Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 110

Văn bản gốc(Tây Tạng)

Trang 5 / 23 (50.000 ký tự/trang)
ལ་བར་འགྱུར་བ་མེད་དོ། །ཐོག་མ་མེད་པ་ནས་བསགས་པའི་ལས་ཟད་པར་བྱ་མི་ནུས་ཏེ། དེ་ནི་མཐའ་ཡས་པའི་ཕྱིར་རོ། །ངན་སོང་ལ་སོགས་པ་ཡང་དེའི་འབྲས་བུ་ལ་སྤྱོད་པའི་ཚེ་ལས་གཞན་དག་ཀྱང་འབྱུང་སྟེ། ཉོན་མོངས་པ་མེད་པར་མ་གྱུར་ཏེ་དེ་རྒྱུར་
གནས་ན་ལས་དགག་པར་མི་ནུས་པའི་ཕྱིར་མར་མེ་མ་འགགས་ན་དེའི་འོད་མི་འགག་པ་བཞིན་ནོ། །ལྷག་མཐོང་ལ་སྐུར་པ་འདེབས་པ་དེའི་ཉོན་མོངས་པ་ཟད་པར་འགྱུར་མི་སྲིད་དོ་ཞེས་སྔར་བཤད་པ་ཡིན་ནོ། །ཅི་སྟེ་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ལྷག་མཐོང་ལ་བརྟེན་པར་བྱའོ་སྙམ་དུ་

སེམས་ན་ནི་དེའི་ཚེ་ཉོན་མོངས་པ་ཟད་པ་ཉིད་ཀྱིས་གྲོལ་བར་འགྲུབ་སྟེ། ལས་ཟད་པར་བྱ་བའི་ཚིག་དོན་མེད་པར་འགྱུར་རོ། །མི་དགེ་བའི་ལས་མི་བྱའོ་ཞེས་ཟེར་བ་དེ་ནི་རིགས་ན། དགེ་བ་ཅི་སྟེ་དགག །གལ་ཏེ་འཁོར་བར་བྱེད་པས་དགག་པ་སྐད་དུ་བྱས་ན་ཡང་དེ་ནི་མི་རུང་སྟེ། བདག་ལ་
སོགས་པར་ཕྱིན་ཅི་ལོག་གི་ཀུན་ནས་བསླང་བའི་དགེ་བའི་ལས་གང་ཡིན་པ་དེ་ཉིད་འཁོར་བར་བྱེད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་འཁོར་བར་བྱེད་པ་མ་ཡིན་ནོ། །དེ་
སྐད་འཕགས་པ་ས་བཅུ་པ་ལས་ཀྱང་བཀའ་སྩལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཉིད་བསྔོ་བ་ལ་སོགས་པ་ཡོངས་སུ་སྦྱང་བ་བྱས་པའི་བྱེ་བྲག་གིས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཉིད་སྒྲུབ་པར་བྱེད་དོ་ཞེས་འབྱུང་ངོ་། །འཕགས་
པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། ཆུ་ཀླུང་ཆེན་པོ་ཐམས་ཅད་རྒྱ་མཚོ་ཆེན་པོར་ཞུགས་པའི་ཆུའི་ཕུང་པོ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་སྒོ་སྣ་ཚོགས་ནས་དགེ་བ་བསགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་རོ་གཅིག་པ་ཉིད་དུ་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་། ཞིང་ཡོངས་སུ་དག་པ་དང་། འོད་དང་། འཁོར་དང་། ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཉིད་ཡིན་པར་མདོ་སྡེ་དེ་དང་དེ་དག་ཏུ་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་དང་ཡང་འགལ་བར་འགྱུར་རོ། །དགེ་བ་སྤྱོད་པ་བཀག་པས་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ཡང་བཀག་པར་འགྱུར་ཏེ། དེའི་ཕྱིར་དེའི་མགོ་བོ་དང་ཁ་སྤུ་བྲེགས་པ་དང་ཆོས་གོས་ངུར་སྨྲིག་བཅང་བ་ལ་སོགས་པ་ཡང་དོན་མེད་པར་འགྱུར་རོ། །
དགེ་བའི་ལས་མངོན་པར་འདུ་བྱ་བ་ལ་མི་ཕྱོགས་པར་གྱུར་ན་འཁོར་བ་ལ་མི་ཕྱོགས་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མི་ཕྱོགས་པ་ཀུན་ཏུ་བསྟེན་པར་འགྱུར་ཏེ། དེའི་ཕྱིར་དེའི་བྱང་ཆུབ་ཀྱང་རྒྱང་བསྲིངས་པར་འགྱུར་རོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་

བཀའ་སྩལ་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང་། འདུ་བྱེད་པ་མངོན་པར་འདུ་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་མ་བསྟན་ཏོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་
པ་ལས་ཀྱང་། འཁོར་བ་ལ་མི་ཕྱོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆལ་པའི་ཚུལ་ཁྲིམས་མཆོག་ཡིན་ནོ་ཞེས་བསྟན་ཏོ། །འཁོར་བ་ཡོངས་སུ་འཛིན་པ་ནི་ཚུལ་ཁྲིམས་ཀྱི་མཆོག་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་
ཐབས་ཀྱིས་ཟིན་པའི་འཁོར་བར་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་པའོ། །ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ། །ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའོ། །ཐབས་དང་བཅས་པའི་ཤེས་རབ་ཀྱང་ཐར་
པའོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ནམ་མཁའ་མཛོད་ལས་ཀྱང་། འཁོར་བར་ཡོངས་སུ་སྐྱོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང་འདུས་མ་བྱས་པ་ལ་ཡང་སོ་སོར་རྟོག་ལ། འདུས་བྱས་ཀྱི་དགེ་བས་ཀྱང་
ཡོངས་སུ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་ཀྱི་ལམ་ཡང་རབ་ཏུ་ཤེས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ཡང་ཡོངས་སུ་མི་ཚོལ་བ་ནི་བདུད་ཀྱི་ལས་སོ་ཞེས་བསྟན་ཏོ། །ཡང་དེ་ཉིད་ལས། སྦྱིན་པ་ལ་སེམས་མངོན་པར་ཞེན་པ་ནས་ཤེས་རབ་ཀྱི་བར་ལ་སེམས་མངོན་པར་ཞེན་པ་ནི་བདུད་
ཀྱི་ལས་སོ་ཞེས་བཤད་པ་དེ་ལ་སྦྱིན་པ་ལ་སོགས་པ་བསྟེན་པ་དགག་པ་ནི་མ་ཡིན་གྱི། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སེམས་མངོན་པར་ཞེན་པ། གཟུང་བ་དང་འཛིན་པ་ལ་སེམས་མངོན་པར་ཞེན་པ། དམིགས་པ་ཅན་གྱི་སྦྱིན་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་མངོན་པར་
ཞེན་པ་གང་ཡིན་པ་དེ་དགག་པ་སྟེ། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པར་མི་འགྱུར་ཏེ་བདུད་ཀྱི་ལས་སོ་ཞེས་བཤད་དོ། །དེ་ལྟ་མ་ཡིན་ན་བསམ་གཏན་ཡང་བསྟེན་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟར་གྱུར་ན་ཐར་པར་

ཡང་ཇི་ལྟར་འགྱུར། དེའི་ཕྱིར་ན་དམིགས་པ་ཅན་སྣ་ཚོགས་སུ་འདུ་ཤེས་པས་སྦྱིན་པ་བྱིན་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པ་མ་ཡིན་པར་བསྟན་པའི་ཕྱིར་འཕགས་པ་ནམ་མཁའ་མཛོད་ལས་ཀྱང་། སེམས་ཅན་ཕྱིན་ཅི་ལོག་གི་ལས་སྣ་ཚོགས་ལ་སོགས་པའི་འདུ་
ཤེས་ཅན་གྱི་སྦྱིན་པ་ལ་སོགས་པ་ནི་བདུད་ཀྱི་ལས་སོ་ཞེས་བཤད་དོ། །ཕུང་པོ་གསུམ་པའི་ཡོངས་སུ་བསྔོ་བ་ལས་ཀྱང་བཀའ་སྩལ་པ། གང་བདག་གིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་དུ་མ་
འཚལ་ནས་དམིགས་པར་ལྟུང་བས་སྦྱིན་པ་ལ་བརྩལ་བ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་སྲུང་བ་དང་། བདག་དང་གཞན་དུ་འདུ་ཤེས་པས་བཟོད་པ་བསྒོམས་པ་ལ་སོགས་པ་གང་ལགས་པ་དེ་དག་ཐམས་ཅད་སོ་སོར་བཤགས་པར་བགྱིའོ་ཞེས་འབྱུང་བ་གང་ཡིན་པ་
དེ་ལ་ཡང་དམིགས་པ་ཅན་སྣ་ཚོགས་སུ་འདུ་ཤེས་པ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་ཕྱིར་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པ་མ་ཡིན་པ་ཙམ་གྱི་ཕྱིར་བཤད་ཀྱི། དུས་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་ལ་བསྟེན་པ་དགག་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་
དམིགས་པ་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་འབའ་ཞིག་གི་མ་ཡིན་ན་སྦྱིན་པ་ལ་སོགས་པ་ཐམས་ཅད་བྱེ་བྲག་མེད་པར་དགག་པར་འགྱུར་རོ། །ཚངས་པས་ཞུས་པ་ལས་ཀྱང་། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཡོངས་སུ་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་གང་ཡིན་པ་དེ་ལ་ཡང་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པའི་སྐབས་ཡིན་པས་དེ་ནི་ཡོངས་སུ་རྟོག་པ་ཉིད་དུ་བཤད་ཀྱི། མཚན་མ་མེད་པར་གནས་ཤིང་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལུང་བསྟན་པ་ཡིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་
དེ་ཙམ་དུ་བསྟན་ཏེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་དོན་དམ་པར་ན་མ་སྐྱེས་པར་ཡོངས་སུ་བསྟན་གྱི། སྤྱོད་པར་མི་བྱ་བ་ནི་བཀའ་མ་སྩལ་ཏོ། །དེ་ལྟ་མ་ཡིན་ན་མར་མེ་མཛད་ཀྱི་སྔ་ལོགས་སུ་སངས་རྒྱས་གང་དག་ལ་བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་མཛད་པ་དེ་དག་གི་མཚན་བཅོམ་

