང་ཞེས། །ཡན་ལག་རྣམས་ལ་རྟག་བྱོས་ལ། །ལྗོན་པ་མཆོད་པ་འདི་ལ་སྤྱོད། །གཡོ་བ་མ་མཆིས་བགྱི་བ་རྣམས། །བསྟན་པ་མ་འཚལ་ཞེས་སྨྲས་པ། །ཤིང་རྟའི་ཡན་ལག་འདུས་པ་དང་། །ཤིང་རྟའི་བྱ་བ་བཞིན་དུ་རྟོགས། །ངས་ནི་
ལས་ཀྱི་རྣམ་པ་བསྟན། །བྱེད་པོ་ཕྱོགས་བཅུ་རྣམས་ན་མེད། །ཤིང་རྣམས་རླུང་གིས་བསྒུལ་བ་ལས། །མེ་འབྱུང་འགྱུར་བ་ཇི་བཞིན་ནོ། །བདག་ཅག་མེ་འདི་བསྐྱེད་བྱ་ཞེས། །རླུང་དང་ཤིང་ལ་སེམས་པ་མེད། །འོན་ཀྱང་མེ་ནི་འབྱུང་བ་ལྟར། །ལས་ཀྱི་བྱེད་པ་དེ་བཞིན་ནོ། །

གང་ཡང་བསོད་ནམས་ཚོགས་དང་ནི། །བྱང་ཆུབ་ཡང་དག་བསྒྲུབ་པ་དང་། །ལེགས་སྤྱོད་ཡོད་མིན་ཞེས་ཟེར་བ། །དེ་ཚུལ་ཡང་དག་མཉན་པར་བྱོས། །མི་ཡི་ཚེ་ཚད་ལོ་བརྒྱ་ནི། །འཚོ་བ་ཡིན་ཞེས་ཇི་སྐད་བརྗོད། །ལོ་ལ་ཕུང་པོ་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །
ཞེས་སོ། །བཅོམ་ལྡན་འདས་མ་ལས་ཀྱང་། ཚེ་དང་ལྡན་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པ་སྐྱེ་འམ་འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་སྐྱེ་བར་ཡང་མི་འདོད་སྐྱེས་པ་སྐྱེ་བར་ཡང་མི་འདོད་དོ་ཞེས་གསུངས་སོ། །འཕགས་པ་ཆོས་
ཡང་དག་པར་སྡུད་པ་ལས་ཀྱང་། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ་སྟོང་པ་ཉིད་ནི་མི་སྐྱེ་མི་འགག་གོ། །སྨྲས་པ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་
འགག་གོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པ་བཞིན་ཏེ། ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ་སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེའོ་འགག་གོ་ཞེས་གསུངས་ན་དེ་བཞིན་
གཤེགས་པས་འདི་ཅི་ལས་དགོངས་ཏེ་གསུངས། སྨྲས་པ་རིགས་ཀྱི་བུ་འཇིག་རྟེན་གནས་པ་སྐྱེ་བ་དང་འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོས་འཇིག་རྟེན་དངང་བའི་གནས་བསལ་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་གསུངས་ཏེ།
འདི་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་མེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་དེ་ལ་མིག་གིས་གཟུགས་རྣམས་ལ་སྒྲ་མི་འབྱིན། རྣ་བས་སྒྲ་རྣམས་དང་། སྣས་དྲི་རྣམས་དང་། ལྕེས་རོ་རྣམས་དང་། ལུས་ཀྱིས་རེག་བྱ་རྣམས་དང་། ཡིད་ཀྱིས་ཆོས་རྣམས་
ལ་སྒྲ་མི་འབྱིན་པ་དེ་ནི་ཆོས་སོ། །དེ་ལ་ཇི་ལྟར་ན་མིག་གིས་གཟུགས་རྣམས་ལ་སྒྲ་མི་འབྱིན་ཞེ་ན། ཕྲད་པ་མ་མཆིས་པའི་སླད་དུའོ། །མིག་ནི་གཟུགས་ལ་ཕྲད་པར་མི་བགྱིད་པ་ནས། རྣ་བས་སྒྲ་ལ་མ་ལགས། སྣས་དྲི་ལ་མ་ལགས། ལྕེས་རོ་ལ་མ་ལགས། ལུས་ཀྱིས་རེག་

བྱ་ལ་མ་ལགས། ཡིད་ཀྱིས་ཆོས་ཀྱི་བར་ལ་ཕྲད་པར་མི་བགྱིད་དོ། །གང་ཕྲད་པར་མི་བགྱིད་པ་དེ་ནི་སྒྲ་མི་འབྱིན་པའོ། །བཅོམ་ལྡན་འདས་གཉིས་སུ་མ་མཆིས་ན་ཆོས་ལ་སྒྲ་འབྱིན་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་
པ་སྟེ་གཅིག་གིས་གཅིག་མ་འཚལ་རྣམ་པར་མ་འཚལ། མི་རྟོག་རྣམ་པར་མི་རྟོག །འབྱུང་བར་མི་བགྱིད་འཇིག་པར་མི་བགྱིད། འབྲི་བར་མི་བགྱིད། འཕེལ་བར་མི་བགྱིད། ཆགས་པར་མི་བགྱིད་མི་ཆགས་པར་མི་བགྱིད། འཁོར་བར་མི་བགྱིད། ཡོངས་སུ་མྱ་ངན་ལས་འདའ་བར་མི་
བགྱིད་དེ། འདི་དག་ནི་སུའི་ཡང་མ་ལགས། འདི་དག་གི་སུ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་དག་ནི་སྐྱོ་བར་ཡང་མི་བགྱིད་ཆགས་པར་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་ཆོས་འདི་དག་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་རྣམ་པར་བྱང་བར་ཡང་མི་འགྱུར་རོ། །
བཅོམ་ལྡན་འདས་བདག་གིས་དེ་ལྟར་འཚལ་ཏོ། །བདག་གིས་དེ་ལྟར་རྟོགས་སོ། །བཅོམ་ལྡན་འདས་གང་བདག་འདི་ལྟར་འཚལ་འདི་ལྟར་རྟོགས་སོ་ཞེས་དེ་ལྟར་མཆི་བ་དེ་ནི་སྐྱེ་མཆེད་རྣམས་ཀྱིས་འགྱུར་བའོ། །བཅོམ་ལྡན་འདས་སྐྱེ་མཆེད་རྣམས་ནི་འདི་སྙམ་དུ་འདི་དག་ནི་བདག་གི་འགྱུར་
བའོ་སྙམ་དུ་མི་སེམས་སོ། །གང་དེ་ལྟར་འཚལ་བ་དེ་ནི་སུ་དང་ཡང་མི་རྩོད་དོ། །གང་མི་རྩོད་པ་དེ་དག་ནི་དགེ་སྦྱོང་གི་ཆོས་ཀྱི་རྗེས་སུ་འཇུག་པའོ། །གང་དགེ་སྦྱོང་གི་ཆོས་ཀྱི་རྗེས་སུ་འཇུག་པ་དེ་ནི་གང་ནས་ཀྱང་འཇུག་པར་མི་བགྱིད་མི་འཇུག་པར་ཡང་མི་བགྱིད། སྦྱོར་བར་ཡང་མི་བགྱིད་
མི་སྦྱོར་བ་ཡང་མི་བགྱིད། འགྲོ་བར་ཡང་མི་བགྱིད་སྡོད་པར་ཡང་མི་བགྱིད་འབྲི་བར་ཡང་མི་བགྱིད་འཕེལ་བར་ཡང་མི་བགྱིད་དེ། ཐམས་ཅད་ཆོས་ཀྱི་ཚུལ་དུ་མཐོང་ངོ་། །ཐམས་ཅད་རྣམ་པར་གྲོལ་བའི་ཚུལ་དུ་མཐོང་ངོ་། །ཆོས་ཀྱི་དབྱིངས་ཉིད་དུ་མཐོང་ངོ་། །དེ་ལྟར་ཐམས་ཅད་
འབྱུང་བར་མཐོང་སྟེ། གང་འབྱུང་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཞན་དུ་ན་མིང་ཙམ་དང་བཏགས་པ་ཙམ་དང་ཐ་སྙད་ཙམ་དུ་མཐོང་བ་ནི་མ་མཆིས་པ་མ་ལགས་སོ། །མིང་དེ་ཡང་མིང་མ་མཆིས་པའོ། །བཏགས་པ་ཡང་བཏགས་པ་མ་མཆིས་པའོ། །ཐ་སྙད་

ཀྱང་ཐ་སྙད་མ་མཆིས་པའོ། །ཆོས་མཐོང་བས་སངས་རྒྱས་མཐོང་ངོ་། །སངས་རྒྱས་མཐོང་བས་སེམས་ཅན་ཐམས་ཅད་མཐོང་ངོ་། །སེམས་ཅན་ཐམས་ཅད་མཐོང་བས་རྒྱུ་དང་རྐྱེན་མཐོང་ངོ་། །རྒྱུ་དང་རྐྱེན་མཐོང་བས་སྟོང་པ་ཉིད་མཐོང་ངོ་། །སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་
མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་གསུངས་སོ། །གནས་མེད་པ་ཀུན་རྫོབ་ཏུ་ཇི་ལྟར་རུང་ཞེ་ན། ཇི་ལྟར་མི་རུང་སྟེ། ཇི་ལྟར་སྡོང་པོ་མེད་ན་སྐྱེས་བུར་འཁྲུལ་པ་བཞིན་ནོ། །གང་ལ་བརྟེན་ནས་སྐྱེས་བུར་འཁྲུལ་པར་འགྱུར་བ་
སྟོང་པ་ཉིད་དུ་སྨྲ་བ་ལ་སྡོང་པོ་དེ་དོན་དམ་པར་ཇི་ལྟར་གྲུབ། ཆོས་ཐམས་ཅད་ནི་རྩ་བ་མེད་པ་སྟེ། ཡང་དག་པར་ན་རྩ་བ་མི་འཐད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་རྩ་བ་གང་ཡིན། སྨྲས་པ་ཡང་
དག་པ་མ་ཡིན་པར་ཀུན་དུ་རྟོག་པའི་རྩ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་གང་ཡིན། སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་མེད་པའོ། །སྨྲས་པ་རྟེན་མེད་པའི་རྩ་བ་གང་ཡིན། སྨྲས་པ་འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བ་
ཅི་ཞིག་ཡོད། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའོ་ཞེས་གསུངས་སོ། །འདི་ནི་སེམས་སྦྱང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་བ་མདོར་བསྡུས་པ་སྟེ། བསྒོམས་ནས་ཀྱང་ཉོན་མོངས་པའི་དགྲ་དང་འཐབ་པ་ལ་མཁས་པར་བྱའི་རང་གི་
ཁྱིམ་ན་དཔའ་བར་ནི་མི་བྱའོ། །འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་ཏེ། རྙེད་པས་དགའ་བ་ཡང་མེད་མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་
ཡི་སོས་པ་ཡང་མེད་མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད་བསྟོད་པས་དགའ་བར་སེམས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བ་ཡང་མེད་སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བའང་མེད། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་

