Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 110
Văn bản gốc(Tây Tạng)
Trang 8 / 23 (50.000 ký tự/trang)
་དེ་ཉིད་ཐུགས་རྡོ་རྗེ། །འགྲོ་བའི་ཚོགས་སུ་སྣ་ཚོགས་ཉིད་དུ་ཁྱབ་ནས་བཞུགས། །ཞེས་གསུངས་སོ། །བསོད་ནམས་ཆུང་བ་དབང་པོ་དམན་པ་རྣམས་ལ་སྐུ་ཡེ་མི་སྣང་ངོ་། །མདོ་སྡེའི་རྒྱན་ལས་ཇི་སྐད་དུ། ཇི་ལྟར་སྣོད་ཆག་གྱུར་པ་ལས། །ཟླ་བའི་ གཟུགས་བརྙན་མི་སྣང་ཞིང་། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་གསུངས་སོ། །དེ་བཞིན་དུ་གསུང་དེ་ཡང་གདུལ་བྱའི་སྣོད་དང་སྦྱར་ནས་འབྱུང་སྟེ། སངས་རྒྱས་རྣམས་ཀྱི་གདུལ་བྱ་ལ། །ཇི་ལྟར་མོས་པའི་ཆོས་གསུངས་ ཏེ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་པའི་ཆོས་གསུངས་སོ། །ཁ་ཅིག་ན་ནི་རྒྱུ་འབྲས་གཉིས། །ཆུད་མི་གསན་ཞེས་ཆོས་གསུངས་ཏེ། །ཁ་ཅིག་ལ་ནི་བདེན་པ་གཉིས། །རྣམ་པར་དབྱེ་བའི་ཆོས་གསུངས་སོ། །ཟབ་མོ་ཁུ་འཕྲིག་ཅན་རྣམས་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཇི་ལྟར་མོས་ པའི་ཆོས་གསུངས་སོ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་དང་། ཡང་། སྣོད་མ་དག་ལ་མི་སྣང་སྟེ། །ཚངས་པས་གསོལ་བ་བཏབ་པ་ན། །ཟབ་མོ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བདག་ཉིད་གཅིག་པུ་ ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་། གང་ཕྱིར་དེ་ལྟར་ཟབ་མོའི་ཆོས། །སྣོད་མིན་འགྲོ་ལ་མི་སྣང་བས། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །སངས་རྒྱས་ཐམས་ཅད་མཁྱེན་པར་ཤེས། །ཞེས་གསུངས་སོ། །དེའི་ཕྱིར་ དོན་འདི་འཕགས་པ་གསང་བ་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་ལ་སྐྱོན་ཅི་ཡང་མེད་དོ། །གང་དག་གཞུང་འདི་ལ་སྐུར་པ་འདེབས་པ་དེ་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྤངས་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་ ཡུན་རིང་པོར་མྱོང་བར་འགྱུར་རོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཆོས་སྐྱོབ་དང་། སློབ་དཔོན་སངས་རྒྱས་ལྷ་དང་། དབྱིག་བཤེས་དང་། དབྱངས་ སྒྲོགས་དང་། ཡིད་འོང་ལ་སོགས་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར་མཛད་དོ། །སློབ་དཔོན་དགེ་སྲུངས་དང་། ཆོས་མཆོག་དང་། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ དང་། བློ་བརྟན་དང་། ཤེས་རབ་འབྱུང་གནས་སྦས་པ་དང་། ཀ་ལིང་ཀ་དང་། ལྷ་དབང་བློ་དང་། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་བྷ་བྱ་དང་། བུདྡྷ་པཱ་ལི་ཏ་དང་། དེ་བ་ཤརྨ་དང་། སྤྱན་རས་ གཟིགས་བརྟུལ་ཞུགས་དང་། ཤཱནྟ་རཀྵི་ཏ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པས་ནི་དབུ་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཙནྡྲ་གོ་མི་དང་། སློབ་དཔོན་དཔའ་བོ་དང་། སློབ་དཔོན་རྒྱ་མཚོ་སྤྲིན་དང་། སློབ་དཔོན་ཤཱནྟ་དེ་བ་དང་། སློབ་དཔོན་ལུན་ཏ་ཀ་ལ་སོགས་པས་ སེམས་བསྐྱེད་མ་ཐག་པ་ལས་དང་པོ་པའི་ཕྱིར་ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཇི་ལྟར་ཉམས་སུ་བླང་བའི་སྤྱོད་པ་རྒྱ་ཆེན་པོའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་བ་དང་། སློབ་དཔོན་མ་ཏི་ཙི་ཏྲ་དང་། སློབ་དཔོན་ཀཾ་པ་ལ་དང་། སློབ་དཔོན་ཟླ་བ་གྲགས་པ་དང་། སློབ་དཔོན་ལྔ་པོ་མཛད་པའི་དབུ་མའི་གཞུང་དེ་དག་ནི་དབུ་མའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །དབུ་མའི་གཞུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་འགྲན་ཟླ་མེད་པ་ཡིན་ནོ། །འདི་ལྟར་ བཀའ་གསང་སྔགས་ཀྱི་གཞུང་ཡང་སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་ཤེས་རབ་གྲུབ་པ་དང་། སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པས་ནི་རྣལ་འབྱོར་གྱི་རྒྱུད་དང་། བྱ་བའི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། ། སློབ་དཔོན་ཨིནྡྲ་བྷཱུ་ཏི་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་འབའ་ཞིག་གསལ་བར་བྱས་སོ། །སློབ་དཔོན་ཙཱརྱ་པ་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་དང་། སློབ་དཔོན་ལཱུ་ཡི་པ་ལ་སོགས་པས་དཔལ་བདེ་མཆོག་གི་རྒྱུད་ཀྱི་ དོན་གསལ་བར་མཛད་དོ། །སློབ་དཔོན་ཌོཾ་བི་ཧེ་རུ་ཀ་དང་། ས་ར་རཱུ་པ་ལ་སོགས་པས་དཔལ་ཧེ་བཛྲའི་རྒྱུད་ཀྱི་དོན་ཙམ་གསལ་བར་མཛད་དོ། །སློབ་དཔོན་ཀུ་ཀུ་རི་པ་དང་། ཆོས་ཀྱི་ཞབས་ལ་སོགས་པས་ནི་དཔལ་མ་ཧཱ་མཱ་ཡཱའི་དོན་གསལ་བར་མཛད་དོ། །སློབ་དཔོན་གྱི་ཞལ་སྔ་ནས་ སྐྱེ་བོ་མ་ལུས་པ་ལ་འདི་བཀའ་དྲིན་ཆེ་བ་ཡིན་ཏེ། ཐ་མལ་པ་ལ་ཤིན་ཏུ་ཕན་གདགས་པའི་ཕྱིར་རྟེན་འབྲེལ་གྱི་རྩིས་དང་མོའི་རྣམ་པ་མཛད་དོ། །བློན་པོ་རྣམས་ལ་ཕན་གདགས་པའི་ཕྱིར་ཤེས་རབ་བརྒྱ་པ་དང་། བརྟག་པ་བཅུ་གཉིས་པ་ལ་སོགས་པ་མཛད་དོ། །རྒྱལ་པོ་རྣམས་ཀྱི་ཕྱིར་ བཤེས་པའི་སྤྲིང་ཡིག་དང་། རིན་པོ་ཆེའི་ཕྲེང་བ་མཛད་དོ། །འཁོར་རྣམ་བཞིར་གཏོགས་པ་བསོད་ནམས་ཆུང་བ་རྣམས་ཀྱི་ཕྱིར་སྦོས་སྦྱོར་ཆེ་ཆུང་ལ་སོགས་པ་མཛད་དོ། །སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ་པ་དང་། སྦྱོར་བ་སུམ་ཅུ་རྩ་གཉིས་པ་དང་། ཉི་ཤུ་པ་དང་། བདུད་རྩིའི་ སྙིང་ཐིགས་དང་། འཚོ་བའི་མདོ་ལ་སོགས་པ་མཛད་དོ། །ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཆེད་དུ་སེམས་བསྐྱེད་པའི་ཆོ་ག་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང་། མདོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ། །ཡང་དེ་དག་གི་ཐོག་ཏུ་དབུ་མ་རྩ་བའི་ཤེས་རབ་ དང་། དེ་ལས་འཕྲོས་པ་རྩོད་པ་བཟློག་པ་དང་། སྟོང་པ་ཉིད་བདུན་ཅུ་པ་མཛད་དོ། །དེའི་ཡན་ལག་ཏུ་རིགས་པ་དྲུག་ཅུ་པ་དང་། ཐེག་པ་ཆེན་པོ་ཉི་ཤུ་པ་དང་། སྲིད་པ་འཕོ་བ་དང་། བསྒོམ་པའི་རིམ་པ་དང་། རྣམ་པར་འཐག་པ་དང་། ཚིག་བརྒྱ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ རྣམ་པར་བཤད་པ་དང་། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། དོན་དམ་པར་བསྟོད་པ་དང་། རྣམ་པར་མི་རྟོག་པར་བསྟོད་པ་དང་། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང་། སཱ་ལུ་ལྗང་པའི་འགྲེལ་ པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྩ་འགྲེལ་དང་བཅས་པ་དང་། དེ་བཞིན་དུ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དང་། ཆོ་ག་ཉི་ཤུ་པ་ དང་། པཎྜི་ཀྲྀ་ཏ་དང་། མདོ་དང་བསྲེས་པ་དང་། དཔལ་རིམ་པ་ལྔ་པ་མཛད་དོ། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱི་ཀ་མཛད་དོ། །མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དང་། རྗེ་བཙུན་ཁཪྶ་པཱ་ཎིའི་སྒྲུབ་ཐབས་དང་། ཡི་གེ་དྲུག་པ་དང་། ཨ་ར་པ་ཙ་ན་ དང་། ངག་གི་དབང་ཕྱུག་དང་། ཚིག་སྦྱིན་གཞོན་ནུ་ལ་སོགས་པའི་སྒྲུབ་ཐབས་མང་དུ་མཛད་དོ། །དམ་ཚིག་གསུམ་བཀོད་པའི་ཆོ་ག་དང་། དཔའ་བོ་གཅིག་སྒྲུབ་དང་། དེའི་མན་ངག་འདོད་འཇོའི་བ་མོ་དང་། གཏོར་མ་སུམ་ཅུ་པ་དང་། སངས་རྒྱས་མཉམ་སྦྱོར་གྱི་ རྫོགས་པའི་རིམ་པའི་མན་ངག་ཆེན་པོ་ལ་སོགས་པ་མང་དུ་མཛད་དོ། །སྐྱེས་བུ་དམ་པ་དེ་སངས་རྒྱས་དངོས་ཡིན་པས་དེས་མཛད་པའི་གཞུང་དག་ལ་ཡིད་རྟོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་སྤྲིན་ཆེན་པོ་ལས། ལྷའི་བུ་དག་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་ དགའ་བ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་འཇིག་རྟེན་དུ་བྱུང་བའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་བསྟན་པ་འཛིན་པ། བློན་པོ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྒྱལ་པོ་དང་བློན་པོ་གཉིས་རིང་བསྲེལ་ཡོད་པ་དང་མེད་ པའི་རྩོད་པ་བྱས་པ་དང་། རྒྱལ་པོའི་ལེགས་པར་བཤད་པས་དུས་དེའི་འཁོར་ངོ་མཚར་སྐྱེས་ནས། བཅོམ་ལྡན་འདས་དེ་ལ་ཞུས་པས་རྒྱལ་པོ་དེ་ཟབ་མོ་ལ་མཁས་པ་ལགས་སོ་ཞེས་ཞུས་པས། བཅོམ་ལྡན་འདས་དེས་རྒྱལ་པོའི་ཡོན་ཏན་རྒྱས་པར་བཤད་དེ་ མདོ་སྡེར་བལྟའོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་སངས་རྒྱས་ལ་རིན་པོ་ཆེ་སྤར་གང་གཏོར་ནས་སྨོན་ལམ་བཏབ་པ་མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ཏུ་ཆ་བའི་ཚེ། དེར་བདག་རབ་ཏུ་བྱུང་ནས་ཆོས་ཀྱི་མཇུག་ལ་བབ་པ་ན་སྒྲ་ཆེན་པོ་ལན་གསུམ་ བསྒྲགས་ལ། ཆོས་གོས་གྱོན་པ་ཙམ་དང་སྐྲ་བྲེགས་པ་ཙམ་ཡུལ་ནས་བསྐྲད་ལ། དམ་པའི་ཆོས་ཕྱུང་སྟེ་དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་གཏོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེའི་རྗེས་ལ་བློན་པོ་དང་བཙུན་མོས་ཀྱང་སྨོན་ལམ་བཏབ་པོ། །ལྷའི་བུ་དག་ང་འདས་ནས་ལོ་བརྒྱ་ཕྲག་ མང་པོ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་མཁར་གྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ལོ་བརྒྱ་ན་དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པ་ན་ངའི་ཉན་ཐོས་འབྱུང་བར་འགྱུར། དམ་པའི་ཆོས་འབྱིན་པར་འགྱུར། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཐེག་པ་ཆེན་པོ་གཞན་ལ་རྒྱས་པར་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང་། ཡང་དགེ་སློང་དེ་ལུང་སྟོན་པ་ཉོན་ཅིག །དེ་ནི་ང་ལ་དབེན་པ་དང་། ངའི་བསྟན་པ་རྒྱས་པར་བྱེད་པ་དང་། ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤཱཀྱའི་གཞོན་ནུ་ཡིན་ཏེ། ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་ དྲང་སྲོང་བྱིའོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ལྡན་གྱི་གྲོང་ཁྱེར་ཆེན་པོའི་བྱང་ཕྱོགས་སུ་སྐྱེ་བར་འགྱུར་རོ། །རིགས་ཆེན་པོ་རྣམ་པར་དག་པ་བྷྲ་གོ་ཅན་དེ་ནི་ཤཱཀྱའི་རིགས་ཡིན་ནོ། །ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ངའི་ཆོས་རྒྱས་པར་བྱ་བའི་ཕྱིར་ བྱང་ཆུབ་སེམས་དཔའ་མིའི་མཆོག་འདི་རིགས་ཆེན་པོ་རྒྱལ་རིགས་སུ་སྐྱེ་བར་འགྱུར་ཏེ། དེའི་ཉེ་དུ་<འབྲལ་‚འབྲེལ་>བ་ཐམས་ཅད་དེའི་མིང་ལས་འདོགས་སོ། །དེ་རབ་ཏུ་བྱུང་ནས་དེའི་འཁོར་རྣམས་ཀྱང་དམ་པའི་ཆོས་ཀྱི་ཕྱིར་སྲོག་བཏང་ནས་ཆོས་གསུང་ངོ་། །ཡང་དེའི་རྗེས་ལ་འདི་སྐད་དུ་དེའི་གཞུང་ལ་ མོས་པ་ནི་ཉུང་སྟེ་ཕལ་ཆེར་མི་མོས་སོ། །ཆོས་བཞི་དང་ལྡན་ན་དེ་ལ་མོས་ཤིང་ཡིད་ཆེས་པར་འགྱུར་རོ། །སངས་རྒྱས་སྔ་མ་དག་ལ་དེའི་གཞུང་ཐོས་ཤིང་མོས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང་། ལྷག་པའི་བསམ་པ་ལ་ཞུགས་ཤིང་དགེ་བའི་རྩ་བ་བརྟན་པ་དང་། རྒྱ་ ཆེན་པོ་ལ་མོས་པའོ། །དེ་ལ་མི་མོས་ཤིང་ཡིད་མི་ཆེས་པ་ཐམས་ཅད་ནི་བདུད་ཀྱི་བྱིན་གྱིས་བརླབས་པའི་གཏི་མུག་ཅན་ཡིན་ནོ། །དེ་ལ་མོས་ཤིང་ཡིད་ཆེས་པ་དག་ནི་སངས་རྒྱས་ཀྱི་ཐུགས་ལ་དགོངས་སོ། །དེ་ལ་བསྙེན་བཀུར་བྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ བསྙེན་བཀུར་བྱས་པ་ཡིན་ནོ། །དེའི་བཀའ་མཉན་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བཀའ་མཉན་པ་ཡིན་ནོ། །ཡང་དེའི་རྗེས་ལ་དེ་འཆི་བའི་དུས་བྱས་པ་ན་ངའི་དམ་པའི་ཆོས་ནུབ་པ་ཡིན་ནོ། །དེ་དང་འདྲ་བའི་གང་ཟག་མེད་དེ་ཡེ་མི་སྲིད་དོ། །ཡང་གཏམ་མང་པོའི་ རྗེས་ལ་དེའི་ཕྱོགས་བྱེད་པ་དང་། དེའི་གཞུང་རྒྱས་པར་བྱེད་པ་དང་། དེའི་འཁོར་དང་། དེའི་གཞུང་འཛིན་པ་དེ་དག་ནི་སངས་རྒྱས་པ་ན་དེའི་འཁོར་གྱི་གཙོ་བོར་འགྱུར་རོ། །བསྐལ་པ་བཟང་པོ་འདིའི་རྗེས་ལ་བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་མི་འབྱུང་ངོ་། །དེའི་རྗེས་ལ་ སངས་རྒྱས་བདུན་འབྱུང་ངོ་། །དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ལ་ སོགས་པ་གཞུང་མང་དུ་གསུངས་སོ། །འདིར་ཆེ་ལོང་ཙམ་བྲིས་སོ། །གཞན་ཡང་འཕགས་པ་འཇམ་དཔལ་རྩ་བའི་རྒྱུད་ལས། དགེ་སློང་ཀླུ་སྒྲུབ་ཅེས་པ་འབྱུང་། །རང་བཞིན་མེད་དོན་དེ་ཉིད་རིགས། །རྨ་བྱ་ཞེས་བྱའི་གཟུངས་བསྒྲུབས་ནས། །ལོ་ནི་དྲུག་བརྒྱ་དག་ཏུ་ འཚོ། །ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཞེས་པ་ནས། རབ་ཏུ་དགའ་ བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། འཕགས་པ་རྔ་བོ་ཆེའི་ལེའུར་ཡང་ལུང་བསྟན་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པའི་མདོར་ཡང་ལུང་བསྟན་པའི་ཚིག་ནི་མེད་ཀྱི། སངས་རྒྱས་ཀྱི་རིང་བསྲེལ་ལ་ བྲམ་ཟེ་ཀཽཎྜི་ནྱ་ཡ་དང་། ལི་ཙྪ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་བརྩད་པ་མཛད་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་། དེ་ལྟར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོ་ རང་རིག་པ་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་པ་རྣམས་ལ་བརྟེན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་ བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ དང་ལྡན་པར་བཞུགས་སོ་ཞེས་སྒྲོན་མ་གསལ་བར་བྱེད་པ་ལས་གསུངས་སོ། །དེའི་ཕྱིར་དེ་ལྟ་བུའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ཤེས་ཤིང་འཛིན་པ་དང་། དེའི་བརྒྱུད་པའི་མན་ངག་ཟབ་མོ་ཡོད་པ་དང་། ཉམས་སུ་ལེན་པའི་གང་ཟག་དེས་ནི་སྐྱེ་བ་དཔག་ཏུ་མེད་པར་ཐེག་པ་ཆེན་ པོ་ལ་སྤྱད་པར་བྱས་པ་ཡིན་ན། །ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དེ་སྲིད་དུ་དེའི་མན་ངག་མི་འཆད་དེ། རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚན་ཕྱེད་ཀྱི་དུས་ན་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པ་ནས་གཟུང་སྟེ། ཇི་སྲིད་སངས་ རྒྱས་ཀྱི་བསྟན་པ་གནས་པ་དེ་སྲིད་དུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་བཟུང་སྟེ། བླ་མའི་ཞལ་ནས་བླ་མའི་ཞལ་དུ་འཕོས་པ་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔའི་མན་ངག་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་གྱིས་རློབ་ པ་ཡིན་ནོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་ཀྱི་ཞལ་སྔ་ནས། རྣལ་འབྱོར་པ་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པ་དག་གིས་ཀྱང་སློབ་དཔོན་གྱི་ཞལ་སྔ་ནས་ཉེ་བར་གནང་བའི་དེ་ཁོ་ན་ཉིད་ཤིན་ཏུ་ཟབ་མོའི་མན་ངག་རྙེད་པར་དཀའ་བ་འདི་གཏེར་དང་འདྲ་བའི་སློབ་དཔོན་རྣམས་ནི་ རིན་པོ་ཆེའི་བུམ་པར་བདུད་རྩིའི་ཆུ་བྱོ་བ་ལྟར་ཞལ་ནས་ཞལ་སྙན་ནས་སྙན་དུ་འཕོ་ཞིང་བཞེས་པ་འདི་ཇི་སྲིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གནས་པ་དེ་སྲིད་དུ་འདི་ཡང་ནུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་སྨིན་པའི་སྐུ་ལུས་དེ་ཉིད་ད་ ལྟ་དཔལ་གྱི་རི་ལ་བཞུགས་ཏེ། དུས་གཅིག་ན་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་དཔལ་གྱི་རི་ལ་སོང་ནས་སློབ་དཔོན་གྱི་དབུ་བསླངས་པས། སློབ་དཔོན་གྱི་ཞལ་སྔ་ནས་རྒྱལ་བུ་ཆོད་ལ་ཁྱེར་ཅིག་གསུངས་ནས་རལ་གྲི་ལན་ལྔར་བཏབ་པས་མ་ཆོད་ནས། སློབ་དཔོན་གྱི་ཞལ་ནས་རྩྭ་ཀུ་ ཤ་ཅིག་ལོང་གསུངས་ནས་རྒྱལ་བུས་དེ་བླངས་ཏེ་ཕུལ་བས། སློབ་དཔོན་ཉིད་ཀྱིས་སྐེ་ལ་རྩྭས་བསྐོར་བས་དབུས་ལ་ལྷུང་ནས་རྒྱལ་བུའི་ལག་ཏུ་བྱིན་ནོ། །རྒྱལ་བུས་མ་ཐེག་ནས་དེ་ཉིད་དུ་བཞག་ནས་སོང་ངོ་། །ད་ལྟར་ཡང་དབུ་དང་ལུས་ཀྱི་ཁོག་པ་རིན་པོ་ཆེའི་འོད་འཕྲོ་བའི་ ཁང་པ་བརྩེགས་པ་ན་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། ལྷ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པས་ཉིན་དང་མཚན་དུ་རྟག་ཏུ་མཆོད་པ་བྱེད་དོ། །འདི་ལ་གཏམ་རྒྱུད་རིང་པོ་ཡོད་དེ་འདིར་གཞག་གོ། །སྨོན་ལམ་གྱི་སྐུ་ནི་བདེ་བ་ཅན་ན་བཞུགས་ཏེ། བཅོམ་ལྡན་འདས་འོད་དཔག་མེད་ ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་པོ་ཆེ་ཞེས་མཚན་བཏགས་ནས་སྐུ་མདོག་དཀར་པོ་ཕྱག་གཉིས་པ་གཡས་མཆོག་སྦྱིན་པ། གཡོན་པདྨ་དཀར་པོ་བསྣམས་པའོ། །བླ་མ་རྗེ་བཙུན་ཨ་བ་དྷཱུ་ཏཱི་པའི་ཞལ་ནས། ངའི་བླ་མ་རྗེ་བཙུན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཨ་བ་དྷཱུ་ཏཱི་པ་ མངོན་པར་ཤེས་པས་སྔོན་ཇི་ལྟར་མངའ་བ་བཞིན་ཞལ་གཟིགས་ཤིང་ཆོས་གསན། རེས་དཔལ་གྱི་རི་ལ་གཟིགས་ཤིང་བཞུགས་ཏེ། འཕགས་པའི་སློབ་མ་རྗེ་བཙུན་ཀླུའི་བྱང་ཆུབ་དུས་ད་ལྟ་དཔལ་ཤ་བ་རི་པར་གྲགས་པ་ཡང་དུས་རྟག་ཏུ་ཆོས་གསན་པ་ཡིན་ནོ་ཞེས་བླ་ མ་ཨ་བ་དྷཱུ་ཏཱིས་གསུངས་སོ། །རང་གི་སྡུག་བསྔལ་ཡལ་བར་བོར་ནས་གཞན་གྱི་སྡུག་བསྔལ་གྱི་མེས་གདུངས་པ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཆོས་ཟབ་མོ་ལ་མི་སྐྲག་པར་མོས་པ་དང་། བདག་བསྒྲུབ་པ་དང་མི་འབྲལ་བར་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་ པ་དང་། གཞན་གྱི་དོན་དཀའ་བ་མེད་པར་མྱུར་དུ་བྱ་བ་དང་། མངོན་པར་ཤེས་པ་མྱུར་དུ་སྐྱེ་བར་འདོད་པས་ཐབས་ཁྱད་པར་ཅན་གྱི་ཐེག་པ་ལ་འཇུག་པར་བྱའོ། །བླ་མ་བཟང་པོ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུས་ནས་སྒྲུབ་པ་གཙོ་བོར་བྱའོ། །གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་ དབང་ནི་ཚངས་པར་སྤྱོད་པ་གྲོལ་བའི་ལམ་པས་མི་བསྐུར་ཞིང་། སློབ་མས་ཀྱང་མི་བླང་ངོ་། །དེ་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱེད་པས་སེམས་ཅན་དམྱལ་བར་སློབ་དཔོན་དང་སློབ་མ་གཉིས་ཐེ་ཚོམ་མེད་པར་འགྲོ་བར་འགྱུར་རོ། །གལ་ ཏེ་གསང་སྔགས་སྤྱོད་ན་དབང་མནོས་ལ་བུམ་པའི་དབང་ཐོབ་པ་དེས་རྒྱུད་གང་ཡང་རུང་བའི་སྒོར་ཞུགས་ལ་རང་འདོད་པའི་ལྷའི་ཏིང་ངེ་འཛིན་དང་། བཟླས་པའི་སྔགས་བླ་མ་ལ་ཞུས་ལ་སྒྲུབ་པ་གཙོར་བྱེད་ཅིང་དམ་ཚིག་དང་སྡོམ་པ་ཉི་ཤུ་ཤིན་ཏུ་གཙང་བར་བསྲུང་སྟེ་བསྒྲུབ་པར་བྱའོ། ། གང་གི་ཚེ་ནུས་པ་སྐྱེས་པ་ན་ཕྲིན་ལས་བཞི་དང་། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་ཀྱི་ས་གཞན་གྱི་དོན་བྱ་དཀའ་བ་མེད་པར་འགྱུར་རོ། །དེ་བས་ན་རྒྱུད་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ནི། །དངོས་གྲུབ་རླབས་ནི་འཁྲིགས་པ་ཅན། །དཔེ་འམ་ལུང་མ་བསྟན་ཚིག་གམ། ། རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །བདག་གི་བླ་མ་ཡ་བ་དྭཱི་པ་བསོད་སྙོམས་པ་ཨ་ཝ་དྷཱུ་ཏཱིའི་ཞལ་ནས། ཐེག་པ་གཉིས་པོས་སྤངས་པ་ཡང་། །འདིར་ཞུགས་ཕྱག་རྒྱ་ཆེན་པོ་འཐོབ། །དེའི་ཕྱིར་གསང་སྔགས་ ཐེག་པ་འདིར། །མཁས་པ་སུ་ཞིག་སྤྱོད་མི་བྱེད། །ཅེས་གསུངས་སོ། །དོན་གཅིག་ཉིད་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །གསང་སྔགས་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །འདིར་ ནི་དབང་བསྐུར་ཐོབ་པར་མ་བྱས་པར་འདིར་འཇུག་པར་མི་བྱ་བས་ལྷ་བསྒོམ་པ་དང་སྔགས་བཟླས་པ་མི་བྱ་སྟེ། རྗེས་སུ་གནང་བ་མ་ཐོབ་པས་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་རྣམ་པར་ཐར་པ་འདྲེས་པར་འགྱུར་བའི་ཕྱིར་རོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀུན་ནས་སྤྲོས་པ་ དང་བྲལ་བའི་རྫོགས་པའི་རིམ་པའི་མན་ངག་ནི་སྣོད་མ་ཡིན་པ་ལ་བསྟན་པར་མི་བྱའོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ཆགས་ལམ་པས་དབང་གཉིས་པོ་བླངས་པ་ལ་ཉེས་པ་མེད་དོ། །རང་གི་ཆུང་མས་ཆོག་ཤེས་ཤིང་། །གཞན་གྱི་བུད་མེད་ལ་མི་འགྲོ། །ལོག་པར་ གཡེམ་པ་རྣམ་པར་སྤངས། །དགེ་བསྙེན་དེ་ནི་མཐོ་རིས་འགྲོ། །ཞེས་མདོ་ལས་གསུངས་སོ། །སྒྲིབ་གཉིས་མྱུར་དུ་སྦྱངས་པ་དང་། །ཚོགས་གཉིས་མྱུར་དུ་བསགས་པའི་ཕྱིར། །གསང་སྔགས་ཐེག་པ་སྦྱང་བྱ་ཞེས། །མར་མེ་མཛད་དཔལ་ཡེ་ཤེས་སྨྲ། ། ཤཱཀྱའི་དགེ་སློང་བློ་རྣོན་པོ། །ཤེས་རབ་སྙིང་རྗེ་ཁྲིམས་དང་ལྡན། །ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བའི། །སློབ་མ་བཟང་པོས་བསྐུལ་ནས་བྲིས། །དེ་བ་པཱ་ལའི་ཐུགས་དམ་བི་ཀྲ་མ། །ཤཱི་ལ་ཞེས་བྱའི་གཙུག་ལག་ཁང་ཆེན་དུ། །བླ་མ་དམ་པ་རྣམས་ཀྱིས་ གསུངས་པ་བཞིན། །མར་མེ་མཛད་དཔལ་ཡེ་ཤེས་དེ་ཡིས་བྲིས། །ཟས་ནོར་ཕྲན་ཚེགས་ཙམ་ལ་མི་ལྟ་ཞིང་། །ལེགས་པར་མ་བརྟགས་པ་ལ་འདི་མི་སྦྱིན། །འཕགས་པ་ཀླུ་སྒྲུབ་གཞུང་ལ་མ་མོས་ན། །ཟབ་མོ་སྤངས་པས་སེམས་ཅན་དམྱལ་བར་འགྲོ། །ཐེག་ པ་ཆེན་པོ་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། མ་ཧཱ་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང་། ལོ་ཙཱ་བ་དགེ་བསྙེན་ཆེན་པོ་རྒྱ་བརྩོན་འགྲུས་སེང་ གེ་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་བྲྀཏྟི། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བའི་འགྲེལ་པ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། འགྲོ་བའི་སྡུག་བསྔལ་སེལ་མཛད་ཅིང་། །དཀར་པོ་རྣམ་པར་འཕེལ་བའི་རྒྱུ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ནས། །དབུ་མའི་མན་ངག་གསལ་བར་བྱ། །ཕྱིན་ཅི་ལོག་གི་རྣམ་རྟོག་གིས། །འཁོར་བའི་འདམ་དུ་བྱིང་བ་རྣམས། །མན་ངག་ལམ་ལ་ རབ་བརྟེན་ནས། །ཡང་དག་བྱང་ཆུབ་བསྒྲུབ་པའི་ཕྱིར། །མན་ངག་དོན་ཙམ་བཤད་པར་བྱ། །དེ་ལ། གང་གི་གསུང་གི་འོད་ཟེར་གྱིས། །ཞེས་བྱ་བ་ལ་སོགས་པས་ནི་ཡུལ་ཡོན་ཏན་དང་ལྡན་པ་ལ་ཕྱག་འཚལ་བ་རྩོམ་པར་བྱེད་དོ། །དེ་སློབ་དཔོན་དེ་དག་ཉིད་ཡ་རབས་དམ་པ་ ཉིད་དུ་ཤེས་པར་བྱ་བའི་ཕྱིར་རམ། བར་ཆད་ཀྱི་བགེགས་ཞི་བར་བྱ་བའི་ཕྱིར་རམ། བཤད་པར་དམ་བཅའ་བའི་ཕྱིར་དགོངས་པ་ཡིན་ནོ། །ཚིགས་སུ་བཅད་པ་འདིས་ནི་བསྡུས་པའི་དོན་གཉིས་བསྟན་ཏེ། ཡོན་ཏན་བརྗོད་པས་མཆོད་པ་དང་ཕྱག་འཚལ་བས་མཆོད་པ་དང་། ཡོན་ཏན་ཡང་གཞན་གྱི་ དོན་ཕུན་སུམ་ཚོགས་པ་དང་། རང་གི་དོན་དུ་འདུ་ཤེས་པར་བྱའོ། །གཞན་གྱི་དོན་ལ་ཡང་རྒྱུ་དང་འབྲས་བུ་སྟེ། དེ་ལ། གང་གི་གསུང་གི་འོད་ཟེར་གྱིས། །ཞེས་བྱ་བས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པ། ། ཞེས་བྱ་བས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དམ་པའི་སྐྱེས་མཆོག་ཅེས་བྱ་བས་ནི་རང་གི་དོན་མཐར་ཐུག་པ་སྟོན་པར་བྱེད་དོ། །རྣམས་ཞེས་བྱ་བ་ནི་དུ་མའོ། །འདུད་ཅེས་བྱ་བ་ནི་ཕྱག་འཚལ་བའི་ཚིག་གོ། །ཡན་ལག་གི་དོན་བཤད་པར་བྱ་སྟེ། གང་གི་ཞེས་བྱ་བ་ནི་བྱེད་ པ་པོའི་ཚིག་གམ། སྤྱིའི་སྒྲ་ཡིན་ཡང་ཡུལ་གཞན་རྣམ་པར་སྤངས་ནས་རྟེན་སངས་རྒྱས་ཁོ་ན་ལ་འཇུག་པར་གསལ་ཏེ། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པས་མཆོད་པ་དང་། ཕྱག་འཚལ་བས་མཆོད་པའི་སྐབས་ཡིན་ཏེ། ཁྲ་མོ་བོས་ཞེས་བྱ་བ་དང་འདྲ་སྟེ། སྤྱི་སྒྲ་ཡིན་ཡང་འོ་མ་ དགོས་པའི་སྐབས་སུ་བ་ཁྲ་མོ་ལ་འཇུག་གོ། །གསུང་གི་འོད་ཟེར་ཞེས་སྨོས་པས་ནི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཡང་བསྟན་ནོ། །དཀར་པོ་དང་། དམར་པོ་དང་། སྔོན་པོ་དང་། ཉི་ཟླའི་འོད་དང་འདྲ་སྟེ། ཉི་མ་ཤར་བས་འོད་ཀྱིས་མུན་ནག་ཆེན་པོ་སེལ་བར་བྱེད་པ་དང་། མེ་ཏོག་ ལ་སོགས་པ་ཁ་འབྱེད་པར་བྱེད་པ་དང་། སྨན་དང་འབྲས་བུ་སྣ་ཚོགས་སྨིན་པར་བྱེད་པ་དང་། བ་མོ་ལ་སོགས་པ་གྲང་བའི་རིག་པའི་གདུག་པ་ཞི་བར་བྱེད་པ་དང་། དྲོ་བའི་རག་པས་སེམས་ཅན་བདེ་བར་བྱེད་པ་དང་། ལམ་དང་ལམ་མ་ཡིན་པ་དང་། དངོས་པོ་མི་ གསལ་བ་གསལ་བར་བྱེད་པ་དང་། སྐར་མ་ལ་སོགས་པའི་འོད་གཞན་དག་ཟིལ་གྱིས་གནོན་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་སྒོ་ནས་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཆོས་བསྟན་པའི་འོད་ཟེར་གྱིས་འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ བར་བྱེད་པ་དང་། བློའི་པདྨ་ཁ་འབྱེད་པར་བྱེད་པ་དང་། རྒྱུད་མ་སྨིན་པ་ཀུན་སྨིན་པར་བྱེད་པ་དང་། བདུད་ལ་སོགས་པའི་གནོད་པ་ཞི་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང་། བླ་ན་མེད་པའི་བདེ་བ་ལ་འགོད་པར་བྱེད་པ་དང་། ལྟ་བ་ངན་པ་ སེལ་བར་བྱེད་སྤོང་བར་བྱེད་པ་དང་། ལྷ་ལ་སོགས་པའི་རྣམ་པར་སྨིན་པའི་འོད་ཟིལ་གྱིས་གནོན་པར་ཡང་མཛད་དོ། །དེ་ཡང་མོག་མོག་པོར་མཛད་དང་ཞེས་པས་ཀྱང་བསྟན་ཏོ། །འོད་ཟེར་གྱིས་ཞེས་བྱ་བ་ནི་བྱེད་པ་པོའི་བྱ་བ་སྟོན་པར་བྱེད་དོ། །འབྱེད་པར་བྱེད་ཅེས་བྱ་བ་ནི་ལས་སུ་བྱ་བ་སྟོན་ པར་བྱེད་དོ། །བདག་སོགས་ཞེས་སྨོས་པས་ནི་སློབ་དཔོན་བདག་ལ་སོགས་པ་སྟེ་གོ་སླའོ། །རྨོངས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་མ་གྱུར་པའི་ཕྱིར་རོ། །མ་ལུས་པ་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚེ་བ་མ་ཡིན་པ་དང་། ཀུན་ལ་ཁྱབ་པ་དང་ཐམས་ཅད་ ཀྱི་དོན་མཛད་པར་ཞུགས་པའི་ཕྱིར་རོ། །སྙིང་གི་པདྨ་ཁ་འབྱེད་པ། །ཞེས་པ་ནི་སེམས་ཀྱི་རྟེན་དུ་གྱུར་པའི་སྙིང་སྟེ། རྟེན་གྱི་མིང་བརྟན་པ་ལ་བརྟགས་པ་སྟེ། དེའི་ཕྱིར། སེམས་ཀྱི་པདྨ་ཁ་འབྱེད་པ། །ཞེས་བྱ་བའོ། །དེ་ཡང་པདྨ་དང་འདྲ་སྟེ། པདྨ་ནི་མཐོང་ན་དགའ་བ་བསྐྱེད་པ་དང་ དྲི་དང་ཁ་དོག་སྣ་ཚོགས་པ་དང་། སྦྲང་རྩི་ལ་སོགས་པའི་འབྱུང་གནས་ཡིན་པ་དང་། འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་ཤིང་ཁྱད་པར་དུ་འཕགས་པའོ། །དེ་བཞིན་དུ་སེམས་ཀྱང་དགའ་གདུང་སྣ་ཚོགས་ཀྱི་གནས་ཡིན་པ་དང་། ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ་མྱོང་བར་བྱེད་ པ་དང་། བྱང་ཆུབ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་དང་། གློ་བུར་བའི་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར་དག་པ་སྟེ། དེ་ཡང་། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་ བ་དང་། སེམས་ཀྱི་རང་བཞིན་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་བྱ་བས་ཀྱང་བསྟན་ཏོ། །ཁ་འབྱེད་པ་ཞེས་བྱ་བ་ནི་པདྨ་ཁ་འབྱེད་པ་དང་འདྲ་སྟེ། རིག་པའི་གནས་རྣམ་པ་ལྔ་ལ་བློ་རྒྱས་པར་བྱེད་དོ། །དེ་ཡང་། གང་ཞིག་འཛིན་དང་འདོན་དང་སྤྱོད་པ་དང་། ། གཞན་ལ་འདྲི་ཞིང་ཐོས་པ་འཛིན་བྱེད་དང་། །དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས། །པདྨ་བཞིན་དུ་རྣམ་པར་ཁ་འབྱེད་དོ། །ཞེས་བྱ་བ་དང་། ཡང་། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་ཅིས་ཀྱང་ཐམས་ཅད་མཁྱེན་ཉིད་འགྲུབ་མི་འགྱུར། །དེ་ཕྱིར་གཞན་ དག་ཚར་གཅད་རྗེས་སུ་གཟུང་ཕྱིར་རམ། །བདག་ཉིད་གོམས་པར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་བྱ་བས་ཀྱང་བསྟན་ཏོ། །དམ་པའི་སྐྱེས་མཆོག་ཅེས་བྱ་བས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་ལ་བྱ་སྟེ། སྐུ་གསུམ་གྱི་ངོ་བོ་ཉིད་དོ། །དེ་ལ་འདུད་ཅེས་བྱ་བ་ནི་ ཕྱག་འཚལ་བར་བྱེད་པ་སྟེ་ལུས་ངག་ཡིད་གསུམ་གྱི་ལས་དགེ་བའོ། །ད་ནི་མན་ངག་དངོས་སུ་བསྟན་པར་བྱ་སྟེ། དེ་ལ་ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་ཐོས་བསམ་བསྒོམ་གསུམ་གྱི་ཤེས་པས་མདོར་བསྡུས་ཏེ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལ་ཐེག་ པ་ནི་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་སྟེ། རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟེ་འདི་ནས་འགྲོ་བའི་ཕྱིར་རོ། །དེ་ཡང་སྔགས་ཀྱི་ཐེག་པའི་ཚུལ་དུ་བཤད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་དུ་བཤད་པ་སྟེ། གཞན་ནས་བཤད་པ་བཞིན་ནོ། །འབྲས་བུའི་ཐེག་པ་ ནི་སྐུ་གསུམ་གྱི་བདག་ཉིད་དེ། བགྲོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཆེན་པོ་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པས་ཆེ་བ་སྟེ། དེ་ཡང་། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་བ། །ཞེས་བྱ་བས་ཀྱང་བསྟན་ཏོ། །དེ་ལ་ཤེས་རབ་ཆེན་པོས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་ཅི་ ལ་ཡང་མ་ཆགས་པའོ། །སྙིང་རྗེ་ཆེན་པོས་ནི་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པས་ཐབས་དང་ཤེས་རབ་འབྲེལ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ནོ། །ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཆུང་བ་ནི་ཐེག་པ་ཆུང་ངུ་ཞེས་བྱ་སྟེ། དེ་ཡང་། ཐབས་མེད་ཤེས་ རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། །ཞེས་བྱ་བས་ཀྱང་གསུངས་སོ། །དེའི་ཕྱིར་ཉན་ཐོས་ནི་མྱ་ངན་ལས་འདས་པའི་མཐར་ལྟུང་སྟེ། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ནས་སེམས་ཅན་གྱི་དོན་ཡལ་བར་དོར་རོ། །སོ་སོའི་སྐྱེ་བོ་ རྣམས་ནི་འཁོར་བའི་མཐར་ལྟུང་སྟེ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ངོ་། །བྱང་ཆུབ་སེམས་དཔའ་ནི་མཐའ་དེ་དག་སྤངས་ཏེ། ཤེས་རབ་ཆེན་པོས་ནི་འཁོར་བའི་མཐའ་ལ་མི་གནས། ཐུགས་རྗེ་ཆེན་པོས་ནི་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་དེ་ནི་མཐའ་གཉིས་ ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། སྟོང་པ་སྙིང་རྗེ་དབྱེར་མེད་པ། །རྒྱུད་གང་ལ་ནི་རབ་བརྟེན་པ། །འཇིག་རྟེན་མགོན་གྱི་སྒྲུབ་ཐབས་ཏེ། །འདི་ནི་སངས་རྒྱས་ཀུན་གྱིས་བཤད། །ཅེས་བྱ་བས་གསུངས་ སོ། །དེའི་ཕྱིར་ཐེག་པ་ཆེན་པོ་ནི་ཤེས་རབ་དང་སྙིང་རྗེ་ཡིན་ནོ། །དབུ་མ་ནི་མཐའ་ཐམས་ཅད་དང་བྲལ་བ་དང་། སྙིང་པོའི་དོན་གྱི་དབུ་མ་སྟེ། དེ་ཡང་སྒྲ་དང་དོན་ཏོ། །དོན་གྱི་དབུ་མ་ནི་བདེན་པ་གཉིས་ཏེ་འོག་ནས་བཤད་དོ། །སྒྲའི་དབུ་མ་ནི་དབུ་མ་བརྗོད་པའི་སྒྲ་སྟེ། མཐའ་ གཉིས་སྤོང་བའི་ཚིག་གདགས་པ་ཙམ་མོ། དེའི་མན་ངག་ནི་གཅེས་སྤྲས་སུ་བྱ་བ་སྟེ། ཚེགས་ཆུང་ངུས་དོན་ཆེན་པོ་རྟོགས་པས་ན་མན་ངག་སྟེ། དེ་བསྒོམ་ཞེས་བྱ་བར་སྦྱར་ཏེ་འོག་ནས་འཆད་དོ། །ཐོག་མ་མེད་པ་ནས་ཞེས་བྱ་བ་ནི་འཁོར་བ་ཐོག་མ་ཐ་མ་མེད་པའོ། །དངོས་པོར་ ཞེན་པ་ནི་བདེན་པར་ཞེན་པའོ། །གཟུང་འཛིན་ལ་སོགས་པར་རོ། །བདེན་པ་གཉིས་སུ་བཞག་གོ་ཞེས་བྱ་བ་ནི་ཡང་དག་པར་ན་གཅིག་དང་ཐ་མི་དད་པར་བསྟན་ཏེ། གཅིག་ན་ནི་ཀུན་རྫོབ་སྤོང་བ་བཞིན་དུ་དོན་དམ་པ་ཡང་སྤོང་བ་ཉིད་དུ་འགྱུར་ལ། ཀུན་རྫོབ་ཐ་དད་པ་བཞིན་དུ་དོན་དམ་ པ་ཡང་ཐ་དད་པར་འགྱུར་རོ། །ཀུན་རྫོབ་དྲི་མ་དང་བཅས་པ་བཞིན་དུ་དོན་དམ་པ་ཡང་དྲི་མ་དང་བཅས་པར་འགྱུར་རོ། །ཐ་དད་ན་ནི་ཆོས་ཅན་དང་ཆོས་ཉིད་དུ་ཡང་མི་འགྱུར་ལ། འདུས་བྱས་ཀྱི་མཚན་མ་ཟིལ་གྱིས་གནོན་པར་ཡང་མི་འགྱུར་ཏེ། ལམ་སྒོམ་ པ་ཡང་དོན་མེད་པར་འགྱུར་རོ། །དེ་བས་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ། །རྒྱས་པར་ནི་གཞན་ནས་བཤད་པ་བཞིན་ནོ། །དེ་ཡང་ཇི་སྐད་དུ་ཞེ་ན། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་ཉིད་ལས་རྣམ་པར་གྲོལ། །གཅིག་དང་ཐ་དད་ཉིད་དུ་ གང་རྟོག་པ། །དེ་ནི་ཚུལ་བཞིན་མ་ཡིན་ལོག་ཞུགས་ཡིན། །ཞེས་གསུངས་པ་དང་། ཡང་དུང་ལ་སོགས་པའི་དཀར་པོ་ཉིད་བཞིན་དུ་དེ་ཉིད་དང་གཞན་པ་ལས་གྲོལ་བར་བསྟན་ཏེ་མདོར་བསྡུས་པའི་དོན་ཏོ། །ཡན་ལག་རྒྱས་པར་བཤད་དེ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཅེས་བྱ་ བ་ལ་སོགས་པ་ནི་ཐོས་བསམ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་སློབ་པ་ཞེས་བྱ་བར་སྟོན་ཏོ། །དེ་ལ་ཀུན་རྫོབ་ནི་འཁྲུལ་པའི་ཤེས་པ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་སྒྲིབ་པ་ནི་གཞན་དུ་ཇི་ལྟར་བཤད་པ་བཞིན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པའི་དོན་ ཏེ་གོ་སླའོ། །ཚུ་རོལ་མཐོང་བ་ནི་བདེན་པ་མ་མཐོང་བ་རྣམས་སོ། །ངོར་བྱས་པ་ནི་ཞེན་པའི་བསམ་པ་དང་སྦྱར་བའོ། །རྒྱུ་འབྲས་ལ་སོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་སོ། །ཇི་ལྟར་སྣང་བ་ནི་མ་བརྟགས་ན་ཉམས་དགའ་བ་སྟེ། སྣང་ལ་རང་ བཞིན་མེད་པའི་དོན་ཏེ། དེ་ཡང་། གང་དག་རྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པ། །འདོད་པ་དེ་དག་ལྟས་མི་འཕྲོགས། །ཞེས་བྱ་བས་ཀྱང་བསྟན་ཏེ། བདེན་པ་ནི་དོན་བྱེད་ནུས་པ་ཉིད་དུ་བདེན་པ་དང་། སྣང་བ་ཙམ་དུ་བདེན་ པ་སྟེ། བརྟགས་ཤིང་དཔྱད་ན་བདེན་པར་མ་གྲུབ་ཅེས་བྱ་བའི་དོན་ཏོ། །དེ་ཡང་། རིགས་པས་བརྟགས་ན་བདེན་མ་ཡིན། །དེ་ལས་གཞན་དུ་བདེན་པ་སྟེ། །དེས་ན་དངོས་པོ་གཅིག་ཉིད་ལ། །བདེན་དང་མི་བདེན་ཇི་ལྟར་འགལ། །ཞེས་བྱ་བས་ཀྱང་བསྟན་ཏོ། །དོན་དམ་ པར་ཞེས་བྱ་བ་ནི་ཡང་དག་པའི་ཤེས་རབ་སྟེ། ཡང་དག་པའི་དོན་ལ་མི་སླུ་བས་སམ་འབྲས་བུ་དམ་པ་འབྱིན་པས་ནི་དོན་དུ་གཉེར་བ་བྱས་པས་དམ་པ་སྟེ། དེས་བརྟགས་ན་འགའ་ཡང་གྲུབ་པ་མེད་དོ། །ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་སོ། །གཏན་ཚིགས་ཆེན་པོ་ ཞེས་བྱ་བ་ནི་གཏན་ཚིགས་ནི་བསྒྲུབ་བྱ་སྒྲུབ་པ་ལ་མི་སླུ་བས་ན་གཏན་ཚིགས་ཏེ། ཐ་སྙད་ཀྱི་ཚད་མ་ལས་རང་བཞིན་འབྲེལ་པ་ཡོད་ན་དོན་གྱིས་གོ །ཞེས་བྱ་བས་ཀྱང་བསྟན་ཏོ། །ཆེན་པོ་ནི་དུ་བ་ལ་སོགས་པའི་ཐ་སྙད་ཀྱི་གཏན་ཚིགས་ལ་ལྟོས་ཏེ་ཆེན་པོ་ཡིན་ལ། དེ་དག་ནི་ཐ་སྙད་ཀྱི་ དོན་ལ་མི་སླུ་བ་ཡིན་ནོ། །འདིར་ནི་ཡང་དག་པའི་དོན་ལ་མི་སླུ་བ་དང་། དངོས་པོའི་བྱེ་བྲག་ཐམས་ཅད་འཇོམས་པར་བྱེད་པ་དང་། ལྟ་བ་ངན་པའི་གདོན་ཐམས་ཅད་ཞི་བར་བྱེད་པ་དང་། སྤྲོས་པའི་མཐའ་ཐམས་ཅད་འགོག་པར་བྱེད་པས་ན་ཆེན་པོའོ། །དེ་བས་ན། རྒྱལ་བ་ཀུན་གྱི་སྟོང་ ཉིད་ནི། །ལྟ་ཀུན་ངེས་པར་སེལ་བ་ཡིན། །ཞེས་བྱ་བས་ཀྱང་གསུངས་སོ། །རྣམས་ཀྱིས་ནི་རྣམ་པ་བཞི་སྟེ། དེ་ཡང་། གང་གི་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་དང་། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང་། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་བྱ་བ་དང་། བདག་ དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ནི་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བྱ་སྟེ། སྦྱོར་བའི་ཆ་གཅིག་ཙམ་མོ། །རྒྱས་པར་ནི་གཞན་དུ་བཤད་པ་བཞིན་ནོ། །གཤེགས་ཤིང་བསལ་བ་ནི་ཕྱོགས་ཆའི་ དབྱེ་བས་ཏེ། ཆ་བཅུ་དྲུག་གམ་བཅུ་ལ་སོགས་པའི་བརྟགས་པས་སོ། །སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ནི་ཤིན་ཏུ་ཡང་ཕྲ་བའི་ཚད་དོ། །ཁོང་དུ་ཆུད་པ་ནི་ཐོས་བསམ་གྱི་ཤེས་པས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་བསླབ་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་ཡང་སློབ་པའི་ སྔོན་དུ་འགྲོ་བ་ནི་ཐོས་བསམ་གྱི་ཤེས་པ་སྟེ། ཐོས་བསམ་བྱས་ནས་སྒོམ་པ་ནི། དེ་ཡང་། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། ཞེས་བྱ་བ་དང་། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །ཞེས་བྱ་བས་ ཀྱང་བསྟན་པའོ། །ད་ནི་མན་ངག་བསྒོམ་པའི་རིམ་པ་བསྟན་པར་བྱ་སྟེ། མན་ངག་ནི་གོང་དུ་བཤད་ལ། བསྒོམ་པ་ནི་སྦྱོར་བ་དང་། དངོས་གཞི་དང་། རྗེས་རྣམ་པ་གསུམ་མོ། །སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་བསྟན་ཏེ། སེམས་ ཅན་ཐམས་ཅད་མི་སྤོང་བའི་བསམ་པ་དང་། བརྩོན་འགྲུས་ཆེན་པོ་ཚད་མེད་པས་བྱང་ཆུབ་ཆེན་པོ་བསྒྲུབ་པའི་སེམས་པའོ། །རེ་ཞིག་དངོས་པོ་ནི་གཉིས་ཏེ་ཞེས་བྱ་བས་ནི་བརྟག་པའོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་ བ་ཡིན་པས་དངོས་པོ་ཀུན་ལ་ཁྱབ་སྟེ་ཕུང་པོ་གསུམ་པ་སེལ་བར་བྱེད་དོ། །དེ་ལ་གཟུགས་ཅན་ནམ་ཞེས་བྱ་བས་ནི་གཟུགས་མ་གྲུབ་པར་སྟོན་ཏེ། དེ་ཡང་རྒྱུ་དང་འབྲས་བུར་འདོད་དོ། །དེ་ལ་རྒྱུ་ནི་འབྱུང་བ་བཞི་པོ་རྡུལ་ཕྲ་རབ་ཡིན་ལ། དེ་ཡང་ཆ་དུ་མར་དམིགས་པས་ཆ་མེད་པའི་གཅིག་ པུ་མི་འགྲུབ་བོ། །གཅིག་པུ་མ་གྲུབ་ན་དུ་མ་ཉིད་ཀྱང་མི་འགྲུབ་སྟེ། དུ་མ་ནི་གཅིག་ལ་སོགས་པའི་ངོ་བོ་ཡིན་ནོ། །དེ་ལྟར་གཅིག་དང་དུ་མ་མ་གཏོགས་པར་ཕུང་པོ་གཞན་ཡང་མི་འགྲུབ་སྟེ། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། ། དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་ཡང་རྡུལ་ཕྲ་རབ་མ་གྲུབ་ན་འབྲས་བུའི་གཟུགས་ཀྱང་མི་འགྲུབ་སྟེ། ས་བོན་མེད་ན་མྱུ་གུ་འགགས་པ་བཞིན་ནོ། །དེ་ཡང་། དེ་ལྟར་རྩོམ་བྱེད་མེད་པའི་ཕྱིར། ། རྫས་ལ་སོགས་པ་གསལ་ཞེས་བྱ་བས་བསྟན་ཏོ། །ཤིན་ཏུ་སྣང་བ་ཡང་མེད་དོ། །ཞེས་བྱ་བ་དང་། སྣང་བ་ནི་མཚན་མ་སྟེ། འཆིང་བའི་རྒྱུ་ཡིན་པས་ན་མཚན་མ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཀྱི་མཚན་མ་མ་དམིགས་པ་ཉིད་དུ་སྟོན་པས་གཟུགས་ཅན་ མ་ཡིན་པ་ཞེས་བྱ་བ་སྨོས་སོ། །དེ་ལ་དོན་བྱེད་ནུས་པ་ནི་སྐད་ཅིག་མ་ཡིན་པས་སྐད་ཅིག་གི་ཆ་དབྱེ་བར་བྱ་སྟེ། དེ་ཡང་འདས་པ་ནི་དངོས་པོ་ཞིག་པས་མེད་དོ། །ཡོད་ན་ནི་ད་ལྟ་ཉིད་དུ་འགྱུར་རོ། །མ་འོངས་པ་ནི་དངོས་པོ་མ་སྐྱེས་པས་མེད་དོ། །ཡོད་ན་ནི་ད་ལྟ་བ་བཞིན་དུ་མ་འོངས་ པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་ད་ལྟ་བའི་སེམས་ཤིན་ཏུ་བརྟག་དཀའ་སྟེ་ཞེས་བྱ་བ་སྨོས་སོ། །བརྟག་དཀའ་བ་ནི་བརྩལ་ན་དམིགས་སུ་མེད་པས་སོ། ཁ་དོག་དང་དབྱིབས་དང་བྲལ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་དང་། རིང་པོ་དང་ཐུང་ངུ་ལ་སོགས་པ་དང་བྲལ་བས་སོ། ། གཅིག་དང་དུ་མ་དང་བྲལ་བས་ནི་གཅིག་དང་དུ་མས་བརྟག་མི་བཟོད་དེ་གཞན་དུ་བཤད་པ་བཞིན་ནོ། །མ་སྐྱེས་པ་ནི་ཡོད་པ་དང་མེད་པ་མ་སྐྱེས་པས་སོ། །རང་བཞིན་གྱིས་འོད་གསལ་བ་ནི་རང་ལ་མི་རྟོག་པ་དང་། དྲི་མ་དང་བྲལ་བས་ནི་རང་བཞིན་གྱིས་འོད་གསལ་བའོ། །སྩོགས་ པ་སྨོས་པ་ནི་མུ་བཞི་སྐྱེ་བ་དང་བྲལ་བས་སམ། རང་དང་གཞན་དང་གཉིས་ཀ་དང་། རྒྱུ་མེད་པ་ལ་སོགས་པ་སྐྱེ་བ་དང་བྲལ་བ་དང་། ཡང་དག་པར་ན་ཡོད་མེད་ཀྱི་མཐའ་ལས་འདས་ཏེ་སྒྱུ་མ་ལྟ་བུའོ། །རིགས་པའི་མཚོན་གྱིས་ཞེས་པ་ནི་རིགས་པ་ཉིད་མཚོན་དང་འདྲ་སྟེ་གཅོད་ པར་བྱེད་ཅིང་འཇིག་པར་བྱེད་པས་སོ། །ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང་། སངས་རྒྱས་རྣམས་ཀྱིས་ནམ་ཡང་ནི། །གཏན་དུ་ཆོས་རྣམས་ཐམས་ཅད་དག །སེམས་མ་རྙེད་ཅིང་ཆོས་མཁྱེན་པ། །དམིགས་མི་མངའ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་ སོ། །མ་གྲུབ་པར་རྟོགས་པས་ནི་སྦྱོར་བའི་ཤེས་པས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་སྟོན་པར་བྱེད་དོ། །གཉིས་པོ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །མ་གྲུབ་པ་ནི་དོན་དམ་པར་མ་གྲུབ་པ་སྟེ། གཞན་གྱི་རྟོག་པ་ བཀག་པའོ། །སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ་ཞེས་བྱ་བས་ནི་བདག་ཉིད་ཀྱི་རྟོག་པ་འགོག་པར་བྱེད་དོ། །ཤེས་རབ་ནི་དངོས་པོའི་བྱེ་བྲག་ཡིན་པས་དངོས་པོ་མ་གྲུབ་ན་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ། ཤིང་མ་གྲུབ་ན་ཤ་པ་ལ་སོགས་པ་བཀག་པ་བཞིན་ནོ། ། དེ་ཡང་བསྲེག་བྱ་ཚིག་པའི་མེ། །བསྲེག་བྱ་ཚིག་ནས་མི་གནས་ལྟར། །ཞེས་པ་དང་། ཡང་གོང་དུ་བསྡུས་པའི་ཚུལ་གྱིས་སེམས་མ་གྲུབ་ན་སེམས་ལས་བྱུང་བ་ཡང་མི་འགྲུབ་སྟེ། ཉི་མ་དང་འོད་ཟེར་བཞིན་ནོ། །སེམས་ནི་དེ་ལྟར་བཀག་པའི་ ཕྱིར། །སེམས་ལས་བྱུང་བ་རྣམས་ཀྱང་བསལ། །ཞེས་པའོ། །དཔེར་ན་ཤིང་གཉིས་དྲུད་པ་ལས། མེ་འབྱུང་བའི་རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ལུང་གི་སྒོ་ནས་འཆད་པར་བྱེད་དེ། སོ་སོར་རྟོག་པའི་ཤེས་རབ་ནི་མེ་དང་འདྲ་ལ། རྟོག་པ་ཐམས་ཅད་ནི་བུད་ཤིང་དང་ འདྲ་བར་གསུངས་ཏེ། ཇི་སྐད་དུ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ན་ཉེ་ཞིར་འགྱུར། །ཞེས་བྱ་བ་དང་། སོ་སོར་རྟོག་པའི་མེ་དག་ཏུ། །མི་དགེའི་རྟོག་པ་ཀུན་བསྲེག་པས། །ཞེས་གསུངས་ སོ། །རང་དང་སྤྱིའི་མཚན་ཉིད་ཅེས་པ་ནི་སྤྱིའི་མཚན་ཉིད་ནི་སྟོང་པ་དང་བདག་མེད་པ་ལ་སོགས་པའོ། །རང་གི་མཚན་ཉིད་དགའ་བ་དང་གདུང་བ་ལ་སོགས་པའོ། །ཤེས་རབ་དེ་ཉིད་ནི་མཉམ་པར་གཞག་པའི་ཤེས་པ་དེ་ཉིད་དོ། །སྣང་བ་མེད་པ་ནི་བདག་དང་གཞན་གྱི་རྟོག་པ་དང་བྲལ་བའོ། །དེ་ ཡང་། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་བས། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟེན་ཕྱིར་མི་བཞེངས་སོ། །ཞེས་བྱ་བས་ཀྱང་བསྟན་ཏོ། །འོད་གསལ་བ་ནི་རང་བཞིན་གྱིས་རྣམ་པར་དག་པས་སོ། །མཐའ་དང་བྲལ་བ་ནི་རྟག་ཆད་ལ་ སོགས་པ་དང་བྲལ་བའོ། །ཅིར་ཡང་མ་གྲུབ་པ་ནི་གཅིག་པ་དང་དུ་མ་ལ་སོགས་པ་གང་དུ་ཡང་མ་གྲུབ་པས་སོ། །བྱིང་བ་དང་རྒོད་པ་ལ་སོགས་པ་ཐམས་ཅད་ནི་ཏིང་ངེ་འཛིན་གྱི་སྐྱོན་ཏེ། དེ་ཡང་བྱིང་བ་ནི་ནང་དུ་རྨུགས་པའོ། །རྒོད་པ་ནི་སེམས་རྣམ་པར་གཡེངས་པའོ། །སྩོགས་པས་ ནི་མཚན་མ་གཞན་དག་ཀྱང་ངོ་། །གནས་སྐབས་དེར་ནི་མཉམ་པར་གཞག་པའི་གནས་སྐབས་དེར་རོ། །ཅིར་ཡང་མི་འཛིན་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བས་སོ། །དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤངས་ པའོ། གཟུགས་སྡུ་གུ་ལ་སོགས་པ་སྤངས་པའོ། །རྣམ་པར་རྟོག་པའི་དགྲའམ་ཆོམ་རྐུན་གྱི་དགྲའམ་ཆོམ་རྐུན་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་ནོར་འཕྲོགས་པས་དགྲ་སྟེ། དེའི་ཕྱིར་ཤེས་བཞིན་གྱི་བྱ་ར་བས་དེ་དག་སྤང་བའོ། །དེ་ཡང་ཇི་སྐད་དུ། སེམས་ཀྱི་གླང་པོ་ལོག་འགྲོ་བ། ། དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་གསུངས་སོ། །ཐ་སྙད་དུ་ནི་མ་ཆེན་པོ་དམིགས་ན་སྤུ་ལངས་པའི་བྱེ་བྲག་བཀག་པ་བཞིན་ནོ། །དེའི་ཕྱིར་ཚོགས་གཉིས་བསགས་པས་གཉིས་སུ་སྣང་བ་བསྐྱེད་ པར་མི་རིགས་སོ། །གལ་ཏེ་བཅོམ་ལྡན་འདས་ནི་སྒྱུ་མའི་མཁན་པོ་བཞིན་དུ་སྒྱུ་མ་ལ་སྒྱུ་མ་ཉིད་དུ་མཁྱེན་ཅིང་བདེན་པ་ཉིད་དུ་ཞེན་པ་མི་འབྱུང་བས་དེ་ཉིད་མ་འཁྲུལ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་ཀྱང་བདག་ལ་བདག་རྟག་པ་ཉིད་དུ་ཤེས་པ་དང་། ཉན་ཐོས་ཀྱིས་ཀྱང་ དངོས་པོ་ལ་དངོས་པོ་ཉིད་དུ་ཤེས་པ་དང་། སེམས་ཙམ་དུ་སྨྲ་བས་ཀྱང་རང་རིག་ལ་དོན་དམ་ཉིད་དུ་ཤེས་པ་དེ་ཉིད་མ་འཁྲུལ་པ་ཡིན་ནོ་ཞེས་བརྗོད་ན་ཇི་སྐད་དུ་སྨྲ་བར་བྱ། གལ་ཏེ་བདག་ལ་སོགས་པ་ནི་དངོས་པོ་ནི་ཤེས་བྱ་ལ་མི་གནས་ཏེ། ཚད་མས་གནོད་ཅིང་ཚད་མས་མ་གྲུབ་པས་ན་སྒྲོ་ བཏགས་པ་ཙམ་དུ་ཟད་པས་དེར་འཛིན་པ་ནི་འཁྲུལ་པ་ཉིད་དུ་འགྱུར་གྱི། སྒྱུ་མ་ཙམ་དུ་ནི་ཚད་མས་གྲུབ་ཅིང་ཚད་མས་མི་གནོད་པ་དེ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་འཁྲུལ་པར་མི་འགྱུར་རོ་ཞེ་ན་དེ་ནི་མི་རིགས་ཏེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་ཤེས་བྱ་ལ་སྒྱུ་མ་ལྟ་བུར་གནས་པ་ནི་གང་དུ་ཡང་མ་གྲུབ་སྟེ། ཤེས་པ་མ་འཁྲུལ་བའི་ཤེས་བྱ་ལ་རབ་རིབ་ལ་སོགས་པ་མི་གནས་པ་བཞིན་ནོ། །གལ་ཏེ་ཀུན་རྫོབ་ཇི་ལྟར་སྣང་བ་བཞིན་དུ་མ་མཁྱེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མི་འགྱུར་རོ་ཞེ་ན། དེ་ལྟར་ན་ནི་དབང་པོ་སྐྱོན་མེད་ཀྱི་མངོན་སུམ་ལ་སྒྱུ་མའི་རྟ་དང་རབ་རིབ་ལ་སོགས་པ་མི་སྣང་བས་མངོན་ སུམ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འཁྲུལ་པ་སྤངས་པའི་ཡེ་ཤེས་ལ་བརྫུན་པ་མི་རིགས་ཏེ། བརྫུན་པ་སྣང་ན་ནི་ཡེ་ཤེས་དེ་ཉིད་ཀྱང་འཁྲུལ་པ་ཉིད་དུ་འགྱུར་ཏེ། སྨིག་རྒྱུ་ལ་ཆུར་ཤེས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཡུལ་དེ་ཡང་དངོས་པོ་ཉིད་དུ་འགྱུར་བ་དང་། ཤེས་པ་གང་ ཡང་འཁྲུལ་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་མཐར་ཐུག་པའི་ཡེ་ཤེས་ལ་གཉིས་སུ་སྣང་བའི་མཚན་མ་ག་ལ་འབྱུང་། གཉིས་སུ་སྣང་བ་དང་མཚན་མ་འཁྲུལ་པ་ནི་མིང་ཙམ་ཐ་དད་ཀྱི་དོན་ཐ་དད་མེད་དོ། །མདོ་ལས་ཇི་སྐད་དུ། རབ་འབྱོར་གཟུགས་ནི་མཚན་ མའོ། །སྒྲ་ནི་མཚན་མའོ་ཞེས་བྱ་བ་དང་། ཡང་། སངས་རྒྱས་དྲང་སྲོང་ཆེན་པོ་དང་། །རྒྱལ་སྲས་རྣམས་ཀྱི་ཏིང་ངེ་འཛིན། །མཚན་མ་རྣམ་པར་སྤངས་པ་ཡིན། །འཇིག་རྟེན་རྣམས་ཀྱི་མཚན་པར་བཅས། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གལ་ཏེ་ཀུན་རྫོབ་མེད་པར་དོགས་པའི་ འཇིགས་པས་སྐྲག་ནས་ཡེ་ཤེས་ལ་ཀུན་རྫོབ་མི་སྣང་ན་སྣང་བ་གསལ་བར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། མི་སྣང་བ་ལ་གསལ་བས་མ་ཁྱབ་པས་མ་ངེས་པ་ཉིད་དུ་འགྱུར་རོ། །དབང་པོ་སྐྱོན་མེད་ཀྱི་ཤེས་པ་ལ་ཟླ་བ་གཉིས་པ་དང་། རབ་རིབ་ལ་སོགས་པ་མི་སྣང་སྟེ། ཤེས་པ་དེས་དེ་ དག་གསལ་བ་མ་ཡིན་པ་བཞིན་ནོ། །ཤེས་རབ་དང་ཡེ་ཤེས་ཀྱིས་བརྟགས་ན་ནི་བདེན་པ་དང་བརྫུན་པ་དང་། ཡོད་པ་དང་མེད་པ་དང་། ཆོས་གང་ཡང་གནས་པ་མེད་པས་རབ་ཏུ་མི་གནས་པའི་དབུ་མ་ཞེས་བྱ་སྟེ། ཇི་སྐད་དུ། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་ མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་གསུངས་སོ། །འདིས་ནི་ཐོས་བསམ་གྱི་རིམ་པ་ཡང་བཤད་པ་ཡིན་ནོ། །དེ་ལས་གཞན་དུ་ཐ་སྙད་ཀྱི་ཚད་མའི་ཡུལ་དུ་ཀུན་རྫོབ་ཐམས་ཅད་གནས་པ་ཡིན་པས་བཀག་པ་ནི་མ་ཡིན་ ནོ། །ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་རྩེ་གཅིག་པ་སྟེ། དེ་མ་ཐག་ཏུ་བསམ་གྱིས་མི་ཁྱབ་པའི་སྐུ་གསུམ་འགྲུབ་པའི་རྒྱུ་ནུས་པ་ཐོགས་པ་མེད་པ་ཡིན་ནོ། །མངོན་སུམ་དུ་བྱས་ཕན་ཆད་ནི། །ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་ཕན་ཆད་ནི་མཉམ་པ་ཉིད་ དུ་བྱང་ཆུབ་པས་ཡེ་ཤེས་ཀྱི་བྱེ་བྲག་ཐ་དད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཅིག་སྟེ། གངྒཱ་དང་། སིནྡྷུ་དང་། པཀྵུ་ལ་སོགས་པ་ཆུའི་བྱེ་བྲག་ཐ་དད་ཀྱང་རྒྱ་མཚོ་ཆེན་པོའི་རང་བཞིན་དུ་གཅིག་སྟེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། ། ཞེས་པ་སྟེ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་རབ་ཏུ་བཤད། །ཅེས་གསུངས་པས་སོ། །རྗེས་ཐོབ་མི་མངའ་བ་ནི་མཚན་མ་མི་འབྱུང་བས་སོ། །དུས་ནི་སྔ་ཕྱི་ལ་སོགས་པའོ། །མཉམ་པར་གཞག་པ་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་སོ། །ཇི་སྐད་དུ། གླང་ཆེན་བཞུགས་ཀྱང་མཉམ་པར་བཞུགས། །གླང་ཆེན་བཞེངས་ཀྱང་མཉམ་པར་བཞེངས། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཉིས་སུ་སྣང་བའི་མཚན་མ་འབྱུང་ནའོ། །ཁྱད་པར་མེད་པ་ནི་སློབ་མའི་ལམ་ལ་གནས་པ་དང་། ཁྱད་པར་མེད་པ་དང་། གཟུང་ བ་དང་འཛིན་པའི་འཁྲུལ་རྟོག་མ་སྤངས་པ་སྟེ། མཉམ་པ་ཉིད་དུ་བྱང་ཆུབ་པར་མི་འགྱུར་བས་གཉིས་སུ་སྣང་བའི་མཚན་མ་འབྱུང་བར་མི་རིགས་པའོ། །ཇི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །མཚན་མ་ཐམས་ཅད་སྤངས་ཕྱིར་རོ། །ཞེས་བྱ་བ་དང་། ཡང་རབ་ འབྱོར་ཡེ་ཤེས་ལ་ཡུལ་མེད་དོ། །ཡེ་ཤེས་ལ་ཡུལ་ཡོད་ན་ཡེ་ཤེས་མི་ཤེས་པར་འགྱུར་རོ་ཞེས་གསུངས་པས་མཚན་མ་ག་ལ་འབྱུང་། གལ་ཏེ་གཉིས་སུ་སྣང་བ་མི་འབྱུང་ན་ཡེ་ཤེས་ཀྱི་སྣང་བ་རྒྱུན་ཆད་པར་འགྱུར་བ་དང་། སྨོན་ལམ་བཏབ་པ་དང་། ཚོགས་བསགས་པ་ཡང་དོན་ མེད་དོ་སྙམ་པ་ལ། གཞན་གྱི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་མི་རྟོག་པའི་ངང་ལས་གཟུགས་སྐུ་གཉིས་འབྱུང་ཞིང་། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་པར་གསུངས་སོ། །རྣམ་རྟོག་མི་མངའ་ཡང་སེམས་ཅན་གྱི་དོན་འབྱུང་བ་ནི་འགལ་བ་མེད་དོ། ། རྒྱ་མཚོ་ལས་རླབས་འབྱུང་བ་དང་། ཉི་མ་ལས་འོད་འབྱུང་བ་དང་། ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟ་བུ་སྟེ། གཞན་ལས་ཀྱང་མཆོད་སྡོང་ལ་སོགས་པའི་དཔེས་རྟོག་པ་མི་མངའ་ཡང་སེམས་ཅན་གྱི་དོན་འབྱུང་བར་བསྟན་ཏོ། །རིགས་པ་ནི་གནོད་པ་ཅན་གྱི་ཚད་མའོ། ། ལུང་ནི་སངས་རྒྱས་ཀྱི་བཀའོ། །མི་བརྗོད་པ་ནི་མངས་ཀྱིས་དོགས་པའོ། །གཞན་གྱི་དོན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ནོ། །བསྐལ་པ་གྲངས་མེད་པ་ནི་གྲངས་ལས་འདས་པའོ། །ཚོགས་ནི་རྒྱུའི་དོན་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །སྨོན་ལམ་བཏབ་ པ་ནི་གཞན་གྱི་དོན་དུའོ། །གདུལ་བྱ་རྣམས་ནི་མིག་ལ་སོགས་པ་སྟེ། རྒྱུད་དག་པ་རྣམས་ཀྱིའོ། །ཇི་ལྟར་འདོད་པ་ནི་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་ངོ་བོར་སྣང་བ་སྟེ། རིགས་སྣ་ཚོགས་པ་བཞིན་དུ་མོས་པ་ཇི་ལྟ་བ་བཞིན་དུ་འགྱུར་བའོ། །ཇི་སྐད་ དུ། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་བསྟན་པ་ཡིན། །ཟབ་མོའི་ཆོས་ཉིད་བསྟན་པ་ལས། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་ལྡན་བྱ། །ཞེས་གསུངས་སོ། །དངོས་སུ་ནི་བཅོམ་ལྡན་འདས་ ལ་སངས་རྒྱས་ཀྱི་སྐུ་ལ་སོགས་པ་དང་། གཉིས་སུ་སྣང་བའི་མཚན་མ་མི་མངའ་སྟེ། དེ་ཡང་། ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་། །མི་རྟོག་ངང་ལ་གནས་པའོ། །དེ་ཡང་ཇི་སྐད་དུ། གང་ཞིག་ང་ལ་གཟུགས་སུ་མཐོང་། །ཞེས་གསུངས་སོ། །དེའི་ཕྱིར་ཆོས་ཀྱི་སྐུ་ ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་ནི་མཐའ་དང་དབུས་དང་ཁ་དོག་དུ་མ་ལ་སོགས་པའི་ཐ་དད་པ་གང་ཡང་མེད་ཀྱང་སེམས་ཅན་རྣམས་ཀྱིས་མཐའ་དང་དབུས་དང་སྔོན་པོ་དང་སེར་པོ་དང་ཐ་དད་དུ་མར་རྟོག་གོ། །གལ་ཏེ་གཟུགས་ཀྱི་སྐུ་ལ་སོགས་པ་ལ་རྟོག་པ་མི་མངའ་ན་སེམས་ ཅན་གྱི་དོན་མཛད་པ་འདི་མི་རིགས་སོ་ཞེ་ན། དེའི་དོན་ནི་གོང་དུ་བཤད་ཟིན་ཏོ། །ཉི་མ་ལ་རྣམ་རྟོག་མི་མངའ་ཡང་འོད་ཟེར་སྣ་ཚོགས་འབྱུང་ཞིང་དངོས་པོ་གསལ་བར་བྱེད་དོ། །ཉི་མའི་དཀྱིལ་འཁོར་དེ་ཉིད་འོད་ཟེར་མ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་དེ་ཉིད་འོད་ཟེར་ཡིན་ན་ཁང་པའི་ནང་ལ་ སོགས་པ་དང་། ཡུལ་འདི་ཉིད་དུ་གནས་པར་འགྱུར་ལ། དཀྱིལ་འཁོར་དེ་ཉིད་ཀྱང་ཐ་དད་པར་འགྱུར་རོ། །འོད་ཟེར་དེ་ཉིད་ཀྱང་ཉི་མའི་དཀྱིལ་འཁོར་མ་ཡིན་ཏེ། དེ་ཉིད་ཡིན་ན་ནམ་མཁའ་དེ་ཉིད་དུ་གནས་པར་འགྱུར་ལ། དངོས་པོ་ཀུན་གསལ་བར་བྱེད་པར་ཡང་མི་འགྱུར་རོ། ། དེའི་ཕྱིར་དེ་ལ་དེ་ཉིད་འོད་ཟེར་མ་ཡིན་ཡང་དེ་ལས་འོད་ཟེར་འབྱུང་ཞིང་དངོས་པོ་ཀུན་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། སེམས་ཅན་རྣམས་ནི་རི་ལྟ་བུའོ་ཞེས་གསུངས་པས་བསམ་གྱིས་མི་ཁྱབ་བོ། །མར་མེ་མཛད་ཀྱི་དགོངས་པ་དཔག་ དཀའ་ཞིང་། །དབུ་མའི་དོན་ཆེན་བློ་ཡི་ཡུལ་མིན་ཡང་། །མི་ཤེས་བཤད་འདོད་སྟོན་པའི་དོན་ཆེད་དུ། །མན་ངག་གསལ་པོར་པྲཛྙཱ་མོ་ཀྵས་བྱས། །དགེ་བ་འདི་ཡི་བསོད་ནམས་གང་ཐོབ་དེས། །ས་ཆུ་མེ་རླུང་ནམ་མཁའ་གནས་ཀྱི་བར། །བསྟན་པ་རིན་ཆེན་འཇིག་རྟེན་གནས་ གྱུར་ནས། །འགྲོ་བ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །དབུ་མའི་མན་ངག་གི་འགྲེལ་པ་པཎྜི་ཏ་ཤེས་རབ་ཐར་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤེས་རབ་ཐར་པ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་བཞུགས། ༄༅༅། །ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་བཀའ་སྩལ་པ། གནས་ པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཡོད་དེ། གལ་ཏེ་རྣལ་འབྱོར་ཅན་དག་སྤྱོད་པ་ངན་པ་འདི་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་ཡང་འདོད་པའི་ཁམས་ཀྱི་དགེ་བའི་རྩ་བ་ཙམ་ཡང་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་ཕྱིར་སྟོར་ཅིང་ཉམས་པར་གྱུར་ན་ དབུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་དང་། ཐེག་པ་གསུམ་དང་། ཐེག་པ་གཅིག་གི་བར་དུ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། བཅུ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བས་འཚོ་བའི་རྐྱེན་གྱིས་ཉོན་མོངས་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཚུལ་ཁྲིམས་ཉམས་ཤིང་ཁ་ན་མ་ཐོ་བ་མང་པོ་བྱེད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འཇིག་རྟེན་གྱི་ལྟས་བཟང་ངན་ལ་ཆགས་ཏེ་ལུས་དང་སེམས་མ་དུལ་བ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ སེམས་གཡོ་ཞིང་རྒོད་པས་འཕགས་པ་ལ་མི་གཞོལ་ཏེ་དབང་པོ་རྒོད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཕྲ་མ་བྱེད་པ་ལས་དགའ་བས་དབྱེན་བྱེད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ངག་རྩུབ་པོས་འཕགས་པ་ལ་སྨོད་ཅིང་དབང་ཟ་བ་དང་། ཁ་ཅིག་ནི་ཏིང་ངེ་ འཛིན་བསྒོམ་འདོད་ཀྱང་ཚིག་འཁྱལ་པ་དང་བརྫུན་དུ་སྨྲ་བ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་འདོད་ཆགས་དང་ཕྲག་དོག་གིས་གཞན་གྱི་ཁེ་དང་བསྟི་སྟང་དང་། རྙེད་པ་ལ་མི་དགའ་བ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཞེ་སྡང་ དང་བཅས་པས་སེམས་ཅན་ལ་གནོད་སེམས་བསྐྱེད་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ལོག་པར་ལྟ་བ་དང་བཅས་པས་རྒྱུ་དང་འབྲས་བུ་མེད་པར་བལྟའོ། །ཚངས་པ་ཆེན་པོ་དེ་ལྟར་ཤེས་པར་བྱ་སྟེ། འདི་དག་ནི་གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ ཞེས་བྱའོ། །གལ་ཏེ་ཏིང་ངེ་འཛིན་བསྒོམ་པ་དག་སྤྱོད་པ་ངན་པ་འདི་དག་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་འདོད་པའི་ཁམས་ཀྱི་དགེ་བ་ཡང་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་གྱུར་ན་གཟུགས་དང་གཟུགས་མེད་པའི་ཏིང་ངེ་ འཛིན་དང་། ཐེག་པ་གསུམ་དང་། ཐེག་པ་གཅིག་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། ཚངས་པ་ཆེན་པོ་གཞན་ཡང་གནས་པ་དང་། སྤྱད་པར་མི་བྱ་བའི་ཆོས་བཅུ་ཡོད་དེ། ཏིང་ངེ་འཛིན་བསྒོམ་པ་དག་སྤྱོད་པ་ངན་པ་འདི་དག་ལས་འགའ་ཞིག་དང་ལྡན་ན་ཏིང་ངེ་འཛིན་ཡོངས་སུ་མི་ གྲུབ་པོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ་དང་། བྲེ་མོའི་གཏམ་ལ་དགའ་ཞིང་ཆགས་པ་དང་། གཉིད་ཀྱིས་ལོག་པ་ལ་དགའ་ཞིང་ཆགས་པ་དང་། ཟང་ཟིང་ ཚོལ་བ་ལ་དགའ་ཞིང་ཆགས་པ་དང་། གཟུགས་བཟང་པོ་ལ་དགའ་ཞིང་ཆགས་པ་དང་། སྒྲ་སྙན་པ་ལ་དགའ་ཞིང་ཆགས་པ་དང་། དྲི་ཞིམ་པ་ལ་དགའ་ཞིང་ཆགས་པ་དང་། རོ་ཞིམ་པ་ལ་དགའ་ཞིང་ཆགས་པ་དང་། རེག་བྱ་འཇམ་པོ་ལ་དགའ་ཞིང་ཆགས་པ་དང་། རྟོག་པ་དང་ དཔྱོད་པ་ལ་དགའ་ཞིང་ཆགས་པའོ། །ཚངས་པ་ཆེན་པོ་དེ་ལྟར་ཤེས་པར་བྱ་སྟེ། གནས་པ་དང་དཔྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་པོ་དེ་ཏིང་ངེ་འཛིན་བསྒོམ་པ་དག་སྤྱོད་པ་ངན་པ་འདི་ལས་འགའ་ཞིག་དང་ལྡན་ན་ཡང་ཏིང་ངེ་འཛིན་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་ མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་དེ་མ་གྲུབ་ན་དགེ་བའི་ཚོགས་ཅི་བསགས་ཀྱང་བདེ་བའི་དོན་དུ་མི་འགྱུར་ཏེ། གང་དག་བདག་གི་ལོངས་སྤྱོད་དང་དད་པས་སྦྱིན་པས་བསྒྲུབ་པའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་བར་འགྱུར་རོ། ། དེའི་རྐྱེན་གྱིས་རྒྱལ་པོ་དང་བློན་པོ་ཆེན་པོའི་ཁྲིམས་དང་ཡང་འགལ་བར་བྱེད་དེ། ཁ་ཅིག་ལ་ནི་གཤེ་ཞིང་སྤྱོ་བ་ཡང་བྱེད་དེ། ཁ་ཅིག་ལ་ནི་ལྕག་གིས་གཞུ་བ་དང་། ཁ་ཅིག་ལ་ནི་ལུས་ཀྱི་ཡན་ལག་དང་། ཉིང་ལག་གཅོད་ཅིང་སྲོག་གཅོད་པར་ཡང་བྱེད་དོ། །དེའི་རྒྱུ་དེའི་རྐྱེན་གྱིས་ ནད་དྲག་པོས་འདེབས་ཤིང་ཡུན་རིང་པོར་སྡུག་བསྔལ་མྱོང་བ་དང་། ཚེ་ཐུང་བ་དང་། འཆི་འཕོས་ནས་ཀྱང་ངན་སོང་གསུམ་གང་ཡང་རུང་བ་ཅིག་གི་ནང་དུ་སྐྱེ་བ་ནས། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་བར་འགྱུར་ཏེ། ཨ་ཏྲ་ཀ་དང་། ཨ་ར་ད་ཀ་དང་། ལྷ་མིན་ ལ་སོགས་པ་དང་འདྲ་བར་བསམ་གཏན་ལས་ཉམས་ནས། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་ཞིང་རྣམ་པ་ཚད་མེད་པ་སྙེད་ཀྱི་སྡུག་བསྔལ་ཆེན་པོ་མི་བཟོད་པ་ཀུན་མྱོང་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །ཁྱོད་<པས་‚བས་>མཐར་གནས་ཤིང་ཏིང་ངེ་འཛིན་བསྒོམ་པའི་དགེ་སློང་དག་གནས་ཁང་མཆོག་དག་ན་གནས་ཤིང་། མལ་ཆ་མཆོག་དང་། ཁ་ཟས་མཆོག་ལ་སྤྱོད་ཅིང་དགེ་འདུན་གྱི་ལས་ཐམས་ཅད་མི་བྱེད་པར་གནང་ངོ་། །ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་བསྒོམ་པ་དག་གལ་ ཏེ་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བར་གྱུར་ན་སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་ཞིང་ཏིང་ངེ་འཛིན་ཐམས་ཅད་མི་གྲུབ་པ་ནས། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་ཞིང་མི་ཟད་པའི་སྡུག་བསྔལ་ཆེན་པོ་རྣམ་པ་ཚད་མེད་པ་སྙེད་མྱོང་བར་འགྱུར་རོ། །ཏིང་ངེ་འཛིན་ བསྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་དང་ལྡན་ན་ཏིང་ངེ་འཛིན་མ་གྲུབ་པ་ཡང་གྲུབ་པ་དང་། སྔར་གྲུབ་པ་དག་ཀྱང་མི་ཉམས་སོ། །དེའི་དབང་གིས་མི་དགེ་བའི་ཆོས་ཐམས་ཅད་མི་སྐྱེ་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་མི་དགེ་བའི་རྟོག་པ་དང་དཔྱོད་པའི་བར་དུ་མི་སྐྱེ་ལ། མཐོ་རིས་ཀྱི་ལྷར་ སྐྱེས་ནས་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ་པ་དག་གལ་ཏེ་ཏིང་ངེ་འཛིན་མ་གྲུབ་ན་ནམ་གྱི་སྟོད་དང་། ནམ་གྱི་སྨད་ལ་མི་ཉལ་བར་བྱ་སྟེ་བརྩོན་འགྲུས་སུ་བསླབ་ཅིང་བསྒོམ་པ་དང་། འདུ་འཛི་ཡོངས་སུ་སྤངས་ ཏེ་འདོད་པ་ཉུང་ཞིང་ཆོག་ཤེས་པར་བྱ་བ་ན། ཅི་ལ་ཡང་མི་ཆགས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། ཁོང་ཁྲོ་བ་དང་། འཆབ་པ་དང་། འཁྲུག་པ་དང་། འཚེ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། ཕྲག་དོག་དང་། འཇུངས་པ་དང་། ཕྲ་མ་དང་། ངག་རྩུབ་ པོ་དང་། བརྫུན་དང་། འཇིག་རྟེན་གྱི་རྩོད་པ་དང་། བག་མེད་པ་ཐམས་ཅད་ཡོངས་སུ་སྤང་ངོ་། །གང་དེ་ལྟར་ནན་ཏན་བྱེད་པ་དེ་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་བཞི་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པས་བསྟོད་པ་དང་བསྔགས་པ་དང་། ཕྱག་དང་། བསྟི་ སྟང་དང་། རིམ་གྲོ་དང་། བསྙེན་བཀུར་ལ་སོགས་པ་དང་། སྦྱིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱང་བླང་བར་བྱ་ན། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེ་རིགས་ལ་སོགས་པའི་མཆོད་པ་ལེན་པ་ལྟ་ཅི་སྨོས། ཏིང་ངེ་འཛིན་མ་ཐོབ་པ་དག་ཀྱང་དེ་དག་གིས་བསྟོད་པ་དང་། བསྔགས་པ་དང་། ཕྱག་དང་། བཀུར་སྟི་དང་། རིམ་གྲོ་དང་། བསྙེན་བཀུར་དང་། སྦྱིན་པ་དང་། མཆོད་པ་བདག་གི་བྱེད་དུ་དབང་ན་ཏིང་ངེ་འཛིན་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཏིང་འཛིན་ བསྒོམས་པས་ཐེ་ཚོམ་གཅོད་འགྱུར་ཏེ། །དེ་མ་གཏོགས་པ་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་མཆོད་པར་བྱ། །ཤིན་ཏུ་རྒྱས་པ་ཆེན་པོ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་གནས་པ་དང་སྤྱད་པར་ མི་བྱ་བ་སྟེ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་རྫོགས་སོ།། །།རྒྱའི་མཁན་པོ་ཧ་ཤང་ཟབ་མོ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རྣམ་པར་མི་རྟོག་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་བཞུགས། ༄༅༅། །བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་བཤེས་གཉེན་བསྟེན། །སྟོན་པ་རྗེས་དྲན་མི་རྟག་བསྒོམ། ། ཡིད་འབྱུང་བ་དང་འཕགས་པའི་བདེན། །མི་ལྡོག་པ་ཡི་འཁོར་ལོ་དང་། །འཁོར་གསུམ་ཡོངས་སུ་དག་པའི་གཏམ། །བརྒྱད་པོ་འདི་ནི་སྤྱི་སྡོམ་ཡིན། །དལ་འབྱོར་གྱི་རྟེན་རྙེད་པར་དཀའ་བ་ནི་གཙུག་ན་རིན་པོ་ཆེས་ཞུས་པ་ལས། དལ་འབྱོར་མིར་སྐྱེ་རྙེད་པ་ཤིན་ཏུ་དཀའ། ། འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་ཀྱང་ཐོས་པ་རྙེད་པར་དཀའ། །ཚུལ་ཁྲིམས་དད་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་སོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས་ཀྱང་། མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང་། །ཁོམ་ པ་ཕུན་སུམ་ཚོགས་པ་རྙེད་དཀའ་ཐོབ་འགྱུར་ལ། །སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང་། །དེ་བཞིན་བསྟན་ལ་དད་པ་ཐོབ་པ་དཀའ། །མི་ཡི་སྲིད་པ་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །སྒྲ་ལ་འཆེལ་ཅིང་འདུག་པར་མ་ བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཆོས་སྨྲའི་དགེ་བའི་བཤེས་གཉེན་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའ་འང་མ་བསྟེན་ཅིག །ཅེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། དགེ་སློང་དག་མི་ཁོམ་པ་བརྒྱད་དང་ བྲལ་ཏེ། མིའི་ལུས་ཐོབ་པར་དཀའ་བ་ཐོབ་ནས་ང་དང་ཕྲད་པར་གྱུར་ན་དོན་མེད་པར་ཆུད་མི་གསན་ནོ། །དེ་བས་ན་ཁྱེད་རྣམས་བག་མེད་པར་མི་བྱའོ། །དགེ་སློང་དག་ཇི་ལྟར་ན་ཡང་དག་པའི་ཆོས་ཀྱི་རིན་པོ་ཆེའི་མཁར་བརྒྱན་ཅིང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ ཀྱི་ར་བ་དང་། འོབས་དང་ཉེ་འཁོར་ལྟ་བུར་འགྱུར་བ་སོམས་ཤིག །ཁྱེད་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་མཁར་ལྟ་བུ་ལ་ཕྲད་པའི་འོག་ཏུ་ཡང་དག་པ་མ་ཡིན་པ་སྒྱུ་མ་དང་བཅས་པ་ཁས་ལེན་པ་མི་རིགས་སོ། །དཔེར་ན་ཚོང་དཔོན་དག་རིན་པོ་ཆེ་ཡང་དག་པའི་གླིང་དུ་ཕྱིན་ན་གྱོ་མོ་དང་རྡོ་ བླངས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་འདྲ་བར་ཁྱེད་ཀྱང་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྫས་སྒྱུ་མ་དག་ལེན་ཏོ། །དགེ་སློང་དག་ཞུམ་པའི་བསམ་པས་ཆོག་པའི་སེམས་མ་སྐྱེད་ཅིག །ཁྱེད་རྣམས་རབ་ཏུ་བྱུང་མོད་ཀྱི། ཐེག་པ་ཆེན་པོ་ལ་མོས་པར་མི་བྱེད་ དོ། །དགེ་སློང་དག་ཁ་དོག་བསྒྱུར་བའི་གོས་ངུར་སྨྲིག་གྱོན་མོད་ཀྱི། སེམས་ཐེག་པ་ཆེན་པོ་ལ་ཡང་དག་པའི་ཆོས་ལ་ཞེན་པར་མ་གྱུར་ཏོ། །དགེ་སློང་དག་བསོད་སྙོམས་ལ་ཞུགས་ཏེ་ཀུན་ཏུ་རྒྱུ་མོད་ཀྱི་ཐེག་པ་ཆེན་པོའི་ཟས་མ་མྱོང་ངོ་། །དགེ་སློང་དག་སྐྲ་དང་ཁ་སྤུ་བྲེགས་མོད་ཀྱི་ ཡང་དག་པའི་ཆོས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་མ་བྱས་སོ། །དེ་བས་ན་ཁྱེད་རྣམས་ཀྱིས་དཔའ་ཞིང་རྟུལ་ཕོད་པའི་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་གཞོམ་པ་ལ་བརྩོན་པར་གྱིས་ཤིག་ཅེས་གསུངས་སོ། །དགེ་བའི་བཤེས་གཉེན་བརྟེན་པ་ནི་མྱ་ངན་ལས་འདས་པའི་མདོ་ ལས། དགེ་བའི་བཤེས་གཉེན་བརྟེན་པ་ནི་ལམ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་ན་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ཉིད་ལས་དགེ་བའི་བཤེས་གཉེན་ ཞེས་བྱ་བ་ནི་མི་དགེ་བ་བཅུ་སྤོང་བར་བྱེད་ཅིང་དགེ་བ་བཅུ་སྤྱོད་པར་བྱེད་དེ། དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཡང་དག་པའི་ཆོས་ཇི་ལྟ་བ་བཞིན་དུ་སྟོན་ཅིང་ཇི་ལྟར་བསྟན་པ་བཞིན་དུ་སྤྱོད་པའོ། །ཇི་ལྟར་ཞེ་ན། འདི་ལྟར་བདག་སྲོག་མི་གཅོད་པས་གཞན་ ལ་སྲོག་མི་གཅོད་པ་སྟོན་པ་ན་བདག་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་པ་ནས་གཞན་ཡང་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་དུ་འཇུག་སྟེ། དེ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །བདག་བྱང་ཆུབ་ལ་ནན་ཏན་བྱེད་པས་གཞན་ཡང་དེ་ལ་དགོད་པ་དང་། བདག་ དད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པ་དང་། མང་དུ་ཐོས་པ་དང་། ཤེས་རབ་བསྒོམས་པས་གཞན་ཡང་དེ་ལ་འགོད་པ་དང་། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་དགེ་བའི་ཆོས་སྤྱོད་པའི་ཕྱིར་རོ། །དགེ་བའི་ཆོས་གང་ཞེ་ན། འདི་ལྟར་ཅི་བྱེད་དོ་ཅོག་བདག་ལ་བདེ་ བར་མི་སྦྱོར་གྱི། རྟག་ཏུ་སེམས་ཅན་དག་བདེ་བར་སྦྱོར་བ་དང་། གཞན་གྱི་ཉེས་པ་མཐོང་ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སྨྲའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་དེ་བླ་མ་ལ་བརྟེན་ན་དགེ་བའི་ཆོས་འཕེལ་བ་དང་སྡིག་པ་འགྲིབ་པོ་སྙམ་ སྟེ་མཁན་པོ་ཐོས་པ་མང་ཡང་རུང་། ཉུང་ཡང་རུང་། ཤེས་སམ་མི་ཤེས་ཀྱང་རུང་། ཚུལ་ཁྲིམས་ལྡན་ནམ་མི་ལྡན་ཡང་རུང་སྟེ། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་ཞིང་དད་པ་ལྟར་མཁན་པོ་ལ་ཡང་བྱེད་དོ་ཞེས་འབྱུང་ངོ་། །རྒྱལ་བའི་ ཡུམ་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་ཡོངས་སུ་སྤང་བར་བྱའོ། །དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་སོགས་པར་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ། གུས་པར་བྱ། བསྙེན་བཀུར་བྱའོ་ཞེས་བྱ་བ་ནས་ རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །ཕོངས་པར་བྱའོ། །རབ་ཏུ་དང་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པ་ནི་མྱ་ངན་ལས་འདས་པའི་མདོ་ལས། ཆོས་གཅིག་ལ་གང་བསྒོམ་ཞིང་ནན་ཏན་བྱེད་པ་དེས་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང་། སྡུག་བསྔལ་དང་། འཁྲུག་པ་རྣམས་བྱང་ཞིང་དག་པའི་ཆོས་ཐོབ་ པར་གསུངས་པ་ནི་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ནས། ཇི་ལྟར་ས་བོན་རོ་གཅིག་ཀྱང་། །ས་བོན་ཚུལ་བཞིན་མྱུ་གུ་སྟོན། །བྱམས་དང་སྡང་བར་སེམས་པ་མེད། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། ། ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན་མེ་ནི་ཤིང་ཐམས་ཅད་ལ་ཡོད་མོད་ཀྱི། རྐྱེན་དང་རྩོལ་བ་མ་ཚང་བར་མེ་མི་འབར་ཞིང་དགོས་པ་རྣམས་མི་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཤེས་བྱ་ཐམས་ཅད་ལ་གནས་མོད་ ཀྱི་དད་པ་ལ་སོགས་པའི་རྐྱེན་དང་རྩོལ་བ་མ་ཚང་ན་མི་འབྱུང་སྟེ། སངས་རྒྱས་ཀྱི་བྱ་བ་རྣམས་ཀྱང་མི་མཛད་དོ་ཞེས་འབྱུང་ངོ་། །ཡང་དེ་ཉིད་ལས་དཔེར་ན་ས་ནི་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པར་གནས་ཏེ། དེ་ལ་ཁེ་འདོད་པས་སྨོན་ན་ལོ་ཏོག་ཕུན་ སུམ་ཚོགས་པར་འགྱུར་རོ། །དེ་ལས་བཟློག་ན་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པས་གནས་ཏེ། དེ་ལ་ཡོན་ཏན་འདོད་པ་གང་དག་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་དང་གུས་པ་བསྐྱེད་པ་དེ་དག་གིས་ཡོན་ ཏན་གྱི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་མི་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱ་སྟེ། རྒྱུ་མཐུན་པའི་སངས་རྒྱས་དང་། རྣམ་པར་སྨིན་པ་ ལས་བྱུང་བའི་སངས་རྒྱས་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་དང་། སྨོན་ལམ་གྱི་སངས་རྒྱས་དང་། སེམས་ཀྱི་སངས་རྒྱས་དང་། ངོ་བོ་ཉིད་ཀྱི་སངས་རྒྱས་དང་། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། བཏགས་པའི་སངས་རྒྱས་དང་། མདུན་དུ་བྱས་པའི་སངས་རྒྱས་སོ་ཞེས་རྒྱས་པར་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །འདྲེས་པ་མེད་ཅིང་གནས་པ་མེད། །སེམས་ཅན་ཐམས་ཅད་ཡིད་བཞིན་དུ། །གཟུགས་ཀྱི་སྐུ་ཡང་རབ་ཏུ་མཐོང་། །ཞེས་གསུངས་ སོ། །ཡབ་དང་སྲས་མཇལ་བ་ལས། གང་ཞིག་གཞན་ལ་གསན་པར་མ་མཛད་པར། །རྟོགས་པར་དཀའ་བ་རབ་ཏུ་ཞི་བ་ཡིས། །བྱང་ཆུབ་བླ་མེད་མངོན་པར་སངས་རྒྱས་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །སྐྱེ་དགུ་ཀུན་ལ་ཕ་བཞིན་ཐུགས་བརྩེ་བས། །སྟོབས་ བཅུ་ཐུགས་རྗེ་མངའ་བས་བྱམས་པར་དགོངས། །ཐུགས་རྗེས་ཐུགས་བརྩེས་སེམས་ཅན་གྲོལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེ། །རྒ་དང་འཆི་བས་འཇིགས་པའི་ཉོན་མོངས་ལ། །རྒ་ཤི་མེད་མཆོག་མི་ལ་སྟོན་མཛད་ཅིང་། །འཆི་མེད་གནས་སུ་སེམས་ཅན་ དོན་མཛད་ཀྱི། །འདྲེན་པ་མི་མཆོག་ལ་ནི་དད་པ་བསྐྱེད། །ཅེས་གསུངས་སོ། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲས་ཞུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ལ་དུས་ཀྱི་མཐའ་མ་མཆིས་པའི་ཐུགས་རྗེ་ཅན་དང་། དུས་ཀྱི་མཐའ་མཆིས་པའི་ཐུགས་ དམ་མངའ་བ་མ་ལགས་ཏེ། དུས་ཀྱི་མཐའ་མེད་པར་ཐུགས་རྗེ་དང་དམ་བཅས་པས་སེམས་ཅན་ཨ་ལ་ལ་ཞེས་མཆི་བ་དག་ནི་དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་སྨྲ་བས་སྨྲ་བ་ལགས་སོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང་ཀྱེ་མ་སེམས་ཅན་འདི་དག་ནི་བུ་ སྨད་དང་ཁྱིམ་དང་ནོར་དང་འབྲུ་ལ་སྲིད་པས་འཁོལ་བས་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ་ཡིན་གྱི། དེ་དག་ལ་མི་རྟག་པ་བསྟན་པར་བྱའོ་ཞེས་དེའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ་གཅིག་ ལ་གཅིག་འདྲིད་པར་གནས་པ་ཡིན་གྱི། དེ་དག་ལ་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཆོས་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་དུ་ཤིན་ཏུ་ཉོན་མོངས་པ་ལ་རྟག་ ཏུ་དགའ་བ་ཡིན་གྱི། དེ་དག་ལས་འབྱུང་ཞིང་ཁམས་གསུམ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ་ཞེས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་རྒྱུས་ཉེ་བར་འགྲོ་བ་སྟེ། སྒྲུབ་པས་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་ན་སེམས་ཅན་འདི་ དག་ནི་འཕགས་པའི་རྣམ་པར་གྲོལ་བ་ལ་ལེ་ལོ་བྱེད་པ་ཡིན་གྱི། དེ་དག་ལས་རྣམ་པར་གྲོལ་བ་ལ་ལྷུར་བླངས་པའི་ཕྱིར་བརྩོན་འགྲུས་བརྩམས་པར་ཆོས་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སྐམ་ཞིང་ འདོད་པས་ཟིལ་གྱིས་ནོན་པ་སྟེ་ཆོག་མི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ་ཡིན་གྱི། དེ་དག་ལ་འཕགས་པའི་ནོར་དད་པ་ལ་སོགས་པ་བདུན་ལ་འགོད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་བསྐྱེད་དོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་ མི་ཁྱབ་པ་ལས་ཞི་བའི་བློ་གྲོས་ཡོངས་སུ་བརྟག་པ་བཟུང་སྟེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་མོས་ཀྱང་ཞི་བའི་བློ་གྲོས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་མོས་པ་ཚིམ་པར་མཛད་དེ། ཞི་བའི་བློ་གྲོས་འདི་ ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་འདི་སྙམ་དུ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་ལ། སྐུ་ཚད་མེད་ཀྱང་མཐའ་ཡོངས་སུ་བཙལ་ལོ་སྙམ་ནས་སྟེང་གི་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཕྲག་ བརྒྱའི་སངས་རྒྱས་ཀྱི་ཞིང་འདས་ཏེ་པདྨ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་པདྨའི་དཔལ་གྱི་རྒྱལ་པོའི་སྤྱན་སྔར་ཕྱིན་ནས་བལྟས་ཀྱང་མ་མཐོང་ངོ་ཞེས་བྱ་བ་ནས