ལྡན་འདས་ཀྱིས་བསྐལ་པར་ཡང་བརྗོད་པར་མི་སྤྱོད་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བཞུགས་པའི་སྤྱོད་པ་ཅིའི་ཕྱིར་དགག་པ་མ་མཛད། མར་མེ་མཛད་ཀྱིས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱོད་པ་དགག་པར་མ་མཛད་པ་ཁོ་ན་
སྟེ། གང་གི་ཚེ་ས་བརྒྱད་པ་ལ་གནས་ཤིང་ཞི་བ་མཚན་མ་མེད་པ་ལ་གནས་པ་དེ་གཟིགས་ནས་དེའི་ཚེ་བཅོམ་ལྡན་འདས་ལུང་བསྟན་གྱི། དེ་ན་དེའི་སྤྱོད་པ་བཀག་པ་ནི་མ་ཡིན་ནོ། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པར་གནས་པ་མཆོག་དེ་ནི་དེ་དག་དེ་ཉིད་དུ་
ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་དུ་འོང་ངོ་ཞེས་ས་བཅུ་ལས་སངས་རྒྱས་རྣམས་ཀྱིས་དགག་པ་མཛད་དོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་སྤྱོད་པ་དེ་མི་བྱ་བར་གྱུར་ན་ནི་སྔར་བརྗོད་པ་ཐམས་ཅད་དང་ཡང་འགལ་བར་འགྱུར་རོ། །ཡང་ཚངས་པས་ཞུས་པ་དེ་ཉིད་ལས་གསུངས་པ།
སྦྱིན་པ་ཡང་སྦྱིན་ལ་དེའི་རྣམ་པར་སྨིན་པ་ལ་ཡང་མི་རེ་ལ། ཚུལ་ཁྲིམས་ཀྱང་བསྲུང་བ་དེ་ཡང་སྒྲོ་འདོགས་པས་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཚངས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །བཞི་པོ་
དེ་དག་གང་ཞེ་ན། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དཔག་ཏུ་མེད་པ་ལ་རིམ་གྲོ་དང་མཆོད་པ་དཔག་ཏུ་མེད་པ་བྱེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཐམས་ཅད་དང་འགལ་ལོ། དབང་པོ་རྟུལ་པོ་ཁོ་ནས་སྤྱོད་པར་བྱའི། དབང་པོ་རྣོན་པོས་མི་བྱའོ་ཞེས་བརྗོད་
པར་མི་རུང་སྟེ། འདི་ལྟར་ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་འབྱུང་ཞིང་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སར་ཆུད་པ་རྣམས་དབང་པོ་རྟུལ་པོ་ཞེས་བྱ་བར་
ཡང་མི་རུང་སྟེ། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་པ་ཉིད་ཀྱིས་གཏོང་བ་དང་། གཏོང་བ་ཆེན་པོ་དང་། རབ་ཏུ་གཏོང་བ་དག་བྱའོ་ཞེས་བཀའ་སྩལ་ཏོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་

སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ཡིན་ནོ་ཞེས་བསྔགས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལས་མགྱོགས་པ་ནི་གཞན་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་བཅུ་མ་གཏོགས་པར་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཤིན་ཏུ་མྱུར་བར་འཇུག་པའི་ལམ་གཞན་ནི་མེད་དོ། །དེས་སེམས་ཀྱི་རྒྱུད་འདག་པ་བཞིན་དུ་རིམ་གྱིས་འདག་པར་འགྱུར་རོ་ཞེས་མདོ་སྡེ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་ལང་ཀར་གཤེགས་པ་དང་། ས་བཅུ་ལ་སོགས་པ་ལས་ཀྱང་། བྱང་ཆུབ་སེམས་
དཔའ་གང་གི་ཚེ་དེ་བཞིན་ཉིད་ལ་གནས་པར་གྱུར་པ་དེའི་ཚེ་ས་དང་པོར་ཆུད་པ་ཡིན་ཏེ། དེ་ནས་རིམ་གྱིས་ས་གོང་མ་རྣམས་ཡོངས་སུ་སྦྱངས་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ་ཞེས་བཀའ་སྩལ་པ་སྟེ། དེའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པ་ལས་མ་གཏོགས་པར་སངས་རྒྱས་ཉིད་ཀྱི་
གྲོང་ཁྱེར་དུ་ཅིག་ཅར་འཇུག་པའི་སྒོ་གཞན་ནི་མེད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་ལ་སོགས་པ་གང་ལས་ཀྱང་བཀའ་མ་སྩལ་ཏོ། །གལ་ཏེ་བསམ་གཏན་ཉིད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་ན་དེ་བསྟེན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྟེན་པར་འགྱུར་ཏེ། དེའི་ཕྱིར་སྦྱིན་
པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་སོ་སོར་བསྟེན་མི་དགོས་པ་སྐད་དུ་བྱ་ན་ཡང་། དེ་མི་རུང་སྟེ་དེ་ལྟར་གྱུར་དུ་ཟིན་ན་སངས་རྒྱས་ལ་བ་ལང་གི་ལྕི་བའི་དཀྱིལ་འཁོར་བྱས་པའི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་ན་དཀྱིལ་འཁོར་འབའ་ཞིག་བྱའི། བསམ་གཏན་ལ་སོགས་པ་མི་བྱ་
བར་འགྱུར་རོ། །ཉན་ཐོས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་མཚན་མ་ལ་སོགས་པ་ཀུན་ཏུ་མི་འབྱུང་བའི་ཕྱིར་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་ཕྱིར་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་བྱེ་བྲག་མེད་པར་
བསྟན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རེ་རེར་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་བཀའ་སྩལ་གྱི། ཕ་རོལ་ཏུ་ཕྱིན་པ་གཅིག་

ཁོ་ན་ཞིག་བསྟེན་པར་ནི་མ་གསུངས་སོ། །དེ་སྐད་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་ལས་ཀྱང་བཀའ་སྩལ་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན།
དེ་ལ་ཡང་མི་བླུན་པོ་དག་འདི་སྐད་དུ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སུན་འབྱིན་པར་སེམས་སོ། །མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་
ཤིའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས། ཕུག་རོན་གྱི་ཕྱིར་རང་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་པ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་
ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། དེ་བཞིན་དུ་བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དག་འདི་སྐད་ཅེས་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་
ཡོངས་སུ་མ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །སྟོང་པ་ཉིད་འབའ་ཞིག་བསྟེན་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་མཐར་ལྟུང་བར་འགྱུར་རོ། །དེའི་ཕྱིར་ན་ཐབས་དང་བཅས་པའི་ཤེས་རབ་བསྟེན་པར་བྱའོ། །དེ་ལྟ་བས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མདོ་ཀུན་
ལས་བཏུས་པ་ལས་བཤད་པ། ཐབས་མཁས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ཉིད་ལ་མངོན་པར་བརྩོན་པར་མི་བྱའོ་ཞེས་འབྱུང་ངོ་། །འདིར་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་ཁུངས་བསྟན་ཅིང་བཤད་ཀྱི། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་

ཞལ་སྔ་ནས་ཀྱི་བཀའ་ནི་མ་ཡིན་ནོ། །རིགས་པ་དང་ལུང་དུ་ལྡན་པ་དང་། བཅོམ་ལྡན་འདས་ཀྱི་གསུང་རབ་བཏང་ལ། མཁས་པ་རྟོག་པ་དང་ལྡན་པས་འགྲོ་བ་བླུན་པོ་གཞན་གྱི་ཚིག་བཟུང་བ་མི་རིགས་སོ། །འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཀྱང་། སྦྱིན་པ་ལ་སོགས་པ་དགེ་བ་མཐའ་
དག་དང་ལྡན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསྒོམ་པར་བྱའོ་ཞེས་གསུངས་ཏེ། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ནོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། བློན་པོས་ཟིན་པའི་རྒྱལ་པོ་རྣམས་
དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཟིན་པ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་འབྱུང་ངོ་། །དེ་བས་ན་སྟོང་པ་ཉིད་འབའ་ཞིག་བསྟེན་ན་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་དུ་འོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་
འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། གཅིག་ཏུ་སེམས་དམིགས་པ་མེད་པར་མི་བྱའི། ཐབས་ལ་མཁས་པ་ལ་ཡང་བརྟེན་པར་བྱའོ་ཞེས་གསུངས་སོ། །དེ་བསྟན་པའི་ཕྱིར་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ། རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་
བཞིན་དུ་དམིགས་པ་ལ་སེམས་འབར་གྱི། དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ། །དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བར་ཡང་ཤེས་ལ་དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད། ཉོན་
མོངས་པ་ལ་དམིགས་པ་ཡང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ལ་ཡང་འཇོག་པར་བྱེད། སྟོང་པ་ཉིད་དུ་དམིགས་པ་ལ་ཡང་སོ་སོར་རྟོག་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ཡང་བལྟའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་
མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པས་དམིགས་པ་ལ་དབང་ཐོབ་པོ་ཞེས་རྒྱ་ཆེར་གསུངས་ནས། ཡང་བཀའ་སྩལ་པ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཅི་ཡང་རུང་། དེ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཕྱིར་མི་གནས་པ་

མེད་དོ། །བྱང་ཆུབ་སེམས་དཔའ་གང་དམིགས་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་སྟེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དུ་མི་འགྱུར་བ་དེ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་དམིགས་པ་གང་ཅི་ཡང་རུང་། བྱང་ཆུབ་ལ་ཕན་འདོགས་པར་གྱུར་པ་མ་ཡིན་པར་མཐོང་བ་མེད་དོ་ཞེས་རྒྱ་ཆེར་
འབྱུང་ངོ་། །དེ་བཞིན་དུ་མདོ་སྡེ་མཐའ་ཡས་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཚུལ་སྒྲུབ་པ་བསྟན་ཏོ། །དེ་ལ་བདག་ཉིད་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལ་བརྩོན་འགྲུས་རྩོམ་མི་ནུས་སུ་ཟིན་ཀྱང་། གཞན་དག་ལ་དེ་སྐད་དུ་བསྟན་པ་ནི་མི་རིགས་
སོ། །དེ་ལྟར་བྱས་ན་བདག་དང་གཞན་ལ་འཁུ་བ་བྱས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་ཡང་དག་པར་སོ་སོར་བརྟག་པར་བྱ་ཞིང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་མཐའ་དག་བསྒྲུབ་པར་བྱ་ཞེས་རིགས་པ་དང་ལུང་གིས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྟོག་པ་
དང་ལྡན་པས་ཐོས་པ་ཉུང་བ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་ཚིག་དུག་བཞིན་དུ་སྤངས་ལ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་སྐྱེ་བོ་མཁས་པའི་ཚིག་བདུད་རྩིའི་རྗེས་སུ་འཇུག་པས་སེམས་ཅན་མཐའ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་སྤྱོད་པ་མཐའ་དག་དང་། འགྲོ་བ་མ་ལུས་པ་གདོན་པ་ལ་མངོན་པར་བརྩོན་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། དཔེར་ན་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་བར་བྱ་ཕྱིར་
བརྩོན། །དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟར་ཐབས་དང་ཤེས་རབ་