འཕྲོགས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དོ། །གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་
ཤེས་པ་སྟོང་པ་ཉིད་དུ་མཐོང་ངོ་། །གང་གི་ཆོས་གང་ལ་ཆགས་པ་དང་ཆགས་པ་མེད་པ་དེས་ནི་སྟོང་པ་ཉིད་དུ་ཤེས་སོ། །དེ་བཞིན་དུ་གང་ལ་ལ་འཐབ་ཅིང་རྩོད་པར་བྱེད་པ་དེ་ནི་སྟོང་པ་ཉིད་མི་ཤེས་ཏེ། དེ་གང་དང་འཐབ་ཅིང་རྩོད་པར་བྱེད་པ་དེ་སྟོང་པ་ཉིད་དུ་ཤེས་དེ་སྟོང་པ་ཉིད་དུ་མཐོང་ངོ་
ཞེས་བྱ་བ་ལ་སོགས་པའོ། །འདི་ནི་སེམས་སྦྱང་བ་མདོར་བསྡུས་པའོ། །གང་ལ་འབད་པ་བྱས་ན་མྱུར་དུ་སེམས་དག་པར་འགྱུར་ཞེ་ན། བདག་བསྟོད་པ་དང་གཞན་ལ་བརྙས་པ་སྤང་བས་སོ། །འདི་ཉིད་ཀྱི་རྩ་བ་ནི་བདག་དང་སེམས་ཅན་དུ་ལྟ་བ་སྟེ། དེ་ཡང་འདི་གོམས་པར་བྱས་ན་
ཡང་སླ་བར་འགྱུར་ཏེ། གཞན་ལ་གུས་པར་བྱ་བ་དང་བདག་ཁྱད་དུ་བསད་པ་དེ་ལྟར་བསྒོམ་པར་བྱའོ། །གལ་ཏེ་སེམས་ཅན་ཕུང་པོ་རྣམས། །རྣམ་པ་ཀུན་དུ་མཉམ་གནས་ན། །གཅིག་ལ་བདག་དང་གཞན་ཉིད་དུ། །འགལ་བར་འབྱུང་བ་ཇི་ལྟར་འགྱུར། །དེ་ནི་དམིགས་པ་མེད་པར་ཡང་། །
ཐོག་མེད་རྟོགས་པ་གོམས་པ་ཡིས། །ལུས་ཅན་དག་ནི་ཀུན་དུ་སྤྱོད། །གོམས་ན་དགའ་བ་ཅི་ཞིག་ཡོད། །དེ་ལྟར་གོམས་པའི་བདག་ཉིད་དུ། །མཚུངས་ན་ཅི་ཕྱིར་བདེ་བའི་རྒྱུ། །གཞན་ལ་གུས་བྱས་བཏང་ནས་ནི། །རང་སྡུག་འགྱུར་བ་གཞན་འདོད་བྱེད། །ཡིད་བཞིན་ནོར་བུའི་
གཏམ་བརྗོད་ལས། །གུས་པར་བྱ་བའི་རྒྱུ་ཡོད་དོ། །བདག་ལ་གུས་བྱེད་སྐལ་ངན་གྱི། །སྐྱེ་བོ་ལས་འདིར་བདེ་བའང་མེད། །དེ་ལྟར་བདག་ལ་ཆགས་ལྡན་པ། །བརླང་ཞིང་ང་རྒྱལ་སེར་སྣ་ཅན། །ཀུན་ལས་འཕགས་པའི་ཚུལ་ལྟ་བུ། །དེ་ལས་ཟློག་སྟེ་བསྒོམ་པར་བྱ། །བདག་
ལ་གུས་པར་བྱེད་པ་འདི། །བསྟོད་སྨད་ལ་སོགས་ཆུས་བཅུས་པས། །འཕེལ་ཏེ་དམྱལ་བའི་ཚིལ་ཞག་གིས། །བཏབ་པས་དམྱལ་བའི་མེ་བཞིན་ནོ། །རེ་ཞིག་དགྲ་ལ་སེམས་མེད་ཕྱིར། །བདག་ལ་བསྟོད་དོ་སྙམ་མི་སྲིད། །བདག་ལ་གཞན་དགའ་གྲགས་སྙམ་པ། །འདི་ནི་

བདག་གི་བློ་གྲོས་འཁྲུལ། །དེ་མགུ་བ་ལ་བདག་དགའ་བ། །དེ་ནི་རྟག་ཏུ་སྤྱིར་འགྱུར་མོད། །དེ་བདེས་བྱ་བ་མེད་ཅེ་ན། །དགའ་དེས་བདག་ལ་ཅི་ཞིག་བྱ། །གཞན་ནམ་ཡང་ན་བདག་ལའང་རུང་། །གཞན་དགས་བདག་ལ་ཅི་ཞིག་བྱ། །འདི་ནི་གཞན་གྱི་དགའ་བས་བདག །ལུས་ཀྱིས་
བདེ་བ་འདོད་མ་ཡིན། །དེ་ལྟར་ཤེས་ནས་གཞི་མེད་ཀྱི། །རྣམ་པར་རྟོག་པ་སྤང་བར་བྱ། །མ་གྲགས་སྨད་དང་མ་བཀུར་བ། །དེ་ལྟ་དོན་མེད་ཤེས་པར་བྱ། །ཕྱག་འཚལ་སོགས་པས་ཆོས་མི་འགྱུར། །ཚེ་དང་ནད་མེད་སྟོབས་མི་འགྱུར། །ཅོ་འདྲི་བྱེད་པའི་ཚེ་ན་ནི། །གཞན་གྱིས་ལུས་སྒྱུར་
བྱེད་དང་མཚུངས། །དགའ་འམ་འོན་ཏེ་མི་དགའ་ཡང་། །རྙེད་དང་མ་རྙེད་མཚུངས་པར་འགྱུར། །དེ་ལྟར་དོན་མེད་རྣམ་སྤང་སྟེ། །རི་དང་མཚུངས་པའི་ཡིད་དུ་བྱ། །འདྲིས་པ་སྤངས་པས་སེམས་མྱུར་དུ་དག་པར་འགྱུར་རོ། །འདིར་ཡང་བསམ་པར་བྱ་སྟེ། །མཚན་མར་འཛིན་པ་ལས་
བྱུང་བའི། །ངོ་ཤེས་པས་ནི་ཡང་དང་ཡང་། །རྗེས་སུ་ཆགས་པ་སྐྱེ་བར་བྱེད། །དེ་ལ་ཁོང་ཁྲོ་འབྱུང་བར་འགྱུར། །གང་ལ་རྗེས་ཆགས་ཁོང་ཁྲོ་ཡོད། །དེས་ནི་སྡིག་པ་བཟློག་མ་ཡིན། །ཕྲག་དོག་སེར་སྣ་ལྷན་ཅིག་ཏུ། །སྐུར་པ་འདེབས་པ་སྣ་ཚོགས་འབྱུང་། །རྙེད་ལ་སོགས་པ་འདོད་པ་དག །
ང་རྒྱལ་ལ་སོགས་མང་པོ་འབྱུང་། །དེས་ན་འབད་པ་ཐམས་ཅད་ཀྱིས། །ཐུབ་པས་འདྲིས་པ་ཡོངས་སུ་སྤང་། །འདྲ་ཕྱིར་འདི་ནི་གཞན་ཡིན་ཡང་། །འཁྲུལ་པས་དེ་ནི་འདིའོ་ཞེས། །རྒྱུན་རྒྱུད་བཞིན་དུ་རྟོག་དེའི་ཕྱིར། །སྟོབས་ཀྱིས་དེ་ཉིད་ལ་གནས་བྱ། །འདྲ་བ་འདི་ནི་དངོས་མེད་དེ། །ཁྱེད་
ལ་སྡུག་བསྔལ་བསྐྱེད་པར་འགྱུར། །ང་དང་དེ་དག་ཐམས་ཅད་ཀྱང་། །རིང་པོར་མི་ཐོགས་མེད་པར་འགྱུར། །བསླབ་པ་ཀུན་ལས་བཏུས་པ་ལས་ལུས་ཡོངས་སུ་དག་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་
པར་བྱ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཇི་སྐད་དུ། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ཀྱིས་ལོངས་སྤྱོད་ཚོལ་གྱི་ཆོས་མ་ཡིན་པས་ནི་མི་ཚོལ་ལོ། །མཐུན་པས་ཚོལ་གྱི་མི་མཐུན་པས་མ་ཡིན་ནོ། །ཡང་དག་པས་འཚོ་བ་ཡིན་གྱི་ལོག་པས་

