Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 109
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
་འདིས་སྔོན་བྱང་ཆུབ་སེམས་དཔར་གྱུར་པས་སྨོན་ལམ་བསྐྱེད་པ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་ འདི་རྣམས་དུས་འདིར་འདི་ལྟར་རྣམ་པར་མི་རྟོག་པར་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར་ཇི་ལྟར་རྗེས་སུ་མཐུན་པར་སེམས་ཅན་གྱི་དོན་སྒྲུབ་པ་རྫོགས་པར་མཛད་མོད་ཀྱང་སྐད་ཅིག་ཀྱང་ཆོས་ཀྱི་དབྱིངས་ལས་མི་གཡོ་བ་དང་། སེམས་ཅན་གདུལ་བའི་ དུས་ལས་མི་འདའ་བ་དེ་བཞིན་དུ་བདག་ཀྱང་འགྱུར་བར་བྱའོ། །ནམ་མཁའ་ཇི་སྲིད་པ་དང་སེམས་ཅན་ཇི་སྲིད་པ་དང་ཇི་སྲིད་དུ་ཉོན་མོངས་པ་དང་། ལས་རྣམས་རབ་ཏུ་གདགས་པ་དེ་སྲིད་དུ་བདག་སྲོག་ཆགས་གཅིག་གི་ཡང་བྱ་བ་ལ། སངས་རྒྱས་ཀྱི་བྱ་བ་ཡོངས་སུ་རྫོགས་ཀྱང་། གནས་ པར་བྱ་ཞིང་ཕན་པ་རྣམས་བྱའོ་ཞེས་པ་འདིའི་སྨོན་ལམ་གྱི་འཕེན་པའི་དབང་ལས་དང་། གདུལ་བྱ་རྣམས་ཀྱི་ཡང་རྣམ་པ་དེ་ལྟ་བུའི་ཆོས་ཉན་པ་འཇུག་པའི་ལས་ཡོངས་སུ་སྨིན་པ་ལས། དེ་འདྲ་བའི་བྱ་བའི་ཁྱད་པར་རྣམས་རབ་ཏུ་གདགས་ཏེ། གང་ལ་རྣམ་པར་རྟོག་པ་མེད་པར་ གྱུར་ཀྱང་མཐའ་མེད་པའི་དུས་སུ་ནམ་མཁའ་ཇི་སྲིད་པར་ཇི་ལྟར་གདུལ་བྱ་དང་རྗེས་སུ་མཐུན་པའི་བྱ་བ་འཇུག་པས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་ཀྱི་དོན་མཛད་དོ། །སྐུ་འདི་ཡང་ས་བཅུའི་དབང་ཕྱུག་ཁོ་ནའི་བྱང་ཆུབ་སེམས་དཔའ་རང་གི་བསོད་ནམས་དང་ཡེ་ཤེས་ ཀྱི་ཚོགས་ཉེ་བར་བསགས་པས་དྲི་མ་མེད་པའི་ཤེས་རབ་ཀྱི་མེ་ལོང་ཅན་རྣམས་ལ་སོ་སོར་སྣང་གི་ས་འོག་མ་རྣམས་ལ་མ་ཡིན་ནོ། །སེམས་ཅན་འདུལ་བའི་རྒྱུ་མཐུན་དུ་ཇི་སྐད་བརྗོད་པའི་སྐུ་ལས། གཞན་རྒྱུ་མཚན་པའི་སྐུ་འཇུག་པ་རྣམས་ནི་ཆོས་ཀྱི་སྐུའི་མཐུ་ལས་ ཡང་དག་པར་བྱུང་བའམ། གཟུགས་ཀྱི་སྐུའི་མཐུ་ལས་ཡང་དག་པར་བྱུང་བ་ཡང་རུང་སྟེ། དེ་རྣམས་ཀྱི་ཡང་མཐུ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པོ། །དེ་ལྟར་ནི་གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ལས་གང་སྔོན་ཐོག་མ་མེད་པ་དང་ ལྡན་པའི་འཁོར་བར་རང་གི་སྐྱེ་བའི་གནས་སྐབས་འགག་པ་སྤྱོད་པའི་མཐའ་སྣ་ཚོགས་པ་དུ་མ་དེ་རྣམས་གསལ་བ་སྟེ། ལུས་པ་མེད་པའི་སྤྱོད་པའི་མཐའ་བསྟན་པ་ལས་ཕན་ཚུན་འདྲེས་པ་མེད་པ་དེ་རྣམས་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པའི་མེ་ལོང་གི་ དཀྱིལ་འཁོར་ལ་གདོང་གི་གཟུགས་བརྙན་བཞིན་དུ་ཅིག་ཅར་ཉིད་དུ་རྒྱུ་མཐུན་པའི་སྐུ་གཅིག་ཁོ་ན་ལ། འབད་པ་མེད་པ་ཁོ་ནར་ཀུན་ནས་སྟོན་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྔོན་སྤྱད་པ་རྣམས་ཏེ། བཅོམ་ལྡན་འདས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་གང་བསྙེན་བཀུར་ བྱས་པ་རྣམས། གང་འདྲ་བའི་སངས་རྒྱས་ཀྱི་ཞིང་བཻ་ཌཱུརྱ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། ཤེལ་ལ་སོགས་པའི་རང་བཞིན་རིན་པོ་ཆེའི་ལྗོན་ཤིང་ལ་སོགས་པས་མཛེས་པར་བྱས་པ། ཞེང་དང་ཆུ་དང་ཟླུམ་སྐོར་ལ་སོགས་པ་རྣམས་དང་བཅས་པ་དེ་ལ་བརྟེན་པའི་སེམས་ ཅན་རྣམས་ཀྱི་ཁྱད་པར་གྱིས་ཉེ་བར་མཛེས་པར། སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟམས་པ་ལ་སོགས་པ་སྟོན་པར་བཤད་པ་དེ་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་དོ། །སངས་རྒྱས་དེ་རྣམས་ཀྱི་ཡང་སྐུ་དང་སྤྱོད་པ་དག་གི་མཐུ་ཕུལ་དུ་བྱུང་བ་དང་། ཇི་སྙེད་དུ་ དེ་རྣམས་ཀྱི་དགེ་འདུན་འདུས་པར་གྱུར་པའམ། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་རྣམ་པ་གང་གིས་ཉན་ཐོས་དང་བཅས་པའི་དགེ་འདུན་དུ་གྱུར་པ་དང་། སངས་རྒྱས་དེ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དུ་གང་འདྲ་བའི་བྱང་ཆུབ་སེམས་དཔའ་དེ་རྣམས་མཚན་དང་དཔེ་ བྱད་ཀྱིས་རྣམ་པར་བཀྲ་བའི་སྐུ་ཅན་དབྱིབས་དང་ལྡན་པ་ཞལ་ཟས་དང་ཆོས་གོས་དང་གནས་ལ་སོགས་པ་ཡོངས་སུ་སྤྱོད་པ་དང་ལྡན་པ་རྣམས་བྱུང་བ་དང་། ཐེག་པ་གཅིག་དང་ཐེག་པ་གསུམ་ལ་བརྟེན་པའི་ཆོས་ཉེ་བར་བསྟན་པ་གང་འདྲ་བ་དང་། བདག་ཉིད་ བྲམ་ཟེ་ལ་སོགས་པའི་རིགས་སུ་རབ་ཏུ་སྐྱེས་པ་གང་འདྲ་བ་དང་། གཟུགས་དང་བློ་དང་ལྡན་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བར་གྱུར་པ་དང་། ཆོས་མཉན་ནས་སྤྱོད་པ་གང་ལ་སྤྱོད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་བསླབ་པ་ཁས་བླངས་པ་དང་། སངས་རྒྱས་དེ་རྣམས་དང་ཉན་ཐོས་དང་བཅས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་བཟའ་བ་ལ་སོགས་པ་དང་ཆོས་གོས་དང་། རིན་པོ་ཆེའི་རྒྱན་ལ་སོགས་པ་དུས་ཇི་སྲིད་དུ་ཚད་གང་ཕུལ་བ་དང་། ཇི་ལྟར་ཡང་འདི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྤྱོད་ ཚུལ་གྱི་མཐའ་སྟོན་པ་དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་ཤེས་རབ་ལ་སྤྱོད་པ་ཡང་གང་སྔོན་གྱི་གནས་སྐབས་མ་ཚང་བ་མེད་པ་དེ་རྣམས་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །དེ་ལྟ་བུ་ལྟ་ཞོག །གཞན་ཡང་ བ་སྤུའི་ཁུང་བུར་ཡང་བདག་ཉིད་ཀྱི་སྤྱོད་པ་ཐམས་ཅད་གསལ་བར་སྟོན་པར་མཛད་དོ། །གཞན་ཡང་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་གྱི་སྤྱོད་པ་གང་རྣམས་ དང་། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་དང་། སྐྱེ་བོ་མ་ལུས་པ་རྣམས་ཀྱི་ཡང་གནས་སྐབས་ཐམས་ཅད་བ་སྤུའི་ཁུང་བུ་རེ་རེར་ཅིག་ཅར་སྟོན་པར་མཛད་དོ། །ནམ་མཁའི་མཐའ་ཀླས་པའི་འཇིག་རྟེན་གྱི་ཁམས་ ཀྱང་བཞེད་ན་རྡུལ་ཕྲ་རབ་གཅིག་གི་ནང་དུ་སྟེ། འཇིག་རྟེན་ཕྲ་རབ་གྱུར་པ་ཡང་མ་ཡིན་ལ། རྡུལ་ཕྲ་རབ་ཆེ་བར་ཡང་མ་ཡིན་ནོ། །རྡུལ་ཕྲ་རབ་གཅིག་གིས་ཀྱང་མཐའ་མེད་པའི་ཡུལ་ལ་ཁྱབ་པ་དང་འཇིག་རྟེན་མ་ལུས་པ་བརྟེན་པ་སྟོན་པར་མཛད་དོ། །འཇིག་རྟེན་གྱི་ ཁམས་མ་ལུས་པ་རྣམས་ན་ཇི་སྙེད་པའི་རྡུལ་ཕྲ་རབ་དེ་སྙེད་ལས་ལྷག་པའི་སྤྱོད་པ་རྣམ་པར་བཀྲ་བ་རྣམས་སྐད་ཅིག་གཅིག་ལ་རྣམ་པར་རྟོག་པ་མེད་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་སྟོན་པར་མཛད་དོ། །དེ་ལྟར་འགྲོ་བའི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་ སེམས་དཔའ་རྣམས་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་རྣམ་པ་དེ་ལྟ་བུའི་མིག་འཕྲུལ་གྱི་ངོ་བོ་ལས་མ་འདས་པའི་རང་བཞིན་མངོན་སུམ་པ་ཡང་དག་པར་སྟོན་པར་ནུས་པའོ་ཞེས་མཁས་པ་རྣམས་ཀྱིས་མོས་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཁམས་གསུམ་ ལས་འདས་པ་ཡང་། སྤྲུལ་པའི་སྐུ་རྣམས་ཀྱིས་འཇིག་རྟེན་རྗེས་སུ་གཞུག་པས་ཡུམ་དང་ཡབ་དང་སྲས་ལ་སོགས་པའི་འབྲེལ་པ་ཡང་དག་པར་སྟོན་ཞིང་ཁམས་གསུམ་པར་བཞུགས་ནས་ཇི་ལྟར་རྗེས་སུ་མཐུན་པའི་ཆོས་སྟོན་པ་ཡང་དག་པར་འཇུག་པས། རྣམ་པ་སྣ་ཚོགས་པ་སྤྱོད་པའི་སེམས་ཅན་གྱི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ། གྲགས་པ་དང་ལན་དུ་ཕན་འདོགས་པ་ལ་སོགས་པ་འདོད་པས་མ་ཡིན་པར་ཐུགས་རྗེས་འགྲོ་བ་རབ་ཏུ་ཞི་བ་ལ་སོགས་པའི་ཕྲིན་ལས་རྣམས་ཀྱིས་རབ་ཏུ་འགོད་པར་མཛད་དོ། །དེ་ལྟར་ནི། འགྲོ་རྣམས་ ཞི་བའི་ལས་དང་ནི། །ཞེས་པ་ལ་སོགས་པ་ཇི་སྲིད་དུ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་མངོན་པར་རྟོགས་པའི་རྒྱན་ནོ། །ཕྲིན་ལས་དེ་རྣམས་ཀྱང་བཅོམ་ལྡན་འདས་སྐུ་དེ་རྣམས་སུ་སྤྲུལ་པ་སྟེ། གང་དམྱལ་བ་པ་རྣམས་ཀྱི་དམྱལ་བའི་མེ་ཤི་བར་ བྱས་པས་དང་། ཆོས་སྟོན་པས་དང་། དེ་བཞིན་དུ་བྱོལ་སོང་རྣམས་ལ་ཡང་རང་གི་ཤ་དང་ཁྲག་ལ་སོགས་པ་སྟེར་བས་དང་། དེ་བཞིན་དུ་ཡི་དགས་རྣམས་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་བྱིན་པ་དང་། ཆོས་སྟོན་པས་ཀྱང་སེམས་མངོན་པར་དང་བར་བྱས་ནས། མངོན་པར་དང་བས་དེ་བས་ ཀྱང་རང་གི་འགྲོ་བ་རྣམས་ནས་ཤི་འཕོས་ནས་ལྷ་དང་མི་རྣམས་སུ་སྐྱེ་བར་བྱེད་པ་དང་། ལྷ་ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱང་ཆོས་བསྟན་པས་མངོན་པར་དང་བར་བྱས་ནས་དམིགས་སུ་སྐྱེ་བ་ནས་ཇི་སྲིད་དུ་ཉན་ཐོས་ཀྱི་བྱང་ཆུབ་ལ་འགོད་དོ་ཞེས་པ་ལ་སོགས་པ་རྣམས་མདོ་ཇི་ལྟ་ བར། བདག་གིས་གོང་དུ་གནས་སྐབས་ཇི་ལྟར་བརྗོད་ཟིན་ཏོ། །གཞན་ཡང་བཅོམ་ལྡན་འདས་འདི་ཇི་ལྟར་རང་ཉིད་ཐུགས་དང་པོ་ལ་སོགས་པ་རྣམས་བསྐྱེད་པ་དེ་བཞིན་དུ་སེམས་དེ་དང་དེ་བསྐྱེད་པའི་ཆེད་དུ་གདུལ་བྱ་རྣམས་ལ་ཆོས་སྟོན་པར་མཛད་དོ་ཞེས་མདོར་བསྡུས་ནས་ འདིའི་ཕྲིན་ལས་བསྟན་པའོ། །བཅོམ་ལྡན་འདས་ཀྱི་ཡོན་ཏན་ཇི་སྐད་བརྗོད་པ་འདི་རྣམས་ཀྱང་སངས་རྒྱས་ཀྱི་ས་ཀུན་དུ་འོད་ལ་རྣམ་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །གང་རྣམས་ཀྱིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། བསམ་གྱིས་མི་ཁྱབ་ པའི་ཡེ་ཤེས་ཀྱི་ཡུལ་ཅན་དེ་ལས་གཞན་པའི་ཡོན་ཏན་མཐའ་དག་དང་ལྡན་པའི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལས་ཐ་དད་པ་མེད་པར་འཇུག་པ་ནམ་མཁའ་གཅིག་པུ་དཔེ་དང་དཔེར་བྱ་བའི་ཡོན་ཏན་རེ་རེར་ཡོན་ཏན་མ་ལུས་པ་རྒྱས་པ་རྣམས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་ན་གནས་པའི་འགྲོ་བ་མགོན་མེད་པ། རྣམ་པ་ཐམས་ཅད་ཀྱིས་སྣོད་ཇི་ལྟ་བ་བཞིན་དུ་རྒྱུན་ཆད་པ་མེད་པར་ནམ་མཁའ་འཇུག་པ་ཇི་སྲིད་པར་མགོན་དུ་འགྱུར་རོ། །ཅི་སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་མཉམ་པར་འགྱུར་རམ་ཞེ་ན། རྒྱུ་གསུམ་ རྣམས་ཀྱིས་མཉམ་པ་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ལོངས་སྤྱོད་རྫོགས་པ་པ་དང་། སྤྲུལ་པའི་སྐུ་དག་གིས་འཇིག་རྟེན་གྱི་དོན་སྤྱོད་པའོ། ། སྐུ་ཚེ་དང་རིགས་དང་ཚད་ཀྱིས་བྱས་པའི་ཐ་དད་པར་ནི་འགྱུར་ཏེ། ཤིན་ཏུ་རིང་བ་དང་ཐུང་བར་འཚོ་བའི་ཕྱིར་དང་བྲམ་ཟེ་དང་རྒྱལ་རིགས་སུ་རིགས་ཐ་དད་པའི་ཕྱིར་དང་། འོད་སྲུངས་དང་གཽ་ཏ་མ་ལ་སོགས་པ་རུས་ཐ་དད་པའི་ཕྱིར་དང་། ཆུང་བ་དང་ཆེ་བའི་བོང་ཚོད་ཐ་དད་པའི་ཕྱིར་ ཏེ། དུས་ཇི་ལྟ་བའོ། །ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་འདི་ཉིད་ཡིད་ལ་བྱེད་པའི་མཁས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་ཤིན་ཏུ་དགའ་བ་དང་གུས་པ་བསྐྱེད་པར་བྱ་ནུས་ཏེ། འདི་ལྟ་སྟེ་རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ ཚོགས་པ་དང་ཕན་པ་བྱེད་པ་ཕུན་སུམ་ཚོགས་པའོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པར་བྱེད་པ་དང་། དུས་རིང་པོར་གོམས་པར་བྱེད་པ་དང་། རྒྱུན་དུ་གོམས་པར་བྱེད་པ་དང་། བཀུར་སྟིར་ བྱས་ཏེ་གོམས་པར་བྱེད་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ཡེ་ཤེས་དང་། སྤངས་པ་དང་། མཐུ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་པར་བྱེད་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ངན་སོང་གསུམ་དང་། འཁོར་བའི་སྡུག་ བསྔལ་ལས་ཤིན་ཏུ་ངེས་པར་འགྲོལ་བ་ཕུན་སུམ་ཚོགས་པ་དང་། ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པ་ཕུན་སུམ་ཚོགས་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉེ་བར་མ་བསྟན་པར་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ ཐམས་ཅད་དུ་མཁྱེན་པ་དང་། འབད་པ་མེད་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། ཤིན་ཏུ་སྤངས་པ་དང་། བག་ཆགས་དང་བཅས་པ་སྤངས་པ་དང་། ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པའི་སྒྲིབ་པ་ སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཕྱི་རོལ་གྱི་ཡུལ་རྣམས་སྤྲུལ་ཞིང་ཡོངས་སུ་བསྒྱུར་བ་དང་བྱིན་གྱིས་རློབ་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། བསྒྲིབས་པ་དང་ ནམ་མཁར་དང་རིང་བ་ལ་མྱུར་བར་གཤེགས་པ་དང་། ཕྲ་བ་མང་པོར་འཇུག་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། སྐུའི་འོད་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཉུག་མའི་ངོ་མཚར་བ་ཕུན་སུམ་ཚོགས་ པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང་། དཔེ་བྱད་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་པ་དང་། རྡོ་རྗེའི་སྙིང་པོའི་རུས་པའི་ལུས་ཕུན་སུམ་ཚོགས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་ ཡང་འཁོར་གྱི་དཀྱིལ་འཁོར་ཐ་དད་པ་དང་ཞིང་ཐ་དད་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་འགའ་ཞིག་གི་སངས་རྒྱས་ཀྱི་ཞིང་ནི་ཤེལ་གྱི་རང་བཞིན། འགའ་ཞིག་གི་ནི་བཻ་ཌཱུརྱའི་རང་བཞིན་ཏེ། དེ་ལྟ་བུ་ལ་སོགས་པའོ། །མིང་ཐ་དད་པ་ནི་འོད་དཔག་མེད་དང་། རྣམ་ པར་སྣང་མཛད་ཅེས་པ་འདི་ལྟ་བུ་ལ་སོགས་པའོ། །སྐུ་ཐ་དད་པ་ནི་འགའ་ཞིག་གིས་རྣམ་པ་འགའ་ཞིག་ཏུ་མཐོང་བ་སྟེ། ཤེལ་གྱི་རང་བཞིན་ལ་སོགས་པ་ཐ་དད་པའམ། སྐུ་ཆུང་བ་དང་སྐུ་ཆེ་བ་ཐ་དད་པས་སོ། །ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ཐ་དད་པ་ནི་ས་བཅུ་པ་དང་བློ་ གྲོས་མི་ཟད་པའི་ཆོས་ཀྱི་རྣམ་གྲངས་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་ཐ་དད་པས་སོ། །འཁོར་གྱི་དཀྱིལ་འཁོར་ཐ་དད་པ་ནི་དེར་འདུས་པའི་བྱང་ཆུབ་སེམས་དཔའ་ལ་ལྟོས་པ་སྟེ། བསྐོར་བ་ཐ་དད་པ་ཡང་ངོ་། །ཇི་ལྟར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི་རྣམས་འཁོར་དང་ བཅས་པ་འདིར་ངེས་པར་བསྟན་པ་དེ་ལྟར་ཁོ་ནར་རྟོགས་པར་བྱ་སྟེ། གནས་གང་དེ་རྣམས་བསམས་ན་བྱིས་པ་ནུས་པ་ཟད་པ་ལས་སྐྱོ་ཞིང་སྨྱོ་ལ་བརྒྱལ་བ་དང་འཆི་བར་འགྱུར་བའི་གནས་དེ་རྣམས་ནི་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ རྣམས་ཀྱང་ཇི་ལྟར་བཅོམ་ལྡན་འདས་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོས་གཟིགས་ཤིང་བསྟན་པ་དེ་ཁོ་ན་ལྟར་བདག་གིས་འདིར་གདམས་ངག་ཇི་ལྟ་བར་ངེས་པར་བཤད་པའོ། །དེ་ལྟར་འདི་ནི་སངས་རྒྱས་རྣམས་ཀྱི་བདག་ཉིད་ཆེན་པོ་ཉིད་མདོར་བསྡུས་པ་སྟེ། ཕྱེ་བར་ བྱ་ན་ནི་དབྱེ་བ་མཐའ་ཡས་པར་འགྱུར་རོ། །སངས་རྒྱས་རྣམས་ཁོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བ་སྤུའི་ཁུང་བུ་རེ་རེར་དང་དཔེ་བྱད་དང་སྐྱེས་བུའི་མཚན་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་ པར་དེ་རྣམས་ཀྱང་ཡོངས་སུ་གཅོད་པར་ནུས་ལ། མངོན་པར་བརྗོད་པར་ཡང་ནུས་མོད། ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་བསྐལ་པ་གྲངས་མེད་པར་སྐུ་ཚེའི་ཚད་བྱིན་གྱིས་བརླབས་པར་གྱུར་ཅིང་། མྱུར་ཞིང་མྱུར་བར་ལས་གཞན་མེད་པར་གྱུར་ནས་གལ་ཏེ་བརྗོད་པར་གྱུར་པ་དེ་ལྟ་ན་ ཡང་ཡོན་ཏན་ཡོངས་སུ་རྫོགས་པར་མི་འགྱུར་བ་ཉིད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་ཅི་སྨོས་ལ་རང་སངས་རྒྱས་སམ་ཉན་ཐོས་རྣམས་ཀྱིས་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་མཐའ་ཤེས་པའམ་བརྗོད་པར་མི་ནུས་པར་སྔར་ཁོ་ནའོ། །གཤོག་པའི་རྒྱ་ཤིན་ཏུ་ཡངས་པའི་རླུང་གི་ཤུགས་རློབ་ཅིང་ ཕ་རོལ་གནོན་པའི་ནམ་མཁའ་ལྡིང་ཡང་། ནམ་མཁའ་ཡོངས་སུ་ཟད་དོ་སྙམ་ནས་ནམ་མཁའ་ལས་འབབ་པ་མ་ཡིན་གྱི། འོན་ཀྱང་རང་གི་སྟོབས་དང་ཕ་རོལ་གནོན་པ་ཉམས་པས་སོ། །དེ་བཞིན་དུ་གང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་བསམ་གྱིས་མི་ཁྱབ་པའི་རྣམ་ པར་ཐོབ་པ་སྟེ། དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་དེ་སྙེད་མངོན་པར་བརྗོད་པ་ནུས་པ་ལས། ཡོན་ཏན་ཡོངས་སུ་ཟད་པས་ནམ་མཁའ་བཞིན་དུ་མཐའ་མེད་པའི་ཡོན་ཏན་རྣམས་ལས་ལྡོག་པ་མ་ཡིན་གྱི། རང་གི་བློའི་སྟོབས་ཡོངས་སུ་ཉམས་པས་ནི་ ལོག་ནས་གནས་ན། རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ཀྱིས་ཡོན་ཏན་གྱིས་རྟོགས་པར་འགྱུར་བ་ལྟ་ཅི་སྨོས། གང་གི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཤེས་པའམ་མངོན་པར་བརྗོད་པ་ལ་འདི་ལྟ་བུའི་གཏམ་འདི་ལྟ་སྟེ། དེའི་ཕྱིར་བདག་ལྟ་བུའི་མ་རིག་པའི་རབ་རིབ་ཀྱིས་ལོང་བ་ཇི་ལྟ་བ་ བཞིན་གྱི་དེ་ཁོ་ན་ཉིད་ཤིན་ཏུ་ལྐོག་ཏུ་གྱུར་པ་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་སྐབས་ག་ལ་ཡོད། གལ་ཏེ་ཡང་དེ་ལྟ་སྟེ། དེ་ལྟ་ན་ཡང་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པ་ལ་བརྟེན་པ་ལས། ཐེ་ཚོམ་མེད་པར་བདག་གིས་ཡོན་ཏན་ཕྱོགས་གཅིག་ གི་ཆ་ཙམ་བརྗོད་དོ། །དེ་ལྟར་ཡང་དེ་བཞིན་གཤེགས་པ་རྣམས་ནི་མཐའ་ཡས་ཤིང་རྨད་དུ་བྱུང་བའི་ཡོན་ཏན་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ནོ། །འོན་ཀྱང་སླར་ཡང་བྱིས་པ་རང་ཡོན་ཏན་གྱིས་བཀྲེན་པས་མོས་པ་དང་བྲལ་བ་རྣམས་ཡོན་ཏན་ཕུན་སུམ་ཚོགས་པ་དེ་འདྲ་བ་ཐོས་ཀྱང་ སངས་རྒྱས་དེའི་ཆོས་ལ་གུས་པར་མི་བྱེད་ལ། མཁས་པ་རྣམས་ནི་རྐང་གི་ཁོང་ནས་ཀྱང་བཅོམ་ལྡན་འདས་དེ་དང་དེའི་ཆོས་ལའང་མངོན་པར་རབ་ཏུ་དང་བར་བྱེད་དོ། །དེ་རྣམས་དེ་ལ་དད་པ་ཙམ་གྱིས་ཀྱང་མངོན་པར་བསྒྲུབས་པ་རྣམས། རྣམ་པར་སྨིན་པ་མ་ངེས་པའི་སྡིག་པ་རྣམས་ཀྱི་ ཕུང་པོ་རྣམས་ཟིལ་གྱིས་མནན་ཏེ། ལྷ་དང་མིའི་དཔལ་ཉམས་སུ་མྱོང་ཞིང་། རྫོགས་པའི་བྱང་ཆུབ་བླ་ན་མེད་པ་མཆོག་ཏུ་འགྲོ་བར་འགྱུར་རོ་ཞེས་པའོ། །ཐུབ་པའི་དགོངས་པའི་རྒྱན་ལས་ཡོན་ཏན་གྱི་སྣང་བའི་ལེའུ་སྟེ་ཡོངས་སུ་བཅད་པ་བཞི་པའོ།། །།ཞེས་ པ་ཐུབ་དགོངས་དཔག་བསམ་ལྗོན་ཤིང་རྟོག་པའི་རླུང་གིས་ནི། །གཡོས་ཤིང་ལྟ་ངན་ཆུ་ཡིས་རྒྱུན་དུ་རབ་ཞིར་མཐར་ཞུགས་པ། །མི་མཐུན་ཕྱོགས་རྣམས་ཉེ་བར་གྱུར་ལས་འབྲས་བུ་བཟང་རྣམས་བསྡུས། །ཀྱེ་སྙིང་སླར་ཡང་སྐྱེ་བ་དག་པ་འབྱུང་བ་ག་ལ་ཞིག །སྣང་བ་འདི་ལས་ཕན་དང་ མི་ཕན་པ་ཡང་རྣམ་བལྟས་ནས། །གང་ལས་མཐོ་བས་ཡོན་ཏན་རང་བཞིན་ཐེག་པ་འདི་ཞོན་ཏེ། །བདག་ནང་སྟོབས་ལྡན་དགྲ་བོའི་རིགས་ཀྱི་རྩ་བ་མྱུར་ཆོད་ལ། །སྲིད་གསུམ་རྣམ་རྒྱལ་ཕུན་ཚོགས་བྱང་ཆུབ་གནས་ཀྱིས་ཕུན་ཚོགས་བྱོན། །ཚུལ་གསུམ་རྣམས་ལ་བདེན་པ་ཟུང་གི་ སྲོག །མདོར་བསྡུས་བདག་གིས་འདི་རུ་ཉེ་བར་བཀོད། །གལ་ཏེ་ཉེས་པར་ཟིན་ན་དེ་བཟོད་མཛོད། །བདེན་པ་གཉིས་ལ་ས་བརྙེས་ཚད་མ་ཡིན། །གཞུང་ལུགས་སྨད་མེད་བཤད་པའི་ལེགས་བྱས་འདོད་བྱ་ཟླ་བ་ནི། །རབ་རིབ་འཇོམས་བྱེད་གཉིད་བྲལ་དེ་ཡིས་སྐྱེ་བོ་ཚིམ་བྱེད་ཤོག ། བདག་ཀྱང་སོ་སོའི་སྐུ་འཛིན་བསམ་མི་ཁྱབ་སྐུ་ཕུན་ཚོགས་ཀྱིས། །རྩོད་པ་དང་བྲལ་བསྐལ་པར་རོལ་པའི་ཆེད་དུ་འདུ་བར་ཤོག །ཡོན་ཏན་དམ་པ་བསྒྲིགས་པའི་རྒྱན། །བརྟེན་པ་འོད་འབར་དྲི་མེད་པ། །སྣང་བ་འདི་ནི་སྐྱོ་བོ་ཡི། །མགྲིན་པ་རྣམས་ལ་གདགས་པར་མཛོད། ། སྣང་བ་དང་བཅས་རྒྱན་འདི་ལྟར། །སེམས་ཅན་སེམས་ལ་སྡོང་བུ་བཞིན། །ཐུབ་པ་ནང་འོད་འཇུག་ཆེད་དུ། །ནམ་མཁའ་ཇི་སྲིད་གནས་པར་ཤོག །ཐུབ་པ་དགོངས་པའི་རྒྱན་སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ་རྫོགས་ སོ།། །།རྣམ་གནོན་ཚུལ་མཁས་འཇིགས་མེད་ཀྱི། །གནས་ལ་རེག་པའི་ཚུལ་འདི་ནི། །དཔལ་ལྡན་དགའ་སྐྱོང་རྒྱལ་སྲིད་ཀྱི། །སུམ་ཅུའི་ལོ་ལ་བྱས་པ་ཡིན། །ཕྱེད་དང་བཅས་པའི་སྟོང་ཕྲག་ལྔ། །མཁས་པ་རྣམས་ཀྱིས་སྡོམ་པའི་ཚད། །བསྔགས་འོས་བརྒྱན་པའི་ཆེད་དུ་ འདིའི། །ཚད་བཞིན་སྙིང་ལ་དངོས་པོ་རྣམས། །ཞེས་པའོ། །བདེ་གཤེགས་བསྟན་པ་བསམ་འཕེལ་ནོར་བུ་སྐྱེ་བོ་ཀུན་གྱི་རང་གི་མི་ཤེས་མུན་པས་བསྒྲིབས་ནས་དོན་མེད་འགྱུར། །དེ་རྟོགས་དོན་དུ་ཤེས་རབ་སྒྲོན་མ་འདེགས་པར་བྱེད་པའི་དབང་གྱུར་ཤིང་རྟ་ཆེན་པོ་རྣམས་ཀྱང་ནུབ་གྱུར་ཏེ། །འགྲོ་བ་ཀུན་ལ་ཤིན་ཏུ་ དོན་མེད་ལྟ་བུར་མི་འཇིགས་སེང་གེའི་ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ནས། །ཡོན་ཏན་རང་བཞིན་ཐུབ་ཆེན་དགོངས་པའི་སྒྲོན་མ་འདི་ནི་མི་ཤེས་མུན་པ་བསལ་ཕྱིར་མཛད། །དེ་ལྟ་ན་ཡང་འཕགས་པའི་སྐད་ཀྱིས་དབེན་པའི་སྐྱེ་བོ་དག་ལ་དོན་མེད་ལྟ་བུར་ཁོ་བོས་རབ་རྟོགས་ནས། །དེ་དག་ ཀུན་གྱིས་ཡིད་ཀྱི་མུན་པ་ཤིན་ཏུ་སྟུག་པོ་རྣམ་པར་བསལ་ཕྱིར་བདག་གིས་ལེགས་པར་འདི་བསྒྱུར་ནས། །བྱུང་བའི་བསོད་ནམས་ཆུ་འཛིན་འོད་ཟེར་ལྟ་བུར་ཤིན་ཏུ་གསལ་ཞིང་དགའ་བ་སྐྱེད་པ་གང་ཡིན་དེས། །འདི་རུ་སྐྱེ་བོ་ཀུན་གྱི་ཡིད་ཀྱི་མུན་པ་ཤིན་ཏུ་སྟུག་པོ་ རྣམ་པར་བསལ་ནས་ཟབ་མོའི་ལམ་རྟོགས་ཤོག། །།མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ལ་ཤེས་པའི་སྣང་བ་སྐྱེས་པའི་མཁས་པ་ཆེན་པོ་དེ་ཉིད་ལས་མཉན་ནས། དེ་ཉིད་ཀྱི་ཞལ་སྔར་ཤཱ་ཀྱའི་དགེ་སློང་དཔང་ཞོ་གསལ་བ་གྲགས་ ཞེས་བྱ་བས། ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མཁས་པའི་འབྱུང་གནས་དཔལ་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དུས་ཕྱིས་ལུང་དང་རིགས་པའི་དབང་ཕྱུག་སྟག་སྡེ་པ་ཆེན་པོ་སེང་གེ་རྒྱལ་མཚན་གྱི་བཀའ་དྲིན་དང་། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་བསམ་གྱིས་མི་ ཁྱབ་པའི་བློ་གྲོས་ཀྱི་སྟོབས་ཀྱིས་མཐའ་ཡས་པའི་ཤེས་བྱའི་ཆོས་ལ་དབང་བསྒྱུར་བ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལ་བརྟེན་ནས། ཕྱི་དང་ནང་གི་གཞུང་ལུགས་དུ་མ་རྣམས་ལ་བློའི་སྣང་བ་ཆེར་རྒྱས་པ། ཞུ་ཆེན་གྱི་ལོ་ཙཱ་ བ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དགེ་བའི་བཤེས་གཉེན་དོག་ཤིང་དབོན་པོ་དང་། བདེ་བ་ཆོས་ཀྱི་བཟང་པོ་ལ་སོགས་པས། མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས། ལེགས་པར་བཅོས་ནས་དག་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། སླར་ཡང་དཔལ་ལྡན་བློ་གྲོས་བརྟན་པ་དེ་ཉིད་ཀྱིས་གཞུང་འདིའི་སྐབས་དང་གཞུང་ལུགས་གཞན་གྱི་སྐབས་མཐུན་པ་ཇི་སྙེད་རྙེད་པ་རྣམས་སྦྱར་ཞིང་རྒྱ་དཔེ་དང་གཏུགས་ཏེ་ལེགས་པར་བརྟགས་ཤིང་དཔྱད་ནས་ཞུས་ཆེན་བགྱིས་ལ། དོན་ལ་ཡང་ལེགས་པར་དཔྱད་པས་ཤིན་ ཏུ་དག་པར་བགྱིས་པའོ། །སྒྲ་དོན་སྣང་བ་ཉིན་བྱེད་འོད། །བརྩོན་པས་ཡང་ཡང་བརྟེན་པ་ཡིས། །གཞུང་མཆོག་ཟབ་ཡངས་འདབ་བརྒྱའི་ཚལ། །དགོངས་དོན་གེ་སར་རབ་གསལ་གྱུར། །འགྲོ་བ་མང་པོ་ལ་ཕན་གྱུར་ཅིག། །། ༄༅༅། །རྒྱ་གར་སྐད་དུ། ཏརྐ་བི་ཧཱ་ན་ཏ་ཊི་པི་ཏ་ཀ་བྲྀཏྟི་ནཱ་མ། བོད་སྐད་དུ། ཚད་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆུ་བོ་ལྟ་བུ་ལས་བརྒལ་ཞིང་། །ཤིན་ཏུ་ཕྲ་བའང་རྣམ་པར་སྤངས། །ནམ་ མཁའ་ལྟ་བུར་རབ་གསལ་བ། །འདྲེན་པ་རྫོགས་ལ་ཕྱག་འཚལ་ཏེ། །མཁས་པ་དགའ་བ་བསྐྱེད་པའི་ཕྱིར། །རྣམ་པར་འཇོམས་པའི་དོན་བཤད་བྱ། །དེ་ལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་འདིས་ནི་བདག་ཉིད་ཀྱིས་རང་བཟོ་མ་ཡིན་ཞིང་། དགོས་པ་དང་ འབྲེལ་པ་ལ་སོགས་པ་བསྟན་པ་ཡིན་ཏེ། གང་ཞིག་དགོས་པ་ལ་སོགས་པ་མ་བརྗོད་ན་རྟོག་པ་དང་ལྡན་པ་རྣམས་འཇུག་པར་མི་འགྱུར་ཏེ། དེའི་ཕྱིར་ན་གདོན་མི་ཟ་བར་བརྗོད་དགོས་པ་ཡིན་ནོ། །རྟོག་པ་དང་ལྡན་པ་རྣམས་ཇི་ལྟར་མི་འཇུག་ཅེ་ན། དེ་ལ་རྟོག་པ་སྔོན་དུ་གཏོང་བ་རྣམས་ནི་མ་བརྗོད་ན་མེད་ པའི་ཆ་ལ་གནས་པའི་ཐེ་ཚོམ་སྐྱེ་ལ། འདིར་ཐེ་ཚོམ་དང་ལྡན་པ་ནི་འཇུག་པར་འགྱུར་བ་ཁོ་ནའོ། །གཞན་ཡང་བརྗོད་པར་བྱ་བ་མ་བརྗོད་ན། བསྟན་བཅོས་ལ་བསྙོན་པའི་ཚིག་ལྟ་བུར་དགོས་པའི་འདུ་ཤེས་འབྱུང་ལ། དེ་བཞིན་དུ་དགོས་པ་མ་བརྗོད་ན་ཁྭའི་སོ་བརྟག་པའི་བསྟན་བཅོས་བཞིན་དུ་ འཇུག་པར་མི་འགྱུར་རོ། །འབྲེལ་པ་མེད་པ་ཇི་ལྟ་བུ་ཞེ་ན། ཀླུ་སྦྱིན་བྱེད་ལ་རིན་པོ་ཆེ་ཡོད་པ་བཞིན་ཏེ། འདིར་ནི་འབྲེལ་པ་བརྗོད་དགོས་པ་ཁོ་ནའོ། །གཞན་ཡང་དགོས་པའི་དགོས་པ་མ་བརྗོད་ན། ཕྱི་རོལ་པའི་བསྟན་བཅོས་ལས་གསང་ཚིག་བསྒྲུབ་པའི་རྐྱེན་རང་གི་མ་ལ་མེ་སྐོར་བྱེད་པའི་རིམ་ པའི་མན་ངག་ལྟར། ཐ་སྙད་དུ་མི་རུང་ཞིང་བློ་འབྱུང་བ་དེའི་ཕྱིར་བརྗོད་དགོས་པ་ཁོ་ན་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་མོད་ཀྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཚད་མའི་མཐའ་ལ་ཞེན་པ་བསལ་བའི་ཕྱིར་རིགས་པའི་ཚོགས་དུ་མ་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད་ཀྱི། མདོར་བསྡུས་པས་དོན་ རྫོགས་པར་འདོད་པ་རྣམས་ཀྱི་དབང་དུ་བྱས་ནས་བཀོལ་ཞིང་བཀོད་པ་ཡིན་ནོ། །འོ་ན་དགོས་པ་ལ་སོགས་པ་ཇི་ལྟར་བསྟན་ཞེ་ན། དངོས་དང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། དེ་ལ་འདིར་རབ་ཏུ་བྱེད་པ་བསྟན་པས་དོར་བར་བྱ་བ་དང་བླང་བར་བྱ་བ་ཤེས་པ་ནི་དགོས་པ་ཡིན་ལ། དོར་བ་དང་བླང་ བའི་ཐ་སྙད་ལ་རབ་ཏུ་འཇུག་ཅིང་གྲུབ་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་ཤུགས་ཀྱིས་བསྟན་པ་ནི་འབྲེལ་པ་སྟེ། དེ་ཡང་མདོར་བསྡུས་ཤིང་བཀོལ་བའི་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། དགོས་པ་ནི་དེ་ལས་བྱུང་བ་ནི། འདིར་ཡང་ཐབས་དང་ཐབས་ལས་བྱུང་བ་དང་། རྒྱུ་དང་ འབྲས་བུའི་ཚུལ་གྱིས་འབྲེལ་པ་ཡིན་ནོ། །འོ་ན་རབ་ཏུ་བྱེད་པས་སྦྱོར་བར་བྱ་བ་གང་བརྗོད་ཅེ་ན། དེས་ན་བསལ་བ་དང་བསྒྲུབ་པའི་དོན་བརྗོད་པས་དེ་ནི་བརྗོད་པར་བྱ་བའོ། །ད་ནི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་རིག་པ་དང་ལྡན་ཞིང་ ཀུན་ཀྱང་རྗེས་སུ་འགྲོ་བའི་གནས་དམ་པ་ཡིན་པས་ན་སློབ་དཔོན་ཆེན་པོའོ། །ཀླུ་སྒྲུབ་ནི་མི་ལས་ཁྱད་པར་དུ་འཕགས་པའི་མཚན་གྱི་ཆེ་བ་སྟེ། དེ་ཡང་སྔོན་གང་ཞིག་གི་དོན་དུ་ཀླུའི་ཡུལ་དུ་བྱོན་པ་ལ། ཀླུ་རྣམས་ཀྱིས་སོ་སོའི་རྫུ་འཕྲུལ་བསྟན་པས་ཟིལ་གྱིས་ནོན་པར་མ་ནུས་པས། ཀླུའི་རྒྱལ་པོ་ཉེ་དབང་ གི་བུ་མོ་བྱིན་ནས་ཀླུ་རྣམས་ཀྱིས་མཆོད་པ་བྱེད་ཅིང་དེར་མཚན་ཐོབ་ནས་མིའི་ཡུལ་དུ་དགེ་སློང་གི་དུས་སུ་ཡང་གྲགས་སོ། །ཞལ་སྔ་ཞེས་པ་ནི་བདག་ཅག་ཀུན་གྱིས་སྲི་ཞུའི་ཚུལ་གྱིས་བོད་པའོ། །ཚད་མས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་སྟོན་ཏེ་མི་གནོད་ཅིང་གྲུབ་ལ་མི་སླུ་བ་སྟེ། དེ་ དེའི་མཚན་ཉིད་མ་གྲུབ་པས་ན་རྣམ་པར་འཇོམས་པའོ། །རབ་ཏུ་བྱེད་ཅེས་བྱ་བ་ནི་པྲ་ཀ་ར་ནའི་སྒྲ་ལས་མཆོག་ཏུ་བྱེད་པ་དང་དོན་སྟོན་པར་བྱེད་ཅེས་པའོ། །ནས་ཞེས་པ་ནི་འབྱུང་ཁུངས་ཀྱི་དོན་དུ་ཤེས་པར་བྱའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྣམ་པར་འཇོམས་པ་ཆེན་པོ་ལ་སོགས་ པར་སེལ་བ་དང་། བསྒྲུབ་པའི་རིགས་པའི་ཚོགས་དུ་མ་བསྟན་པ་ཏེ། དེ་ཡང་སེལ་བ་ནི་འདིར་ཚད་མ་མ་གྲུབ་པ་ལ་སོགས་པས་སྟོན་ལ། གཞན་ནི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །དེ་ལ་བསྒྲུབ་པ་ནི་རེ་ཞིག་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ཁོ་བོ་ཅག་དབུ་མ་ཆེན་པོ་པ་རྣམས་ ཀྱིས་ནི་དགག་པར་བྱ་བ་ཐམས་ཅད་བཀག་པ་ལ་བསྒྲུབ་པ་ཞེས་ཉེ་བར་འདོགས་སོ། །དགག་བྱ་ཡང་རེ་ཞིག་སེམས་ཙམ་དབུ་མ་ལ་སོགས་པ་དོན་དམ་པར་རྫས་དང་རྫས་ཙམ་དུ་འདོད་པ་ཐམས་ཅད་འོག་ནས་འབྱུང་བའི་རིགས་པ་ལ་སོགས་པས་བསལ་ནས། དེ་ལ་ལྟོས་པའི་ཀུན་རྫོབ་དང་རྫས་སུ་མེད་པ་ ཡང་བསལ་ཞིང་དགག་པར་བྱ་བ་ཁོ་ནའོ། །དེ་ལ་ཀུན་རྫོབ་ནི་སཾ་བྲི་ཏའི་སྒྲ་སྟེ། སྒྲིབ་པའམ་འཁྲུལ་པ་ལ་སོགས་པའོ། །དེའི་ཕྱིར་ན་དེ་ཡང་དགག་པར་བྱ་བ་ཉིད་དོ། །སྒྱུ་མ་རྫས་སུ་མེད་པ་དེ་ཡང་ས་ཡིན་ཏེ། སེམས་ཙམ་དབུ་མ་པ་ལྟ་བུའོ། །དེ་ལྟར་སློབ་དཔོན་གྱི་དགོངས་པ་ནི། དགག་བྱ་ དགག་པ་དང་། རེ་ཞིག་བསྒྲུབ་པའི་ཚུལ་དང་། མཐར་རྣམ་པར་གཅོད་པ་འབའ་ཞིག་ལ་ནན་ཏན་དུ་བྱས་ནས་ཡོངས་སུ་གཅོད་པ་ནི་ཅི་ཡང་མི་བྱེད་པ་ཡིན་སྙམ་དུ་དགོངས་ལ། གཞན་དག་ནི་གཞན་དུ་ཡང་འཆད་དོ། །དེ་ལ་ཅིའི་ཕྱིར་ཡོངས་སུ་གཅོད་པ་མི་བྱེད་ཅེ་ན། ཀླུ་སྒྲུབ་ཞབས་ཀྱིས་ རིགས་པའི་ཚོགས་དུ་མ་བཀོད་པ་ལས། གང་ཡོངས་སུ་གཅོད་པ་ཅི་ཡང་མ་གྲུབ་ཅིང་དགག་པར་བྱ་བ་ཡིན་པ་ཁོ་ནའོ། །འོ་ན་དགག་བྱ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན་བདེན་མོད་ཀྱི་འོན་ཀྱང་བློའི་རིམ་པ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟར་སྐབས་ལས་བྱུང་བའི་དོན་མདོ་ཙམ་ཞིག་བསྟན་ནས། ད་ནི་ཕྱོགས་ སྔ་མ་བསལ་བའི་ཚིག་གི་དོན་ལ་འཇུག་པར་བྱ་སྟེ། དེ་ལ་རྟོག་པ་རྣམ་པ་གཉིས་ཀྱིས་ཉེ་བར་བརྟགས་པ་ནི་འདི་རྣམས་ཏེ། དེའི་ཕྱིར་རྟོག་གེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་ཉེ་བར་དགོད་པའི་ཚིག་སྟེ། ཚིག་གི་དོན་བཅུ་དྲུག་གོ། །དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། ཚད་མ་ དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མཐའ་ལ་ཞེས་པ་རྣམས་ནི་ཚད་མའི་དོན་རང་ཉིད་གྲུབ་པ་དང་། གཞན་གྱིས་མི་གནོད་པ་ཞེས་ཟེར་རོ། །གཞལ་བྱ་ནི་དེས་གཞལ་བར་བྱ་བ་སྐྱེས་བུའི་དོན་འགྲུབ་པའི་རྒྱུ་ཡང་དག་པ་གཅིག་ཡོད་ཅེས་ཟེར་ལ། གཞན་ཡང་ཐེ་ཚོམ་ནི་དོན་འགྲུབ་པའི་ གེགས་བྱེད་པ་ཡང་དག་པ་གཅིག་གོ་ཞེས་ཟེར་རོ། །དགོས་པ་ནི་གང་གི་ཐ་སྙད་དུ་རུང་བར་བྱས་པ་ཞེའོ། །དཔེ་ཞེས་པ་ནི་གཏན་ཚིགས་ཀྱི་གྲོགས་ཁྱབ་པ་དང་འབྲེལ་པ་གཏན་ལ་དབབ་པའི་གཞིར་འདོད་ལ། གྲུབ་པའི་མཐའ་ཡང་ཚད་མས་གཞལ་བྱའི་དོན་གྲུབ་པར་བྱ་བ་ཡང་དག་པ་གཅིག་གོ་ ཞེས་སོ། །གཞན་ཡང་ཆ་ཤས་ནི་བསྒྲུབ་བྱ་གྲུབ་པར་བྱེད་པའི་ནུས་པའི་ཆ་སོ་སོར་འདོད་དེ། ཇི་ལྟ་བུ་ཞེ་ན། ཆོས་ཅན་གྱི་ནུས་པ་དང་གཏན་ཚིགས་དང་དཔེ་དང་བསྒྲུབ་བྱ་རང་ཉིད་ཀྱི་ཆོས་ཉིད་ཀྱིས་དང་ལྡན་པ་དང་། རྗེས་སུ་འགྲོ་བ་དང་། ལྡོག་པ་ནུས་པར་འགྱུར་བའི་ནུས་པའོ། །དེ་བཞིན་དུ་ རྟོག་གེ་ཡང་རང་རང་གི་རིགས་པ་དང་ལྡན་པས་བརྟགས་པར་འདོད་པའོ། །གཏན་ལ་ཕབ་པ་ཡང་གྲུབ་པའི་མཐའ་བཞིན་དུ་ཚད་མས་བསྒྲུབ་པའི་དོན་ཞེའོ། །དེ་བཞིན་དུ་སྨྲ་བའི་མཐའ་གྲུབ་པ་དང་། རྩོད་པའི་མཐའ་དང་། རྣམ་པར་རྩོད་པའི་མཐའ་དང་། གཞན་ཡང་ གཏན་ཚིགས་ལྟར་སྣང་བ་ཡང་མ་འདྲེས་ལ་སྐྱོན་གྱི་ངོ་བོར་གྲུབ་པར་འདོད་པ་ཉིད་དོ། །ཚིག་དོར་གྱི་མཚན་ཉིད་ཀྱང་ཕྱིར་རྒོལ་བ་དང་རྩོད་པའི་དུས་སུ་ཚིག་ཟློས་བུ་ལ་སོགས་པ་སྐྱོན་དུ་གྲུབ་པ་ཁོ་ནའོ་ཞེས་ཟེར་རོ། །ལྷག་ཅོག་ནི་གོ་ནས་བསྟན་པ་བཞིན་དུ་སྐྱོན་བརྗོད་པ་ཉིད་དུ་གྲུབ་པོ་ཞེའོ། །དེ་བཞིན་ དུ་ཚར་གཅོད་ཀྱང་འོག་ནས་བསྟན་པ་ལྟར་གྲུབ་པར་འདོད་པ་ཁོ་ནའོ། །དེ་ལྟར་ཚིག་གི་དོན་དང་ཚད་མའི་མཐའ་ལ་ཞེན་པ་བསལ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཉེ་བར་བཀོད་པའི་རྗེས་མ་མིང་གི་དབྱེ་བ་ཚད་མ་གྲུབ་པ་དང་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ ནོ། །དེ་ནི་ཇི་ལྟར་མ་གྲུབ་པའི་གསལ་བའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གྲངས་ཀྱི་དབྱེ་བ་དང་ཚད་མ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་གསལ་བའི་དབྱེ་བས་བསྟན་པ་ལས་མ་གྲུབ་ཅིང་སེལ་བའི་རིགས་པ་ནི་ཇི་ལྟ་བུ་ཞེ་ན། དེ་ནི་འདི་ཡིན་ཏེ། མཐའ་ ལ་ཞེན་པ་རྣམས་ཀྱི་རིགས་པའི་གཙོ་བོ་ནི་གཏན་ཚིགས་ཡིན་ལ། དེ་ཡང་རྣམ་པ་གསུམ་དུ་འདོད་དེ། འབྲས་བུ་དང་། རང་བཞིན་དང་། མི་དམིགས་པའོ། །དེ་ལ་འབྲས་བུ་ནི་གྲུབ་པ་མ་ཡིན་ཏེ། ཕྱིར་རྒོལ་བའི་བློ་ལ་འབྲས་བུ་གྲུབ་པའི་དུས་སུ་བསྐྱེད་པའི་རྒྱུ་འགགས་ལ་རྒྱུན་གྱི་ཚོགས་ཀྱང་མི་འགག་ པའི་ངེས་པ་མེད་པའི་ཕྱིར་རོ། །རང་བཞིན་ཡང་གྲུབ་པ་མ་ཡིན་ཏེ། དཔེར་ན་བྱས་པས་མི་རྟག་པ་ལ་ངེས་སོ་ཞེས་པའི་དུས་སུ་བྱས་པ་ནི་འཁོར་ལོ་དང་རྫ་མཁན་གྱི་ལག་གི་འདུ་བྱེད་ལ་བྱས་པའོ་ཞེའམ། སྐད་ཅིག་མ་སྔ་མས་ཕྱི་མ་བསྐྱེད་པ་ལ་བྱ་ཞེ་ན། དེ་ལ་འདུ་བྱེད་པ་ནི་བྱས་པ་མ་ཡིན་ ཏེ། འདུས་བྱས་པ་ནི་སྔར་འགགས་ལ། མི་རྟག་པ་ནི་ཕྱིས་གྲུབ་པ་སྟེ། མི་རྟག་པ་ན་དུས་ཐ་དད་པའི་ཕྱིར། རང་བཞིན་གཅིག་པའི་འབྲེལ་པ་མ་གྲུབ་པ་ཁོ་ནའོ། །གཞན་ཡང་སྐད་ཅིག་མ་ནི་མ་ཡིན་ཏེ། རྒོལ་བ་དང་ཕྱིར་རྒོལ་བའི་བློ་གྲུབ་པའི་ཕྱིར་རོ། །གལ་ཏེ་ན་སྔར་བྱས་པའི་ཆོས་ ཉིད་ཕྱིས་ཀྱང་གཏན་ཚིགས་ཀྱི་ཆོས་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་སྔར་གྱི་བྱས་པའི་ཆོས་ཕྱིས་ཀྱི་དུས་སུ་ཡོད་ན། མ་བྱས་པ་ཡང་ཡོད་པས་བུམ་པ་རྟག་པར་ཐལ་བར་འགྱུར་བ་ཁོ་ནའོ། །དེ་ལ་མི་དམིགས་པ་ཡང་རང་བཞིན་དང་འབྲས་བུ་མ་གྲུབ་པའི་ཕྱིར་མི་འགྲུབ་པར་ངེས་སོ། ། དེ་བས་ན་ཚད་མ་ལ་སོགས་པ་ལ་རྟོག་གེ་པ་རྣམས་ནི་རིགས་གཙོར་གཏན་ཚིགས་འདོད་ལ། དེ་ནི་དེ་ལྟར་མ་གྲུབ་པ་ཉིད་དོ། །འོ་ན་གཞན་གྱི་འདོད་པ་བསལ་ནས་རང་གི་འདོད་པ་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་ཁོ་བོ་ཅག་དབུ་མ་ཆེན་པོ་པ་ཡོངས་སུ་གཅོད་པ་ཅི་ཡང་མི་བྱེད་པ་གོང་དུ་སྨྲས་པ་མ་ཡིན་ནམ་གཞན་ ཡང་ལུང་གི་དགོངས་པ་ནི་འདིར་མ་སྨོས་ཏེ། སློབ་དཔོན་ཆེན་པོས་ཕྱི་རོལ་པའི་ཚད་མ་དང་ཐུན་མོང་དུ་ཉེ་བར་དགག་པའི་ཕྱིར་རོ། །འདིར་རྒོལ་ཏེ་གང་གི་ཚེ་ཡོངས་སུ་གཅོད་པ་མེད་པ་དེའི་ཚེ་གཉེན་པོ་མེད་པ་དེའི་ཕྱིར། སྤངས་པ་ཕུན་སུམ་ཚོགས་པར་ཡང་མི་འགྱུར་ལ། དེ་བས་ན་དོན་མེད་པར་ འགྱུར་བ་ཁོ་ནའོ། །དེ་ལྟ་མ་ཡིན་ཏེ། ཇི་སྲིད་བློའི་ཡུལ་དུ་བྱས་པ་དེ་སྲིད་དུ་ཀུན་རྫོབ་ཡིན་ལ། ཁོ་བོ་ཅག་ཀུན་རྫོབ་པ་ནི་རེ་ཞིག་བློའི་ཡུལ་དུ་མི་འགོག་པ་ཁོ་ནའོ། །གཞན་ཡང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ལ་ནི་སྤངས་པ་ཕུན་སུམ་ཚོགས་པར་ཡང་མི་འགྱུར་བ་ལ་སོགས་པ་དེ་དག་འདོད་ ཐོག་ཁོ་ན་ཡིན་ཏེ། གང་གི་ཕྱིར་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར་རོ། །དེ་བས་ན་གཞན་དག་འདོད་པ་ལྟར་ཡོངས་སུ་གཅོད་ཅིང་བསྒྲུབ་པའི་དོན་དེ་ལྟར་ཡིན་གྱི་ཕྱི་རོལ་གྱི་དབུ་མ་པ་ལྟར་གཞན་གྱི་དབང་ལ་ཀུན་བརྟགས་ཀྱིས་སྟོང་པའི་ཆོས་ཡོངས་སུ་གྲུབ་པ་རྟག་པར་འདོད་པ་དེ་ཡང་ དགག་པར་ནུས་པ་མ་ཡིན་པ་ཐལ་བར་འགྱུར་རོ། །གལ་ཏེ་དེ་ཉིད་འདོད་ཐོག་ཁོ་ནའོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཡང་དག་སྒྲོན་མའི་བསྟན་བཅོས་ལ་སོགས་པར་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པའི་རིགས་པས་བཀག་ཟིན་ལ། འདིར་ནི་ཡི་གེ་ མངས་ཀྱིས་དོགས་ནས་མ་བྲིས་སོ། །དེས་ན་སློབ་དཔོན་གྱི་དགོངས་པ་ནི་གཞན་གྱི་འདོད་པ་ཡོངས་སུ་གཅོད་པ་ཐམས་ཅད་ཉེ་བར་བསལ་ནས། མཐར་ལྟོས་པའི་རིགས་པས་རང་ཉིད་ཀྱི་འདོད་པ་རིགས་ཀྱི་ཚོགས་དུ་མ་སྣང་བ་དག་ཀྱང་རྣམ་པར་བཅད་ནས་ཡོངས་སུ་གཅོད་པ་མི་བྱེད་པ་ ཁོ་ནའོ། །གང་གི་ཚེ་ཡོངས་སུ་གཅོད་པ་ཅི་ཡང་མེད་པ་དེའི་ཚེ་བློ་དང་བརྗོད་པའི་ཡུལ་དུ་མི་འགྱུར་ལ། དེའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །དེ་བས་ན་ཁྱོད་ཀྱི་སྐྱོན་བརྗོད་པ་དོན་མེད་པར་འགྱུར་བ་ཁོ་ནའོ། །ད་ནི་རྣམ་པར་དགྲོལ་བ་བསྟན་པའི་ཕྱིར། དེ་ ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཞེས་པ་ནི་དམིགས་ཀྱིས་ཉེ་བར་སྟོན་པའི་ཐ་ཚིག་གོ། །ཚད་མ་ཆོས་ཅན་ཡིན་ལ་གཞལ་བྱ་ལ་ལྟོས་པའི་ཕྱིར་ཞེས་པའི་རྒྱུ་མཚན་གྱིས་གྲུབ་པ་ཡིན་ཏེ་ཞེས་བསྒྲུབ་པ་ཡིན་ནོ། །སྤྱིར་ཁྱབ་པ་དཔེས་མཚོན་པའི་ཕྱིར་གང་དང་གང་ཞེས་པ་སྨོས་སོ། །གལ་ ཏེ་རང་ཉིད་གྲུབ་པ་ཡིན་ན། མི་ལྟོས་པར་ངེས་ལ་དེའི་ཕྱིར་ལྡོག་པ་ངེས་པ་ཡང་ཤུགས་ཀྱིས་བསྟན་ཏོ།། །།༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ལཀྵ་ན་ས་མུཙྩ་ཡ། བོད་སྐད་དུ། ཐེག་པ་ཆེན་པོའི་མཚན་ཉིད་ཀུན་ལས་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་ འཚལ་ལོ། །བྱང་ཆུབ་ཡང་དག་སེམས་བསྐྱེད་པའི། །བྱམས་པ་ཆེན་པོའི་སྦྱོར་བ་སྟེ། །ཆོས་རྣམས་ཐམས་ཅད་བདག་མེད་པའི། །ཞེས་བྱ་ཡེ་ཤེས་མངོན་པར་བརྗོད། །ཅེས་ཏེ་དེ་ལྟར་ན་ཆོས་ཐམས་ཅད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་དང་། སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། སྔོན་གྱི་གནས་ཀྱི་རྗེས་སུ་མཉམ་པར་ གཞག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་དང་། མཉམ་གཞག་དང་། འཛིན་པ་དང་། སྟོབས་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕྱིར་མི་ལྡོག་པའི་སངས་རྒྱས་དང་། ཆོས་དང་། དགེ་སྦྱོང་གི་འབྲས་བུ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་ཆོས་ཀྱི་དབྱིངས་ཤེས་པའོ། །དེ་ལྟར་ཕུང་པོ་ནི་ཅི་ཞེ་ན། སྐྱེ་མཆེད་ནི་གང་། ཁམས་ནི་གང་། ཇི་ལྟར་ངེས་པ་མཚན་ཉིད་ ཇི་ལྟ་ཡིན་ཏེ། ཕུང་པོ་ལྔ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། དེ་ལྟར་གཟུགས་ནི་དབང་པོ་ལྔ་མིག་ལ་སོགས་པ་དང་། ཡུལ་ལྔའོ། །གཟུགས་ལ་སོགས་པའོ། །དེ་ལྟར་མིག་གི་རྣམ་པར་ཤེས་པ་ལ་བརྟེན་ནས། ས་ལ་སོགས་པ་རབ་ཏུ་དང་ བ་སྟེ། མིག་གི་དབང་པོའོ། །དེ་ལྟར་རྣ་བའི་དབང་པོ་ལ་བརྟེན་ནས་རྣ་བའི་རྣམ་པར་ཤེས་པའོ། །སྣའི་དབང་པོ་ལ་བརྟེན་ནས་སྣའི་རྣམ་པར་ཤེས་པའོ། །ལྕེའི་དབང་པོ་ལ་བརྟེན་ནས་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་དབང་པོ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པའོ། །གཟུགས་ནི་ གཉིས་ཏེ་ཁ་དོག་དང་དབྱིབས་སོ། །ཁ་དོག་ནི་སྔོན་པོ་ལ་སོགས་པའོ། །ཡང་དག་པར་གནས་པ་ནི་གྲུ་བཞི་ལ་སོགས་པའོ། །སྒྲ་དང་ཡིད་ཀྱི་ཤེས་པ་ནི་ཡིད་ཤེས་ཀྱི་དབུས་ཀྱི་དབྱེ་བས་གཉིས་ཏེ། དེ་ལྟར་དྲི་དང་རོ་དང་རེག་པ་དང་སྐྱུར་བའི་དབྱེ་བས་བཅུ་དྲུག་གོ། །རིག་པ་བཅུ་གཅིག་འདི་ལྟ་སྟེ། སྲ་བ་དང་། སྙི་བ་དང་། དྲོ་བ་དང་། གྲང་བ་དང་། བཏང་སྙོམས་དང་། ལྕི་བ་དང་། ཡང་བ་དང་། འཇམ་པ་དང་། རྩུབ་པ་དང་། བཀྲེས་པ་དང་། སྐོམ་པའོ། །བདེན་པ་ཡང་དག་པར་བསྡུས་པའོ། །ཡིད་ཀྱི་ཤེས་པའི་དབྱེ་བས་གསུམ་སྟེ། དེ་ལྟར་གང་ཞིག་གི་འབྱུང་བ་མིག་གི་དོན་བྱེད་པ་ དང་ཁམས་རྟོགས་པ་དང་། སྣང་བའི་སའི་དབྱེ་བ་དང་འདས་པ་ལ་སོགས་པའི་དབྱེ་བ་མཐའ་ཡས་པའི་རབ་ཏུ་བྱེད་པ་ཡང་དག་པར་བསྡུས་པ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་ཁྱབ་པ་བསྟན་ཏེ། གཟུགས་ཀྱི་མཐར་དབྱུ་གུ་ལྟ་བུ་འདུལ་བ་ཞེས་པའོ། །ཚོར་བའི་ཕུང་པོ་ལ་གསུམ་སྟེ། གཉིས་ཀྱིས་ ནུས་པས་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་སོ། །མིག་གི་དོན་བྱེད་པའི་རྒྱུན་གྱི་དབྱེ་བས་རབ་ཏུ་བྱེད་པ་དྲུག་པ་སྟེ། དེ་ལྟར་དབྱེ་བ་བཅོ་བརྒྱད་འབྱུང་ངོ་། །དེ་ལྟར་སེམས་ཀྱི་དབྱིངས་རྟོགས་པས་གང་ཞིག་ཤིན་ཏུ་དབྱེ་བས་མཐའ་ཡས་པའི་རབ་ཏུ་བྱེད་པ་ལ་མངོན་པར་ཡང་དག་པར་བསྡུས་ པ་ཚོར་བའི་ཕུང་པོ་ཞེས་ཤེས་རབ་ཐོབ་པའོ། །འདུ་ཤེས་ཀྱི་ཕུང་པོའི་ཤེས་པ་དྲུག་སྟེ། མིག་གི་དོན་བྱེད་པ་ལ་བརྟེན་པའི་དབྱེ་བས་བདེན་པའི་རྒྱུ་མཚན་གཟུང་བའི་མཚན་ཉིད་དོ། །དེ་ལྟར་རྒྱུ་མཚན་གྱི་གཟུགས་ཀྱི་རྣམ་གཞག་གིས་དབྱེ་བ་ལ་བརྟེན་པ་དེ་ལྟར་བརྟགས་པའོ། ། བརྗོད་པ་དང་བརྗོད་པ་མ་ཡིན་པའི་རྣམ་པའི་གཟུགས་དང་ཚོར་བ་ལ་སོགས་པས་ཡང་དག་པའི་ཕུང་པོའི་ཡུལ་ཆོས་ཀྱི་བདག་ཉིད་དང་། ཉན་པ་ལྟ་བུའི་འདུ་ཤེས་དང་ཁམས་ཀྱི་དབྱེ་བ་མཐའ་ཡས་པའི་རབ་ཏུ་བྱེད་པའི་འདུ་ཤེས་ཀྱི་ཕུང་པོའི་ཕྱི་རོལ་དུའོ། །འདུ་ བྱེད་ཀྱི་ཕུང་པོ་ཇི་སྲིད་དུ་སེམས་ཡོངས་སུ་ཞི་བ་རྣམས་དང་། དང་བའི་མཚན་ཉིད་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ཉོན་མོངས་པའི་རབ་ཏུ་བྱེད་པའོ། །མིག་གི་དོན་བྱེད་པ་ལ་རབ་ཏུ་བརྟེན་པ་རབ་ཏུ་རྒྱས་པའི་སེམས་ཀྱི་བསླབ་པ་དང་ཆོས་ཀྱི་སེམས་ཀྱིས་མངོན་པར་ འདུ་བྱེད་པའི་མཚན་ཉིད་རྣམ་གྲངས་ལས་འདས་པ་ལྟ་བུའོ། །ཁམས་ཀྱི་དབྱེ་བ་ཡང་དག་པར་བསྡུས་པ་འདུ་བྱེད་ཀྱི་ཕུང་པོ་ཞེས་ཁྱབ་པ་བསྟན་ཏོ། །རྣམ་པར་ཤེས་པའི་ཕུང་པོ་ནི། མངོན་ཤེས་དྲུག་གིས་སྐུ་དང་མིག་གི་དོན་བྱེད་པ་ལ་བརྟེན་པའི་དབྱེ་བ་སྟེ། གཟུགས་ཀྱི་མཚན་ཉིད་ དང་། རྣམ་པར་ཤེས་པའི་མཚན་ཉིད་ལྟ་བུའི་དབྱེ་བ་དང་མི་དགེ་བར་ལུང་མ་བསྟན་པའི་དབྱེ་བ་མཐའ་ཡས་པའི་རབ་ཏུ་བྱེད་པ་ལ་མོས་པས་མངོན་པར་ཡང་དག་པར་བསྡུས་པའི་རྣམ་པར་ཤེས་པའི་ཕུང་པོ་ཞེས་ཁྱབ་པའི་ཡུལ་བསྟན་ཏོ། །སྐྱེ་བའི་སྐྱེ་མཆེད་བཅུ་གཉིས་ཏེ། དེ་ལྟར་མངོན་ཤེས་དྲུག་གི་ བདག་ཉིད་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དོ། །དེ་ལྟར་སེམས་རྣམ་པར་ཤེས་པའི་རྒྱུ་རྣམ་པར་ཤེས་པ་འདིའོ། །ཕྱི་རོལ་དྲུག་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་སོ། །སེམས་བདེན་པ་དང་བཅས་པ་ཆོས་ཐམས་ཅད་དེ། ཡིད་ཀྱི་རྣམ་པར་ཤེས་པར་ སོང་བའི་འདས་པ་དང་། མ་འོངས་པ་ལ་སོགས་པ་བཞིན་ནོ། །ཁྱད་པར་གྱི་དངོས་པོ་མིག་ལ་སོགས་པ་ལྔ་དང་། ཡུལ་ལྔ་ཞེས་བྱའོ། །ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་འདི་རྣམས་སོ། །མིག་གི་རྣམ་པར་ཤེས་པ་དོན་བྱེད་པ་ལ་སོགས་པ་དྲུག་དང་། རེག་པ་དྲུག་སྟེ། མིག་ གི་རེག་པ་བརྗོད་པའི་ཡིད་དང་། ཡང་དག་པར་རེག་པའོ། །བདེན་པའི་གཟུགས་དང་། རྣམ་པར་ཤེས་པ་སྣོད་དང་། ལྷན་ཅིག་དབུས་སུ་གནས་པའི་རྒྱུ་མཚན་བུམ་པའི་མཚན་ཉིད་ཀྱི་ངོས་ལ་མིག་གི་དོན་བྱེད་པར་རྟོགས་པའི་དགའ་བ་གསུམ་གྱི་དབྱེ་བ་སྐྱེད་པར་བྱེད་པའོ། །ཚོར་བ་མིག་གི་ དོན་བྱེད་པ་ཡང་དག་པར་རེག་པའི་སྐྱེ་བ་དྲུག་སྟེ། དེ་ལྟར་ཡང་མངོན་སུམ་གྱི་བདེ་བ་དང་སྡུག་བསྔལ་གྱི་དབྱེ་བས་བཅོ་བརྒྱད་འབྱུང་སྟེ། སླར་ཡང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་། རྣམ་པར་ཤེས་པའི་མཚན་ཉིད་དྲུག་རྣམས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ནི། དེ་ལྟར་ཡང་མ་རིག་པའི་ཡན་ལག་བདེན་པའི་སེམས་ཀྱི་རང་བཞིན་ལས་ཀྱི་འབྲས་བུ་ཡང་དག་པར་འབྱུང་ངོ་། །བདག་དང་གཞན་འབྱུང་བ་དང་། ཕུང་པོ་རྣམས་ལ་དམིགས་པ་སྟེ། ཆགས་པ་སྟེར་བའོ། །དེའི་རྐྱེན་གྱིས་འདུ་བྱེད་དེ་ལྟར་གསུམ་སྟེ། མི་དགེ་བཅུ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ རབ་ཏུ་འཕྲོ་བ་དང་། དགེ་བ་བཅུའི་ལས་ལམ་ཇི་ལྟར་རབ་ཏུ་འཕྲོ་བའོ། །ཤིན་ཏུ་བསམ་གཏན་གྱི་གཟུགས་ལ་མཉམ་པར་གཞག་པའོ། །དེ་ལྟར་དེའི་མ་རིག་པ་ལས་བྱུང་བ་དེ་ལྟར་འདུ་བྱེད་དོ། །མིག་གི་དོན་བྱེད་པའི་རྣམ་པར་ཤེས་པའི་འདོད་པ་དང་། མི་འདོད་པའི་འབྲས་བུའི་ས་བོན་འབྱུང་སྟེ། དེས་ ན་མིང་དང་གཟུགས་སོ། །སྐྱེ་བས་ན་སྐྱེ་མཆེད་ནི། སྐྱེ་བའི་རྣམ་གྲངས་དང་ལྡན་པའི་ཚོར་བ་སྟེ། བཞིའི་ཕུང་པོའོ། །གཟུགས་དང་ཇི་ལྟར་འབྱོར་པ་ལ་བརྟེན་པ་འབྱུང་བ་དང་། ཁུ་བ་ལས་བྱུང་བའི་ཐར་ལྡན་པའི་སའི་ཁམས་སྟེར་བའོ། །དེ་ལྟར་མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་གི་དེ་ ནས་མིང་དང་གཟུགས་ལས་མིག་གི་དོན་བྱེད་པའི་སྐྱེ་མཆེད་དྲུག་ཡོངས་སུ་གྱུར་པའོ། །དེ་ལྟར་རེག་པ་ནི་མིག་གི་དོན་བྱེད་པའི་གཟུགས་ཤེས་པ་སྔོན་བཞིན་དུ་འདས་པའི་ཕྱི་མའོ། །དེའི་རྐྱེན་གྱིས་ཉེན་པ་ཚོར་བ་གསུམ་མོ། །དེ་ལྟར་མ་རིག་པའི་དབང་གིས་སྲེད་པའོ། །དེ་ནས་ལེན་པ་སྟེ། བདེ་བའི་འདུས་བྱས་པ་ལས་བྱུང་བ་གཟུགས་ཡོངས་སུ་འཛིན་པའོ། །ལེན་པའི་རྐྱེན་གྱིས་གང་ཞིག་འབྱུང་བ་དེ་སྔོན་གྱི་བཞིན་བྱས་པའི་རྣམ་པར་ཤེས་པའི་མཚན་ཉིད་དོ། །དེའི་རྐྱེན་གྱིས་སྐྱེ་བ་སྟེ། མིང་དང་གཟུགས་ཀྱི་ནུས་པ་དེ་འདི་ལྟར་མ་རིག་པའི་བདག་ཉིད་ཉོན་མོངས་པ་སྟེ་ལས་སོ། ། དེ་ལྟར་སྐྱེ་བ་ཡང་ཉོན་མོངས་པ་སྟེ། ལས་དང་སྐྱེ་བའི་དབང་གིས་སེམས་རྒྱུན་མི་འཆད་པས་འཁོར་བའོ། །དེ་ལྟར་མ་རིག་པའི་དབང་གིས་གནས་པ་ནི། རང་གི་སྐྱེ་བ་དང་རྒ་ཤིའི་ཕུང་པོ་རྣམས་ནི་སྐྱེ་བ་དང་སྐྱེ་བའི་དངོས་པོ་འཆི་བའོ། །སྐྱེ་བའི་རྗེས་ཀྱི་རིགས་སྔོན་དུ་ཐོགས་པའི་བདག་ཉིད་ ཀྱི་དངོས་པོ་ཡོངས་སུ་གཏོང་ངོ་། །དེ་ལྟར་མ་རིག་པའི་དབང་གིས་རབ་ཏུ་བརྟགས་པའི་ཡིད་ནི། ཉོན་མོངས་པ་འདི་ཙམ་གྱི་བདག་ཉིད་ཀྱི་ཆོས་སོ། །དེ་ལྟར་གཉེན་པོའི་ཕྱོགས་འབྱུང་བའི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་ཡང་བཅུ་སྟེ། སྦྱིན་པ་ལ་གསུམ་སྟེ། ཆོས་ཀྱི་སྦྱིན་ པ་དང་། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པའོ། །ཚུལ་ཁྲིམས་ལ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །བཟོད་པ་ལ་གསུམ་སྟེ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གཞན་གྱི་གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པའོ། །བརྩོན་འགྲུས་ལ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཡོངས་སུ་མཐར་ཐུག་པའི་བརྩོན་འགྲུས་སོ། །བསམ་གཏན་ལ་གསུམ་སྟེ། སྐྱོན་བསལ་བ་དང་། གནས་པ་དང་། རྣམ་པར་རྒྱལ་བའོ། །ཤེས་རབ་ལ་གསུམ་སྟེ། ཐོས་པའི་བདག་དང་། བསམ་པའི་བདག་དང་། བསྒོམ་པའི་བདག་གོ། །ཐབས་ལ་གསུམ་སྟེ། རང་གི་སྐྱོན་བསལ་བ་དང་། སེམས་ཅན་སྒྲོལ་བ་དང་། བདེ་བ་མྱུར་བར་མངོན་པར་བྱུང་ཆུབ་པའོ། །སྨོན་ལམ་ལ་གསུམ་སྟེ། ཚོགས་ཀྱི་དབང་དུ་བསྡུས་པ་དང་། སེམས་ཅན་གྱི་དོན་རྗེས་སུ་བསྡུས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའོ། །སྟོབས་ལ་གསུམ་སྟེ། ལས་སྒྲུབ་པ་དང་། ཉོན་མོངས་འཇོམས་པ་དང་། བདུད་ཀྱི་ཕྱོགས་རབ་ཏུ་འཇོམས་པའོ། །ཡེ་ཤེས་ལ་གསུམ་སྟེ། རྣམ་པར་མི་རྟོག་པ་དང་། ། མཉམ་པའི་བྱང་ཆུབ་དང་། སེམས་ཅན་གྱི་དོན་དུ་ཐབས་བསྐྱེད་པའོ། །འདི་རྣམས་ཀྱི་སྦྱིན་པ་བྱིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་བཞིན་ནོ། །སེམས་ཅན་ཐམས་ཅད་ཀྱི་བྱམས་པ་ལ་བརྟེན་ནས་ཡོངས་སུ་གོམས་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟར་ཡང་འཇིག་རྟེན་པའི་གཞན་ གྱི་དང་བདག་གི་མཚན་ཉིད་དོ། །འཇིག་རྟེན་ལས་འདས་པའི་དངོས་པོ་ཕུང་པོ་རྣམས་ཀྱི་བདག་ཉིད་རྣམ་པར་ཐར་པས་རབ་ཏུ་བརྒྱན་པའི་དངོས་པོ་དང་བྱང་ཆུབ་ཏུ་འགྲོ་བའི་ནུས་པས་སོ། །དེ་ལྟར་ཡང་ས་རྣམས་ནི་འདི་ལྟ་སྟེ། ས་དང་པོ་རབ་ཏུ་དགའ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། ། ཤིན་ཏུ་མུན་པ་བསལ་བས་དྲི་མ་མེད་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འོད་འཕྲོ་བ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དགོས་འདོད་ཐམས་ཅད་འགྲུབ་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤིན་ཏུ་སྦྱང་དཀའ་བས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །མངོན་དུ་གྱུར་པས་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིང་དུ་སོང་བའི་བདག་ཉིད་ཀྱིས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་གཡོ་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ལེགས་པའི་བློ་གྲོས་ཀྱིས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་སྤྲིན་གྱིས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ཏེ། དེ་ལྟར་གང་ཞིག་ས་ལ་ བྱམས་པའི་ཆོས་ཤིན་ཏུ་རྟོགས་པའི་བྱེ་བྲག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་དག་པའི་བྱིན་གྱི་རླབས་ནས་ཁྱད་པར་གྱི་གྲངས་ལས་འདས་པ་རབ་ཏུ་ཐོབ་པའོ། །སྐྱེ་བའི་མཐར་ཐུག་པའི་བར་དུ་སྨོན་ལམ་དང་སྟོབས་མི་མཉམ་པའི་མཐའ་ཡས་པར་ཐུན་མོང་མ་ཡིན་པ་སྟེ། ཉན་ཐོས་སམ་རང་ སངས་རྒྱས་ཐམས་ཅད་དང་མི་མཉམ་པ་དེའི་རྒྱུན་ཡིན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དམིགས་པའི་བྱེ་བྲག་གིས་གང་ཟག་གི་བདག་གི་རྣམ་པའི་མཚན་ཉིད་སྟོང་པ་ཉིད་དོ། །དེ་ལྟར་དེའི་བདག་ཉིད་མིག་གི་དོན་བྱེད་པར་དབུས་ཀྱི་བདག་ཉིད་ནང་སྟོང་པ་ཉིད་དང་། ཕྱི་རོལ་གྱི་གཟུགས་རྣམས་ཕྱིའི་ སྟོང་པ་ཉིད་དང་། མིག་གི་དོན་བྱེད་པའི་གཟུགས་རྣམས་ནི་དེའི་ཡེ་ཤེས་ཤེས་པ་དང་། མངོན་དུ་མཛད་པའི་བདག་ཉིད་ཕྱིའི་སྟོང་པ་ཉིད་དོ། །ཕྱོགས་ཀྱི་ཆ་ཤས་ཀྱི་སྣང་བའི་དབྱེ་བས་སྣོད་ཆེན་པོའི་འཇིག་རྟེན་སྟོང་པ་ཉིད་ཆེན་པོའོ། །ཇི་ལྟར་ཡོངས་སུ་བརྟགས་པ་གཟུང་བའི་རྣམ་པ་གསལ་བ་སྟོང་ པ་ཉིད་བཞིན་དུ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ། །དོན་དམ་པའི་སྟོང་པ་ཉིད་བཞིན་དུ་དོན་དམ་པའི་སྟོང་པ་ཉིད་དོ། །འདུས་བྱས་ལས་མངོན་པར་འདུས་བྱས་པའི་སྦྱིན་པ་བྱིན་པ་སྟེ། འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་ལ་མོས་པ་ནི་ལོངས་སྤྱོད་པ་མ་ཡིན་པའི་རྒྱུ་མཚན་གྱིས་ཕྱིའི་འདུས་མ་ བྱས་པའི་སྟོང་པ་ཉིད་དོ། །རྒྱུ་བ་མེད་པའི་སྟོང་པ་ཉིད་ནི་སེམས་ལས་འདས་པའི་ཆོས་ལ་ཞེན་པའི་བློ་ནི། གཞན་གྱི་སྟོང་པ་ཉིད་དོ། །སྤྱོད་པ་ལས་འདས་པའི་གཟུང་བའི་དམིགས་པ་ཡོད་པ་ལས་འདས་པ་གཞན་མ་ཡིན་པ་སྟོང་པ་ཉིད་དོ། །མི་མཉམ་པའི་ཁྱད་པར་གང་ཞིག་སྟོང་པ་ཉིད་ཅེས་སོ། ། མཐའ་ལས་འདས་པའི་སྟོང་པ་ཉིད་ནི་སེམས་དེའི་རང་བཞིན་ཕུང་པོ་ལྔ་མི་འབྱུང་བ་རྣམས་ཇི་ལྟར་རང་བཞིན་གང་ཞིག་རྣམ་པར་གཞག་པ་སྟེ་རང་བཞིན་སྟོང་པ་ཉིད་དོ། །སེམས་དེའི་རང་བཞིན་གྱི་བྱེ་བྲག་གིས་ཆོས་ཐམས་ཅད་ཅེས་བྱ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དོ། ། བདག་ཏུ་མི་འཛིན་པ་ལས་དང་སྦྱིན་པ་ལ་དམིགས་པ་དང་མི་དམིགས་པའི་སྟོང་པ་ཉིད་དེ་མི་དམིགས་པ་སྟོང་པ་ཉིད་དོ། །གཟུགས་ཀྱི་མཚན་ཉིད་ལས་ཡོངས་སུ་བརྟགས་པ་ཙམ་སྟེ། རང་གི་མཚན་ཉིད་དོ། །གང་ཟག་དང་ཆོས་ཀྱི་དངོས་པོ་ལས་དེ་ལྟར་སྟོང་པ་སྟེ། དངོས་པོ་མེད་པའི་སྟོང་པ་ཉིད་ དོ། །གང་ཞིག་ཕུང་པོའི་སྦྱིན་པ་རང་བཞིན་ཇི་ལྟར་བརྟགས་པའི་དངོས་པོ་སྟེ། རང་བཞིན་སྟོང་པ་ཉིད་དོ། །དེའི་དངོས་པོ་མ་ཡིན་པའི་ཕུང་པོ་རྣམས་ལ་གཞན་གྱི་རྒྱུ་མཚན་གྱིས་དེ་ལྟར་ཡང་དག་པར་བརྟགས་པའི་སྣང་བའི་མཚན་ཉིད་འཛིན་པའི་རྣམ་པར་གཞག་པ་ནི་ཞེས་པ་ལ་སོགས་པ་དངོས་པོ་ མེད་པའི་རང་བཞིན་སྟོང་པ་ཉིད་དོ། །དེའི་མཐར་རྣམ་པར་རྟོག་པ་བཅོམ་པའི་གཟུགས་བཅིངས་པའི་དབྱེ་བ་མེད་པའི་མཐའ་ལས་འདས་པའོ། །ཕུང་པོའི་འཛིན་པ་རྣམ་པར་རྟོག་པའི་མཚན་ཉིད་དེ་གཉིས་སུ་མེད་པའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་མངོན་པར་འཛིན་པས་མཛད་པ་ནི་སྟོང་པ་ཉིད་ རྣམ་པ་ལྔའི་རབ་ཏུ་བྱེད་པ་མཐོང་བ་ལ་འཇུག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་འདི་ལྟ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི། སྣ་ཚོགས་པ་ཉེ་བ་དང་རིང་བའི་བྱེ་བྲག་ཙམ་མོ། །ལུས་ཀྱི་གཟུང་བའི་རྣམ་པར་རྟོག་པའི་མཚན་ཉིད་ལུས་ དྲན་པ་ཉེ་བར་གཞག་པའོ། །དེ་ལྟར་ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལྟར་བསམ་གཏན་གྱི་བདག་ཉིད་ཀྱི་དངོས་པོ་དབྱེ་བ་ཇི་ལྟ་བར་མངོན་སུམ་ནི་གསུམ་སྟེ། བརྩོན་འགྲུས་དང་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ཇི་ལྟ་བ་ བཞིན་དུ་སྦྱོར་བའོ། །བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྦྱིན་པ་དང་། དགེ་བ་ལས་སེམས་ཀྱི་སྡོད་པའི་སྦྱོར་བ་ཆོས་ཀྱི་བདག་ཉིད་བཞིན་དྲན་པ་གཙོ་བོ་སྟེ། དྲན་པ་ཉེ་བར་གཞག་པའོ་ཞེས་བརྗོད་པའོ། །དེ་ལྟར་ཡིད་སྐྱོབ་པའི་རྫས་ཤེས་སོ། །དྲན་པ་ནི་ མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཆོས་སོ། །མི་མཐུན་པའི་ཕྱོགས་མཐའ་དག་སྤོང་བར་བྱ་བའོ། །མ་སྐྱེས་པ་རྣམས་སྐྱེད་པར་བྱེད་པའོ། །དེ་ལྟར་གཉེན་པོའི་ཕྱོགས་མ་སྐྱེས་པ་རྣམས་བསྐྱེད་པའོ། །སྐྱེས་པ་རྣམས་བརྟན་པའོ། །བརྩོན་འགྲུས་ཀྱི་བདག་ནི་ཡང་དག་པར་སྤོང་བ་ བཞི་འབྱུང་སྟེ། དེ་ལྟར་བདེན་པའི་ཡང་དག་པའི་བྱང་ཆུབ་ལ་འདུག་པས་ན་བརྩོན་འགྲུས་སོ། །ཏིང་ངེ་འཛིན་ནི་ཤེས་རབ་ཀྱིས་རབ་ཏུ་བསྒྲུབས་པའོ། །དེ་ལྟར་གཞུང་གི་སྦྱོར་བའི་སྤྱོད་ཡུལ་གྱི་རྒྱུ་མཚན་གྱི་འབྲས་བུ་ཐོབ་པ་ལས་རང་རིག་པའི་སོ་སོར་དམིགས་པ་རབ་ཏུ་གསལ་བའོ། ། འདུན་པ་ལ་དམིགས་པ་བཞིན་ཏེ། ཏིང་ངེ་འཛིན་ཏོ། །ལུས་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་བརྟེན་ནས་མི་མཐུན་པའི་ཕྱོགས་དང་འགལ་བ་འགོག་པ་ཕྲ་མོ་ལ་བརྟེན་ནས་འདུས་བྱས་པས་འབྲེལ་པའི་མཐར་བག་ཆགས་བཞི་ནི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་ པའི་གྲངས་ཀྱི་འབྲས་བུ་ནི་དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་གྲངས་ལས་འདས་པའི་སྦྱོར་བ་བསྐྱེད་པ་ནི། དབང་པོ་ལྔའོ། །དེ་ལྟར་གསལ་བའི་ངེས་པར་འབྱེད་པའི་ཆ་གཉིས་མེད་པ་སྟེ། དྲོ་བར་གྱུར་པ་ལས་དྲན་པ་ཉེ་བར་གཞག་པ་གཙོ་བོའོ། །རྩེ་མོར་གྱུར་པ་ དང་། ཡང་དག་པ་གཙོ་བོ་ཞེས་བྱའོ། །དེ་ལྟར་དད་པས་སྦྱིན་པ་ནི། རང་གི་མི་མཐུན་པའི་ཕྱོགས་ཟད་པ་དང་ཡང་ཐོབ་པ་ནི་སྟོབས་སོ། །དེ་ལྟར་མུན་པ་རབ་ཏུ་བསལ་བ་ལས་གཞན་ངེས་པར་འབྱེད་པའི་གཉིས་སུ་མེད་པ་སྟེ། བཟོད་པའོ། །རྫུ་འཕྲུལ་གྱི་རྐང་པ་གཙོ་བོའོ། །ཆོས་ ཀྱི་མཆོག་ལ་དབང་པོ་དང་སྟོབས་གཙོ་བོའོ་ཞེས་སོ། །དེ་ལྟར་མངོན་པར་འདུས་བྱས་པའི་ཕྱིའི་གཟུང་བ་ནི། དད་པ་ཤིན་ཏུ་ལྷག་པ་མཐོང་བའི་ལམ་མཐར་ཐུག་པ་ནི། ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་ལོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དེ་ལྟར་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ ལག་དང་། སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་སྨོན་པ་ཐོས་པར་ལྷག་པར་འགྲོ་བ་ནི། ཡང་དག་པའི་ཚད་མའི་མཚན་ཉིད་དེ། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གོ། །རང་བཞིན་གྱི་བདག་ནི་ཆོས་ཅན་གྱིས་རྣམ་པར་བཅད་པའི་མཚན་ཉིད་དོ། །དེ་དང་ལྷན་ཅིག་ རང་གི་ལམ་གྱིས་བདག་ཏུ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་དགའ་བ་གསལ་བ་སྟེ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཇི་ལྟར་ཆོས་ཅན་གྱི་ཤིན་ཏུ་འགྲོ་བས་མི་མཐུན་པའི་ཕྱོགས་ཀྱི་བག་ལ་ཉལ་གྱི་བདག་ཉིད་ལུས་དང་སེམས་ཀྱི་ལས་རབ་ཏུ་གསལ་བ་ སྟེ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཚད་མེད་པ་བཞིའི་བྱང་ཆུབ་དེ་བཞིན་དུ་ཡེ་ཤེས་ཀྱི་མཐར་ཐུག་པར་གཟུང་བའི་མཚན་ཉིད་དེ། ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལྟར་སྦྱིན་པའི་རོ་མྱང་བའི་རང་བཞིན་གསལ་བ་བླ་ན་མེད་པའི་ཡོན་ཏན་ལྷག་པ་ ལས་ཏེ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་མཚན་ཉིད་དོ། །སེམས་ཀྱི་དོན་དུ་དྲན་པ་དེ་ལྟར་འདུལ་བའི་རིག་པ་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གྱི་ཡང་དག་པའི་དབྱེ་བས་མཉམ་པའི་འཇུག་པའི་རྒྱུ་མཚན་མ་འོངས་པ་རྟོགས་པའི་རང་བཞིན་གསལ་བ་སྟེ། བཏང་སྙོམས་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ཙམ་གྱིས་འདིར་ཡང་དག་བྱང་ཆུབ་ཀྱི་དགེས་ཀྱི་ཆ་ཤས་འབྱུང་བ་ཞེས་པ་ནི། བྱང་ཆུབ་ཀྱི་ཡན་ལག་གོ། །འདི་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལ་གཉེན་པོའི་ཕྱོགས་བླངས་ཏེ། ཤེས་བྱའི་སྒྲིབ་པ་བཅོམ་པ་ནི་བསྒོམ་པའི་ལམ་གྱིས་རབ་ཏུ་ གསལ་བའོ། །ལམ་ཡན་ལག་བརྒྱད་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ནི། ཆོས་ཐམས་ཅད་ལ་བདག་མེད་པའི་མཚན་ཉིད་མཉམ་པའི་རྣམ་པར་འབྱེད་པའི་སྤྱོད་ཡུལ་ལོ། །སྡུག་བསྔལ་གྱི་འཇིགས་པ་ཕྱིན་ཅི་ལོག་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་རབ་སྟེ། ཡང་དག་ པའི་རྟོག་པའོ། །འདིར་གང་ཞིག་སྦྱིན་པ་བཏང་བ་ནི། སྤང་བར་བྱ་བ་མངོན་དུ་གྱུར་པ་བྱ་བའི་སྨོན་ལམ་སྟེ། ཡང་དག་པའི་ངག་ཤིན་ཏུ་རྟོགས་པ་དེ་ཁོ་ན་དང་སེམས་ཅན་ལ་འཇུག་པའི་བརྗོད་པའོ། །ཡང་དག་པའི་ལས་ཀྱི་མཐའ་རྣམ་པའི་བྱེ་བྲག་རབ་ཏུ་གསལ་བའི་ནི་སེམས་ ཅན་བསྐྱེད་པའོ། །སེམས་ཅན་ལ་འཇུག་པའི་ལུས་ཀྱི་ལས་ཏེ། ཡང་དག་པའི་འཚོ་བའོ། །རིགས་པའི་ཆུས་བརླན་པའི་སྐྱེ་བ་ནི། ཚད་མེད་པ་བསྐྱེད་པ་རང་གི་ཚོགས་སུ་འགྲོ་བ་དང་། རོ་མྱང་བ་སྟེ། ཡང་དག་པའི་རྩོལ་བའོ། །ས་གོང་ནས་གོང་དུ་རབ་ཏུ་ཞི་བའི་རིགས་ཀྱི་རྒྱུད་དང་དུས་ཀྱིས་ བསྲུབས་པའི་ལུས་ཀྱི་བདེ་བས་སྤྲུལ་པའི་ལས་སྤོབས་པར་གྱིས་ཤིག་པ་སྟེ། ཡང་དག་པའི་དྲན་པའོ། །དྲན་པ་ལ་གནས་པ་འདིས་ནི་རབ་ཏུ་གསལ་བ་སྟེ། བྱམས་པས་བདག་ཏུ་བྱས་པ་དང་། སྨོན་ལམ་གྱི་རྗེས་སུ་ཞུགས་པ་དང་། ཆོས་ཚད་མེད་པ་དང་། བགྲང་བ་ལས་འདས་པས་ཡང་ དག་པའི་བྱང་ཆུབ་བོ། །ལུས་ཀྱི་ལས་ལ་རྗེས་སུ་རྟོགས་པའི་ཁྱད་པར་གྱི་ཡོན་ཏན་མངོན་པར་འདོད་པ་ལ་བརྟེན་ནས་རྣམ་པར་རྟོག་པའི་ཤེས་པས་རབ་ཏུ་གནས་པ་ཞེས་པའི་མིང་ཅན་གྱི་ཐོག་མར་བསམ་གཏན་གྱི་མཚན་ཉིད་དེ། ཡི་དམ་མོ། །དེ་ལྟར་ཡོངས་སུ་གོམས་པ་ནི། དེ་ལྟར་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་ལུས་པར་ཤེས་པ་མངོན་པར་བསྡུས་པའི་མཚན་ཉིད་དོ། །བདེན་པ་བཞི་ནི་སྡུག་བསྔལ་གྱི་བདེན་པ་ཕུང་པོའི་མཐར་ཐུག་པའི་མཚན་ཉིད་དོ། །འཕགས་པ་རྣམས་ཀྱི་སོ་སོའི་རིགས་ཏེ། ཀུན་འབྱུང་གི་བདེན་པའོ། །ཡང་ དག་པའི་བསྡུས་པ་ནི་ཇི་སྐད་དུ་སྡུག་བསྔལ་བར་འདོད་པ་འདུས་བྱས་པའི་རྐྱེན་གྱི་སྐྱེ་བ་ནི། སྡུག་བསྔལ་གྱི་རྒྱུ་སྟེ། འགོག་པའི་བདེན་པའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་པའི་མ་སྐྱེས་པའི་མཚན་ཉིད་དོ། །འགྲོ་བ་ཆེན་པོའི་སོ་སོ་ཕྱོགས་ལས་བྱུང་བ་དེ་ ལྟར་ཤིན་ཏུ་འགྲོ་བའི་ལམ་གྱི་བདེན་པའོ། །བྱང་ཆུབ་ཡོངས་སུ་གྱུར་པ་ལས་བྱམས་པ་ཆེན་པོ་རབ་ཏུ་རྣམ་པར་རྟོག་པ་ལས་ཡང་དག་པར་བསྡུས་པའི་ཆོས་རྗེས་སུ་དྲན་པ་དང་། དེ་ལྟར་བདེན་པའི་རབ་ཏུ་བྱེད་པ་ལས་ཡང་དག་པའི་མངོན་པར་བསྡུས་པ་ཆོས་ཐམས་ཅད་མཉམ་པ་ ཉིད་ལ་མོས་པའོ། །དེ་ལྟར་དམིགས་པ་ནི་བསམ་གཏན་བཞི་རྣམས་སོ། །དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་ནི་རྣམ་པར་སྤྱོད་པའོ། །རྣམ་པར་སྤྱོད་པ་ནི་དགའ་བ་སོ་སོར་སྐྱེ་བ་སྟེ། དང་པོའི་བསམ་གཏན་ནོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ སྤང་བ་དང་བཅས་པ་ནི་གཉིས་པའོ། །དགའ་བ་སྤངས་པའི་བཏང་སྙོམས་ནི་དྲན་པ་ཡང་དག་པར་སྦྱོར་བ་སྟེ་གསུམ་པའོ། །སྡུག་བསྔལ་ཡང་མ་ཡིན་པའི་བཏང་སྙོམས་དྲན་པ་ཡོངས་སུ་དག་པ་ནི་བཞི་པའོ། །དེ་ལྟར་རབ་ཏུ་ཞི་བའི་མཐར་ཤིན་ཏུ་འདོད་ཆགས་ སེམས་ཀྱི་རྣམ་པ་ལས་བྱུང་བ་མཐའ་ཡས་པ་སེམས་ཅན་ཡོངས་སུ་བཏང་བ་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་རྫོགས་པ་སྟེ་ཚད་མེད་པ་བཞིའོ། །སེམས་ཅན་ཚད་མེད་པའི་དོན་དུ་ཚོགས་ལ་དམིགས་པ་ནི། འདི་ལྟ་སྟེ། བྱམས་པས་སེམས་ ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བས་ཉེ་བར་བསྡུས་པའི་རྒྱུ་མཚན་གྱི་མཐར་ཐུག་པ་དང་། རྣམ་པའི་མཐར་ཐུག་པར་བྱང་ཆུབ་ཀྱི་ལམ་གྱི་རྣམ་པའོ། །དེ་ལྟར་མ་རིག་པའི་སྡུག་བསྔལ་དང་སེམས་ཅན་ལ་སྙིང་རྗེའོ། །དེ་ལྟར་རབ་ཏུ་བསྒྲུབས་པ་གཉེན་པོའོ། ། ཕྱོགས་གང་ཞིག་རྣམ་པ་རྣམས་ནི་དགའ་བའོ། །རང་བཞིན་གྱི་བདག་ཉིད་ཀྱི་ས་འབྱུང་བ་ནི་ཆོས་ཐམས་ཅད་རྟོགས་པའི་རིགས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྦྱིན་པ་ནི། གང་ཞིག་རིགས་ཀྱི་དགེ་བ་སེམས་ཅན་གྱི་དོན་དུ་བདེ་བ་བསྐྱེད་པར་རབ་ཏུ་སྒྲུབ་པའོ། །བདེ་ བའི་རྗེས་སུ་དངོས་པོ་ལས་བྱུང་བའི་བཏང་སྙོམས་བསྒོམ་པའི་བྱེ་བྲག་གི་རྗེས་སུ་འགྲོ་བའི་སེམས་ཅན་སྒྲོལ་བའི་ལས་འཇུག་པའི་རིམ་པས་རང་གི་ཏིང་ངེ་འཛིན་གྱི་བདེ་བའི་རོ་མྱོང་བ་ཐམས་ཅད་བག་མེད་པ་ལ། གཉེན་པོའི་ཕྱོགས་འབྱུང་བའི་སེམས་ཀྱི་དཀྱིལ་དུ་གནས་པའི་རྣམ་པའོ། ། དེ་ལྟར་ཚད་མེད་པར་གྲོལ་བ་རྣམས་རྗེས་སུ་འཛིན་པ་ནི་ཚད་མེད་པའི་སེམས་སོ། །བསམ་གཏན་གྱིས་བསྐྱེད་པའི་སེམས་ཚད་མེད་པའི་ཆོས་སོ། །སོ་སོར་ལྡན་པའི་དོན་དུ་བདག་མེད་པའི་ཆོས་བདེ་བའི་བྱང་ཆུབ་ཚད་མེད་པ་ལ་འཇུག་པ་ཕུན་སུམ་ཚོགས་པ་ལ་ཐམས་ཅད་དང་ལྡན་པས་ སོ་སོར་དམིགས་པའི་གཙོ་བོའི་གཟུགས་ཀྱི་འདུ་ཤེས་ཀྱི་གཉེན་པོའི་ཕྱོགས་འབྱུང་བ་དང་། དེའི་ཟག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་ལྟ་སྟེ། ནམ་མཁའ་ལྟ་བུ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པའོ། །དེ་ལྟར་གཟུགས་ནི་ཐོགས་པ་དང་བཅས་པ་སྣ་ཚོགས་པའི་འདུ་ ཤེས་མཉམ་པའི་རིམ་པ་སྟེ། ནམ་མཁའ་མཐའ་ཡས་ཞེས་སོ། །རབ་ཏུ་སྦྱོར་བ་གསལ་བའི་བཏང་སྙོམས་ཀྱི་རྣམ་པ་སེམས་ཀྱིས་གཟུང་བའི་མཚན་ཉིད་དེ་ནམ་མཁའི་འདུ་ཤེས་ངེས་པ་ལས་མཐར་རྣམ་པར་ཤེས་པ་ཞེས་ཏེ། རྣམ་པར་ཤེས་པ་སྣ་ཚོགས་པའི་མཐའ་ཡས་པ་རྫོགས་ པའོ། །དེ་བཞིན་ཉིད་དུ་མེད་པ་ཇི་ལྟར་ཞེས་ཏེ། ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པའོ། །དེ་ལྟར་འདུ་ཤེས་པ་རྣམས་དང་འདུ་ཤེས་མེད་པའི་སྐྱེ་མཆེད་རྫོགས་པའོ། །དེ་རྣམས་ཞི་བའི་གནས་པ་བཞིན་ནོ། །འདོད་པ་མེད་པའི་རྣམ་པ་གསལ་བའི་དམིགས་པ་ཐམས་ཅད་ཐོགས་ པ་མེད་པའི་བྱ་བའི་ལས་གཞན་པའོ། །ཇི་ལྟར་མངོན་པར་དགོངས་པའི་སྣང་བས་གསལ་བའི་དོན་དུ་རྣམ་པར་ཐར་པ་བརྒྱད་དེ། དེ་ལྟར་ངེས་པར་གཟུགས་ཀྱི་འདུ་ཤེས་ཀྱི་དབྱེ་བའི་འདོད་པའི་གཟུགས་ནི། མཐོང་བ་ལས་འདས་པ་དང་པོའོ། །ངེས་པར་གཟུགས་ཀྱི་འདུ་ཤེས་ཀྱིས་ བསམ་གཏན་གྱི་བདག་ཉིད་ཀྱི་གཟུགས་ཕྱིའི་གཟུགས་ལས་འདས་པའི་གཉིས་པའོ། །ཤིན་ཏུ་དགེ་བ་ལ་མོས་པའི་གཟུགས་སུ་འདོད་པ་ལ་གནས་པ་ལས་འདས་པ་ནི་གསུམ་པའོ། །འདོད་པ་མིན་པ་ལས་གསལ་བ་དང་། གཟུགས་ཀྱི་ཟག་པ་དང་བཅས་པའི་གཟུགས་ལས་ སྙོམས་པར་འཇུག་པའོ། །འགོག་པའི་སྙོམས་པར་འཇུག་པ་དང་། དེ་ལྟར་འདིར་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལས་མཉམ་པར་གཞག་པ་སྔོན་གྱི་སེམས་མངོན་པར་འདུས་བྱས་པ་འགོག་པ་སྟེ། རབ་ཏུ་གསལ་བ་ཆོས་ཀྱི་རང་བཞིན་བསྐྱེད་པའི་སྣང་བས་སྒྲིབ་ པ་སོ་སོར་བསྐྱེད་པའི་མཚན་ཉིད་དང་། དེ་ལྟར་བྱས་པའི་འདོད་པས་ངེས་པར་གསལ་བ་ལ་གནས་པའི་ནུས་པའོ། །རང་དང་གཞན་གྱི་འབྲེལ་པ་འཆད་པའི་སྣ་ཚོགས་པའི་རྣམ་པ་སྔོན་གྱི་གནས་ལ་སྙོམས་པར་འཇུག་པའོ། །བསམ་གཏན་བཞི་ངེས་པར་ཟག་པ་མེད་པ་དང་ གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལྟར་འདིར་བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་ལས་མངོན་དུ་ཕྱོགས་པའི་ནུས་པས་རབ་ཏུ་གསལ་བ། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཏོ། །མཉམ་པར་མ་གཞག་ པའི་མཚམས་ཀྱི་རྗེས་སུ་བསམ་གཏན་དང་པོའི་རྗེས་སུ་འགོག་པ་ལ་སྙོམས་པར་ཞུགས་ནས་ཡང་ཕུང་པོ་ལ་མཉམ་བཞག་ཅེས་པའོ། །དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པའི་རྗེས་སུ་རིམ་པ་གསལ་བ་མི་རྟག་པར་བསྐྱེད་པའི་སྒོ་ལས་མངོན་པར་གསལ་བའི་བདག་ཉིད་གྲུབ་པའི་རང་གི་ སེམས་ཀྱིས་དབང་དུ་གནས་པའི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཤེས་རབ་ཏུ་སྣང་བ་ནི། ཆོས་ཐམས་ཅད་ཡང་དག་པར་བསྡུས་པའི་མཚན་ཉིད་དོ། །རྣམ་པར་ཐར་པའི་སྒོ་གསུམ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དེ། དེ་ལྟར་ཆོས་ཀྱི་ བདག་གི་དབྱེ་བས་ཕུང་པོ་ལ་སོགས་པའི་རྫས་སྣ་ཚོགས་པའི་མཚན་ཉིད་དོ། །དེ་ལྟར་ཕུང་པོ་ལ་སོགས་པའི་དགེ་བའི་ཡོངས་བརྟགས་པའི་རྒྱུ་མཚན་དུ་སྒོམ་པ་སྟོང་པ་ཉིད་བཞིན། འཛིན་པའི་བདག་ཉིད་སྣ་ཚོགས་པའི་བདག་ཉིད་ཉོན་མོངས་པའི་ཤེས་པ་གཉེན་པོའི་ཕྱོགས་པ་ ལས་བྱུང་བའི་རྒྱུ་མཚན་རྣམ་པར་ཐར་པའི་སྒོའོ། །རྒྱུ་མཚན་མེད་པར་བྱས་པའི་ཕྱིའི་ཕུང་པོ་ཉོན་མོངས་པའི་ཤེས་པ་གཉེན་པོའི་ཕྱོགས་འབྱུང་བ་ཐོགས་པ་མེད་པ་རབ་ཏུ་གསལ་བའི་སྨོན་ལམ་མེད་པའི་རྣམ་པར་ཐར་པའི་སྒོའོ། །དེ་ལྟར་རྣམ་པར་ཐར་པའི་སྒོའི་བྱེ་བྲག་གིས་འདས་པའི་ཕུང་ པོ་དང་། སྐྱེ་མཆེད་དང་ཁམས་རབ་ཏུ་རྒྱས་པ་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་རྫོགས་པའི་དོན་དུའོ། །གཞན་རྣམ་པ་ཐམས་ཅད་མཁྱེན་པ་མཐོང་བར་འགྱུར་རོ། །དངོས་པོ་མཉམ་པའི་མངོན་སུམ་དུ་མངོན་པར་ཤེས་པ་དྲུག་ནི། འདི་ལྟ་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང་ དེ་ལྟར་ལྷག་མ་རྣམས་དག་པ་དང་མ་དག་པའི་རྣམ་པའི་མཐར་ཐུག་པའི་གཟུགས་ཀྱི་སྤྱོད་ཡུལ་ཏེ། ལྷའི་རྣ་བའི་མངོན་པར་ཤེས་པའོ། །དེ་ལྟར་འདུན་པའི་སྤྱོད་ཡུལ་ནི་དེ་བཞིན་གཞན་གྱི་སེམས་ཐམས་ཅད་ཤེས་པའི་སྤྱོད་ཡུལ་ཏེ། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པའོ། ། བདག་དང་གཞན་གྱི་ལྷག་མ་མེད་པའི་སྐྱེ་བའི་དབྱེ་བའི་སྤྱོད་ཡུལ་སྔོན་གྱི་བག་ཆགས་དྲན་པའོ། །རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་ཡེ་ཤེས་ནི་གསུམ་སྟེ། འདུལ་བའི་རྗེས་སུ་སྐྱེས་པའི་ཇི་ལྟར་མངོན་པར་དགོངས་པ་ལྷག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཡང་དག་པར་མཐོང་བའོ། །ནམ་ མཁའ་ལ་འགྲོ་བའི་བྱ་བས་རབ་ཏུ་བརྟགས་པའི་ཇི་ལྟ་བ་བཞིན་དུ་མངོན་པར་དགོངས་པའི་བདག་ཉིད་ཡང་དག་པར་མཐོང་བའོ། །ཟག་པ་ཟད་པའི་ཡེ་ཤེས་ནི་དེ་ལྟར་ཟག་པ་མེད་པ་ཇི་ལྟ་བ་རབ་ཏུ་གསལ་བའི་མ་རིག་པའི་ཆགས་པ་དང་བྲལ་བའོ། །ལྔ་ནི་དེ་ལྟར་མི་ཟད་པར་སོང་བ་ ཡེ་ཤེས་རབ་ཏུ་གསལ་བའི་རྒྱུས་བརླན་པ་དང་། བྱང་ཆུབ་ཀྱི་སེམས་སྦྱིན་པ་གསུམ་ནི་ཇི་ལྟར་ཕྱིན་ཅི་ལོག་ཅེས་པ་དེ་ལྟར་དུ་མངོན་པར་ཤེས་པ་ནི་ཉན་ཐོས་ཀྱི་ལམ་ལས་ཐུན་མོང་མ་ཡིན་པར་ཡོངས་སུ་རྫོགས་པའི་རྒྱུ་མཚན་ལྷུན་གྱིས་གྲུབ་པ་ཕྱིའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་སོ། །ལམ་མཉམ་པར་མངོན་པར་ཡང་དག་ པར་བསྡུས་པའི་མཚན་ཉིད་དོ། །རང་གི་སྟོབས་མཐའ་ཡས་པ་རྣམ་པ་ཐམས་ཅད་མཁྱེན་པ་ལ་མངོན་པར་དགོངས་པའི་གནས་ལས་རིང་དུ་སྤྱོད་པའོ། །མཉམ་པའི་མཆོག་ཏུ་དགེ་བའི་གཅིག་འཛིན་པ་རབ་ཏུ་གསལ་བ་སྟེ། བསམ་གཏན་དང་པོའི་མཚན་ཉིད་དོ། །ཇི་ལྟར་དམིགས་པའི་རྗེས་སུ་འབྲངས་པའི་ཕ་རོལ་ཏུ་ ཕྱིན་པའི་དབྱེ་བ་སྟེ། འཛིན་པའོ། །དེ་ལྟར་ཆོས་ཐམས་ཅད་ཨ་ལས་བྱུང་བའི་སྒོའོ་ཞེས་པའོ། །ཆོས་ཀྱི་བརྡའི་རྗེས་སུ་འབྲངས་ནས་དབྱངས་དང་གསལ་བྱེད་དོ། །དེའི་དོན་གྱི་རྒྱུ་མཚན་གྱིས་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་རང་བཞིན་གསལ་བ་ངེས་པའི་རྒྱུ་ནི་ཏིང་ངེ་འཛིན་གྱི་གྲོགས་གཉེན་པོའི་ཕྱོགས་འབྱུང་བའོ། ། གང་ཞིག་གཞན་གྱི་བྱང་ཆུབ་ཐོབ་པའི་སེམས་འཛིན་པའོ། །དེ་ལྟར་ཏིང་ངེ་འཛིན་གྱི་གཟུངས་རབ་ཏུ་གསལ་བ་རྡོ་རྗེ་ལྟ་བུའི་བསམ་གཏན་མངོན་སུམ་དུ་མཛད་པ་མཉམ་པའི་དངོས་པོ་ཨ་ལས་བྱུང་བའི་ཡེ་ཤེས་མཉམ་པའི་བདག་ཉིད་དེ། བག་ཆགས་ཐམས་ཅད་ཀྱི་རྗེས་ཀྱི་རྒྱུན་སྤངས་པ་སྙིང་རྗེ་ཆེན་པོའི་སྦྱོར་བས་ སྤངས་པར་མཛད་པའོ། །ཆོས་ཀྱི་རྣམ་པར་ཐར་པ་མཐོང་བའི་རྣམ་པར་སྨིན་པ་མཉམ་པའི་བྱ་བ་ལ་གནས་པའོ། །ངེས་པའི་ཤེས་པའི་སྟོབས་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལྟར་སྟོབས་བཅུ་ངེས་པ་ནི། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་དེ་ལྟར་ཐམས་ཅད་དང་རྒྱུ་དང་འབྲས་བུའི་ ངེས་པའི་ཡེ་ཤེས་ཐོགས་པ་མེད་པའི་མཚན་ཉིད་དེ། གནས་བཞིན་ནོ། །གང་ཞིག་སྐྱེས་བུ་ཁོ་ནས་འཁོར་ལོས་སྒྱུར་བ་ཉིད་དང་། སངས་རྒྱས་ཉིད་སོ་སོར་ཐོབ་ཀྱང་བུད་མེད་ཀྱི་སྐྱེ་བས་གནས་མ་ཡིན་ཞིང་མཐའ་ཡས་པ་བཞིན་ནོ་ཞེས་པ་ལ་སོགས་པ་ནི་སོ་སོར་ངེས་པར་མགོན་མ་ཡིན་ཞིང་བྱ་བ་མ་ཡིན་པས་ནུས་པ་མེད་པའོ་ ཞེས་ཏེ། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སོ། །ལས་མི་དགེ་བའི་རྣམ་པར་སྨིན་པ་གང་ཞིག་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་བྱ་བ་རྟོགས་པ་སྟེ། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་སོ། །དབྱིངས་ཀྱི་རིགས་སོ། །དེ་ལྟར་ཉན་ཐོས་རྣམས་ནི་རྣམ་པར་གཞག་པ་གཞན་དུ་ཤེས་པ་སྟེ། མོས་པ་སྣ་ ཚོགས་པ་མཁྱེན་པའི་སྟོབས་སོ། །རིགས་ཀྱི་དབྱེ་བས་ལྷ་རྣམས་ཀྱི་དབྱེ་བ་ལས་གྲོལ་བའོ། །ཉན་ཐོས་རྣམས་ཀྱི་སེམས་ཞུམ་པའི་སྣ་ཚོགས་པ་དབང་དུ་མཛད་དེ། ཆོས་ལ་མོས་པ་སྣ་ཚོགས་ཡང་དག་པར་འབྱུང་བ་སྟེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །དབང་པོ་དང་བ་སྣ་ཚོགས་པ་ལ་ མོས་པའི་དབྱེ་བས་སྣ་ཚོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་སྟོབས་ཏེ། སྣ་ཚོགས་པའི་ཏིང་ངེ་འཛིན་ཏོ། །བསམ་གཏན་དང་པོའི་མཚན་ཉིད་དོ། །རིང་དུ་སོང་བའི་མིག་གི་དོན་གྱིས་དབྱེ་བའི་རྗེས་སུ་རབ་ཏུ་བྱེད་པ་སྟེ། དམ་བཅས་པ་བཞིན་དུ་འགྲོ་བ་ཐམས་ཅད་མཁྱེན་པའི་སྟོབས་སོ། །དེ་ལྟར་བའི་ལམ་མོ། ། དེ་ལྟར་སྣ་ཚོགས་པར་མི་ཟད་པར་འགྲོ་བ་ནི་མ་རིག་པ་སྟེ། བཟོད་པའི་འགྲོ་བ་དང་། དེའི་འགོག་པའི་ཕྱོགས་སོ། །དེ་ནི་རབ་ཏུ་ཞི་བ་གཞན་ནོ། །གཞན་གྱི་དབྱངས་ཀྱི་རྗེས་སུ་རྟོགས་པའི་ཉན་ཐོས་སོ། །རང་འབྱུང་སྟེ། རང་སངས་རྒྱས་སོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པའི་གཉེན་པོའི་ཕྱོགས་འབྱུང་བའི་བྱང་ཆུབ་སེམས་དཔའ་ རྣམས་ཏེ། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སོ། །སྒྲིབ་པ་ཐམས་ཅད་ཀྱི་བག་ལ་ཞ་ལས་གྲོལ་བའི་རྣམ་པའི་ལྷག་མ་རྣམས་རྗེས་སུ་བཟུང་བའོ། །དེའི་རྣམ་པར་སྨིན་པའི་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྤྱོད་ཡུལ་ལོ། །ལྷའི་མིག་གི་མངོན་ཤེས་སོ། །དེ་ལྟར་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །འདིར་མེ་ལོང་ལྟ་བུའི་ཡེ་ཤེས་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྟོབས་ཀྱི་བྱེ་བྲག་གསལ་བར་མཛད་པའི་རྣམ་པར་མི་རྟོག་པ་མཉམ་པར་གནས་དང་གནས་མ་ཡིན་པའི་སྤྲོས་པ་དང་བཅས་པར་ཤིན་ཏུ་འགྲོ་བ་སྟེ། འདིའི་སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐྱོན་རབ་ཏུ་བསལ་བའོ། ། མི་འཇིགས་པ་བཞི་ནི། ཡེ་ཤེས་མི་འཇིགས་པ་དང་། སྤོང་བ་མི་འཇིགས་པ་དང་། ཉོན་མོངས་པའི་རྒྱུ་ཡང་དག་པར་འབྱུང་བ་ལ་མི་འཇིགས་པ་དང་། རྣམ་པར་བྱང་བའི་རྒྱུན་འབྱུང་བས་མི་འཇིགས་པའོ། །ཡེ་ཤེས་ཀྱི་ཡུལ་དེ་བཞིན་ཉིད་དང་བྱང་ཆུབ་བོ། །རིགས་པའི་རྗེས་སུ་ཐོབ་པའོ། །འཇིགས་པ་མེད་པས་ན་མི་འཇིགས་པའོ། ། འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་མཐོང་བ་དང་བཅས་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་སེམས་རྣམ་པར་དག་པའི་ང་རྒྱལ་དུ་སྒོམ་པའོ། །དེ་ལྟར་ཤིན་ཏུ་འདས་པའི་སྦྱོར་བས་ཆོས་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་རབ་ཏུ་གསལ་བའོ། །དོན་གྱི་མཐར་ཐུག་ པར་སེམས་ཅན་འདུལ་བ་དང་སྐྱེ་བས་བཟུང་བའི་གཏི་མུག་དང་བཅས་པ་གཞན་ལས་ཆོས་ཀྱི་སྐུ་བརྟེན་པའི་རྣམ་པའོ། །དེ་ལྟར་སོ་སོར་རིག་པ་ནི། དོན་སོ་སོ་ཡང་དག་པར་རིག་པ་སྟེ། སེམས་ཅན་ཐམས་ཅད་བདག་ཏུ་བྱས་པའི་རྣམ་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་རྣམས་ནི་ཆོས་སོ་སོ་ཡང་དག་པའོ། །དེའི་ཚུལ་ལས་བྱུང་བའི་ མཚན་ཉིད་དོ། །ངེས་པའི་ཚིག་སོ་སོར་རིག་པའོ། །ངོ་བོ་ཉིད་ཀྱི་བརྡ་ལས་བྱུང་བའི་རྣམ་བྱང་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཀུན་དགའ་བར་བསྐྱེད་པའི་རང་བཞིན་རབ་ཏུ་གསལ་བའི་རྣམ་དབྱེའོ། །སེམས་ཅན་གྱི་དོན་ལ་བྱེད་པས་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །རབ་ཏུ་གསལ་བའི་བདེ་བ་སེམས་ཅན་འདུལ་བའི་ རྒྱུར་ལྷུན་གྱིས་གྲུབ་པའི་རྒྱུ་མཚན་རབ་ཏུ་གསལ་བའི་བྱམས་པ་ཆེན་པོའོ། །འདུལ་དཀའ་འདུལ་བའི་རྒྱུ་ནི་སྙིང་རྗེ་ཆེན་པོའོ། །དེ་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདག་ཉིད་དོ། །ཉན་ཐོས་རྣམས་ལ་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་ལ་མ་འདྲེས་པ་བཅོ་བརྒྱད་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་ མངའོ། །གཞན་དག་ནི་ཡང་དག་པར་འཁྲུལ་པས་མ་ཞི་བའི་རྒྱུ་ནི། ལུས་ཀྱི་སྐྱོན་ནོ། །ཅ་ཅོ་མི་མངའ་སྟེ། ཅ་ཅོ་ནི་ངག་གི་སྐྱོན་ནོ། །དྲན་པ་ཉམས་པ་མེད་དེ། དྲན་པ་ཉམས་པ་ནི་སེམས་ཀྱི་སྐྱོན་ནོ། །སེམས་ཅན་སྣ་ཚོགས་པ་རྣམས་ལ་ཐ་དད་པའི་འདུ་ཤེས་ལ་སོགས་པ་དང་ལྡན་པ་མི་མངའོ། །མཉམ་པར་མ་བཞག་པའི་སེམས་མི་ མངའོ། །རྨོངས་པ་དང་བཅས་པ་ནི་སེམས་ཅན་གྱི་དོན་རྣམ་པར་གཡེངས་པའི་མཚན་ཉིད་དོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །བློ་དམན་པས། སྔོན་སེམས་ཅན་གྱི་དོན་ལ་ཐུགས་ཆུང་ངུ་ལ་གཞོལ་བའོ། །འདི་རྣམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་རྒྱུ་མཐུན་པའོ། །རབ་ཏུ་མི་གནས་པའི་མྱ་ངན་ལས་ འདས་པའི་རྒྱུ་ནི་དད་པས་བཅོམ་པ་མེད་པའོ། །སྡིག་པ་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི། སྒྱུ་བར་འགྲོ་བའོ། །འདུན་པ་ཉམས་པ་མེད་དེ་སྡིག་པ་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་གང་ཞིག་དགའ་བས་སོ། །བརྩོན་འགྲུས་ཉམས་པ་མེད་དེ། སྡིག་པའི་དོན་དུ་ཚེའི་འདུས་བྱས་པ་སྣ་ཚོགས་པ་བྱིན་ གྱིས་བརླབས་པའོ། །ཤེས་རབ་ཉམས་པ་མེད་དེ། སྡིག་པའི་མཐའ་ལས་འདས་པའི་འགྲོ་བའི་བྱ་བ་ལ་སྐུའི་ཡོན་ཏན་དྲུག་འགྱུར་གྱི་དབྱེ་བའོ། །རྣམ་པར་གྲོལ་བ་ཉམས་པ་མེད་པ་སྟེ། སྡིག་པས་ཉན་ཐོས་མྱ་ངན་ལས་འདས་པའི་རྒྱུ་མཚན་དུ་གཟུང་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་ཉམས་པ་མེད་དེ། སྡིག་པ་ལ་སོགས་ པ་མ་ཡིན་པ་ནི་རྣམ་པར་འབྱེད་པ་ལྔས་མཛད་པ་སེམས་ཅན་གྱི་དོན་ཤེས་པ