རྟག་ཏུ་གུས་པར་བྱ་སྟེ། གོམས་པར་བྱས་པ་དེའི་སེམས་ཀྱི་རྒྱུད་རིམ་གྱིས་ཡོངས་སུ་སྨིན་པ་ན་གོང་ནས་གོང་དུ་ཤིན་ཏུ་རྣམ་པར་དག་པའི་སྐད་ཅིག་འབྱུང་བས་ཡང་དག་པའི་དོན་ལ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་
བ། ཆོས་ཀྱི་དབྱིངས་ཤིན་ཏུ་གསལ་བར་རྟོགས་པ། དྲི་མ་མེད་ཅིང་མི་གཡོ་བ་རླུང་མེད་པའི་མར་མེ་དང་འདྲ་བ་འབྱུང་སྟེ། དེའི་ཚེ་དངོས་པོའི་མཐའ་ལ་དམིགས་པ་ཐོབ་པར་འགྱུར་རོ། །ས་དང་པོ་ཡང་ཐོབ་པ་ཡིན་ནོ། །མཐོང་བའི་ལམ་ལ་ཡང་ཞུགས་པ་ཡིན་ནོ། །དེ་དེའི་གོང་མའི་
ས་རྣམས་ཡོངས་སུ་སྦྱངས་ནས་རིམ་གྱིས་གསེར་བཞིན་དུ་སྒྲིབ་པ་བསགས་པ་མ་ལུས་པ་མེད་པར་འགྱུར་ལ། ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཐོབ་ནས་ཡོན་ཏན་མ་ལུས་པའི་གཞི་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་ཏེ། དགོས་པ་ཡོངས་སུ་གྲུབ་པ་
ལ་དམིགས་པ་ཡང་ཐོབ་པ་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཐོབ་པར་འདོད་པས་དབུ་མའི་ལམ་ལ་མངོན་པར་བརྩོན་པར་བྱའོ། །དེ་ལྟར་དབུ་མའི་ལམ་བཤད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་མ་ལུས་པ། །དབུ་མའི་ལམ་ནི་ཐོབ་པར་
ཤོག །དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིངས་པ། །ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག །རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལ་འོ་མ་ལེན་པ་བཞིན། །དེ་ལྟ་བས་ན་མཁས་རྣམས་ཀྱིས། །ཕྱོགས་ལྟུང་
དཀྲུགས་ཡིད་རིང་སྤོངས་ལ། །བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་བ་ཁོ་ནར་བྱ། །བསྒོམ་པའི་རིམ་པ་སློབ་དཔོན་ཨཱ་ཙརྱ་ཀ་མ་ལ་ཤཱི་ལས་ཐ་མར་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་
བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བྷཱ་བ་ན་ཡོ་ག་ཨ་བ་ཏཱ་ར། བོད་སྐད་དུ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་

ལོ། །གང་གིས་སྒྲིབ་པ་མཐའ་དག་མ་ལུས་པར་བསལ་ཏེ། ཆོས་ཀྱི་སྐུ་ཐོབ་པར་འདོད་པ་དེས་འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འབད་དེ། དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ལ་སོགས་པ་ལས་འབྲས་བུ་
ཆོས་ཀྱི་སྐུ་མི་ཐོབ་སྟེ། དེའི་ཕྱིར་དེ་རྣམས་ལ་འབད་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་གཞི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། དེ་བསོད་ནམས་ཆེ་བར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་
མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། དེ་ལ་ཡང་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི་ཚད་མེད་པས་སེམས་ཅན་སྡུག་བསྔལ་ལས་དགྲོལ་བར་དམ་བཅས་
ཏེ། དེ་དག་ལ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་དང་པོ་སེམས་བསྐྱེད་པའོ། །དེ་ཡང་ཆོ་ག་བཞིན་དུ་གཞན་ལས་ནོད་པར་བྱའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་བརྗོད་དུ་མེད་པ། དྲི་མ་མེད་པ། མཐའ་མེད་པ། སྤྲོས་པ་མེད་པ། གཡོ་བ་མེད་པ།
སྣང་བ་དང་མི་སྣང་བ་ཐམས་ཅད་དང་བྲལ་བའོ། །དེ་ནས་ཏིང་ངེ་འཛིན་མཐའ་དག་གི་ངོ་བོ་ཉིད་ཞི་གནས་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། དམིགས་པ་དེ་ལ་གང་གི་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་
བྱ། །ཞེས་གསུངས་པ་ལྟ་བུ་སྟེ། སངས་རྒྱས་ཀྱི་སྐུ་དེ་ནི་གསེར་བཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ་དེ་ལ་འདོད་པ་བསྐྱེད་དེ། འདུན་པ་དང་སེམས་ཀྱི་གནོད་པ་སྤངས་ཏེ། ལུས་དྲང་པོར་བསྲངས་ལ། སྐུ་དེ་ལྟ་བུ་ལུགས་མའམ་རི་
མོར་བྲིས་པ་མདུན་དུ་བཞུགས་ཏེ། རྒྱུན་དུ་ཡིད་ལ་བྱས་ལ། དེ་ཉིད་དམ་གཞན་ཡན་ལག་ལ་སོགས་པ་ནས། རྫོགས་པར་མངོན་སུམ་དུ་མཐོང་བར་འགྱུར་རོ། །གང་གི་ཚེ་དམིགས་པར་གྱུར་པ་དེའི་ཚེ་ཉིན་མཚན་ཕྱེད་པར་མ་ཡེངས་པར་བརྟན་པར་བྱའོ། །སེམས་བྱིང་བའམ་

རྒོད་པ་ལ་སོགས་པར་གྱུར་པའམ། དོགས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་འདོད་པས་སྤྲོ་བར་བྱ་སྟེ། དེ་བཞིན་དུ་བརྟན་པར་བྱའོ། །དེས་འགྲུབ་པར་འགྱུར་རོ། །དེ་ནས་ཤེས་རབ་མཐའ་དག་གི་ངོ་བོ་ལྷག་མཐོང་བསྒྲུབ་པར་བྱ་སྟེ། དེ་ཡང་ཐོས་པ་མང་དུ་བྱ་སྟེ། ཇི་ལྟར་ཞེ་
ན། ལྷག་མཐོང་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་དེ་ལྟ་བས་ན། སངས་རྒྱས་ཀྱི་ཆོས་ངེས་པའི་དོན་དང་། དྲང་བའི་དོན་ལ་གུས་པས་མང་དུ་མཉན་ཏེ། བསམས་པས་ངེས་པར་ཡིད་ཆེས་པས་ཐེ་ཚོམ་མེད་པར་བྱའོ། །
དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་དྲ་བས་བཅིངས་པས་དེ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་འགྲོན་པོ་ལྟར་གང་དུ་ཡང་ངེས་པ་མི་ཤེས་ཏེ། དེ་བས་ན་མང་དུ་ཐོས་པར་བྱའོ། །དེ་ནས་མཆོག་ཏུ་བསྔགས་པར་བྱ་བ་ཅི་ཡོད་པ་ཐམས་ཅད་བྱས་ལ། ཟས་ཚོད་ཟིན་པ་དང་རིགས་པར་ཟོས་ནས། བཤང་
གཅི་དོར་ཞིང་མཆིལ་སྣབས་དོར་ལ། སྙིང་རྗེ་ཆེན་པོས་སེམས་ཅན་མ་ལུས་པ་བྱང་ཆུབ་ལ་དགོད་དོ་སྙམ་དུ་བསམས་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒོ་གསུམ་གྱིས་ཕྱག་བྱ་སྟེ། བདེ་བའི་སྟན་ལ་ཀློད་ལ་འདུག་ནས། དབུགས་རྔམ་
པ་མེད་པར་བྱས་ལ། གོས་རན་པར་བྱ་སྟེ། ལུས་མི་དགྱེ་མི་སྒུ་བ་དང་། མིག་ཟམ་ཟིམ་དུ་བྱས་ནས། སོ་དང་མཆུ་དང་ལྕེ་ཡང་ཐ་མལ་པར་བྱས་པ་འམ། ཡང་ན་སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་
དམིགས་ཏེ། དེ་དག་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཅི་ནུས་སུ་བྱའོ། །དེ་ནས་གོང་གི་སྐུ་དེ་ཉིད་ཤིན་ཏུ་གསལ་བར་དྲན་པ་ནང་དུ་བཞག་ནས་དམིགས་སོ། །དེ་གསལ་བར་གྱུར་པ་དང་། སྐུ་དེ་གང་ནས་བྱོན། གང་དུ་བཞུད། གང་གིས་བཞུགས། ཇི་ལྟར་བཞུགས་པ་
བརྟག་གོ། །དེ་ནས་གང་ནས་ཀྱང་མ་བྱོན་པ་ལ་སོགས་པར་ཤེས་པར་བྱའོ། །སྐུ་དེ་ནི་རང་བཞིན་སྟོང་པ། ཡོད་མེད་ལས་འདས་པ། སྤྲོས་པ་རྣམས་དང་བྲལ་བར་འདུག་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་རང་གི་ངང་གི་བློས་བརྟགས་པ་ལས་གུད་ན་མེད་པར་ཁོང་དུ་ཆུད་པར་བྱའོ། །

དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསམ་མོ། རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ་ཤེས་པ་ཡང་ཡོད་མེད་དང་བྲལ་བ་དེ་ལྟ་བུས་དམིགས་
པ་མེད་པར་བསྒོམ་པར་བྱའོ། །དེ་ལྟ་བས་ན་བར་བར་དུ་སེམས་ཀྱིས་སེམས་ལ་བརྟགས་ཏེ་དམིགས་པ་ལ་སེམས་འཇུག་ན་ཡང་དེ་བཞིན་དུ་ངང་གིས་འཇུག་པ་མངོན་པར་འདུ་བྱ་བ་མེད་པ་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་གནས་པར་བྱའོ། །དེས་སེམས་ཀྱི་རྒྱུད་མི་གཡེང་བར་
བྱའོ། །ཅི་སྟེ་སེམས་གཡེང་བར་གྱུར་ན། འདི་ལྟར་དངོས་པོ་ཀུན་ནི་གཟུང་བ་འཛིན་པ་སྟེ། གཟུང་བའི་དངོས་པོ་རྡུལ་ཕྲ་རབ་ཏུ་བློས་བཤིག་སྟེ། དེ་ཉིད་ཀྱང་སོ་སོར་ཕྱེ་ན་དངོས་པོ་མེད་དོ། །འཛིན་པ་ཡང་དེ་ལས་གུད་ན་མེད་དོ། །དེའི་རྣམ་པར་སྣང་བའི་ཕྱིར་རོ། །དེས་གཡེང་
བ་ཞི་བར་བྱས་ལ་གོང་མ་ཉིད་ལ་གནས་པར་བྱའོ། །ཡང་སེམས་མི་དགའ་བར་མཐོང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པར་བྱས་ནས། དེ་ལ་དགའ་བ་བསྒོམ་པར་བྱ། གཡེང་བ་ལ་ཉེས་པར་བསམས་ལ་མི་དགའ་བ་ཞི་བར་བྱའོ། །ཡང་རྨུགས་པ་དང་གཉིད་ཀྱིས་བྱིང་བ་འམ་རྒོད་
པར་དོགས་ན་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུའམ། མཛད་པ་བཅུ་གཉིས་ལ་སོགས་པ་བསམས་ལ་བྱིང་བ་ཞི་བར་བྱའོ། །ཡང་སྔོན་མྱོང་བའི་ཡུལ་ལ་སེམས་རྒོད་པའམ་དོགས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་དང་། རང་ལ་མི་གཙང་བ་ལ་སོགས་པ་དང་། གཞན་
ལ་མྱུར་དུ་བྲལ་བ་ལ་སོགས་པ་བསམས་ལ་རྒོད་པ་ཞི་བར་བྱས་ལ་གོང་མ་ཉིད་ལ་བཏང་སྙོམས་སུ་བྱའོ། །དེ་ལྟ་བུས་གནས་པ་ལས་ཤིན་ཏུ་སྐྱོ་བར་གྱུར་ན། དེ་ལས་ལངས་ལ་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་ལྟར་བསམས་ཏེ། ཆོས་ཐམས་ཅད་དོན་དམ་པར་ཇི་ལྟ་བ་ཡང་མི་དམིགས་ན།
ཀུན་རྫོབ་ཏུ་རྒྱུ་རྐྱེན་ལས་སྐྱེ་བ་སྒྱུ་མ་ལ་སོགས་པ་སྣང་བ་ཡོད་དོ་སྙམ་དུ་བསམས་ལ་སྐྱིལ་མོ་ཀྲུང་བཤིག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་དུ་བྱས་ཏེ། བདུན་ཤིན་ཏུ་རྣམ་པར་དག་པར་བྱའོ། །དེའི་རིམ་པས་རྟག་པར་དུས་དྲུག་ཏུ་བྱའོ། །དེ་ནས་