འཚོ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱེད་པ་དང་སྦྱིན་པའི་བདག་པོ་མཐོང་ན་སྤྱོད་ལམ་མི་འཆོས་སོ། །ཇི་ལྟར་ན་སྤྱོད་ལམ་མི་འཆོས་ཤེ་ན། གཉའ་ཤིང་གང་ཙམ་དུ་བལྟ་བ་
དང་། སྐྱོ་བར་བལྟ་བ་དང་། སྒྲིབ་པ་མེད་པར་བལྟ་བས་གོམ་པས་བགས་ཀྱིས་དལ་ནས་དལ་ནས་འདོར་ཞིང་འདེབས་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །ངག་གིས་ཚུལ་འཆོས་པར་མི་བྱེད་དོ། །ཇི་ལྟར་ངག་གིས་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་
སེམས་དཔའ་ནི་རྙེད་པའི་རྒྱུ་རྙེད་པའི་ཕྱིར་གཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན་འཇམ་པོར་སྨྲ་བ་མ་ཡིན་དགའ་བར་སྨྲ་བ་མ་ཡིན། རྗེས་སུ་འབྲང་བའི་ཚིག་བརྗོད་པ་མ་ཡིན་ཏེ། དེ་ལྟར་ན་ངག་གིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་
དཔའ་ནི་སྦྱིན་པ་བྱེད་པའམ་སྦྱིན་པའི་བདག་པོས་རྙེད་པ་བསྟན་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་སེམས་ཀྱིས་འདོད་པ་བསྐྱེད་པ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཚིག་གིས་འདོད་པ་ཆུང་ལ་སེམས་ཀྱིས་རྙེད་པ་འདོད་པ་འདི་ནི་ནང་གི་གདུང་བ་ཡིན་ཏེ། དེ་ལྟར་ན་སེམས་ཀྱིས་
ཚུལ་འཆོས་པ་མི་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པའམ་སྦྱིན་བདག་མཐོང་ན་བདག་གོས་ཀྱིས་ཕོངས་སོ་བདག་ལྷུང་
བཟེད་ཀྱི་ཕོངས་སོ། །བདག་ན་བའི་གསོས་སྨན་གྱིས་ཕོངས་སོ་ཞེས་གཞོགས་སློང་མི་བྱེད་ཅིང་། སྦྱིན་པ་བྱེད་པའམ་སྦྱིན་པའི་བདག་པོ་ལ་མི་སློང་ཞིང་ཚིག་ཏུ་མི་བརྗོད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་ཐོབ་ཀྱིས་འཇལ་
བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང་སྦྱིན་པ་དག་མཐོང་ན་བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས་དངོས་པོ་ཆེ་གེ་མོ་ཞིག་བྱིན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ། །འདིས་ཀྱང་བདག་ལ་འདི་ནི་ཚུལ་ཁྲིམས་དང་

ལྡན་པར་རིག་སྟེ་མང་དུ་ཐོས་པའོ་འདོད་པ་ཆུང་བའོ་ཞེས་འདི་དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི་སེམས་ཉེ་བར་གཞག་སྟེ་བླངས་སོ་ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་རྨ་བྱུང་བ་དང་སེམས་ལ་རྨ་བྱུང་བར་རྙེད་པ་ཚོལ་བ་མ་ཡིན་ནོ། །དེ་ལ་ལུས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པའི་རྒྱུ་རྙེད་པའི་ཕྱིར་བརྒྱུག་པ་དང་ཀུན་དུ་བརྒྱུག་པ་དང་། ཚུལ་ཁྲིམས་
འཆལ་པ་ལ་སྤྱོད་པའོ། །སེམས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པ་ལ་སྨོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་རྙེད་པ་དག་ལ་གནོད་སེམས་མང་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་
མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སྲང་ལ་སྒྱུ་མེད་པ་དང་བཙལ་བ་ལ་སྒྱུ་མེད་པ་དང་ཡིད་བརྟན་པ་ལ་གནོད་པར་བྱེད་པ་མེད་པ་དང་གཡོས་རྙེད་པ་མི་སྒྲུབ་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་
ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ་ཆོས་ཀྱི་དང་འདྲེས་པའམ། དགེ་འདུན་གྱི་དང་འདྲེས་པའམ་མ་བྱིན་པ་མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད།
ཆགས་པའི་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་བདག་གིར་མི་བྱེད། ནོར་དུ་མི་རྩི།
ཚོགས་སུ་མི་བྱེད་ཅིང་། དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་དང་ཕ་མ་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་སྣག་གི་གཉེན་མཚམས་དག་ལ་གཏོང་ཞིང་དུས་དུས་སུ་བདག་ཀྱང་ཡོངས་སུ་སྤྱོད་ལ་ཡོངས་སུ་སྤྱོད་པའི་ཚེ་ཆགས་པ་མེད་པ་དང་ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། །

རྙེད་པ་མ་རྙེད་ན་ཡང་སྐྱོ་བའི་སེམས་མི་སྐྱེད་ཅིང་ཡོངས་སུ་ཡི་མི་འཆད་དེ། སྦྱིན་པ་བྱེད་པ་དང་སྦྱིན་བདག་རྣམས་མ་དད་པར་མི་འཛིན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །
འཕགས་པ་ནམ་མཁའི་མཛོད་ཀྱི་མདོ་ལས་གསུངས་པ། འདི་ལྟ་སྟེ། ངར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་ནོ། །ང་ཡིར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྒྱུ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ལྟ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། མཚན་མ་རྣམ་པར་དག་པར་
སྦྱིན་པ་དེ་སྦྱིན། ཐ་དད་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྣམ་པར་སྨིན་པ་ལ་མི་རེ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ནམ་མཁའ་དང་མཚུངས་པའི་སེམས་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་ནོ། །རྣམ་པར་དག་པ་བརྒྱད་པོ་འདི་དག་གི་སྒོ་ནས་སྦྱིན་པ་དེ་སྦྱིན་ནོ། །ཇི་ལྟར་ནམ་
མཁའ་མཐའ་མེད་པ་བཞིན་དུ་སེམས་ཅན་མཐའ་མེད་པར་བྱས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་རྒྱ་ཆེ་ཞིང་སྒྲིབ་པ་མེད་པ་དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་གཟུགས་མེད་པ་དེ་བཞིན་དུ་གཟུགས་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན།
ཇི་ལྟར་ནམ་མཁའ་ལ་ཚོར་བ་མེད་པ་དེ་བཞིན་དུ་ཚོར་བ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་འདུ་ཤེས་མེད་པ་དེ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་མདུད་པ་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་འདུས་མ་བྱས་པ་དེ་བཞིན་དུ་འདུས་བྱས་ཐམས་ཅད་མེད་པར་
སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་མཚན་ཉིད་རྣམ་པར་རིག་པ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་མི་གནས་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་སྦྱིན་པ་དེ་སྦྱིན། ཇི་
ལྟར་ནམ་མཁའ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་ངའི་བ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་སྤྲུལ་པས་

སྤྲུལ་པ་ལ་སྦྱིན་པ་སྦྱིན་པ་ལྟ་བུར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་སྟེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ལ་རེ་བ་མེད་པ་དེ་ལྟར་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་རྣམ་པར་དག་པར་བྱང་ཆུབ་སེམས་དཔས་སྦྱིན་པ་
དེ་སྦྱིན་ཏེ། རིགས་ཀྱི་བུ་གང་དེ་ལྟ་བུར་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་འདོར་ཞིང་ཐབས་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་མི་གཏོང་བ་སྟེ། རིགས་ཀྱི་བུ་དེ་ལྟ་བུར་གཏོང་བའི་སེམས་
ནི་བྱང་ཆུབ་སེམས་དཔས་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སེམས་ཅན་ཐམས་ཅད་ལ་གནོད་པའི་སྦྱིན་པ་མེད་པ་ནས། ཇི་སྐད་སྨོས་པ་ལས་བྲི་བའི་སྦྱིན་པ་མེད་པའི་བར་དང་། སེམས་ཅན་ཐམས་ཅད་
ལ་སྦྱིན་གནས་མ་ཡིན་ནོ་ཞེས་བརྙས་པའི་སྦྱིན་པ་མེད་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ། སྨྲེ་བའི་སྦྱིན་པ་མེད་དོ། །སློང་བ་རྣམས་ལ་གནོད་པའི་བར་གྱི་སྦྱིན་པ་མེད་དོ། །བསྟིང་བ་དང་བྲིད་པའི་སྦྱིན་པ་མེད་དོ། །རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་མེད་དོ། །བོར་བའི་སྦྱིན་པ་མེད་དོ། །བརྙས་
པའི་སྦྱིན་པ་མེད་དོ། །རང་གིས་ལག་མ་དར་པའི་སྦྱིན་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། མི་རུང་བའི་སྦྱིན་པ་མེད་དོ། །དུས་མ་ཡིན་པའི་སྦྱིན་པ་མེད་དོ། །དུག་དང་མཚོན་ཆ་སྦྱིན་པ་མེད་དོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་སྦྱིན་པ་མེད་དོ་ཞེས་གསུངས་སོ། །དྲག་ཤུལ་ཅན་
གྱིས་ཞུས་པའི་མདོ་ལས། དེས་གཞན་དག་ལ་ཆང་ཡང་སྦྱིན་ཏེ། དེས་འདི་སྙམ་དུ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ཏེ། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པའི་དུས་ལ་བབ་ཀྱི་བདག་གིས་འདི་ལྟར་བྱ་སྟེ། གང་དང་གང་ལ་འདི་ལྟར་ཆང་ཡང་བྱིན་ནས་གང་འདི་འཁྲུལ་པ་མེད་པའི་
སྤྱོད་པ་ལ་དེ་དང་དེ་དག་དྲན་པ་དང་ཤེས་བཞིན་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གང་གསུངས་པ་ནི། ཆང་གི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའ་ལ་རེ་ཐག་ཆད་དེ་ཁོང་ཁྲོ་བ་ལྕི་བར་འགྱུར་བས། འདིས་སེམས་ཅན་བསྡུ་བ་ཉམས་པར་འགྱུར་ཏེ།

གཞན་དད་པར་བྱ་བའི་ཐབས་སུ་འགྱུར་བས་ཆང་སྦྱིན་ནོ་ཞེས་བྱ་བར་དགོངས་པའོ། །མཚོན་ཆ་ལ་སོགས་པ་ཡང་གལ་ཏེ་གནོད་པར་མི་འགྱུར་བ་ལྟ་ན་ལྕི་ཡང་བརྟགས་ཏེ། བྱིན་ན་ལྟུང་བ་མེད་པར་འདི་ཉིད་ཀྱིས་མངོན་ནོ། །མདོ་སྡེ་ལས་ནི་སྤྱིར་བཀག་པ་གསུངས་སོ། །
སྦྱིན་པ་རྣམ་པར་དག་པའི་ཕྱོགས་ཙམ་ཞིག་བཤད་ཟིན་ཏོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་ཏེ། སེམས་ཅན་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་དང་། ཚད་མར་གྱུར་པ་རྣམ་པར་དག་པའི་ཕྱིར་ཉན་ཐོས་
དང་རང་སངས་རྒྱས་ཀྱི་སེམས་མེད་པ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ནི་ནམ་མཁའ་དག་པ་སྟེ། ཚུལ་ཁྲིམས་དེ་ཡང་དག་པའོ། །ནམ་མཁའ་དྲི་མ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་དྲི་མ་མེད་པའོ། །ནམ་མཁའ་ཞི་བ་སྟེ་ཚུལ་ཁྲིམས་དེ་ཡང་ཞི་བའོ། །
ནམ་མཁའ་མི་མཐོང་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་མཐོང་བའོ། །ནམ་མཁའ་མི་དམའ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་དམའ་བ་ནས། ནམ་མཁའ་མི་ཆོད་མི་ཕྱེད་པ་སྟེ་ཚུལ་ཁྲིམས་དེ་ཡང་མི་ཆོད་མི་ཕྱེད་པ་ལ་སོགས་པའི་བར་དུའོ། །ནམ་མཁའ་ལ་ཞེ་འགྲས་པ་མེད་དེ། སེམས་ཅན་
ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང་། ནམ་མཁའ་ནི་མཉམ་པར་སྦྱོར་བ་སྟེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་བཟོད་པ་ཡོངས་སུ་དག་པ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟ་སྟེ་དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཡོད་པར་ལ་ལ་ཞིག་འོངས་
ཏེ་ཤིང་སཱ་ལ་བཅད་ན། དེ་ལ་ཤིང་སཱ་ལ་བཅད་པའི་ལྷག་མ་རྣམས་འདི་སྙམ་དུ་འདི་དག་ནི་བཅད་དོ། །བདག་གིས་བཅད་དོ་སྙམ་དུ་མི་སེམས་ཏེ། དེ་དག་ལ་རྗེས་སུ་ཆགས་པ་ཡང་མེད་དོ། །ཁོང་ཁྲོ་བ་ཡང་མེད་དོ། །མི་རྟོག་རྣམ་པར་མི་རྟོག་ཡོངས་སུ་མི་རྟོག་གོ། །དེ་བཞིན་དུ་གང་
བཟོད་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ནམ་མཁའ་དང་མཚུངས་པར་ཡོངས་སུ་དག་པའི་མཆོག་གོ་ཞེས་སོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། རྒྱ་ཆེར་སྨོས་ཏེ་གསུངས་པ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཡོངས་སུ་དག་པ་གང་ཞེ་ན། གང་

ལུས་ལ་མིག་ཡོར་དང་གཟུགས་བརྙན་དུ་ཤེས་པ། ཚིག་བརྗོད་དུ་མེད་པར་ཤེས་པ། སེམས་ཅན་ལ་ཤིན་ཏུ་ཉེ་བར་ཞི་བར་ཤེས་པའོ། །དེ་བཞིན་དུ་བྱམས་པ་ཆེན་པོའི་གོ་ཆ་བགོས། སྙིང་རྗེ་ཆེན་པོའི་གནས་ལ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་
ཀྱི་རྣམ་པས་མངོན་པར་བསྒྲུབས་པས་བསམ་གཏན་དུ་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས་ཐབས་མ་ཚང་བ་མེད་པའི་བར་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་མ་ཚང་བ་མེད་པ་དང་།
བདེན་པ་ཤེས་པ་ལ་འཇུག་པ་མ་ཚང་བ་མེད་པ་དང་། བྱང་ཆུབ་ཀྱི་སེམས་སེམས་ཅན་ལ་ལྟ་བ་མ་ཚང་བ་མེད་པ་དང་། བསམ་པ་དང་ལྷག་པའི་བསམ་པའི་སྦྱོར་བ་མ་ཚང་བ་མེད་པ་དང་། སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་མ་ཚང་བ་མེད་པ་དང་། དྲན་པ་དང་ཤེས་
བཞིན་མ་ཚང་བ་མེད་པ་དང་། དྲན་པ་ཉེ་བར་གཞག་པ་དང་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཚང་བ་མེད་པ་དང་། ཞི་གནས་དང་ལྷག་མཐོང་མ་ཚང་བ་མེད་པ་དང་། དེ་བཞིན་
དུ་སྦྱར་ཏེ། རང་བཞིན་གྱིས་ཉེ་བར་ཞི་བ་ལ་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་མ་ཞི་བ་དང་། ཆོས་ཉིད་ཀྱིས་བཏང་སྙོམས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྟ་བ། རང་གི་མཚན་ཉིད་ཀྱིས་བེམས་པོ་དང་། བྱིན་གྱི་རླབས་བྱ་བའི་ཕྱིར་རྣམ་པར་འགྲོ་བ་མེད་པ་དང་། རང་གི་ངང་
གིས་མི་ལྡོག་པ་དང་། སངས་རྒྱས་ཀྱི་བྱ་བ་ལ་རྟག་ཏུ་བརྩོན་པ་དང་། ཉེ་བར་ཞི་བས་བསིལ་བར་གྱུར་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟག་ཏུ་འབད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ནས། རིགས་ཀྱི་བུ་འདི་ནི་བྱང་ཆུབ་
སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུའོ། །འདིས་ཤེས་རབ་ཡོངས་སུ་དག་པ་ཡང་རིག་པར་བྱ་སྟེ། བསོད་ནམས་ཐམས་ཅད་ལ་ཡང་དེ་བཞིན་ནོ། །བསླབ་པ་ཀུན་ལས་བཏུས་པ་ལས། ལོངས་སྤྱོད་དང་བསོད་

ནམས་དག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ད་ནི་གསུམ་ཆར་གྱིས་འཕེལ་བ་ཡང་བརྗོད་པར་བྱ་སྟེ། ཅིའི་དོན་དུ་ཞེ་ན། གཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན། །དེ་ཕྱིར་འདི་ནི་འཕེལ་
བར་བྱ། །ཤིན་ཏུ་ངོམས་པ་ནི་སངས་རྒྱས་ཉིད་དེ། དེ་ནི་ཉན་ཐོས་དང་ཐུན་མོང་བའི་དག་པ་ཙམ་གྱིས་སེམས་ཅན་རྣམས་ལ་མི་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་འཕེལ་བྱ་བ་གང་ཞེ་ན། ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། །དེ་ལ་འཕགས་པ་དཀོན་མཆོག་སྤྲིན་ལས་སྟོབས་
གསུངས་ཏེ། གང་བྱང་ཆུབ་སེམས་དཔའི་སྟོབས་ལ་སྟོབས་ཀྱིས་བརྫི་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་བསྐྱེད་པ་ཇི་ལྟ་བུ་ཞེ་ན། གང་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་མ་སྐྱེས་དགྲས། འཕགས་པ་
ལག་ན་རྡོ་རྗེའི་སྟོབས་མཐོང་ནས་ངོ་མཚར་དུ་གྱུར་ཅེས་ཞུས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་ཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་
སུ་གཏོང་གི་དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ་དང་སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང་། སེམས་ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་པོ་མཆོག་སྦྱིན་པ་དང་། སེམས་
ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། སེམས་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བར་བྱ་བར་སྤྲོ་བ་དང་། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐུད་པ་དང་། སེམས་ཅན་
རྣམས་ལ་ཀུན་ཏུ་དགའ་བར་འགྱུར་བའི་ཚིག་སྒྲོགས་པ་དང་། སེམས་ཅན་དབུལ་པོ་སྡུག་བསྔལ་བ་ངལ་བ་ཆད་པ་རྣམས་ཀྱི་ཁུར་ཁྱེར་བ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ་པོ་ཞེས་བྱ་བའོ། །ལེ་ལོ་མེད་པ་བསྐྱེད་པ་གང་ཞེ་ན།

གང་བརྩོན་འགྲུས་བསྐྱེད་པ་སྟེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྟུལ་བ་བརྟན་པར་བརྩོན་འགྲུས་བརྩོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་གཅེས་པ་མི་འདོར་བར་མོས་པ་དྲག་པོ་བྱའོ། །
བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ལེ་ལོ་
ཅན་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་རྣམས་ལ་ནི་གཞན་གྱི་དོན་མེད་དོ་ཞེས་བྱའོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། །ཨུཏྤལ་ཆུ་ནང་ཇི་བཞིན་དུ། །དེ་ནས་མཐར་གྱིས་རྣམ་པར་འཕེལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་
ལུས་འཕེལ་བ་མདོར་བསྡུས་པའོ། །སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །རྡོ་རྗེ་གཅོད་པ་ལས། བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་གཟུང་བར་སླ་བ་མ་ཡིན་ནོ་ཞེས་ཇི་སྐད་དུ་གསུངས་
པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ཆུང་ངུ་ཞིག་བྱིན་ལ། ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་གྲངས་
མེད་དཔག་ཏུ་མེད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གསེར་དང་དངུལ་དང་སྐྱེད་མོས་ཚལ་དང་རྒྱལ་སྲིད་ལ་སོགས་པའི་ཡོ་བྱད་ཀྱི་བར་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་མེད་པར་ཅི་ཡང་མི་སྤྱོད་དོ་ཞེས་བརྗོད་པར་བྱའོ། །འདི་ནི་ལོངས་སྤྱོད་འཕེལ་བ་མདོར་བསྡུས་པའོ།། །།བམ་པོ་བཅུ་གཉིས་པ། བསོད་ནམས་