སེམས་མཉམ་པར་འགྱུར་ཏེ། དེ་གྱུར་ན་གནས་ཡིད་དུ་འོང་བ་བརྒྱན་ཏེ་ཤིན་ཏུ་དགའ་བར་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་གིས་སེམས་དེ་ཤིན་ཏུ་འཕེལ་བར་བྱའོ། །སྤྱོད་ལམ་གྱི་སྣང་བ་ཀུན་སྒྱུ་མ་ལ་སོགས་པ་ལས་མི་ཉམས་པར་གནས་པར་བྱའོ། །དེ་དག་གི་ཐབས་དང་
ཡིད་ཆེས་པ་ཡོད་དེ། མངས་ཀྱིས་དོགས་ནས་མ་བྲིས་ཏེ་གཞན་དུ་བལྟའོ། །བདེ་བར་གཤེགས་པའི་ཐུགས་ཀྱི་ཡང་སྙིང་འདི། །བརྗོད་དུ་མེད་ཀྱང་བདག་གཞན་དོན་དུ་བརྗོད། །དེ་ཡི་དགེ་བ་ཅུང་ཟད་ཅི་ཡོད་པས། །འགྲོ་བ་ཐམས་ཅད་བདེ་གཤེགས་འདྲ་བར་ཤོག །ཆོས་དོན་
ཟབ་ཅིང་བདག་བློ་དམན། །དེ་ཕྱིར་ཤིན་ཏུ་རྟོགས་དཀའ་ཡང་། །ཐོས་ཉུང་བློ་དམན་དགའ་ཕྱིར་བྱས། །དེ་ལ་མཁས་མང་བཟོད་པ་མཛོད། །མི་རྟོག་ཡེ་ཤེས་མི་བསྒྲུབས་ན། །ཚིག་གིས་སངས་རྒྱས་གྲུབ་པ་མེད། །འོན་ཀྱང་འགྲོ་བ་འདོན་པས་ན། །མཁས་པ་རྣམས་ཀྱིས་བཤད་
པར་རིགས། །རྣལ་འབྱོར་བསྒོམ་པ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་པྲཛྙ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུམ་གྱུར་དེ་ཡི་མིང་། །རང་བཞིན་
མེད་པའི་རང་བཞིན་ཅན། །ཚིག་མེད་ཡུལ་ལས་རྣམ་པར་འདས། །དགེ་མ་དེ་ལ་ཕྱག་འཚལ་འདུད། །དངོས་པོ་བརྒྱད་སོགས་རྒྱས་པར་ནི། །ཁོང་དུ་ཆུད་ནུས་མ་ཡིན་པས། །རྗེས་འཇུག་སྤྲོས་པ་མེད་པའི་དོན། །བདག་གིས་རབ་ཏུ་བཤད་པར་བྱ། །སྙིང་གི་དཀྱིལ་དུ་གནས་
པ་ནི། །རྡོ་རྗེ་དཀར་པོ་རྣམ་པར་མཛེས། །རྩེ་མོ་ལྔ་པ་གཟི་བརྗིད་ཅན། །ལྟེ་བར་ཐིག་ལེ་དཀར་པོ་གཅིག །ལྔ་པོ་སྟེང་དུ་རིམ་བཞིན་འབར། །ཕ་རོལ་ཕྱིན་དྲུག་རིམ་བཞིན་དག །རིམ་བཞིན་ཐིག་ལེ་སྒྲ་སྤངས་ལ། །བརྟན་འགྱུར་སྟོབས་བསྐྱེད་ཏིང་འཛིན་སྦྱང་། །མན་

ངག་རིམ་པས་སྒྲ་ནང་དུ། །ཆུ་སྐྱེས་འབའ་ཞིག་འདབ་བརྒྱད་ནས། །འདབ་མ་སྟོང་གི་བར་དུ་དམིགས། །སླར་བསྡུས་སྒྲ་ཡི་ངོ་བོ་ལས། །འདས་པའི་ཡེ་ཤེས་མི་ཕྱེད་འདོད། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །མཁས་པས་རབ་ཏུ་བསྟེན་པར་གྱིས། །
སེམས་ཅན་རྣམས་ལ་བདག་གསོལ་འདེབས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀ་མ་པ་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་པ་རི་ཀ་བྷཱ་བ་ན་ཀྲ་མ། བོད་སྐད་དུ། ལུས་ཡོངས་སུ་
དཔྱད་པའི་བསྒོམ་པའི་རིམ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འདི་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཇིག་རྟེན་རྣམ་པར་རྟོག་ལས་བྱུང་། །རྣམ་པར་རྟོག་པ་སེམས་ལས་བྱུང་། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེའི་ཕྱིར་ལུས་ལ་དཔྱད་པར་བྱ། །
ཞེས་གསུངས་ཏེ། དེས་ལུས་ལ་བརྟག་པ་ནི་སྙིང་པོ་གསུམ་དང་། ལུས་ཟུངས་བདུན་དང་། སྤུའི་ཚོགས་བརྒྱད་དང་། བ་སྤུའི་ཁུང་བུ་བྱེ་བ་ཕྲག་བརྒྱད་ཅུ་དང་། སོ་སུམ་ཅུ་རྩ་གཉིས་དང་། སེན་མོ་ཉི་ཤུ་དང་། པགས་པའི་རིམ་པ་བདུན་དང་། བུ་ག་དགུ་དང་། འབུར་བཅུ་གཅིག་དང་།
ནང་གི་དངོས་པོ་ཉི་ཤུ་རྩ་གཅིག་དང་། ཤ་སྤར་ཚད་ལྔ་བརྒྱ་དང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། རྒྱུས་པ་བདུན་བརྒྱ་དང་། ཆུ་བ་བཅུ་དྲུག་དང་། སྲིན་བུའི་རིགས་བྱེ་བ་ཕྲག་བརྒྱད་ཅུ་དང་། ནད་གཞི་རྣམ་པ་བཞི་དང་། མི་གཙང་བ་ཉི་ཤུ་རྩ་གཉིས་དང་། འབྱུང་བ་ཆེན་པོ་
བཞི་དང་། གང་ནམ་མཁའི་ཁམས་དང་། རུས་པ་སུམ་བརྒྱ་དྲུག་ཅུ་དང་། ཚིགས་སུམ་བརྒྱ་དང་། གནད་བརྒྱ་རྩ་བདུན་ཆས་པ་དང་། ཡང་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྐྱེ་མཆེད་རྣམས་ཀྱང་འདིའི་ཆར་ཆོས་ཇི་ལྟ་བར་བརྟག་ཅིང་
དཔྱད་དོ། །དེ་ནས་ཡང་ཇི་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། །རྣམ་པར་མི་རྟོག་ཡེ་ཤེས་རྡོ་རྗེ་ཡིས། །ལུས་ཀྱི་འཁྲུལ་འཁོར་ཐམས་ཅད་གཞིག་པར་བྱ། །ཞེས་བཤད་པའི་རིམ་པས་སོར་ཚིགས་དང་། ནས་དང་། ཤིག་དང་། སྲོ་མ་དང་། གླང་དང་། ལུག་དང་། རི་

བོང་དང་། ཉི་ཟེར་དང་། ལྕགས་དང་། ཆུའི་རྡུལ་དང་། རྡུལ་ཕྲ་མོ་དང་། ཕྲ་རབ་དག་གོང་ནས་འོག་ཏུ་བདུན་དུ་བསྐྱུངས་པས་དཔྱད་ནས་ཐ་མར་རྡུལ་ཕྲ་རབ་དེ་ནི་ཇི་ལྟར་འཕགས་པས་ཡང་དག་པར་དཔྱོད་པའི་ཚུལ་དུ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་མདོ་ལས་ཇི་སྐད་དུ་གསུངས་པ་
དེ་བཞིན་དུ་བསྒོམ་སྟེ། ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག་ཅེ་ན། རྡུལ་ཕྲ་མོ་གཅིག་པོ་དེ་ལ་ཇི་ལྟར་མཚན་ཉིད་མེད་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་པར་རབ་ཏུ་ཤེས། བདག་མེད་པ་དང་རྣམ་པར་བྲལ་བར་རབ་ཏུ་ཤེས། དངོས་པོ་མེད་པ་དང་དོན་
དམ་པའི་ཚིག་གི་ལམ་དང་བྲལ་བར་རབ་ཏུ་ཤེས། དམིགས་པ་མེད་པ་དང་སྒྲ་དབྱངས་ཐམས་ཅད་དང་བྲལ་བར་རབ་ཏུ་ཤེས། བདག་མེད་པ་དང་བྲལ་བ་དང་། བདུད་ཀྱི་མཚན་ཉིད་དུ་རབ་ཏུ་ཤེས། ཡི་གེ་མེད་པར་རྒྱུ་རྐྱེན་དང་བྲལ་བར་རབ་ཏུ་ཤེས། དངོས་པོ་མེད་པ་དང་རྒྱུ་རྐྱེན་དང་བྲལ་བར་
རབ་ཏུ་ཤེས། མཚན་མ་མེད་པ་ལས་རྡུལ་ཤིན་ཏུ་བྲལ་བར་རབ་ཏུ་ཤེས་ཏེ། ཇི་ལྟར་འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བ་ལ་རྣམ་པ་བརྒྱད་པོ་དེ་དག་གིས་ཤིན་ཏུ་ཕྲ་མོ་ཞིག་ཏུ་བརྟག་གོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་ནས་ནང་གི་ལུས་ཐམས་ཅད་ཀྱི་བར་དུ་གཅིག་ལ་ཡང་སོ་
སོར་རྣམ་པ་བརྒྱད་པོ་འདི་དག་གིས་རྡུལ་ཕྲ་མོ་ཞིག་ཏུ་བརྟག་གོ། །ནང་གི་ལུས་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་སའི་ཁམས་ཀྱང་རྣམ་པ་བརྒྱད་པོ་འདི་དག་གིས་སོ་སོར་རྡུལ་ཤིན་ཏུ་ཕྲ་བར་བརྟག་གོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྟོན་ཏེ། དེ་ལྟར་ལུས་ལ་རྣམ་པར་དཔྱད་ན་ནམ་མཁའ་དང་འདྲ་བར་
བསྒོམ་མོ། །དེ་ནས་ངག་ཀྱང་བྱུང་མ་ཐག་ཏུ་ཞིག་ཅིང་ནམ་མཁར་ཐིམ་པར་བྲག་ཅ་དང་འདྲ་བར་ཡུལ་ན་མི་གནས་ཤིང་། སེམས་ཀྱང་ཁ་དོག་དང་དབྱིབས་དང་སྐྱེ་གནས་དང་། སྣོད་དང་སེམས་ཅན་དུ་མི་དམིགས་པར་གྱུར་གྱི་བར་དུ་བལྟ་སྟེ། དེའི་ཚེ་ཐམས་ཅད་ནམ་མཁའི་ངོ་བོར་གནས་
སོ། །འདི་ཉིད་ལ་གོམས་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ཡང་དག་པ་མ་ཡིན་པ་རྟོག་པ་ནས་ཇི་སྲིད་རྒ་ཤིའི་བར་དུ་ཇི་ལྟ་བར་ཤེས་པས་བདེ་བར་གནས་སོ། །དེ་ནས་ནི་ཇི་ལྟར་དགའ་བའི་གཟུགས་ཀྱི་ལུས་ཀྱིས་བདག་དང་གཞན་ལ་ཕན་པ་དང་བདེ་བ་སྒྱུ་མ་ལྟར་སྤྱད་དོ། །

ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི་རིམ་པ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། །།མི་སྡུག་པ་བསྒོམ་པའི་རིམ་པ་བཞུགས། །
༄༅༅། །མི་སྡུག་པ་བསྒོམ་པའི་རིམ་པ། འདོད་ཆགས་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མི་གཙང་བ་བསྒོམ་པ་བཤད་པར་བྱའོ། །གང་རྣལ་འབྱོར་པ་སྲིད་པས་དམུས་བྱུང་ནས་ཐར་པ་ལ་དད་པ་སྐྱེད་པ་དེས་འདི་ལྟར་
བརྟག་པར་བྱ་སྟེ། དང་པོར་རང་གི་དཔྲལ་བའམ། ལག་པ་དང་རྐང་པའི་མཐེ་བོ་ལ་ཐོར་བུའམ། འབྲུམ་བུ་སྔོན་པོའམ། སེར་པོའི་རྣམ་པ་རྣག་གིས་ཀུན་ཏུ་གང་བ་ཞིག་རྡོལ་བར་བསྒོམ་སྟེ། ནམ་ཞི་གནས་གྲུབ་པའི་བར་དུའོ། །དེ་གྲུབ་ནས་ནི་བདག་གི་ལུས་ཐམས་ཅད་མཐར་
གྱིས་རུལ་མྱགས་པར་བསམ་པར་བྱའོ། །དེ་ནས་ཇི་ལྟར་བདག་གི་ལུས་ལ་དམིགས་པ་བཞིན་དུ་ས་གཞི་ཐམས་ཅད་མི་རོས་གང་བར་མཐོང་ངོ་། །དེ་ལྟར་མི་གཙང་བ་བསྒོམ་པ་ཡང་ཁ་དོག་དང་། དབྱིབས་དང་། རེག་པ་དང་། འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་རྣམ་པ་བཞིར་
ཤེས་པར་བྱ་སྟེ། དེ་ལ་དང་པོ་ནི། མིའི་རོ་བསྔོས་པ་དང་། རྨུགས་པ་དང་། མདོག་མི་སྡུག་པ་དང་། དྲི་བཤུལ་བ་དང་། རྣམ་པར་འབུས་གཞིགས་པའོ། །དང་འོག་ནི་ལུས་སྔ་མ་བཞིན་དུ་བམ་ཞིང་། རྐང་ལག་དང་ཁ་མིག་རྣམས་མི་སྡུག་ཅིང་འཇིགས་སུ་རུང་བར་གྱུར་པའོ། །
ཐ་ལྟག་ནི་རྣམ་པར་རུལ་པ་དང་། རྣག་གིས་ཀུན་ཏུ་གང་བ་དང་། བསྣམ་པ་དང་། འབུ་མང་པོས་གཞིགས་ཤིང་མྱགས་པའོ། །ཐ་མར་ལུས་ཀྱི་ཀེང་རུས་ཙམ་མ་བྲལ་ཞིང་རྒྱུས་པས་འབྲེལ་པ། ཤ་ར་རི་ཆགས་པ་དྲི་མི་ཞིམ་པ་སྦྲང་མས་གཟིངས་ཤིང་འཕུངས་པས་རྣགས་ཤིང་
དམར་བར་བསྒོམ་སྟེ་གོ་རིམས་བཞིན་ནོ། །དེ་ལྟར་བསྒོམས་པའི་འོག་ཏུ་སྟན་ལས་མ་ལངས་པ་ཁོ་ནར་མི་གཙང་བ་དང་ཀེང་རུས་ཀྱི་རྣམ་པ་འདི་དག་རང་གི་བློས་བརྟགས་པ་ཁོ་ནར་ཟད་དེ། དམིགས་པ་མེད་བཞིན་དུ་ཡང་ཤེས་པ་སྐྱེ་བ་ལས་ན། ཆོས་ཐམས་ཅད་ཀྱང་བརྟགས་པའི་ངོ་

བོ་ཁོ་ནར་ཟད་ལ། རྟོག་པ་ཡང་རྐྱེན་ཚོགས་པའི་དབང་གིས་བྱུང་བ་ཡིན་ཏེ། གང་དང་གང་རྐྱེན་ལས་བྱུང་བ་དེ་ཐམས་ཅད་ནི་རང་གི་ངོ་བོ་མ་སྐྱེས་པ་ཡིན་ཏེ། སྐྱེ་བ་མེད་པ་དང་འགག་པ་ཡང་མེད་པས་ན། སྐྱེ་བ་དང་འགག་པ་མི་དམིགས་པར་དེ་ཁོ་ནའི་དོན་གྱི་རྣམ་པ་ལ་སེམས་ཀྱི་རྒྱུན་
གཏད་དེ་ཅི་ནུས་སུ་བསྒོམ་མོ། དེ་ནས་སེམས་སྐྱོ་ན་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ནས་ལྡང་ངོ་། །ལངས་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བལྟས་ཏེ། སྦྱིན་པ་ལ་སོགས་པ་སྙིང་རྗེ་སྔོན་དུ་སོང་བའི་བློས་བྱའོ། །དེ་ཕན་ཆད་ནི་དམིགས་པ། གང་ཁོ་ན་ལས་འདོད་
ཆགས་སྐྱེ་བའི་དམིགས་པ་དེ་ཉིད་ཀྱང་རང་གི་ལུས་ལ་མི་གཙང་བ་ཇི་ལྟ་བ་བཞིན་ཡིད་ལ་བྱའོ། །དེ་ལྟར་རྒྱུན་དུ་ཡིད་ལ་བྱས་ཤིང་བསྒོམས་ན་ལུས་ལ་ཡིད་འབྱུང་ཞིང་འདོད་ཆགས་རྣམ་པ་བཞི་པོ་ཡང་གནོན་པར་གྱུར་ལ་འཕགས་པའི་ལམ་ཡང་སྐྱེ་སྟེ། ཉོན་མོངས་པ་རྟག་ཏུ་སྤངས་པར་
ཡང་འགྱུར་རོ། །མི་གཙང་བ་བསྒོམ་པའི་ཐབས་བཤད་པ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ་རྫོགས་སོ།། །།འདི་ནི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ། འགྱུར་རྙིང་ལགས་སྐད་དོ།། །།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་བཞུགས།
༄༅༅། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་བསྒོམས་སྟོབས་ཀྱིས་ཡོངས་རྫོགས། །ཚོགས་གཉིས་ཀྱི་ནི་རྒྱུར་གྱུར་པ། །སངས་རྒྱས་ཉིད་ལ་ཡང་དག་བརྟན། །བསྒོམ་
པའི་སྐལ་དང་མི་ལྡན་པ། །དེའི་ཕྱིར་འགྲོ་བའི་མགོན་པོ་ཡིས། །ཤེས་རབ་ཞི་གནས་བསྒོམ་པ་གསུངས། །དེ་ནི་བརྩེ་ཆེན་རྫོགས་བྱང་ཆུབ། །འགྲོ་བའི་རྒྱུད་ལ་སྐྱེད་བྱེད་ཡིན། །གང་ཡང་བསྒོམས་པའི་སྟོབས་ལས་ངེས་པར་འབྱུང་བའི་བསོད་ནམས་དང་ཡེ་ཤེས་གཉིས་ཀྱི་རྒྱུ།
ཀུན་ཏུ་བཟང་པོ་ཉིད་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་ཡུན་རིང་པོ་མི་ཐོགས་པར་རྫོགས་པ་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་བ་མེད་པ་དེ་རྣམས་ཀྱི་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་

བསྟན་པ་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་བསྒོམས་པས་བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི་རང་བཞིན་གྱི་སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབས་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་
ཞེས་དགོངས་པ་ཡིན་ནོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོག་པ་སྤངས་པའི་ཚུལ་གྱིས་རྣམ་པར་རྟོག་པ་སྤོངས་པས་ཡོངས་སུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་དོ། །སྙིང་རྗེ་ཆེན་པོ་དང་ལྡན་པས་ནི་གཞན་གྱི་
སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་འདི་དག་ཐམས་ཅད་ཉིད་སྡུག་བསྔལ་རྣམས་ལས་བཏོན་ལ། སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཅིང་འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང་། སྦྱིན་པ་ལ་སོགས་པའི་བྱ་བའི་
དངོས་པོའི་ཐབས་ལ་བསླབ་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་རྫོགས་པར་མི་འགྱུར་རོ་སྙམ་དུ་དགོངས་ནས། གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡང་སྒོམ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་
ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། བྱང་ཆུབ་སེམས་གང་གཞན་དོན་དུ། །ཡང་དག་བྱང་ཆུབ་འདོད་པ་ཡིན། །དེ་ནི་དབྱེ་བ་གཉིས་ཀྱིས་གཉིས། །དེ་དག་ཉི་ཤུ་གཉིས་སུ་འང་འགྱུར། །བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་སེམས་དང་འཇུག་པའི་
སེམས་སོ། །དེ་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ནི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་རྙེད་པར་དཀའ་བའོ། །དེ་བས་ཀྱང་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་
དཀའོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་རྩ་གཉིས་སུ་དབྱེ་བ་བྱ་སྟེ། དེ་ཡང་འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་

པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སྩོགས་དབྱེ་བས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །
འཇུག་པ་ཞེས་ནི་བྱ་བའི་སེམས། །རྣམ་པ་བཅུ་དགུ་དག་ཏུ་འདོད། །དེ་ལ་སྨོན་པའི་སེམས་རྣམ་པ་གསུམ་དུ་དབྱེ་སྟེ། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ་
དྲུག་གི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་ཅན་དེས་དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་
ཚེས་པ་ལྟ་བུ་ཡིན་ནོ། །འཇུག་པའི་སེམས་ཀྱི་དབྱེ་བ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མངོན་པར་ཤེས་པ་དང་ལྡན་པ་དང་། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང་།
ཞི་གནས་དང་ལྷག་མཐོང་དང་ལྡན་པ་དང་། གཟུངས་དང་སྤོབས་པ་དང་ལྡན་པ་དང་། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དང་། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་དང་། ཆོས་ཀྱི་སྐུ་དང་ལྡན་པའོ། །འདི་ཡིས་དེ་དག་མ་ལུས་ཁྱབ། །དེ་བས་གནས་སྐབས་རྣམ་བཞི་སྟེ། །འབྲས་བུ་
རྒྱུ་དང་སྦྱོར་སོགས་དང་། །ལམ་གྱི་གནས་སྐབས་དབྱེ་བས་སོ། །དེ་ལ་གསུམ་ནི་ལས་དང་པོ་པའི་གནས་སྐབས་སོ། །བཞི་པ་ནི་ངེས་པར་འབྱེད་པའི་ཆའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ཀྱིས་ནི་རྒྱུའི་གནས་སྐབས་སོ། །མངོན་པར་ཤེས་པ་ལ་
སོགས་པའི་གནས་སྐབས་དང་ལྷན་ཅིག་གནས་པ་བརྒྱད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིན་ནོ། །དེ་ལ་དང་པོ་མགོན་པོ་ཡིས། །གསོལ་བའི་རྣམ་པ་ཡང་དག་བཤད། །གཉིས་པ་སྦྱིན་སོགས་ལ་འཇུག་པ། །འཇུག་པའི་རྣམ་པ་རབ་ཏུ་བསྒྲགས། །གསོལ་བའི་སེམས་

ཀྱི་རྣམ་པ་ནི་གསུམ་སྟེ་དེ་ཡང་སྔར་བཤད་པ་ཡིན་ནོ། །འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ། སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པ་ནི་འཇུག་པའི་སེམས་སོ། །སྡོམ་པ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ། །དེ་མེད་
ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །དེ་ཡང་། སྦྱིན་སོགས་ཤེས་རབ་དང་བྲལ་བ། །ཐབས་མ་ཡིན་ཞིང་ས་མ་ཡིན། །དེ་བས་ཤེས་རབ་བསྐྱེད་བྱ་ཞིང་། །ཞི་གནས་ཀྱང་ནི་བསྐྱེད་པར་བྱ། །ཤེས་རབ་མེད་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མིང་མི་
ཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་རབ་སྐྱེད་པའི་ཕྱིར་དང་ཞི་གནས་བསྐྱེད་པར་བྱ་བའི་ཕྱིར་འབད་པར་བྱའོ། །དེ་ལ། གང་ཞིག་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང་། །གང་ལ་བརྩོན་དང་བག་ཡོད་བརྟན་པ་འཆང་། །གང་ཚེ་ཡང་དག་དང་ཡང་ལྡན་གྱུར་ཏེ། །དེ་ཡི་ཏིང་འཛིན་མྱུར་
དུ་ཡོངས་སུ་རྫོགས་པར་འགྱུར། །ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ་ལུས་དྲང་པོར་བཞག་ལ། སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ཏེ། སེམས་ཅན་མ་ལུས་པ་གདོན་པར་འདོད་པའི་བསམ་
པས་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བ་དངོས་པོ་ཐམས་ཅད་ལ། །ཡང་དག་དམིགས་དེ་ཇི་སྲིད་མཉམ་གཞག་ཐོབ། །དེ་སྲིད་ཡིད་ནི་སྐད་ཅིག་རེ་རེ་གཞུག །དང་པོར་རེ་ཞིག་རྣལ་འབྱོར་པས་
ཁམས་ལ་སོགས་པའི་རྣམ་པའི་དབྱེ་བས་དངོས་པོ་མ་ལུས་པ་རྒྱ་ཆེར་རྣམ་པར་དཔྱད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུན་གྱི་སྐད་ཅིག་མས་དེ་ཉིད་དུ་གཏད་པར་བྱའོ། །གལ་ཏེ་ཡིད་ནི་ཆགས་སོགས་ཀྱིས་གཡེངས་གྱུར། །མི་
གཙང་ལ་སོགས་གཉེན་པོར་བསྒོམ་པ་ཡིས། །ཇི་སྲིད་དེ་ནི་བརྟན་པ་མ་ཐོབ་པ། །དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ། །ཡང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་གཡེངས་པར་གྱུར་པ་དེའི་ཚེ་མི་གཙང་བ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེངས་པ་ཞི་བར་བྱས་ལ་

སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་འདོད་ཆགས་རྣམ་པ་དགུ་ནི་ཆེན་པོ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང་། རེག་པ་ལ་ཆགས་པ་དང་། ཙནྡན་ལ་
སོགས་པས་བསྐུས་པ་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་དང་། རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེས་པ་ལ་ཆགས་པ་དང་། ལུས་ཀྱི་ཁ་དོག་ལ་ཆགས་པ་དང་། ཤ་རྒྱས་པ་ལ་ཆགས་པ་དང་། ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པ་དང་། སོ་མཛེས་པ་ལས་བྱུང་བའི་
ཆགས་པ་དང་། ཁ་དོག་དང་དབྱིབས་ལ་ཆགས་པའོ། །དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོར་ནི་རྣམ་པར་བམ་པའི་འདུ་ཤེས་སོ། །ལུས་ཀྱི་རེག་པ་ལ་ཆགས་པའི་ནི་འབུས་གཞིག་པའི་འདུ་ཤེས་སོ། །
ལུས་ཀྱི་དྲི་ལ་ཆགས་པའི་ནི་རྣམ་པར་རུལ་པའི་འདུ་ཤེས་སོ། །ལུས་མཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ། །ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་བསྔོས་པའི་འདུ་ཤེས་སོ། །ཤ་རྒྱས་པ་ལ་ཆགས་པའི་ནི་རྣམ་པར་ཟོས་པའི་འདུ་ཤེས་སོ། །ལུས་དང་ཡན་ལག་
གི་རྩེ་འཇོ་ལ་ཆགས་པའི་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ། །སོ་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེས་སོ། །ཁ་དོག་དང་དབྱིབས་ལ་ཆགས་པའི་ནི་རྣམ་པར་ཚིག་པའི་འདུ་ཤེས་སོ། །ཞེ་སྡང་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོར་ནི་བྱམས་པ་བསྒོམ་པའོ། །གཏི་མུག་
ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པའོ། །གང་གི་སེམས་དེ་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བསམ་པ་དང་མི་དགེ་བའི་སྐྱོན་ལ་བསམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་གཉིད་དང་མུན་པ་ལས་སེམས་ཞུམ་
པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་བསྒོམ་པ་དང་རབ་ཏུ་དགའ་བ་ཡིད་ལ་བྱེད་པས་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ཞུམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་སྔོན་དགོད་པ་དང་རྩེ་ཞིང་དགའ་བ་རྗེས་སུ་དྲན་པས་སེམས་བར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ། མི་

རྟག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་ཞུམ་པ་དང་རྒོད་པ་དག་དང་བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ། བསྒྲིམས་པ་དང་ཀློད་པ་བཏང་སྙོམས་སུ་བྱས་ཏེ། གལ་ཏེ་སེམས་
མཉམ་པར་འཇུག་ཏུ་བསྒྲིམས་པ་བྱས་ན། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ལེ་ལོ་དང་ནི་དམིགས་པ་བརྗེད་པ་དང་། །དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ། །ཏིང་ངེ་འཛིན་ལ་ཐམས་ཅད་ཉེས་པར་འགྱུར། །དད་སོགས་སེམས་ཉིད་དེ་ཡི་གཉེན་པོ་ཡིན། །མདོར་
ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། ཞུམ་པ་དང་། རྒོད་པ་དང་། བསྒྲིམས་པ་དང་། མ་བསྒྲིམས་པའོ། །དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ་ཞེས་བཅོམ་ལྡན་འདས་
ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་ཡིད་ཆེས་
པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་རོ། །ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་
པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང་རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་
དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་བསྒོམ་པར་བྱའོ། །ཞུམ་པ་དང་རྒོད་པ་དེ་དག་ཉེ་བར་ཞི་བར་གྱུར་ནས། གང་གི་ཚེ་སེམས་རང་གི་རྒྱུན་གྱིས་འཇུག་པ་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་

བརྒྱད་པོ་དེ་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ནི་གང་གི་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །དེ་བས་ན་མདོ་ལས་སྤང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །བསྒོམ་པའི་རིམ་པ་
འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཡུམ་དེ་ཉིད་ལས་དེ་ལ་སེམས་མཉམ་པར་གཞག་པར་བྱ། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་
ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་འཇོག་པར་བྱེད་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ། །རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བར་ཤེས་པར་བྱ་སྟེ། དེ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་འཇོག་པར་བྱེད་པ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས་ནས་དེ་ཉིད་ལ་
གོང་ནས་གོང་དུ་གཏོད་པར་བྱེད་པའོ། །དུལ་བར་བྱེད་པ་ནི་དགའ་བ་སྐྱེད་པར་བྱེད་པའོ། །ཞི་བར་བྱེད་པ་ནི་མི་དགའ་བ་ཞི་བར་བྱེད་པའོ། །ཉེ་བར་ཞི་བར་བྱེད་པ་ནི་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེད་པའོ། །གཅིག་པ་ཉིད་དུ་བྱེད་པ་ནི་དམིགས་པ་ལ་མངོན་པར་འདུ་བྱེད་པ་
མེད་པར་འཇུག་པ་ལ་འབད་པར་བྱེད་པའོ། །ཏིང་ངེ་འཛིན་དུ་མཉམ་པར་འཇོག་པ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པར་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚིག་དགུ་པོ་འདི་དག་གི་བཤད་པ་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ལས་བྲིས་པ་ཡིན་
ནོ། །ཡང་རིམ་པ་འདིས་ཏིང་ངེ་འཛིན་རྫོགས་པར་གང་གི་ཚེ་འགྱུར་ཞེ་ན། དེའི་ཚེ་སྨྲས་པ། གང་གི་སེམས་ནི་རྩོལ་བ་མེད་པས་ནི། །རང་གི་ངང་གིས་འཇུག་པར་འགྱུར་བ་ན། །དེའི་ཚེ་སངས་རྒྱས་མཉམ་འཇོག་ལ་བརྟེན་ཏེ། །འདི་ནི་ཏིང་ངེ་འཛིན་གྱི་ཚུལ་ཡིན་ནོ། །གང་གི་ཚེ་དམིགས་པ་དེ་ལ་
མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཉམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་པར་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས་མེད་དབྱེ་བ་ཡི། །དོན་དེ་ཉིད་ནི་རྣམ་དཔྱད་བྱ། །དེ་བས་ན་རྣམ་

པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ་སེམས་ཙམ་ལས་ཡོངས་སུ་བཟླས་ལ་གཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་གྱིས་བཟླ་བར་བྱའོ། །དེ་ཁོ་ན་ཉིད་
མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ཡུམ་བར་མ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་
པའི་དོན་དེ་གཟིགས་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པར་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས་པ་ན། ཆོས་ཐམས་ཅད་མཐོང་དུ་ཟིན་
ཀྱང་མ་མཐོང་བ་ལེན་ནོ། །དེ་ལྟ་བུ་ཉིད་མཐོང་བ་མེད་པ་ཞེས་བྱ་བར་མངོན་པར་འདོད་ཀྱི་གཉིད་ལོག་པའམ། མིག་བཙུམས་པ་དང་འདྲ་བར་གང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་
དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པར་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི་འགྱུར་ཏེ། འདུ་
ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ། །གང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་སྤངས་པ་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངས་སུ་སྤངས་པས་ཚ་བ་སྤོང་མི་ནུས་པ་དང་འདྲའོ། །དེ་བས་ན་ཐེ་ཚོམ་གྱི་ས་
བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་བསལ་བར་བྱའི། ཚེར་མ་འབྱིན་པ་ལྟ་བུར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བར་བྱ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ། །དེ་ཡང་སེམས་རྩེ་གཅིག་པའི་

མཚན་ཉིད་ཅན་གྱིས་ཞི་གནས་སྐྱེ་བར་གྱུར་ན་ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པའི་རྣལ་འབྱོར་པའི་ཐེ་ཚོམ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་ལོ། །དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ་དེ་ཉིད་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དེའི་ཚེ་ཞི་གནས་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཡང་། ཀུན་རྟོག་ཐམས་ཅད་སྤངས་པ་སྟེ། །འདི་ནི་རྣལ་འབྱོར་དམ་པ་ཡིན། །རྣལ་འབྱོར་པ་གང་མངོན་སུམ་དུ། །གནས་
པ་ཀུན་མཁྱེན་བཅོམ་ལྡན་འགྱུར། །དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་བདག་གིས་སམ། བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་ལྡན་པ་ཡིན་ན་དེ་ངེས་པའི་རྒྱུད་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་པར་རྟོགས་
པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ། །དེ་ཡང་འཕགས་པ་ག་ཡ་མགོའི་རི་ལས་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱིས་བསྡུས་པ་སྟེ། འདི་ལྟ་སྟེ་ཐབས་དང་། ཤེས་རབ་བོ་ཞེས་
གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང་། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་སོ། །ཤེས་རབ་ནི་ཐབས་དེ་ཉིད་
ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས་ཐབས་
ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ་ཞེས་གསུངས་པ་དང་། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་

མེད་པ་ཤེས་པ་ལ་མཁས་པའོ་ཞེས་གསུངས་པའོ། །འདི་དག་ལ་ནི་ས་ལ་གནས་པས་ཀྱང་བསྟེན་པར་བྱའོ། །ཤེས་རབ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་པ་ལ་སོགས་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་
ཡིན་ནོ་ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་ས་བཅུ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་ཏུ་སྤྱད་པར་བྱའོ་ཞེས་བཤད་དོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། ཡོངས་སུ་རྒྱས་པའི་མདོ་
ཆོས་ཐམས་ཅད་བསྡུས་པ་ལས་བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་གཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་
མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་
སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་རྒྱུ་དང་ལྡན་པ། ཐབས་ཀྱི་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཉིས་ཀ་ཡང་དུས་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་
པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་
གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན། དེ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤང་

བར་བྱའོ་ཞེས་གསུངས་ཀྱི། དགོས་པའི་དོན་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་མ་ཡིན་ནོ། །དེ་ཡང་ཆོས་སུ་གཟུང་བར་བྱའི། མི་གཟུང་བར་མི་བྱའོ་ཞེས་གསུངས་ཏེ། ལམ་ལོག་པས་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་
ཐམས་ཅད་དེ་ལྟར་གཟིགས་ཏེ་གསུངས་པ་ནི། །དུས་ཀུན་དུ་ནི་ཐབས་དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་ལས་ནི། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་སློབ་དཔོན་
ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀཱ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བུདྡྷ་ཨ་ནུ་སྨྲྀཏི་
ཨུཏྟ་ར་བྷཱ་བ་ན་ནཱ་མ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྲོས་པའི་རྒྱུན་བཅད་ཞི་བའི་གནས་རྙེད་བདེ་འབྱུང་གནས། །སྐུ་གཉིས་སྐྱེད་པའི་ཡོན་ཏན་མཐའ་ཡས་གཞིར་གྱུར་པ། །
ཆོས་ཀུན་རོ་གཅིག་བརྙེས་པས་སྟུག་པོའི་གནས་ཐིམ་པ། །རྒྱལ་བའི་རྒྱལ་བ་དམིགས་མི་མངའ་ལ་ཕྱག་འཚལ་ལོ། །མུན་པ་གཉིས་ནི་གཞོམ་འདོད་ཅིང་། །ཡང་དག་སྣང་བ་འབྱུང་འདོད་པའི། །དོན་གྲུབ་བྱ་ཕྱིར་བདག་གིས་ནི། །སངས་རྒྱས་རྗེས་དྲན་བླ་མེད་བཤད། །དེ་ལ་སངས་
རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ནི་འདི་ལྟར་བལྟ་བར་བྱ་སྟེ། རྣལ་འབྱོར་པས་ཐོ་རངས་མལ་ནས་ལངས་ཏེ་གཙང་མར་གྱུར་པའམ། མི་གཙང་བ་ཡང་རུང་བས་སྔགས་འདི་ལན་གསུམ་བརྗོད་དོ། །ཨོཾ་སྭ་བྷཱ་བ་ཤུདྡྷ་སྶརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་འདི་ལྟར་བལྟ་སྟེ། ལུས་འདི་ལྟ་སྟེ། སྐྲ་
དང་། སྨིན་མ་དང་། རྫི་མ་དང་། ཁ་སྤུ་དང་། མཆན་ཁུང་གི་སྤུ་དང་། མདོམས་ཀྱི་སྤུ་དང་། ལུས་གཞན་གྱི་བ་སྤུ་སྟེ། སྤུའི་ཚོགས་དང་། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་དང་། སོའི་ཕྲེང་བ་དང་། སེན་མོ་དང་། པགས་པ་དང་། ཤ་དང་། ཚིལ་དང་། ཁྲག་དང་།

རྩའི་དྲ་བ་དང་། ཆུ་བ་དང་། རྒྱུས་པ་དང་། གླད་རྒྱས་དང་། གླད་པ་དང་། ལྕེ་དང་། མིད་པ་དང་། ཨོལ་ཀོ་དང་། ཨོལ་མདུད་དང་། གློ་བ་དང་། སྙིང་དང་། མཆིན་པ་དང་། མཁལ་མ་དག་དང་། མཆེར་པ་དང་། ལྒང་པ་དང་། མཚན་དང་། རྒྱུ་མ་དང་།
གཉེ་མ་དང་། གཞང་དང་། ཕོ་བ་དང་། སུལ་མང་དང་། ལོང་ཀ་དང་། གྲོད་པ་དང་། བཤང་བ་དང་། གཅི་བ་དང་། སྣབས་དང་། ངར་སྣབས་དང་། ལུད་པ་དང་། མཆིལ་མ་དང་། མཆི་མ་དང་། སྣ་ཆུ་དང་། རྣ་སྤབས་དང་། མིག་དྲི་དང་། རྡུལ་དང་། བད་ཀན་དང་།
རྣག་དང་། མཁྲིས་པ་དང་། རླུང་དང་། ཁུ་ཆུ་དང་། ཁ་ཆུ་དང་། རླངས་པ་དང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རུས་པའི་ཕྲེང་བ་དང་། མགོ་བོའི་རུས་པ་དང་། མགྲིན་པའི་རུས་པ་དང་། ལག་པའི་རུས་པ་དང་།
བྲང་གི་རུས་པ་དང་། ཚིགས་པའི་རུས་པ་དང་། རྩིབ་མའི་རུས་པ་དང་། ཚང་རའི་རུས་པ་དང་། དཔྱིའི་རུས་པ་དང་། བརླའི་རུས་པ་དང་། བྱིན་པའི་རུས་པ་དང་། རྐང་མཐིལ་གྱི་རུས་པ་དང་། དེ་དག་ཉིད་ཀྱང་ཐོད་ཚལ་གཅིག་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་།
འགྲམ་པ་གཡས་པ་དང་། གཡོན་པ་དང་། ཚིགས་པ་རེ་རེ་དང་། རྩིབ་མ་རེ་རེ་དང་། སོག་པ་གཉིས་ལ་སོགས་པ་ཐ་དད་པ་འདི་དག་དང་། དེ་དག་ཀྱང་རྡུལ་ཕྲ་རབ་ལ་ཐུག་པར་འགྱུར་ཞིང་། དེ་དག་ཀྱང་ཕྱོགས་ཆ་ཐ་དད་པར་ཕྱེ་ན་མ་གྲུབ་སྟེ། འདི་ལྟར་ལུས་འདི་ནི་མ་གྲུབ་ཅིང་། དེ་བཞིན་
དུ་མཐའ་ཡས་པའི་ལུས་ཐམས་ཅད་དང་། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་དེ་དང་འདྲ་བར་མ་གྲུབ་བོ་ཞེས་ངེས་པར་བྱའོ། །དེ་ལྟར་ལུས་མ་གྲུབ་པས་ཁོག་སྦུབས་དང་། ལྕེ་དང་། སོ་དང་། མཆུ་ལ་སོགས་པ་ལ་བརྟེན་ནས་བྱུང་བའི་ངག་ཀྱང་མ་གྲུབ་པོ་ཞེས་ངེས་པར་བྱའོ། །དེ་ལྟར་ལུས་
དང་ངག་མ་གྲུབ་པས་སེམས་ཀྱང་མ་གྲུབ་པར་དཔྱད་དེ། འདི་ལྟར་ལེགས་པར་དཔྱད་ན་སེམས་ནི་ཁ་དོག་ཏུ་མི་དམིགས། དབྱིབས་སུ་ཡང་མ་ཡིན། ཕྱི་ན་ཡང་མ་ཡིན། ནང་ན་ཡང་མ་ཡིན། བར་ན་ཡང་མ་ཡིན། ཉེ་བ་ན་ཡང་མ་ཡིན། རིང་བ་ན་ཡང་མ་ཡིན། སྐད་ཅིག་སྔ་མ་ནི་