འཕེལ་བ་ནི་སྤེལ་བ་རྣམས་ཀྱི་རྩ་བ་ཡིན་པ་དེས་ན་དེའི་དོན་དུ་གྲབས་བཤམ་པ་བརྗོད་པར་བྱའོ། །བརྩོན་དང་བསམ་པ་བརྟན་པ་ཡང་། །དང་པོར་ནན་ཏན་བྱས་ནས་ནི། །སྙིང་རྗེ་མདུན་དུ་གཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །སེམས་སྦྱང་བའི་ཕྱིར་བརྩོན་འགྲུས་
དང་པོར་དུས་སུ་བསྒོམ་པ་སྦྱོར་བ་རྩོམ་པའི་ཚེ་ཡང་སྔོན་དུ་བྱེད་པས་བརྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པའོ། །འཐབ་པའི་དུས་ཉེ་བར་འགྱུར་བའི་ཚེ་མཚོན་ཆ་ལ་མཁས་པ་ལ་གུས་པ་བཞིན་དུ་སྦྱོར་བ་དང་དུས་མཉམ་དུ་བརྟན་པར་བྱའོ་ཞེས་ལྷོད་པར་བཟློག་པའི་ཕྱིར་དང་པོ་ཞེས་བྱ་བ་སྨོས་སོ། །དེ་ལ་
བརྩོན་པ་བརྟན་པར་བྱེད་པ་ཇི་ལྟ་བུ་ཞེ་ན། ཇི་ལྟར་འཕགས་པ་ནོར་བཟངས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་བསྟན་པ་དེ་ནི་རྗེས་སུ་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ལུས་མང་པོ་ཡང་དག་པའི་སྤྱོད་པ་ཉམས་སུ་མ་བླངས་པར་ཆུད་ཟོས་པ་ལ་བསམ་པས་ནི་ལུས་ཀྱི་སྟོབས་རབ་
ཏུ་བརྟན་པར་བྱེད། སྔོན་གྱི་མཐའི་མུར་ཐུག་པའི་ལུས་དང་སེམས་ཡོངས་སུ་དག་ཀྱང་དོན་མེད་པར་འཁོར་བའི་སེམས་ཀྱི་རྒྱུད་དུ་གྱུར་པ་ལ་བསམ་པས་ནི་སེམས་དང་ཡིད་ལ་བྱ་བ་ཤིན་ཏུ་ཚར་གཅོད། སྔོན་གྱི་མཐའི་མུར་ཐུག་པའི་ལས་ཡང་དག་པ་མ་ཡིན་པས་འཇིག་རྟེན་གྱི་དོན་དུ་གཡེན་སྤྱོ་
སྟེ་དོན་མེད་པར་ཤ་ཐང་བ་ལ་བསམ་པས་ནི་ད་ལྟར་བྱུང་བའི་དོན་ཤིན་ཏུ་གཅེས་པ་ལ་ལེགས་པར་བསྒྲུབ་པར་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླང་བའི་ཕྱིན་ཅི་ལོག་གི་ཀུན་དུ་རྟོག་པས་ཡང་དག་པར་བརྟན་པའི་ཡིད་ལ་
བྱེད་པའི་བསམ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པའི་རྟོག་པས་མངོན་པར་འདུ་བྱས་པའི་སྟོབས་ཡང་དག་པར་བསྐྱེད། འདས་པའི་ལུས་ཀྱིས་བདག་གི་དོན་གྱི་སྦྱོར་བ་ལ་རྩོམ་པའི་ཡུལ་ལ་ཡོངས་སུ་བསམ་པས་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱོར་བ་ལས་ཁྱད་
པར་དུ་འཕགས་པར་ལྷག་པའི་བསམ་པའི་སྟོབས་རབ་ཏུ་བརྟན་པར་བྱེད། འདས་པའི་འདོད་པ་ཡོངས་སུ་ཚོལ་བའི་སྤྱོད་པ་རོ་མེད་པ་ལ་ཡོངས་སུ་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་སྦྱོར་བས་དབུགས་ཕྱིན་པ་ཆེན་པོ་འཐོབ་པའི་དབང་པོའི་ཤུགས་དྲག་པོ་རྣམ་

པར་འཕེལ་བར་བྱེད། འདས་པའི་དུས་ཀྱི་བསམ་པ་ཕྱིན་ཅི་ལོག་དང་ལྡན་པའི་སྦྱོར་བ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་ཕྱིན་ཅི་ལོག་མེད་པ་དང་ལྡན་པའི་ཡང་དག་པའི་ལྟ་བ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་ཡི་དམ་བཅའ་བས་སེམས་ཀྱི་རྒྱུད་ཡོངས་སུ་རྒྱས་པར་
བྱེད། སྔོན་གྱི་མཐའི་བརྩོན་འགྲུས་བརྩམས་པ་མི་ཆ་ལ་དོན་མ་ཡིན་པ་དང་། ཡོངས་སུ་མ་གྲུབ་པའི་བརྩོན་འགྲུས་ཉམས་སུ་བླངས་པ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་སྟ་གོན་དུ་གནས་པའི་བརྩོན་འགྲུས་ཆེན་པོ་རྩོམ་པའི་
རྣམ་པར་གནོན་པས་ལུས་དང་སེམས་ཀྱི་གཟེངས་མཐོ་བ་ཡང་དག་པར་བསྐྱེད། སྔོན་གྱི་མཐའི་མུར་ཐུག་པའི་འགྲོ་བ་ལྔའི་རྒྱུད་ཀྱི་ངན་སོང་དུ་བདག་དང་གཞན་བོར་བ་ལ་བརྟགས་པས་ལུས་འཚོ་བ་མེད་པ་ཡོངས་སུ་བཟུང་བ་ལ་ཡང་དག་པར་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་
ཡོངས་སུ་བསྒྲུབ་པ་དང་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་དང་དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བར་ནུས་པའི་ལུས་ཡོངས་སུ་བཟུང་བས་དགའ་བ་དང་མཆོག་ཏུ་དགའ་བའི་ཤུགས་དྲག་པོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད། ད་ལྟར་བྱུང་བའི་སྐྱེ་བ་མངོན་པར་འགྲུབ་པའི་རྒ་བ་
དང་ན་བ་དང་འཆི་བ་དང་མྱ་ངན་གྱི་འབྱུང་གནས་སུ་འགྱུར་ཏེ་འདུ་བ་དང་འབྲལ་བའི་གཏེར་དུ་གྱུར་པའི་ལུས་ཀྱང་། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལ་བརྩོན་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་
བས་བརྩོན་པ་དང་དེ་བཞིན་གཤེགས་པའི་ཞལ་བལྟ་ཞིང་ཞིང་ཐམས་ཅད་དུ་རྒྱུ་བ་དང་། ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོ་བྱ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བཟུང་བ་ལ་བརྩོན་པ་དང་ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་གྲོགས་སུ་གྱུར་པ་དང་དགེ་བའི་བཤེས་
གཉེན་ཐམས་ཅད་མཐོང་བར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཡེ་ཤེས་ཀྱི་རྒྱུ་དང་རྐྱེན་དུ་གྱུར་པ་ལ་བལྟས་ཤིང་དགེ་བའི་རྩ་བའི་དབང་པོ་དང་ཤུགས་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བྱེད་ཅིང་འཕགས་པ་

བྱམས་པའི་དྲུང་དུ་སོང་བ་བཞིན་ནོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནི་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ཏེ། དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་
ཡོངས་སུ་ཟིན་པའི་ལྷག་པའི་བསམ་པས། ཕ་རོལ་གྱི་སྐབས་མི་འབྱེད་པར་བདག་ཉིད་བྱེད་དོ། །རང་གི་སྟོབས་ཀྱིས་འཕགས་སོ། །དེ་དེ་ལྟར་གོ་ཆ་སྲ་བ་བགོས་པས་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་ཐོབ་པར་བྱ་བ་གང་ཅི་ཡིན་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་
ཐམས་ཅད་དང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་མི་འགྱུར་བ་དེ་བདག་གིས་ཡོངས་སུ་ཐོབ་པར་བྱའོ། །སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་གྱི་བདག་ནི་སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་
གཏན་དང་ཤེས་རབ་ནི་བདག་གི་གྲོགས་མ་ཡིན་གྱི། བདག་ནི་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་རྣམས་ཀྱི་གྲོགས་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བདག་ལ་བསྙེན་བཀུར་མི་བྱའི། བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྙེན་བཀུར་བྱའོ། །
དེ་བཞིན་དུ་བསྡུ་བའི་དངོས་པོ་རྣམས་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཡང་སྦྱར་རོ། །ཇི་ཙམ་དུ་བདག་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ་གནས་ཏེ། བདུད་སྟོབས་དང་བཅས་པ་བཏུལ་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་
ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་གསུངས་སོ། །འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་ཀྱང་། འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་གི་ཉེས་པས་མི་འདུག་གོ། །དྲི་ཟའི་གྲོང་ཁྱེར་གྱི་ཉེས་
པས་མི་འདུག་གོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་ཉེས་པས་མི་འདུག་གོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་ཉེས་པས་མི་འདུག་གོ། །དུ་བའི་དཀྱིལ་འཁོར་གྱི་ཉེས་པས་མི་འདུག་གོ། །འཛམ་བུའི་གླིང་གི་ཉེ་བའི་ཉོན་མོངས་པའི་ཉེས་པས་མི་འདུག་གོ། །

གྲིབ་མ་ཐ་དད་པའི་ཉེས་པས་མི་འདུག་གོ། །རི་མི་མཉམ་པའི་ཉེས་པས་མི་འདུག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་དང་ཤེས་བཞིན་ཅན་སེམས་ཟབ་ཅིང་རྒྱ་ཆེ་བ་རྣམ་པར་མ་ཞུམ་པ་ཡོན་ཏན་གྱི་སྤྱོད་པ་དང་ཡེ་ཤེས་ཀྱི་སྤྱོད་པ་མཐས་གཏུགས་པ་ནི་སེམས་
ཅན་འཁུ་བའི་ངང་ཚུལ་ཅན་གྱི་ཉེས་པས་མི་ལྡོག་གོ། །སེམས་ཅན་དམུ་རྒོད་ཀྱི་ཉེས་པས་མི་ལྡོག་གོ། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མེད་པར་མི་གནས་སོ། །སེམས་ཅན་དང་ལྟ་བའི་སྙིགས་མའི་ཉེས་པས་མི་ལྡོག་གོ། །སེམས་ཅན་སེམས་འཁྲུགས་པ་རྣམས་དང་རིང་བར་མི་འགྱུར་རོ། །
སེམས་ཅན་སེམས་མ་རུང་བར་གྱུར་པས་བྱང་ཆུབ་ཀྱི་གོ་ཆ་རྒྱུན་གཅོད་པར་མི་བྱེད་དོ། །སེམས་ཅན་གྱི་འཐབ་པའི་རྙོག་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་རྒྱུན་གཅོད་པར་མི་བྱེད་དོ། །ཇི་ཙམ་དུ་བྱིས་པའི་སྐྱེ་བོ་དང་འགྲོགས་པ་དང་སེམས་ཅན་གཞན་གྱི་ཉེས་
པ་རྣམས་ཀྱིས་སྐྱོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདི་ལྟ་སྟེ། འགྲོ་བ་ཐམས་ཅད་རྣམ་པར་དག་པར་གདུལ་བའི་ཕྱིར་སྒྲིབ་པ་མེད་པའི་དཀྱིལ་འཁོར་དུ་འཆར་རོ། །དེ་བཞིན་དུ་སྦྱར་ཏེ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་དང་། སྒྲིབ་པ་སྣ་ཚོགས་དང་
ལས་ཉེ་བར་གནས་པའི་སྒྲིབ་པ་གང་དག་གིས་དེ་དག་སངས་རྒྱས་མཐོང་བར་མི་འགྱུར་བ་དང་། ཆོས་ཉན་པར་མི་འགྱུར་བ་དང་དགེ་འདུན་ཤེས་པར་མི་འགྱུར་བ་དེ་དག་གིས་དེ་དག་གི་སྒྲིབ་པར་འགྱུར་བ་དེ་དག་གི་ལས་རྣམ་པ་གསུམ་བསགས་པའི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་འདིས་
བླང་བར་བྱའོ། །སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་དང་ངན་སོང་གི་ས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་དེ་ནས་ཤི་འཕོས་པར་གྱུར་ཅིག །བདག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་བླང་བར་བྱའོ། །བརྩོན་པར་བྱའོ། །སྤྲོ་བར་བྱའོ། །མི་ལྡོག་པར་བྱའོ། །མི་
འབྲོས་པར་བྱའོ། །མི་སྐྲག་པར་བྱའོ། །མི་འཇིགས་པར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །སྒྱིད་མི་ལུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་བསྐུར་བར་བྱའོ། །བདག་ནི་འདོད་དགར་བྱེད་པ་མ་ཡིན་ཏེ། བདག་ནི་སེམས་ཅན་

ཐམས་ཅད་བསྒྲལ་བའི་སྨོན་ལམ་ཅན་ཡིན་གྱི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །བདག་གིས་འགྲོ་བ་ཐམས་ཅད་བསྒྲལ་བར་བྱས་ཏེ། སྐྱེ་བའི་དགོན་པ་དང་། རྒ་བའི་དགོན་པ་དང་། ནད་ཀྱི་དགོན་པ་དང་། འཆི་འཕོ་དང་སྐྱེ་བའི་དགོན་པ་དང་།
ངན་སོང་ཐམས་ཅད་ཀྱི་དགོན་པ་དང་། མི་ཁོམ་པའི་དགོན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་དགོན་པ་དང་། ལྟ་བ་ཐིབས་པོ་ཐམས་ཅད་ཀྱི་དགོན་པ་དང་། དགེ་བའི་ལས་ཆུད་ཟ་བའི་དགོན་པ་དང་མི་ཤེས་པ་ཀུན་ནས་ལངས་པའི་དགོན་པ་དེ་དག་ཐམས་ཅད་ལས། བདག་གིས་སེམས་ཅན་
ཐམས་ཅད་ཡོངས་སུ་ཐར་བར་བྱའོ། །སྲིད་པའི་དྲ་བར་ཆུད་པ། མ་རིག་པའི་སྒྲིབ་པས་བསྒྲིབས་པ། སྲིད་པའི་སྲེད་པ་དང་ལྡན་པ། མཐར་རབ་ཏུ་འཇིག་པར་འགྱུར་བ། སྡུག་བསྔལ་གྱི་གཟེབ་ཏུ་བཅུག་པ། འཁོར་བའི་བཙོན་ར་ན་གནས་པ། མི་མཁས་པ། དམ་བཅས་པ་དང་
འགལ་བ། ཐེ་ཚོམ་ཟ་བར་གྱུར་པ། རྟག་ཏུ་ཡིད་གཉིས་ཟ་བ། མི་བདེ་བ་མཐོང་བ། འབྱུང་བ་ལ་མི་མཁས་པ། སྲིད་པའི་རྒྱ་མཚོ་ཀློང་འཁྱིལ་བའི་དཀྱིལ་འཁོར་ན་གཅིག་པུ་རྒྱུ་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད་ལ་དགོད་པའི་ཕྱིར་བདག་གིས་སྤྱོད་པ་སྤྱད་
པར་བྱའོ། །བདག་ནི་བདག་འབའ་ཞིག་ཡོངས་སུ་ཐར་བར་བྱ་བ་ལ་བརྩོན་པ་མ་ཡིན་གྱི། བདག་གིས་སེམས་ཅན་འདི་དག་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་གཟིངས་ཀྱིས་འཁོར་བ་བགྲོད་དཀའ་བ་ལས་བསྒྲལ་བར་བྱའོ། །གཡང་ས་ཆེན་པོ་ལས་དབྱུང་བར་
བྱའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱའོ། །འཁོར་བའི་རྒྱུན་ལས་བསྒྲལ་བར་བྱའོ། །བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཁས་བླངས་སོ། །ཇི་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་ཐམས་ཅད་
ཀྱི་སྡུག་བསྔལ་གྱི་གནས་མྱོང་བར་སྤྲོ་བར་བྱའོ། །བདག་གིས་དགེ་བའི་རྩ་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མི་དོར་བར་བྱའོ། །བདག་ངན་སོང་གཅིག་ཏུ་ཡང་ཕྱི་མའི་མཐའི་མུའི་བསྐལ་པར་གནས་པར་བརྩོན་པར་བྱའོ། །ངན་སོང་གཅིག་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་

ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་མ་ལུས་པ་ཐམས་ཅད་དུ་གནས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་ཐར་བར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་གཅིག་པུ་སྡུག་བསྔལ་བར་གྱུར་པ་ནི་བླའི། བདག་གི་སེམས་ཅན་ཐམས་ཅད་ངན་སོང་གི་སར་རབ་ཏུ་ལྟུང་བ་ནི་
དེ་ལྟ་བུ་མ་ཡིན་ཏེ། བདག་གིས་འདིར་བདག་ཉིད་གཏར་བཅུག་ལ་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་དགོན་པ་ལས་འགྲོ་བ་ཐམས་ཅད་བླུ་བར་བྱའོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཐམས་ཅད་བདག་ཉིད་
ཀྱི་ལུས་འདིས་མྱོང་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་གཉའོ། །བདེན་པར་སྨྲ་བ་ཡིད་ཆེས་སུ་རུང་བ་མི་སླུ་བ་བྱ་བར་སྤྲོ་སྟེ་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་ཐམས་
ཅད་ལ་དམིགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་སྟེ། འདི་ལྟར་འགྲོ་བ་ཐམས་ཅད་ཡོངས་སུ་ཐར་བར་བྱ་བའི་ཕྱིར་བདག་དགའ་བ་འདོད་པ་མ་ཡིན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །བདག་ནི་འདོད་པའི་ཡོན་ཏན་ལྔའི་
དགའ་བ་མྱོང་བར་བྱ་བ་མ་ཡིན། འདོད་པའི་ཡུལ་བསྟེན་པའི་ཕྱིར་མ་ཡིན། བདག་ནི་འདོད་པའི་ཁམས་སུ་གཏོགས་པའི་དགའ་བ་བཀོད་པ་གཞན་དང་གཞན་སྒྲུབ་པའི་ཕྱིར་མ་ཡིན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱི་དགའ་
བ་འདི་ནི་དགའ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་འདོད་པ་བསྟེན་པ་འདི་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །འདི་ལྟ་སྟེ་འདོད་པ་བསྟེན་པའི་ལམ་འདི་ནི་བློ་ངན་པས་བསྟེན་པའོ། །ཉེ་བར་བསྟེན་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བསྔགས་པའོ། །དེའི་ཕྱིར་ཉེ་བར་བསྟེན་པ་འདི་ནི་སྡུག་
བསྔལ་གྱི་ཕུང་པོ་ཐམས་ཅད་འབྱུང་བ་ཉིད་ཡིན་ཏེ། དེ་ཉིད་ལས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་རྣམས་འབྱུང་ངོ་། །སེམས་ཅན་རྣམས་འཐབ་པ་དང་རྩོད་པ་དང་མཚང་འབྲུ་བ་དང་འགྱེད་པ་དང་། འཁྲུགས་པ་དང་། ཀུན་དུ་འཁྲུགས་པ་རྣམས་འབྱུང་