འགགས་ཟིན། སྐད་ཅིག་ཕྱི་མ་ནི་མ་འོངས་ཤིང་མ་གྲུབ་པའོ། །སྐད་ཅིག་ད་ལྟར་བ་ནི་མི་གནས་ཤིང་མ་ཟིན་པའོ། །དེའི་ཕྱིར་ལུས་དང་ངག་དང་སེམས་འདི་དག་ནི་སྟོང་པ། ཞི་བ། ཡུལ་མེད་པ། འཇུག་པ་ཆད་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པའོ་ཞེས་བསམ་
མོ། །དེ་ནས་ཡང་སྔ་མ་བཞིན་དུ་ལུས་ལ་སོགས་པ་ལ་བལྟ་སྟེ་ཡང་དང་ཡང་དུའོ། །དེ་ནས་ཡིད་སྐྱོ་བ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་ཤིན་ཏུ་མོས་པས་ཡིད་ལ་བྱེད་པ་གཞན་འབྱུང་བ་སྐྱེད་པར་མི་བྱེད་པར་གསང་སྔགས་འདི་ཅི་དགར་བཟླས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་
ཨཱཏྨ་ཀོ྅ཧཾ། དེ་ནས་ལྡང་བར་འདོད་པ་དང་འདི་སྙམ་དུ་ཨེ་མའོ་ཀྱི་ཧུད་ཆོས་འདི་དག་ཐམས་ཅད་ནི་རབ་ཏུ་ཞི་བ། སྤྲོས་པ་དང་བྲལ་བ། ཉེ་བར་འཚེ་བ་མེད་པས་བདེ་བ་དམ་པ། རང་བཞིན་གྱིས་འོད་གསལ་བ། ནམ་མཁའ་དང་མཉམ་པ་ཉིད་ཡིན་ན་བྱིས་པའི་རང་བཞིན་ཅན། ཤེས་རབ་
འཆལ་པ་འདི་དག་གིས་དེ་ལྟར་མ་ཤེས་པས་བདག་གིས་སྒྱུ་མ་དང་འདྲ་བས་དེ་དག་གི་དོན་བགྱིའོ་ཞེས་བསམ་སྟེ། བཅོས་མ་མ་ཡིན་པའི་སྙིང་རྗེས་སེམས་མཉེན་པར་བྱས་ལ་སྐད་ཅིག་གིས་རང་གི་སྡུག་པའི་ལྷའི་སྐུར་བལྟས་ལ་ལངས་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བ་
དེ་ལྟ་དེ་ལྟར་སྤྱད་པར་བྱའོ། །སྔར་བཤད་པའི་ཚུལ་གྱིས་སྔ་དྲོ་དང་། གུང་དང་། དགོངས་ལ་སོགས་པར་ཡང་དང་ཡང་དུ་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། འདི་ལ་ནི་ཁ་ཟས་ཀྱི་ངེས་པ་དང་། དུས་ཀྱི་ངེས་པ་དང་། སྤྱོད་ལམ་གྱི་ངེས་པ་དང་། གཟའ་དང་སྐར་མའི་ངེས་པ་ཡང་མེད་དོ། །
འོན་ཀྱང་རྣལ་འབྱོར་འདི་ལ་གཞོལ་བས་ཇི་ལྟར་སངས་རྒྱས་རྗེས་སུ་དྲན་པ་མི་ཉམས་པ་དེ་ལ་གནས་ཀྱི་གྲོགས་འདོད་པར་མི་བྱ། བསྟོད་པ་དང་གྲགས་པ་དང་བདེ་བ་དང་རྙེད་པ་དག་གིས་ཡིད་དགའ་བར་མི་བྱ་སྟེ། གལ་ཏེ་དགའ་བ་བྱུང་ན་ཡང་འབད་པས་གཞོམ་པར་བྱའོ། །དེ་བཞིན་དུ་སྨད་པ་དང་
མ་གྲགས་པ་དང་སྡུག་བསྔལ་བ་དང་མ་རྙེད་པ་དག་གིས་གདུང་བར་མི་བྱ་སྟེ། གལ་ཏེ་གདུང་བ་བྱུང་ན་ཡང་ནན་ཏན་གྱིས་གཞོམ་པར་བྱའོ། །གང་ཞིག་དེ་ལྟར་སྤྱོད་པ་དེ་ནི་བླ་མ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་པ། དེ་ལྟར་སྐྱེ་

འཇིག་སྤངས་པ་ཡི། །ཐུབ་པ་ཞི་བ་སུས་མཐོང་བ། །དེ་དག་འདི་དང་སླད་མར་ཡང་། །ཆགས་མེད་ཉེར་ལེན་མེད་པར་འགྱུར། །ཞེས་སོ། །ཡང་གསུངས་པ། ཇི་ལྟར་མཐོང་བཞིན་སུ་ལྟ་བ། །དེ་དག་དྲན་པ་མི་མཐོང་ངོ་། །རྣམ་པར་རྟོག་པ་མི་འཇུག་ཅིང་། །
གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་སངས་རྒྱས། །ཞེས་སོ། །ཡང་གསུངས་པ། གང་གིས་གང་གཱའི་བྱེ་མཉམ་དུ། །འཇིགས་མེད་ཚུལ་གྱིས་མཐར་ཐུག་པར། །འདྲེན་པ་རབ་ཏུ་མཐོང་བ་ནི། །དེ་དག་འདྲེན་པ་མཐོང་བ་ཡིན། །
ཞེས་སོ། །དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས་ཀྱང་། གང་གིས་ང་ལ་སྒྲར་ཤེས་ཤིང་། །གང་གིས་ང་ལ་གཟུགས་སུ་མཐོང་། ལོག་པར་སྤང་བ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་
སྐུ། ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བའི་མདོ་ལས་ཀྱང་གསུངས་པ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་
ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་
ཡིན་གྱི། དགེ་སློང་དག་འཇིག་ཚོགས་ལ་སྐུར་མ་འཛིན་པར་དགེ་སློང་དག་ང་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་གསུངས་པས། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པའི་མཐའ་རྟག་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བལྟའོ་ཞེས་སོ། །ཡང་དེ་ཉིད་ལས་གསུངས་པ།
དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །རིགས་ཀྱི་བུ་ཆོས་ཉིད་ནི་འོང་བའམ་འགྲོ་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་བྱོན་པའམ་བཞུད་པ་མེད་དོ་ཞེས་སོ། །གང་ཡང་འཕགས་པ་ལང་ཀར་གཤེགས་པ་

ལས་ཀྱང་གསུངས་པ། གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམ་སྟེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །ཞེས་སོ། །དེ་ལྟར་ལུས་རང་བཞིན་མེད་པ་དང་། ངག་རང་བཞིན་མེད་པ་དང་། ཡིད་རང་བཞིན་མེད་པར་བསྒོམ་པ་ནི་ཆོས་ཀྱི་སྐུ་
རྗེས་སུ་དྲན་པའོ། །གཞན་ཡང་ཕན་པར་དགའ་བར་འདོད་པའི་ལྷའི་སྐུའི་ང་རྒྱལ་འཆང་བ་ནི་གཟུགས་ཀྱི་སྐུ་རྗེས་སུ་དྲན་པའོ། །འདི་ལྟ་བུའི་རྗེས་སུ་དྲན་པ་བསྒོམས་པས་ལུས་ཀྱི་སྤྱོད་པ་ནི་ཚུལ་མི་འཆོས་པར་བྱའོ། །གཅིག་པུ་རྒྱུ་བར་བྱའོ། །གནོད་པ་སྐྱོབ་པ་ཙམ་ལས་ལུས་བརྒྱན་པར་
མི་བྱའོ། །སློང་མོས་འཚོ་བར་བྱའོ། །མི་རིགས་པའི་བསྙེན་བཀུར་མི་བྱའོ། །ངག་གི་སྤྱོད་པ་ནི་དོན་མེད་པར་མི་སྨྲའོ། །འབྲེལ་པ་དང་བཅས་བཞིན་དུ་ཡིད་དུ་འོང་བར་སྨྲའོ། །གཞན་ལ་གདུང་བ་སྐྱེད་པ་མི་སྨྲའོ། །རྟོག་པ་སྔོན་ལ་སོང་བས་སྨྲའོ། །གསལ་ཞིང་དཔེས་ཁྲིད་དེ་སྨྲའོ། །
ཕ་རོལ་གྱི་ལན་ཐེབས་པར་སྨྲའོ། །ཡིད་ཀྱི་སྤྱོད་པ་ནི་བརྟན་པ་དང་། དུལ་བ་དང་། མ་ཁེངས་པ་དང་། མ་ཞུམ་པར་བྱའོ། །ཕྱོགས་ལས་རྒྱལ་བ་དང་། ཕ་རོལ་གྱི་ངོར་མི་ལྟ་བ་དང་། མ་ཡེངས་པར་བྱའོ། །དྲན་པ་དང་། ཤེས་བཞིན་དང་ལྷན་ཅིག་པར་བྱའོ། །མིའི་མཆོག་གང་
ཞིག་འདི་ལྟ་བུས་རྗེས་སུ་དྲན་པ་དང་། སྤྱོད་པ་ལ་གཞོལ་བ་དེ་དག་ནི་རིང་པོར་མི་ཐོགས་པར་འབྱོར་པ་དམ་པ་ཐོབ་པར་འགྱུར་རོ། །ཆུ་ནང་པདྨ་ཉི་མའི་ཟེར་ཕྱེ་རབ་རྒྱས་དགའ་སྐྱེད་ལྟར། །བླ་མེད་རྗེས་དྲན་པདྨ་གཞུང་གི་ཟེར་ཕྱེ་དགའ་སྐྱེད་ལ། །པདྨའི་ཕྲེང་ལྟར་ལེགས་སྦྱར་འདིས་ནི་སྐྱེ་བོ་མ་ལུས་པ། །
བླ་མེད་སངས་རྒྱས་རྗེས་དྲན་ནམ་ཡང་མི་འབྲལ་དེར་འབད་ཤོག །སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་མདོའི་རྗེས་སུ་འགྲོ་བ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧཱ་མ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཨཱ་ཙཱརྱ་བི་ན་ཡ་ཙནྡྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ས་མཱ་དྷི་སམྦྷཱ་ར་པ་རི་བརྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་པ་ཇི་སྲིད་བར་དུ་བཞུགས་པ་ཡི། །

ཐུབ་དབང་སྲས་བཅས་རྣམས་ལ་ཕྱག་འཚལ་ཏེ། །གསང་སྔགས་མདོ་སྡེ་ཕ་རོལ་ཕྱིན་པ་ཡི། །མདོ་སྡེའི་རྗེས་འགྲོ་ཏིང་འཛིན་ཚོགས་ལེའུ་བརྗོད། །དེང་སོང་སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་བཟུང་སྟེ་ཁྱིམ་གྱི་བཙོན་ར་དམ་པོར་བཅུག །བདུད་ཀྱི་འཇིག་རྟེན་སྐྱོང་བཞིས་
ཁྲིམས་པས་བསྲུངས་ཤིང་སྲེད་སོགས་འཆིང་བས་རབ་ཏུ་དམ་པོར་བཅིངས། །སྡོམ་བརྩོན་དག་ཀྱང་ཕལ་ཆེར་བདུད་ཀྱི་འཇིག་རྟེན་སྐྱོང་བཞིའི་དབང་དུ་གྱུར་ཅིང་དགེ་སྦྱོང་གི །གནས་དང་ཚུལ་སྤངས་ཁྱིམ་པ་རྣམས་དང་སྤྱོད་མཚུངས་ངན་འགྲོའི་གཡང་སར་མངོན་ཕྱོགས་མཐོ་རིས་སྤང་། །དེ་ཕྱིར་འདི་
ནི་བདག་ཉིད་དྲན་ཕྱིར་བྱས་ཀྱི་གཞན་ལ་ཕན་པའི་རེ་བ་ཡོད་མ་ཡིན། །འོན་ཀྱང་བདག་དང་སྐལ་བ་མཉམ་པ་ལ་ལ་གནས་འདིར་དགའ་ན་ཡང་དག་རྟོགས་པས་སྨྲ་འདི་ཉོན། །དེ