ངོ་། །སེམས་ཅན་དེ་དག་གིས་འདོད་པ་བསྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐག་རིང་དུ་འགྱུར་རོ། །འདོད་པ་འདི་དག་ནི་མཐོ་རིས་སུ་སྐྱེ་བའི་བར་ཆད་དུ་ཡང་འགྱུར་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད། སེམས་ཅན་ཐམས་ཅད་ཀྱི་གྲུབ་པ་དང་བདེ་
བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་བདག་གིས་འདོད་པ་སྐྱོན་ཚད་མེད་པ་དང་ལྡན་ལ་རབ་ཏུ་འབར་ཞིང་ཀུན་དུ་རབ་ཏུ་འབར་བར་མཐོང་གིས། དེ་ལྟ་བས་ན་བདག་གཞི་དེ་ལ་མི་སྤྱོད་པར་ནན་ཏན་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བ་དང་། མྱོང་
བ་མེད་པའི་བདེ་བ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བའི་བར་དུ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར། བདག་ཁ་ལོ་སྒྱུར་བ། ཡོངས་སུ་འདྲེན་པ་བདག་སྒྲོན་མ་འཛིན་པ། བདག་ཞི་བའི་འགྲོ་བ་སྟོན་པ། བདག་དལ་བའི་འགྲོ་བ་ཐོབ་པ། བདག་ཐབས་ཤེས་པ། བདག་དོན་ལ་མཁས་པ།
བདག་འཁོར་བའི་རྒྱ་མཚོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གྲུས་ཡུལ་ཆེན་པོ་ལ་གནས་པ། བདག་ཡོངས་སུ་བསྔོ་བ་ལ་མཁས་པ། ཕ་རོལ་སྟོན་པ་བདག་གིས་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། གླིང་བཞི་པའི་འཇིག་རྟེན་
གྱི་ཁམས་སྣང་བར་བྱ་བའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ཉི་མ་འཆར་བ་མ་ཡིན་གྱི་གླིང་བཞི་པ་སྣང་བར་བྱ་བའི་ཕྱིར་ཉི་མ་གཅིག་པོ་འདི་ཁོ་ན་འཆར་རོ། །གང་གིས་དེ་དག་ཉིན་མོའི་གྲངས་སུ་ཤེས་པར་འགྱུར་བ་དང་རང་གི་བྱ་བ་ཡོངས་སུ་ཐོབ་
པར་འགྱུར་བ་དང་། ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་དང་། ཉིན་གཅིག་བཞིན་དུ་སྐྱེད་མོས་ཚལ་དང་གྲོང་ཁྱེར་རྣམས་སུ་དགའ་ཞིང་རྩེ་ལ་དགའ་དགུར་སྤྱོད་པ་མྱོང་བར་འགྱུར་བ་དང་། ཕྱོགས་མཐོང་བར་འགྱུར་བ་དང་། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ཡུལ་
འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འོང་བ་དང་འགྲོ་བར་འགྱུར་བའི་སྣང་བ་གླིང་བཞི་པར་སྐྱེས་པའི་སེམས་ཅན་རེ་རེའི་ལུས་ལས་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ལྷའི་བུ་ཉི་མ་འཆར་བ་ན་ཉི་མའི་དཀྱིལ་འཁོར་གཅིག་པུ་གཉིས་སུ་མེད་པར་གླིང་བཞི་པའི་ཁམས་ཀྱི་

སེམས་ཅན་རྣམས་ལ་སྣང་བར་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བསྒྲུབ་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཡང་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་འདི་དག་ལ་ནི་གང་གིས་འདི་དག་བདག་ཡོངས་སུ་སྐྱོབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་མེད་ན། གཞན་
སྐྱོབ་པར་ལྟ་སྨོས་ཀྱང་ཅི་དགོས། བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབ་པར་བྱའོ། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ། །འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཐར་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་སྣང་བར་བྱ་བ་དང་།
སེམས་ཅན་ཐམས་ཅད་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་
བཅད་པའི་ཕྱིར། བདག་ཉི་མའི་དཀྱིལ་འཁོར་ལྟ་བུར་བྱས་ཏེ། གཞན་ལ་མི་ལྟོས་པར་བྱ། གཞན་ལ་སྐབས་ཕྱེ་ཞིང་སེམས་ཅན་ལ་གོ་ཆ་དོར་བར་མི་བྱ། སེམས་ཅན་ཐམས་ཅད་ཀྱི་ཐད་དུ་སེམས་ཅན་བསྐྱབ་པའི་བརྩོན་པ་ལས་ལྡོག་པར་མི་བྱ། སྡུག་བསྔལ་ཐམས་ཅད་བསལ་བའི་
ཡོངས་སུ་བསྔོ་བ་ལས་ལྡོག་པར་མི་བྱ། དགེ་བའི་རྩ་བ་ཆུང་ངུ་ཡོངས་སུ་བཟུང་བར་མི་བྱ། ཡོངས་སུ་བསྔོ་བ་ཆུང་ངུས་ཆོག་པར་མི་བསམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་ཀྱང་། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོའོ། །
བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་མི་བགོའོ། །ཞེས་བསྐལ་པ་བགྲངས་པས་བྱང་ཆུབ་མི་ཚོལ་གྱི་བསམ་གྱིས་མི་ཁྱབ་པའི་གོ་ཆ་གྱོན་པར་བྱེད་དོ། །གལ་ཏེ་འཁོར་བའི་སྔོན་གྱི་མཐའ་ཇི་ཙམ་པ་དེ་ཙམ་ལ་ཉིན་ཞག་གཅིག་ཏུ་གྱུར་ལ། ཉིན་ཞག་གི་ཚུལ་དེ་ལྟ་བུའི་ཉི་མ་བཅོ་ལྔས་ཟླ་བ་ཕྱེད་
དུ་གྱུར་ལ། ཉི་མ་སུམ་ཅུས་ཟླ་བ་གཅིག་ཏུ་གྱུར་ཏེ། ཟླ་བ་བཅུ་གཉིས་ཀྱིས་ལོ་གཅིག་ཏུ་གྱུར་ལ། ལོ་བགྲང་བ་འདིས་ལོ་འབུམ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་མཐོང་ལ། འཇུག་པ་

འདི་དང་བགྲང་བ་འདིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་སེམས་དང་སྤྱོད་པ་ཤེས་པར་གྱུར་ལ། འཇུག་པ་འདི་དང་བགྲངས་པ་འདིས་དེ་སྙེད་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་
མཐོང་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམས་ཤེས་པར་གྱུར་ཀྱང་། མི་ཞུམ་པའི་གོ་ཆ་འདི་ནི་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་ཞེས་གསུངས་སོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་སྐྱེས་བུ་ཆེན་པོའི་མཚན་རྣམས་ལ་ཡང་སྦྱར་རོ། །
འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དམུ་རྒོད་སེམས་ཅན་གདུལ་དཀའ་བར་རིག་སྟེ། དེ་རྣམས་ཀྱིས་ཡི་ཆད་ནས་འདི་ལྟ་བུའི་དམུ་རྒོད་འདི་ལྟ་བུའི་གདུལ་དཀའ་བའི་སེམས་ཅན་འདི་དག་གིས་ཆོག་གོ་ཞེས་ཏེ། གཞི་དེ་ལས་ཡོངས་སུ་
སྐྱོ་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། གང་ན་སེམས་ཅན་འདི་ལྟ་བུ་དག་གི་མིང་ཡང་མི་ཐོས་པའི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་སྨོན་ལམ་ནི་འདེབས་སོ། །སེམས་ཅན་གྱི་དོན་ལ་མ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་སྐྱེ་བར་
མི་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ནི་འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གང་རྣམས་ངན་པ་བརྩོན་འགྲུས་ཆུང་བ་བླུན་པོ་གླེན་པ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། སེམས་ཅན་གྱི་ཁམས་མ་
ལུས་པ་འདི་ལས་བསྙིགས་པ་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤང་བར་གྱུར་པ་ཡོད་པ་དེ་དག་བདག་གི་སངས་རྒྱས་ཀྱི་ཞིང་དུ་འདུས་པར་གྱུར་ལ། བདག་གིས་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཏུ་བཅུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་པའི་སེམས་བསྐྱེད་པ་རེ་རེ་ལ་ཡང་བདུད་ཀྱི་གནས་ཐམས་ཅད་རབ་ཏུ་གཡོའོ། །སངས་རྒྱས་ཐམས་ཅད་ཀྱང་དེའི་བསྔགས་པ་གསུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་

རེ་ཞིག་བསོད་ནམས་མངོན་པར་སྤེལ་བར་འདོད་པས་བརྩོན་པ་བརྟན་པར་བྱའོ། །ད་ནི་བསམ་པ་བརྟན་པར་བྱ་བ་བརྗོད་པར་བྱ་སྟེ། བརྟན་པར་བྱ་བ་འདིས་ཅི་བྱ་སྙམ་དུ་རྟོག་པ་བསལ་བའི་ཕྱིར། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། བཅོམ་ལྡན་འདས་
བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་རྣམས་ཀྱི་རྩ་བ་སྟེ། གང་ལ་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་རྣམས་
ལས་ཆོས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་འབྱུང་ངོ་། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་
ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཡན་ལག་གི་དམ་པ་མགོ་གང་ལ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་
བཞིན་དུ་བསམ་པ་གང་ལ་མཆིས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ལ་འཚོ་བ་མཆིས་པ་དེ་ལ་རྙེད་པ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་རྙེད་པ་མཆིས་སོ། །བཅོམ་ལྡན་
འདས་འདི་ལྟ་སྟེ། དཔེར་ན་ཞུགས་ཤིང་མཆིས་ན་ཞུགས་འབར་གྱི་ཞུགས་ཤིང་མ་མཆིས་ན་ཞུགས་མི་འབར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་འབར་གྱི་བསམ་པ་མ་མཆིས་པ་ལ་མི་འབར་རོ། །བཅོམ་
ལྡན་འདས་འདི་ལྟ་སྟེ། དཔེར་ན་སྤྲིན་ཆགས་ན་ཆར་འབབ་ཀྱི་སྤྲིན་མ་ཆགས་ན་ཆར་མི་འབབ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མ་མཆིས་ན་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་གི་བསམ་པ་མཆིས་ན་མི་འབྱུང་ངོ་། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞུགས་ཤིང་

གང་རྩ་བ་ཉམས་པ་དེ་ལས་མེ་ཏོག་དང་འབྲས་བུ་རྣམས་མི་འབྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་དུ་གང་བསམ་པ་ལོག་པར་ཞུགས་པ་དེ་ལས་དགེ་བའི་ཆོས་ཐམས་ཅད་མི་འབྱུང་ངོ་། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་
བས་རང་གི་བསམ་པ་ཤིན་ཏུ་བཟུང་བ་དང་ཤིན་ཏུ་བསྲུང་བ་དང་ཤིན་ཏུ་སྦྱང་བར་བགྱིའོ་ཞེས་བྱ་བའོ། །བསམ་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བསམ་པ་དེ་ཡང་མ་བྱས་པས་ན་བཅོས་མ་མ་ཡིན་ནོ། །གཡོ་མེད་པས་ན་མ་བྱས་པའོ། །རབ་ཏུ་
རྟོགས་པས་ན་གཡོ་མེད་པའོ། །སྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ། །དག་པས་ན་སྒྱུ་མེད་པའོ། །དྲང་བས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་བའོ། །གསལ་བས་ན་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ། །སྲ་བས་ན་མཉམ་པ་མེད་པའོ། །མི་ཕྱེད་པས་ན་སྲ་
བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ། །མི་གནས་པས་ན་མི་གཡོ་བའོ་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ཡོན་ཏན་ལྷག་པ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ནི་ལྷག་པའི་བསམ་པ་ཞེས་བྱའོ། །དེ་ཉིད་ལས་ཇི་སྐད་དུ། བྱེ་བྲག་ཏུ་འགྲོ་བའི་ཕྱིར་རྒྱལ་བའི་
ལྷག་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཡང་ལྷག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལུས་ངེས་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའོ། །འཕགས་པ་རྣམས་ལ་ཕན་པར་སེམས་པའོ། །འཕགས་པ་མ་ཡིན་པ་ལ་སྙིང་རྗེ་བའོ། །བླ་མ་ལ་
རིམ་གྲོ་བྱེད་པའོ། །དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་ནོ། །སྐྱབས་མེད་པ་རྣམས་ལ་སྐྱབས་སོ། །གླིང་མེད་པ་རྣམས་ལ་གླིང་ངོ་། །མགོན་མེད་པ་རྣམས་ལ་མགོན་ནོ། །གྲོགས་མེད་པ་རྣམས་ལ་གྲོགས་སོ། །གྱ་གྱུ་ཅན་རྣམས་ལ་དྲང་བའོ། །དམུ་རྒོད་རྣམས་ལ་
གསལ་བའོ། །གཡོ་ཅན་རྣམས་ལ་གཡོ་མེད་པའོ། །སྒྱུ་ཅན་རྣམས་ལ་སྒྱུ་མེད་པའོ། །བྱས་པ་མི་གཟོ་བ་རྣམས་ལ་བྱས་པ་གཟོ་བའོ། །འཁུ་བ་རྣམས་ལ་བྱས་པ་ཚོར་བའོ། །མི་ཕན་པ་རྣམས་ལ་ཕན་འདོགས་པའོ། །ལོག་པར་ཞུགས་པ་ལ་བདེན་པའོ། །ཕོ་ཐེགས་

ཅན་ལ་ང་རྒྱལ་མེད་པའོ། །ལེགས་པར་བྱས་པ་རྣམས་ལ་མི་སྨོད་པའོ། །གཞན་གྱི་འཁྲུལ་པ་ལ་མི་རྩོད་པའོ། །ལོག་པར་ཞུགས་པ་རྣམས་ལ་ཀུན་དུ་སྲུང་བའོ། །ཐབས་ཀྱི་དགེ་བ་སྤྱོད་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བའོ། །སྦྱིན་པའི་གནས་རྣམས་ལ་རིམ་གྲོ་བྱེད་པའོ། །
བསྟན་པ་ལ་མཐུན་པར་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་བརྩོན་པ་དང་བསམ་པ་ལ་བརྟན་པར་བྱས་ནས། སྙིང་རྗེ་མདུན་དུ་བཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ནས་བཅོམ་
ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་
བགྱིས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་
མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆི་བ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆི་བ་དེར་སངས་རྒྱས་ཀྱི་ཆོས་
ཐམས་ཅད་མཆིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གདུགས་ཤར་ན་སེམས་ཅན་རྣམས་ཀྱི་བྱ་བ་ཐམས་ཅད་ཤིན་ཏུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་གང་དུ་ཤར་བར་གྱུར་པ་དེར་བྱང་ཆུབ་བྱེད་པའི་ཆོས་ཀྱི་བྱ་བ་གཞན་རྣམས་ཀྱང་ཤིན་ཏུ་མང་བར་འགྱུར་
རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཡིད་ཀྱིས་བྱིན་གྱིས་བརླབས་པའི་དབང་པོ་ཐམས་ཅད་ནི་རང་རང་གི་ཡུལ་འཛིན་པ་ལ་འཇེབས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བྱང་ཆུབ་པར་བྱེད་པའི་ཆོས་རྣམས་རང་རང་གི་བྱ་བ་ལ་རབ་ཏུ་

འཇེབས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་པར་བྱེད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་ཞེས་བྱ་
བའོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་འབྱུང་བ་དང་རྔུབ་པ་ནི། སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་བསྒྲུབ་པའི་སྙིང་རྗེ་ཆེན་པོ་ཡང་སྔོན་དུ་འགྲོ་
བའོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་བུ་གཅིག་པ་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ་ཞེས་
གསུངས་སོ། །འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། རང་གིས་སྔོན་མྱོང་བ་དང་མྱོང་བར་འགྱུར་བའི་སྡུག་བསྔལ་དང་འཇིགས་པ་རྣམ་པ་དུ་མ་རང་གིས་ཤིན་ཏུ་མི་འདོད་པ་བསྒོམས་ཏེ། བྱམས་པ་དང་ལྡན་པས་སྡུག་པ་ལ་སོགས་པ་ལ་བྱམས་པ་བཞིན་དུ་བསྒོམ་པར་བྱ་བའམ་ད་ལྟར་བྱུང་བའི་
སྡུག་བསྔལ་གྱིས་ཉེན་པ་རྣམས་དང་སྡུག་བསྔལ་ཆེན་པོའི་རྒྱ་མཚོ་འཁོར་བ་ཡུན་རིང་པོ་དུས་ཚིགས་མེད་པ་ན་སྡུག་བསྔལ་དང་ལྡན་པ་རྣམས་ལ་བསྒོམ་པར་བྱའོ། །འཕགས་པ་ས་བཅུ་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་བྱིས་པ་སོ་སོའི་སྐྱེ་བོ་འདི་
དག་ནི་མི་ཤེས་པ་རྨོངས་པ་དག་སྟེ། དེ་དག་གི་ལུས་གྲངས་མེད་པ་འགགས་ལ་འགག་པར་འགྱུར་ཞིང་འགག་བཞིན་ཏེ། དེ་ལྟར་མཆི་ཡང་ལུས་ལ་ཡིད་འབྱུང་བ་མི་སྐྱེད་ཅིང་། སྡུག་བསྔལ་གྱི་འཁྲུལ་འཁོར་ཇེ་བས་ཇེ་འཕེལ་དུ་བྱེད། འཁོར་བའི་རྒྱུད་ལས་མི་ལྡོག་ཕུང་པོའི་གནས་
མི་འདོར། །ཁམས་ཀྱི་སྦྲུལ་དག་གིས་སྐྱོ་བར་མི་འགྱུར། དགའ་བའི་འདོད་ཆགས་ཀྱིས་རྨོངས་པ་རྟོགས་པར་མི་བྱེད། སྐྱེ་མཆེད་ཀྱི་གྲོང་སྟོང་པ་ལ་མི་ལྟ། ངར་འཛིན་པ་དང་ང་ཡིར་འཛིན་པའི་ཕྲ་རྒྱས་མི་སྤོང་། ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན། འདོད་ཆགས་དང་ཞེ་

སྡང་དང་གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི་བྱེད། མ་རིག་པའི་མུན་པ་མི་སེལ། སྲེད་པའི་རྒྱ་མཚོ་མི་སྐེམས། སྟོབས་བཅུའི་དེད་དཔོན་ཡོངས་སུ་མི་ཚོལ་ཞིང་བདུད་ཀྱི་བསམ་པ་ཐིབས་པོའི་རྗེས་སུ་སོང་བ་སྟེ། འཁོར་བའི་རྒྱ་མཚོ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱི་ཆུ་སྲིན་འཛིན་
ཁྲིས་དཀྲུགས་པས་ཡོངས་སུ་གཡེངས་པ་ངོ་མཚར་ཆེ་སྟེ། མ་ལ་བདག་གིས་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ། མགོན་མེད་པ། དཔུང་གཉེན་མེད་པ། སྐྱབས་མེད་པ། གནས་མེད་པ། གཞི་མེད་པ། རྟེན་མེད་པ། ལོང་བར་གྱུར་པ། མ་རིག་པའི་སྒོ་ངའི་
སྦུབས་དང་སྤྲིས་གཡོགས་པ། མུན་པས་ཟིལ་གྱིས་ནོན་པ་དེ་དག་གི་དོན་དུ་གཅིག་པུ་གཉིས་སུ་མེད་པར་གྱུར་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བ་རྣམ་པ་ཇི་ལྟ་བུས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་འཐོབ་པར་འགྱུར་བ་ནས། སྟོབས་བཅུའི་སྟོབས་
ཀྱིས་ཡེ་ཤེས་ཆགས་པ་མེད་པའི་བར་གྱི་མཐར་ཐུག་པ་འཐོབ་པར་འགྱུར་བའི་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ་སྙམ་མོ་ཞེས་བྱའོ། །ཡང་དེ་ཉིད་ལས་གསུངས་པ། ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངན་གྱི་ལམ་དུ་ཞུགས་པ། སེམས་
ཅན་དམྱལ་བ་དང་དུད་འགྲོའི་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་གཡང་ས་ལ་མངོན་དུ་ཕྱོགས་པ། ལྟ་བ་ངན་པའི་དྲ་བ་ཉམ་ང་བར་ཞུགས་པ་གཏི་མུག་གི་ཐིབས་པོས་ཀུན་ནས་ཡོག་པ། ལོག་པའི་ལམ་དུ་ཞུགས་པ། ལྡོངས་པར་གྱུར་པ། ཡོངས་སུ་འདྲེན་པ་མེད་པ་ཞེས་བྱ་བ་ནས།
དེ་བཞིན་དུ་སྦྱར་ཏེ། འཁོར་བ་རྒྱུན་གྱིས་བདས་པ། སྲིད་པའི་ཀླུང་དུ་ཞུགས་པ། ཤུགས་དྲག་པོས་བདས་ཏེ་བལྟ་བའི་མཐུ་མེད་པ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་ཞུགས་པ། འཇིག་ཚོགས་ལ་ལྟ་བ་ཆུ་སྲིན་ཆེན་པོས་ཟིན་པ། འདོད་པ་
ཐིབས་པོའི་ཀློང་དུ་ཞུགས་པ། དགའ་བ་ཅན་དང་འདོད་ཆགས་ཀྱི་དཀྱིལ་དུ་ཀུན་དུ་ཐོགས་པ། ངའོ་སྙམ་པའི་ང་རྒྱལ་གྱི་ཐང་ལ་འཁྱམས་པ། དཔུང་གཉེན་མེད་པ། སྐྱེ་མཆེད