Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 109
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ནཱ་ནཱ་དྲྀཥྚ་བི་བྷ་ཛྱ། བོད་སྐད་དུ། ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ། བཅོམ་ལྡན་འདས་བདུད་ཀྱི་སྡེ་རབ་ཏུ་བཅོམ་ཞིང་། ལྟ་ བའི་ཐིབས་པོ་ཐམས་ཅད་ཡང་དག་པར་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། །བྲམ་ཟེ་མཆོག་གི་རྒྱུད་དག་ནི་བདག་རྟག་པ་ཁྱབ་པ་ལུས་མེད་པ་གཅིག་པ་ཞིག་ཡོད་པར་འདོད་དོ་ཞེས་གྲག་གོ། ། དེ་ནི་འདིར་དགག་པར་བྱ་བ་ཁོ་ན་བས་དགག་པའི་སྦྱོར་བ་བཤད་པར་བྱ་སྟེ། དེ་འདྲ་བའི་བདག་དེ་རེ་ཞིག་ཕུང་པོ་ནི་མ་ཡིན་ཏེ། བདག་རྟག་པ་ཡིན་ལ། ཕུང་པོ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་ པའི་ཕྱིར་མི་རྟག་པ་ཡིན་པའི་ཕྱིར་རོ། །གང་བདག་རྟག་པ་མ་ཡིན་ཞིང་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འདོད་ན་ནི་རྩོད་པར་མི་འགྱུར་རོ། །ཡང་ཇི་ལྟ་བུ་བུམ་པ་དང་སྣམ་བུ་ལྟར་བདག་དང་ཕུང་པོ་ཐ་དད་ པར་ནི་ཡོད་པ་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལྟར་ཕུང་པོ་ལས་གཞན་ན་བདག་ཡོད་པར་སུས་ཀྱང་གང་དུ་ཡང་ནམ་ཡང་ཉེ་བར་མ་དམིགས་ལ། སུས་ཀྱང་གང་དུ་ཡང་ནམ་ཡང་ཉེ་བར་མི་དམིགས་ བཞིན་དུ་ཡོད་པར་འདོད་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ཡང་ཡོད་པར་ཁས་ལོང་ཤིག །དེ་བས་ན་ཕུང་པོ་ལས་གཞན་ན་བདག་ནམ་ཡང་མེད་དོ། །ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་གཞན་པའི་གནས་ནི་ ཡོད་པ་མ་ཡིན་ཏེ། གཞན་དུ་ན་དུས་གཅིག་ཉིད་དང་ཡུལ་གཅིག་ཉིད་ལ་ཡང་གཅིག་པ་དང་ཐ་དད་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་བས་ན་གཅིག་པ་དང་ཐ་དད་པ་ལས་བདག་ཉིད་གྲོལ་བར་མ་སྨྲ་ཤིག །དེ་ལྟར་སྨྲ་ན་བུམ་པ་ གཅིག་ཉིད་ལ་བུམ་པ་དང་བུམ་པ་མ་ཡིན་པ་ལས་གྲོལ་བར་སྨྲ་བར་བྱ་དགོས་སོ། །བདག་དང་ཕུང་པོ་བརྟེན་པ་དང་བརྟེན་དུ་ཡོད་པ་ཡང་མ་ཡིན་ཏེ། ཇི་ལྟར་ཆུ་དང་བུམ་པ་ལྟར་བདག་དང་ཕུང་པོ་དེ་འདྲ་བའི་དངོས་པོར་སུས་ཀྱང་མ་མཐོང་ ངོ་། །སུས་ཀྱང་མ་དམིགས་པ་དག་ཁྱོད་འདོད་ན་ཁྱོད་ལ་སྒྲུབ་པ་མང་པོ་གཞན་ཡང་འབྱུང་གི་སྒྲུབས་ཤིག །དེ་ལྟར་ན་དམ་པ་ཡང་ཡིན་གྱི། ཕུང་པོའི་ཕྱོགས་གཅིག་ན་བདག་ཡོད་པ་ཡང་མ་ཡིན་ཏེ། ཇི་ལྟར་སྡོང་པོ་ལ་འཛེར་ བ་དང་། ལུས་ལ་མིག་ལ་སྩོགས་པ་ལྟར་བདག་ཕུང་པོ་ལ་དེ་འདྲ་བར་མི་དམིགས་པའི་ཕྱིར་རོ། །བདག་གིས་ཕུང་པོ་ལ་ཁྱད་པར་ཡང་མེད་དེ། ཕུང་པོ་ནི་དུ་མ་ཡིན་ལ་བདག་ནི་གཅིག་པ་ཡིན་པས་འགལ་བ་གྲུབ་པོ། །བདག་ གཅིག་གིས་ཕུང་པོ་དུ་མ་ལ་ཁྱབ་པར་འདོད་ན། དེ་ལྟ་ན་དུ་བའི་རྒྱུན་གཅིག་གིས་ཕྱོགས་བཅུ་ཀུན་གྱི་མེ་ལ་ཁྱབ་པར་གྱིས་ཤིག །དེ་ལྟ་ན་ཁྱོད་རྗེས་སུ་དཔག་པ་ལ་མཁས་པར་ཟུང་ཤིག །བདག་ཕུང་པོ་དང་ལྡན་པར་ཡང་ཡོད་པ་མ་ཡིན་ཏེ། འདི་ན་ལྷ་སྦྱིན་དང་དེའི་བུ་ལྟ་བུའི་འབྲེལ་ པ་མ་མཐོང་ངོ་། །བདག་དང་ཕུང་པོའི་འབྲེལ་པ་ངེས་པར་གྲུབ་པར་བྱེད་ནུས་ན་ཁྱོད་ཀྱང་དམ་པ་ཁོ་ནར་བྱའོ། །དེ་ཕུང་པོ་ལས་གཞན་ན་ནི་བདག་མེད་ལ། ཕུང་པོ་ནི་མི་རྟག་པས་ན་བདག་རྟག་པར་འདོད་པ་ཐོང་ཤིག །གང་ཡང་བདག་ཁྱབ་པར་ཡོད་ཅེས་ཟེར་ན། དེ་ཡང་རྣམ་པར་ དཔྱད་དེ། ཁྱོད་ཟེར་བ་ལྟར་ན་ནི་དངོས་པོ་རྣམས་ཡུལ་གཅིག་པར་འགྱུར་ཏེ། ཤར་ཕྱོགས་གང་ཡིན་པ་དེ་ཉིད་ནུབ་ཕྱོགས་ལ་སྩོགས་པ་ཕྱོགས་བཅུ་ཀུན་ཡིན་པར་ཐལ་བར་འགྱུར་ལ། སྲོག་ཆགས་གཅིག་བསད་པས་ཐམས་ཅད་བསད་པར་ཐལ་བར་འགྱུར་ན། དེ་ལྟར་གྱུར་ཡང་ ཁོ་བོས་ནི་ནམ་ཡང་མ་མཐོང་བས་གྱ་ཚོམ་འདི་ཐོང་ཤིག །བདག་གཅིག་པ་ཞིག་ཡོད་པར་འདོད་པ་དེ་ཡང་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་རྒྱུད་ཐ་དད་པས་བདག་ཐ་དད་པར་འགྱུར་ཞིང་། ཡང་བདག་གཅིག་ཡིན་ན་ནི་གང་ཟག་གཅིག་བཅིངས་པའམ་གྲོལ་བས་གང་ཟག་ཐམས་ཅད་ བཅིངས་པའམ་གྲོལ་བར་འགྱུར་བ་ཡང་བཟློག་པར་དཀའ་བར་འགྱུར་རོ། །ལུས་མེད་པར་ཡང་བདག་ཡོད་པ་མ་ཡིན་ཏེ། ལུས་ལས་ལོགས་ཤིག་ན་བདག་ཡོད་པར་འདོད་པ་དེ་ནི་བཟློག་ཟིན་ན། ལུས་ཉིད་བདག་ཡིན་པར་འདོད་ན་ནི་ལུས་ཇི་ལྟར་ཡོད་པ་ཉིད་བདག་ཡིན་པས་དེའི་ཕྱིར་ལུས་ མེད་པ་ཞེས་བྱ་བ་དེ་ཡང་ཐོང་ཤིག །གཞན་ཡང་ཇི་ལྟར་བདག་རང་དབང་བ་ནི་མ་ཡིན་ཏེ། རང་དབང་ཡོད་པ་དག་སུ་ཞིག་བདག་ལ་བདག་ཏུ་སྡུག་བསྔལ་བྱེད་པར་འགྱུར། ཐེར་ཟུག་ཏུ་ཡང་ཡོད་པ་མ་ཡིན་ཏེ། ཉེ་བ་ཉིད་དུ་བདེ་བ་དང་སྡུག་བསྔལ་ལ་སྩོགས་པའི་རྣམ་པར་འགྱུར་བ་མཐོང་ བའི་ཕྱིར་རོ། །བྱེད་པ་པོ་ཡང་ཡོད་པ་མ་ཡིན་ཏེ། བདག་ཉིད་ལ་བདག་ཉིད་སྡུག་བསྔལ་བར་སུ་ཞིག་བྱེད། བྱེད་པ་མེད་པར་ཡང་ཡོད་པ་མ་ཡིན་ཏེ། ལས་རྣམས་བྱེད་པར་སྣང་ལ་གང་ཡང་མ་བྱས་པའི་འབྲས་བུ་བྱུང་བ་ཡང་གཅིག་འཐད་པར་འགྱུར་རམ། བདག་དེ་རྟག་པར་ཡོད་པ་ ཡང་མ་ཡིན་ཏེ། དེ་ལྟར་ན་སྐྱེ་བ་ཕྱི་མ་དང་རྒ་བ་ལ་སོགས་པ་མི་འབྱུང་བར་འགྱུར་ན། དེ་ཡང་ཅི་ཁྱོད་ཀྱིས་མཐོང་ངམ། བདག་མི་རྟག་པར་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ལས་རྣམས་འབྲས་བུ་མེད་པ་དང་། ཡང་སྲིད་པ་དང་ཐར་པ་ཡང་མེད་པར་འགྱུར་བ་དང་། འབད་མི་དགོས་པར་ཐལ་བར་འགྱུར་རོ། །དེ་བས་ན་བདག་རྟག་པ་ཞེས་བྱ་བ་འདི་དག་ཐོང་ཤིག །འདི་ལ་དགོས་པ་ཅུང་ཟད་ཀྱང་མེད་ཀྱིས་རིང་དུ་སྲིང་ངོ་། །རྣམ་པ་འདི་དག་གིས་བདག་མེད་པར་བཟློག་པ་དང་། བྲམ་ཟེ་མཆོག་གི་རྒྱུད་ཀྱིས་སྨྲས་པ་དེ་ལྟར་བདག་རྣམ་པ་ཐམས་ཅད་དུ་མེད་ན་ ཁྱོད་ཀྱི་སྦྱིན་པ་ལ་སྩོགས་པ་དོན་མེད་དེ། དཔེར་ན་ཤི་བའི་ལུས་ལ་བདེ་བ་ལ་སོགས་པའི་ཚོར་བ་མེད་པ་ལྟར། བདག་མེད་ན་སྦྱིན་པ་ལ་སྩོགས་པའི་འབྲས་བུ་ནམ་ཡང་ག་ལ་འགྱུར། འདི་ལ་བཤད་པ། ཅི་གཞན་བཟློག་པས་གཞན་བཟློག་པར་འགྱུར་རོ། །བདག་ནི་བདག་འོག་ གི་ཕུང་པོ་འགོག་པར་ནི་མི་བྱེད་དོ། །དེ་བས་ན་གང་ཟག་ལ་བདག་མེད་པའི་ཕུང་པོ་ཙམ་རྣམ་པར་གནས་པས་ལས་ཀྱི་འབྲས་བུ་ལ་སྩོགས་པ་འབྱུང་བ་འདི་ལ་སུས་འགོག །གང་ཁྱོད་ཀྱིས་བདག་དེ་ནི་ཐག་པ་ལ་སྦྲུལ་མེད་པ་ལ་སྦྲུལ་དུ་བཏགས་པ་དང་འདྲ་བ་ཁོ་ནའོ། །འདི་ནི་གང་ཟག་ལ་ བདག་མེད་པ་མདོར་བསྟན་པས་བྲམ་ཟེ་མཆོག་གི་འདོད་པ་བསལ་བའོ།། །།དེ་ལྟར་གཞན་གྱི་འདོད་པའི་ལུགས་བསལ་ནས། ད་ནི་རང་གི་སྡེ་པ་དག་གི་འདོད་པ་ཡང་བསལ་བར་བྱ་སྟེ། དེ་ཡང་འདི་པ་ཕྱི་རོལ་གྱི་དངོས་པོ་རྣམས་རྡུལ་ཕྲ་རབ་ཏུ་ཡོད་པ་དང་། རྡུལ་ཕྲ་རབ་རྣམས་ ཀྱང་བར་དང་བཅས་པ་དང་། བར་མེད་པ་དང་། བར་མེད་པ་ལ་མ་འབྱར་བར་ཡོད་པར་འདོད་དོ་ཞེས་གྲག་གོ། །ད་ནི་འདིར་དེ་དཔྱད་དེ་ཇི་ལྟར་ཐག་པ་ལ་སྦྲུལ་དུ་འཛིན་པ་འཁྲུལ་པར་ཤེས་པ་ལྟར་ཐག་པར་འཛིན་པ་ཡང་འཁྲུལ་པ་ཁོ་ནའོ། །ཇི་ལྟར་ཞེ་ན། འདི་ནི་ཐག་པ་མ་ཡིན་ཏེ། ཉིས་ སྒྲིལ་ཡིན་པའི་ཕྱིར་རོ། །ཉིས་སྒྲིལ་ཡང་མ་ཡིན་ཏེ། རྩ་འདུས་པ་ཡིན་པས་སོ། །རྩ་འདུས་པའི་རྩ་ཡང་མེད་པ་སྟེ། རྡུལ་ཕྲ་རབ་ཡིན་པས་སོ། །རྡུལ་ཕྲ་རབ་དག་ཡོད་དམ་མེད་ཅེ་ན། བཤད་པ། རྡུལ་ཕྲ་རབ་དག་མེད་པའོ། །ཇི་ལྟར་ཞེ་ན། ཕྱོགས་ཆ་དབྱེ་བ་མེད་པ་སྟེ། ཤར་ལ་སོགས་པ་ཕྱོགས་ཆ་ཐ་དད་པས་རྡུལ་ཕྲ་རབ་གཅིག་པ་ཉིད་དུ་ཡོད་པར་འདོད་པ་མ་གྲུབ་བོ། །གལ་ཏེ་རྡུལ་ཕྲ་རབ་དག་ལ་དབྱེར་མེད་དོ་ཞེ་ན། དེ་ལྟ་ན་རུང་གི་ཕྱོགས་བཅུ་ཙམ་ན་གནས་པའི་རྡུལ་ཕྲ་རབ་རྣམས་ཀྱི་དབུས་ན། རྡུལ་ཕྲ་རབ་གཅིག་གནས་པ་དེ་ཆ་གང་གིས་ནུབ་ཕྱོགས་ན་ གནས་པའི་རྡུལ་ཕྲ་རབ་དང་ལྡན་པའི་ཆ་དེ་ཉིད་ཀྱིས་བྱང་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་རྣམས་དང་ལྡན་པ་ཡིན་ནམ། ཡང་ན་ཆ་གཞན་གྱིས་ལྡན་པ་ཡིན། དེ་ལ་རེ་ཞིག་ཆ་དེ་ཉིད་ཀྱིས་ལྡན་པའོ་ཞེས་ཟེར་ན་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བ་ཡིན་པས་ཐམས་ཅད་རྡུལ་ཕྲ་རབ་ཏུ་འགྱུར་བ་ཡིན་ ཏེ། དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བཤད་པའི་སྐྱོན་འདི་ཟློག་ཤིག །དེ་མ་བཟློག་ན་ཕྱོགས་བཅུའི་དངོས་པོ་ཀུན་དབུས་ན་གནས་པའི་རྡུལ་ཕྲ་རབ་ཁོ་ནའི་བདག་ཉིད་ཡིན་པས་ཐམས་ཅད་རྡུལ་ཕྲ་རབ་ཏུ་འགྱུར་རོ། །ཆ་གཞན་གྱིས་རྡུལ་ཕྲ་རབ་རྣམས་ལ་སྦྱོར་ བ་ཡང་མ་ཡིན་ཏེ། ཆ་ཤས་མེད་པའི་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་བཅས་པར་མི་འདོད་ལ། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་བཤད་པའི་སྐྱོན་འདི་སོལ་ལ། རྡུལ་ཕྲ་རབ་གཅིག་པ་ལས་མ་ཉམས་པར་གྱིས་ཤིག །དེ་བས་ན་རྡུལ་ཕྲ་རབ་རྣམས་དག་ ནི་གཅིག་པར་ཡང་མེད་ལ། དུ་མར་ཡང་མེད་དེ། གཅིག་པ་ཉིད་མ་གྲུབ་ན་དེ་བཞིན་དུ་བར་དང་བཅས་དང་། བར་མེད་པར་འབྱར་བ་དང་། བར་མེད་པར་མ་འབྱར་བར་འདོད་པ་རྣམས་ཐོང་ཤིག །ཁོ་བོས་རྡུལ་ཕྲ་རབ་རྣམས་ཉིད་རྩ་བ་ནས་བཏོན་ཟིན་གྱིས་རང་ངམ་གཞན་གྱི་ཡང་རུང་བ་དག་དངོས་པོ་ རྣམས་ཕྲེང་བ་དང་སྐུད་པ་ལྟར་ཡན་ལག་ཅན་དུ་ཡོད་པར་འདོད་དོ་ཞེས་གྲག་གོ། །འདི་ལ་བཤད་པ། ཅི་ཡན་ལག་ཅན་དང་ཡན་ལག་གཉིས་ཐ་དད་དམ། འོན་ཏེ་གཅིག །དེ་ལ་ཐ་དད་པར་ནི་བརྗོད་པར་མི་བྱ་སྟེ། ཡན་ལག་རྣམས་ལས་ཡན་ལག་ཅན་འགའ་ཡང་མ་དམིགས་ཏེ། ཕྲེང་བའི་རི་ ལུ་རེ་རེ་བ་ཉིད་དང་སྐུད་པ་ཉིས་སྒྲིལ་དང་སྤུ་རེ་རེ་ལས་གཞན་པའི་ཡན་ལག་ཅན་རྫས་གཅིག་པ་ཉིད་སུས་མཐོང་། གཅིག་པ་ཡང་མ་ཡིན་ཏེ། གཅིག་ན་ནི་ཆོས་འགལ་བ་འབྱུང་སྟེ། གང་གི་ཐོག་མའི་ཆ་དམར་པོ་ལ་སོགས་པ་ཡིན་པ་དེ་ཉིད་ཀུན་དབུས་ཀྱི་ཆ་དང་། ཐོག་མའི་ཆ་ཅིག་ཤོས་ཀྱང་ དམར་པོ་ལ་སོགས་པ་ཡིན་པར་ཐལ་བར་འགྱུར་ཏེ་གཅིག་པའི་ཕྱིར་རོ། །གལ་ཏེ་དམར་པོ་ལ་སྩོགས་པ་དང་ཡན་ལག་ཅན་གཉིས་མི་གཅིག་གོ་ཞེ་ན། དེ་ནི་མ་ཡིན་ཏེ། གྲུབ་པ་དང་གཅིག་པས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་གང་དག་དངོས་པོ་རྣམས་སྐད་ ཅིག་མ་མ་ཡིན་ཞིང་རྟག་པར་འདོད་པར་གྲག་གོ། །འདི་ལ་བཤད་པ། རྟག་པ་དེ་ནི་རིམ་དང་ཅིག་ཅར་གྱིས་དོན་བྱེད་པར་འགལ་ཏེ། སྔོན་ལ་འབྲས་བུ་འབྱུང་ན་ནི་རྒྱུ་ལ་དགོས་པ་མེད་དེ། དེས་ཅི་ཞིག་བྱ། གལ་ཏེ་སྔོན་ལ་རྒྱུ་འབྱུང་ན་ནི་རྒྱུའི་ནུས་པ་རྫོགས་ནས་འབྲས་བུ་འབྱུང་བས་རྒྱུས་དེ་ལ་ ཅི་ཞིག་ཕན། དེ་བས་ན་རིམ་གྱིས་མི་བྱེད་དོ། །ཅིག་ཅར་ཡང་མི་བྱེད་དེ། ཅིག་ཅར་བྱེད་ན་ནི་ཐམས་ཅད་ཀྱི་རྒྱུ་དང་བྱེད་པ་པོ་རྟག་པ་དེ་མིན་པར་འགྱུར་ཏེ། ཕྱོགས་བཅུའི་ས་བོན་ཐམས་ཅད་དུས་གཅིག་ཏུ་མྱུ་གུར་འགྱུར་བ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །སྐྱོན་དེ་རྣམས་ནི་ཕལ་ཆེར་ཕྱི་ རོལ་པ་ལ་འབྱུང་བའོ། །འདི་ནི་ཆོས་བདག་མེད་པ་སྒྲུབ་པ་རྡུལ་ཕྲ་རབ་ལ་སྩོགས་པ་བཟློག་པས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། ཕྱི་རོལ་པའི་འདོད་པ་བཀག་པའོ། །ཡང་འདིར་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ན་རེ་བདག་ནི་མེད་པ་རྡུལ་ཕྲ་རབ་ལ་སོགས་པ་ཡང་མེད་ཅིང་། སེམས་ སྐད་ཅིག་མ་རྒྱུན་ཆགས་སུ་འབྱུང་བ་དང་། ཡེ་ཤེས་སྐད་ཅིག་མ་རྒྱུན་ཆགས་སུ་འབྱུང་བ་ནི་ཡོད་དོ་ཞེས་རབ་ཏུ་སྨྲའོ། །དེ་ལ་བཤད་ཀྱིས་ལེགས་པར་ཉོན་ཅིག །རེ་ཞིག་སྐད་ཅིག་མ་ཉིད་མེད་པ་སྟེ། འདས་པའི་སྐད་ཅིག་མ་ནི་ཞིག་པས་མེད་ལ། མ་འོངས་པ་ནི་མ་གྲུབ་པས་མེད་ཅིང་། དེ་ གཉིས་མེད་པས་འབྲས་བུའི་སྐྱེ་བ་ད་ལྟར་གྱི་སྐད་ཅིག་མ་ག་ལ་ཡོད། དེས་ན་གང་སྨྲས་པ་སྐད་ཅིག་མ་ཉིད་མ་གྲུབ་བོ། །ཡང་སེམས་དེའི་རྒྱུའི་སྔོན་ལས་བྱུང་བའམ། རྒྱུའི་རྟིང་ལས་བྱུང་བར་རྟོག་གྲང་ན། དེ་ནི་ཁོ་བོས་བཀག་ཟིན་ལ། རྒྱུ་དང་འབྲས་བུ་དུས་མཉམ་པར་རྟོག་ན་ནི་རྒྱུ་དེས་འབྲས་ བུ་ལ་ཅི་ཞིག་ཕན་ལ། རྭ་གཡས་གཡོན་ལྟ་བུ་དུས་མཉམ་པ་རྣམས་ཀྱི་རྒྱུར་ནི་གང་གཟུང་འབྲས་བུར་ནི་གང་གཟུང་། དེ་བས་ན་དུས་མཉམ་པར་རྟོག་པ་སྤོངས་ཤིག །དུས་ཐ་དད་པ་ལ་སྐྱེ་བར་འདོད་པའི་སྐྱོན་གཞན་ཡང་རྩོད་དེ། དུས་ཐ་དད་པ་ལ་སྐྱེ་བར་འདོད་ན་དུས་གཞན་གྱིས་བར་ དུ་ཆོད་པ་ལ་བྱུང་བའམ། བར་དུ་མ་ཆོད་པ་ལ་བྱུང་། དང་པོ་ལྟར་ན་ནི་འདས་པ་ཁོ་ན་ལས་སྐྱེ་བར་འགྱུར་ལ། དེ་ཡང་རུང་བ་མ་ཡིན་ཞིང་། དེ་ནི་ཁྱོད་ཉིད་ཀྱང་འདོད་པ་མ་ཡིན་ཏེ། འདས་པ་ནི་མེད་པའོ་ཞེས་མདོ་སྡེ་དག་ལ་ཁྱོད་ཉིད་ཀྱིས་བརྗོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་མི་རུང་ སྟེ། བདག་ཉིད་ཐམས་ཅད་ཀྱིས་བར་དུ་མ་ཆོད་ན་དུས་ཐམས་ཅད་སྐད་ཅིག་མ་གཅིག་གི་ནང་དུ་ཞུགས་པར་འགྱུར་ལ་དེ་ལྟ་ན་བསྐལ་པ་ཡང་སྐད་ཅིག་མ་ཙམ་ཉིད་དུ་ཐལ་བར་འགྱུར་བས་མི་རུང་ཞིང་སྐད་ཅིག་མ་ལ་ཡང་དུས་ཀྱི་ཆ་ཤས་ཡོད་པར་འགྱུར་རོ། །གཞན་ཡང་སེམས་དེ་ཡོད་པ་སྐྱེའམ་ མེད་པ་སྐྱེ། རེ་ཞིག་དང་པོ་ལྟར་ན་ནི་མི་རུང་སྟེ། ཡོད་པ་སྐྱེ་ན་མྱུ་གུ་ལས་མྱུ་གུ་འབྱུང་བ་དང་། བུམ་པ་ལས་བུམ་པ་འབྱུང་བ་དང་། སེམས་ལས་ཀྱང་སེམས་གཉིས་པ་ལ་སྩོགས་པ་འབྱུང་བར་ཐལ་བར་འགྱུར་རོ། །མེད་པ་སྐྱེ་ན་ནི་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ཡང་སྐྱེ་བར་ཐལ་བར་ འགྱུར་རོ། །སེམས་རྒྱུ་མེད་པ་ལས་སྐྱེ་ན་ནི་རྡོ་དང་བོང་བ་ལ་སོགས་པ་ལ་ཡང་ཅི་ནས་སེམས་མི་འབྱུང་། དངོས་པོ་རྣམས་ཀྱི་རྒྱུ་ལ་མི་ལྟོས་པས་ནམ་མཁའ་ལས་པདྨ་སྐྱེ་བ་དང་། བྱེ་མ་ལས་ཏིལ་མར་འབྱུང་བར་ཡང་འགྱུར་རོ། །རང་དང་གཞན་གཉི་ག་ལས་སྐྱེ་བར་རྟོག་ན་ཡང་ཁོ་བོས་ གོང་དུ་གཉི་ག་བཀག་ཟིན་པས་ཐོང་ཤིག །ཡང་རྒྱུ་གཅིག་ལས་ཟེར་ན་ནི་རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་པ་མ་ཡིན་ཏེ། འབྲས་བུ་དག་ནི་རྒྱུ་དང་རྐྱེན་དུ་མ་ལ་རག་ལས་པར་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །གཅིག་ལས་དུ་མའོ་ཞེས་ཟེར་ན་ནི་དེ་ཡང་མི་འཐད་དེ། རྒྱུ་དང་འབྲས་བུ་རྗེས་ སུ་མི་མཐུན་པའོ། །ཇི་ལྟར་ཞེ་ན། རྒྱུ་གཅིག་གིས་འབྲས་བུ་དུ་མ་དག་བསྐྱེད་པ་ནི་རྒྱུ་ལ་ལྟོས་ནས་འབྲས་བུ་དག་མང་ལ། འབྲས་བུ་ལ་ལྟོས་ནས་རྒྱུ་ཉུང་ཞིང་། གཞན་ཡང་རྒྱུ་གཅིག་ཁོ་ནས་འབྲས་བུ་གཅིག་ཀྱང་བསྐྱེད་མི་ནུས་ན་དུ་མ་ལྟ་སྨོས་ཀྱང་ཅི་དགོས། དུ་མ་ལས་ཤེ་ན། ཡང་མ་ ཡིན་ཏེ། རྒྱུ་ནི་མང་ལ། འབྲས་བུ་ནི་གཅིག་ཁོ་ན་ཡིན་པས་རྒྱུ་དང་རྒྱུ་ཅན་མི་མཐུན་པའི་ཕྱིར་རོ། །རྒྱུ་དུ་མ་ལས་འབྲས་བུ་དུ་མའོ་ཞེས་ཟེར་ན་དེ་ཡང་མ་ཡིན་ཏེ། ད་ལྟ་ན་རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་ཅེས་གོང་དུ་སྨྲ་བ་ཉིད་དང་འདྲ་ལ། དེ་ཡང་ཁོ་བོས་བཀག་ཟིན་ཏོ། །མདོར་ ན་འདས་པ་ལས་དང་། དུས་མཉམ་པ་ལས་སྐྱེ་བ་བཀག་པ་ཉིད་ཀྱིས་འདི་ཡང་བཀག་ཟིན་ཏོ། །ཅི་སྙེད་ཀྱི་རྒྱུ་ཚོགས་ཀྱང་སྐྱེ་བར་མི་རུང་བ་ཉིད་དུ་ཁོ་བོས་རྣམ་པར་ཟིན་པས་སོ། །དེའི་ཕྱིར་གང་ཁྱེད་འདོད་པའི་སེམས་དེ་རྒྱུ་གང་ལས་ཀྱང་ཇི་ལྟར་ཡང་མི་སྐྱེ་བ་ཁོ་ནའོ། །ད་ནི་ སེམས་དེ་གཅིག་ཡིན་ནམ། དུ་མ་ཡིན་པ་ཡང་དཔྱད་དེ། གཅིག་ནི་མ་ཡིན་ཏེ། ཤེས་པ་རྣམ་པ་དང་བཅས་པ་ཁྱེད་དམིགས་པ་རྣམས་སེམས་ཉིད་ཀྱི་རྣམ་པ་དང་བྱེ་བྲག་ཁྱད་པར་ཞེས་བྱ་བའི་བར་དུ་འདོད་ལ། དམིགས་པ་ནི་གཅིག་མ་ཡིན་ཏེ། དུ་མ་ཡིན་པས་ན་སེམས་ཀྱང་དུ་མ་ཁོ་ ནར་ཐལ་བར་འགྱུར་ཏེ། བདག་ཉིད་གཅིག་པ་ནི་གཅིག་ལ། གཅིག་ནི་དུ་མ་ཡིན་པར་ག་ལ་འགྱུར་ཏེ། དེ་ལྟར་འདོད་ན་ཁྱེད་ཉིད་ཀྱང་ཡན་ལག་ཅན་གྱིས་རྫས་འདོད་པ་ལ་སྐྱོན་མ་བརྗོད་ཅིག །དུ་མ་ཡང་མ་ཡིན་ཏེ། རྫས་དུ་མ་ཡིན་ན་ནི་རྡུལ་ཕྲ་རབ་བསྟན་པའི་སྐབས་སུ་སུན་ཕྱུང་ཟིན་ ལ། སྐད་ཅིག་མ་དུ་མ་ཡིན་ན་ནི་དེ་ཡང་ཁོ་བོས་སྐད་ཅིག་མ་ཉིད་ལེགས་པར་བཀག་ཟིན་ཏོ། །དེ་ལས་མ་གཏོགས་པའི་དུས་ལ་ནི་གང་ཡང་མེད་དོ། །དེ་བས་ན་ཁྱེད་གང་འདོད་པའི་སེམས་དེ་གཅིག་དང་དུ་མར་ཁོ་བོས་བཀག་ཟིན་པའོ། །ཤེས་པ་རྣམ་པ་མེད་པ་དག་སེམས་རྣམ་པ་ མེད་པ་ཙམ་རིག་པས་བེམས་པོ་ལས་ལོགས་པ་དཔྱད་དུ་མེད་པ། བརྗོད་དུ་མེད་པ་ཞིག་ཡོད་དོ་ཞེས་འདོད་པས་དེ་དཔྱད་དེ། ཅི་ཤེས་པ་དེ་མར་མེ་ལྟར་གཟུགས་ཅན་དུ་ཡོད་དམ། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པར་ཡོད། ཕྱོགས་དང་པོ་ལྟར་ན་ནི་ཇི་ལྟར་ཁྱོད་ཉིད་ཀྱིས་མཐོང་ བ་ལྟར་བདག་ཅག་གཞན་ལ་ཡང་སྟོན་ཅིག །ཁྱོད་ལ་མངོན་སུམ་དུ་གྲུབ་ན་བདག་ཅག་ལ་ཡང་མངོན་སུམ་དུ་གྲུབ་པར་གྱིས་ཤིག །གཞན་དུ་ཚིག་ཙམ་གྱིས་ནི་ཁོ་བོ་ཅག་ཇི་ལྟར་ཡིད་ཆེས་པར་འགྱུར། ཚིག་ཙམ་གྱིས་གྲུབ་ན་ནི། གཞན་གྱིས་འདོད་པའི་བདག་ཉིད་ཀྱང་གྲུབ་པར་ འགྱུར་རོ། །གཞན་ཡང་བྲམ་ཟེ་མཆོག་གི་རྒྱུ་དག་ལ་ཡང་སུན་འབྱིན་པའི་སྐྱོན་བསྙད་པ་དེ་ཉིད་ཁྱེད་ལ་ཡང་བསྙད་པར་བྱ་བ་ཉིད་དུ་འགྱུར་ལ། དེ་ལྟར་ན་ཁྱེད་ཀྱང་བྲམ་ཟེ་མཆོག་གི་རྒྱུ་དང་གཅིག་གམ་བྱེ་བྲག་ཏུ་འགྱུར་རམ། ཕྱོགས་གཉིས་པ་ལྟར་ན་ནི་བརྗོད་དུ་མེད་ཅིང་བསྟན་དུ་མེད་པ་ ཁྱེད་ཉིད་ཀྱིས་ཇི་ལྟར་ཤེས། བླ་མ་དག་གིས་བསྟན་ཏོ་ཞེ་ན། གང་ཁྱེད་ཉིད་ཀྱིས་བརྗོད་དུ་མེད་པར་འདོད་ན་དེ་ཁྱེད་ལ་ཇི་ལྟར་བླ་མས་བརྗོད་པར་ནུས། གཞན་ཡང་རང་རིག་པ་ཡོད་ན་རིག་པར་བྱ་བ་དང་། རིག་པ་པོ་དང་། རིག་པ་གསུམ་ཡོད་པར་འགྱུར་ན། རིག་པར་བྱ་བ་དང་། རིག་པ་པོ་ཁྱེད་ཀྱིས་ཇི་ལྟར་མི་འདོད་པ་དེ་ལྟར་རིག་པ་ཉིད་ཀྱང་མི་འདོད་པར་གྱིས་ཤིག །འདྲ་བ་ལས་གཅིག་ན་གཞན་འདོད་ལ་གཞན་འདོད་ན་རང་རིག་པ་བརྗོད་དུ་མེད་པ་དཔྱད་པ་དང་བསྟན་དུ་མེད་པ་ཞིག་ཡོད་པར་འདོད་ལ། གཞན་གྱིས་འདོད་པའི་བདག་དང་ཁྱད་པར་ཅི་ཞིག་ཡོད་པ་མིག་ རབ་ཏུ་ཕྱེ་ལ་ལྟོས་ཤིག །བདག་དང་མཉམ་པར་འདོད་ན་ནི་རིགས་པའི་ཕུང་པོ་གོང་དུ་བསྟན་པ་ཉིད་གདབ་པར་ཟད་དོ། །ཡང་ཡེ་ཤེས་རྒྱུན་དུ་བྱུང་བ་ཡོད་པ་ཉིད་དཔྱད་དེ་ཅི་འདས་པ་དང་ད་ལྟར་མེད་པའི་མ་འོངས་པ་ཡོད་པར་ཐོས་སམ། གང་ཡང་གནས་གྱུར་པའི་སེམས་ཉིད་མེད་ན་ དེ་གནས་གྱུར་པའི་ཡེ་ཤེས་ཇི་ལྟར་ཡོད་པར་འགྱུར། ཤེས་པ་རྣམ་པ་དང་བཅས་པ་དག་འདོད་པ་ལྟར་དམིགས་པ་རྣམ་པར་དག་པ་དང་ལྡན་པའི་ཡེ་ཤེས་ཡོད་ན་ནོར་པ་ཐམས་ཅད་སྤངས་ནས་ཀྱང་གལ་ཏེ་མཚན་མར་སྐྱེར་ཟིན་ན། དེ་ན་ནོར་པ་ཡང་དག་སྟེ། །རབ་རིབ་ཡོངས་སུ་མ་དག་བཞིན། ། ཞེས་གསུངས་པ་འདི་ཡང་ལེགས་པར་ཟློག་ཤིག །ཤེས་པ་རྣམ་པ་མེད་པར་སྨྲ་བ་དག་གི་ལྟར་ན་ཡེ་ཤེས་བག་ཆགས་མ་ལུས་པ་དང་བྲལ་བ་རང་རིག་པ་ཙམ་ཡོད་པར་འདོད་ན་ཡང་སྐྱོན་གོང་དུ་བསྟན་པ་ལས་མ་འདས་པ་དེ་ལྟ་བུའི་ཡེ་ཤེས་དེས་དགོས་པ་ནི་ཅི་ཞིག་ཡོད། དེ་མེད་པས་ན་ཅི་ ཞིག་མཉམ། དེ་བས་ན་དགོས་པ་མེད་པ་རྟོག་པ་ཙམ་འདི་དག་རབ་ཏུ་སྤོངས་ཤིག །འདི་ནི་རྣམ་པར་རིག་པ་ཙམ་དུ་འདོད་པ་དག་གི་མངོན་པར་ཞེན་པ་སྤང་བའི་རིམ་པ་མདོར་བསྟན་པའོ།། །།འདི་ཐེག་པ་ཆེན་པོ་དབུ་མ་པ་དག་ལ་རྣམ་པར་བརྩད་པ། གང་ཡེ་ཤེས་ཉིད་མེད་པར་ སྨྲ་ན་གང་ཁྱེད་ཀྱི་མྱ་ངན་ལས་འདས་པ་ཉིད་ནི་གང་ཞིག །སེམས་ཅན་གྱི་དོན་དག་ཇི་ལྟར་བྱེད་ཅེ་ན། འདི་ལ་བཤད་པ། དཔེར་ན་ཏིལ་མར་དང་སྡོང་བུ་དག་ཡོད་ཀྱི་བར་དུ་མར་མེའི་རྒྱུན་འབར་བར་འགྱུར་ལ། སྡོང་བུ་དང་ཏིལ་མར་དེ་དག་ཟད་པའི་དུས་ན་མར་མེ་དེའི་རྒྱུན་ཀུན་དུ་ཆད་པར་ འགྱུར་ལ། དེ་བཞིན་དུ་སྡོང་བུ་དང་ཏིལ་མར་ལྟ་བུའི་མ་རིག་པ་ཟད་པ་ན། རྣམ་པར་ཤེས་པ་མར་མེ་ལྟ་བུ་འདི་རང་གི་ངང་གིས་རྒྱུན་ཆད་པའི་སྐྲའི་ཆ་བརྒྱར་གཤགས་པའི་ཚད་ཙམ་མེད་པར་རྣམ་པ་ཐམས་ཅད་དུ་ཀུན་ནས་རྒྱུན་ཆད་པར་འགྱུར་རོ། །དེ་བས་ན་གནས་ གྱུར་པའི་ཡེ་ཤེས་གང་ནས་ཀྱང་བྱུང་བ་མེད་པའོ། །དེ་ནས་ཀུན་ནས་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པར་གཟུང་ངོ་། །དེ་ལྟར་ན་ཆད་པར་ཅིས་མི་འགྱུར་བཤད་པ། དཔེ་བཤད་ཀྱིས་ཉོན་ཅིག །སྐྱེས་བུ་ཞིག་གིས་ནམ་མཁའ་མེད་དོ་ཞེས་བརྗོད་ན། དེ་ཆད་ པར་མོས་པ་ཡིན་ནམ། དེ་བཞིན་དུ་ཁོ་བོ་ཡང་ནམ་མཁའ་དང་འདྲ་བའི་སེམས་ཡེ་ནས་མེད་པ་ཉིད་མེད་པར་མ་ཤེས་པ་དག་ལ་མེད་དོ་ཞེས་འགོག་གི། གང་ཡོད་པ་རྣམ་པར་བཅད་ནས་མེད་པར་བྱེད་པ་ནི། ཁོ་བོ་ཅག་དབུ་མ་པ་མ་ཡིན་པས་ཆད་པར་ཇི་ལྟར་འགྱུར། གང་སེམས་ ཅན་གྱི་དོན་བྱེད་པར་ཇི་ལྟར་འགྱུར་ཞེས་དྲིས་པ་དེ་ཡང་བཤད་དེ་ས་བཅུ་པའི་དབང་ཕྱུག་ཏུ་གྱུར་པ་རྒྱལ་བའི་ཐུགས་ཀྱི་སྲས་སྨོན་ལམ་ཐམས་ཅད་ལ་དབང་ཐོབ་པ་དེས་སེམས་ཅན་གྱི་ཁམས་ལ་བལྟས་ནས་གང་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཉེ་བར་སྒྲུབ་པ་ནི་ཆོས་ཀྱི་སྐུ་མ་ཐོབ་པར་ མི་ནུས་སོ་ཞེས་བསམས་ནས་སྐད་ཅིག་མ་གཅིག་གིས་ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་ནས་འདི་ལྟ་བུའི་སྨོན་ལམ་བྱིན་གྱིས་རློབ་སྟེ། སྐད་ཅིག་མ་གང་ལ་བདག་མངོན་པར་རྫོགས་པར་བྱང་ཆུབ་པ་ནས་བཟུང་སྟེ། འཁོར་བ་ཡོངས་སུ་དྲོངས་ཀྱི་བར་དུ་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་ དུ་སྐུ་སྣ་ཚོགས་དང་གསུང་སྣ་ཚོགས་དག་རྒྱུན་མི་འཆད་པར་ནམ་མཁའི་ཁམས་ཀྱི་མཐས་ཀླས་པར་འབྱུང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིད་དུ་འོང་བ་འབྱུང་བར་གྱུར་ཅིག་ཅེས་དེ་ལྟ་བུའི་སྨོན་ལམ་བྱིན་གྱིས་བརླབས་ནས་སྟོང་པ་ཉིད་སྟོན་ཀའི་ཉི་ མ་ཕྱེད་ཀྱི་ནམ་མཁའི་དཀྱིལ་ལྟ་བུ་མཚན་རྡུལ་ཐམས་ཅད་རབ་ཏུ་ཞི་བའི་བདག་ཉིད་དུ་འགྱུར་ཏེ། དེ་ཉིད་ལ་མྱ་ངན་ལས་འདས་པར་སྨྲའོ། །གང་ཡང་ཡེ་ཤེས་དང་སྟོབས་དང་། དབང་ལ་སོགས་པ་དང་། རང་རིག་པ་ལ་སོགས་པ་བཤད་པ་ནི་སྐྲག་པར་འགྱུར་བ་སྤང་བའི་ཕྱིར་བསྟན་ པ་ཁོ་ན་ཡིན་ནོ། །དེ་བས་ན་སྨོན་ལམ་ལ་དབང་བའི་སྨོན་ལམ་གྱི་སྟོབས་དང་། སྐལ་བ་དང་ལྡན་པའི་འགྲོ་བའི་དབང་གིས་སྐུ་དང་། གསུང་དང་། ཆོ་འཕྲུལ་སྣ་ཚོགས་འབྱུང་གི། དངོས་པོ་ཉིད་དུ་ཅུང་ཟད་ཙམ་ཡང་མེད་པ་ཁོ་ན་ཡིན་ཏེ། གལ་ཏེ་དངོས་པོར་ཡོད་ན་དེའི་ཚེ་འདུས་བྱས་ ཀྱི་བདག་ཉིད་ཐམས་ཅད་པ་དག་དང་། ཁྱད་པར་ཅི་འདྲ་བར་འགྱུར། དེ་བས་ན་ཁ་ཅིག་ཡིད་བཞིན་གྱི་ནོར་བུ་དང་། མཁའ་ལྡིང་གྲུབ་པའི་ཆོས་སྡོང་ལྟ་བུའོ་ཞེས་དཔེར་འཛིན་པ་དག་ནི་ཚུལ་ཐམས་ཅད་པའི་དཔེར་མི་རུང་སྟེ། དེ་དག་ལྟར་འདི་དངོས་པོར་གྱུར་པ་ནི་མ་ཡིན་པའི་ཕྱིར་རོ། ། འདིར་ཡང་སྨྲས་པ། དེ་ལྟར་ཐམས་ཅད་མེད་པ་ཡིན། སྐྱེ་བ་དང་། གནས་པ་དང་། འཇིག་པ་དག་ཇི་ལྟར་བལྟ་བར་བྱ། དྲིས་པ་དང་པོ་ཉིད་གང་འབྱུང་། །སྨྲས་པ། སྐྱེ་བའོ། །བཤད་པ། གང་གནས་པ་དང་འཇིག་པ་དང་བྲལ་བའི་སྐྱེ་བ་ཇི་ལྟར་འབྱུང་། གལ་ཏེ་གནས་པ་ དང་། འཇིག་པ་དང་བྲལ་བའི་སྐྱེ་བ་འདོད་ན་དེའི་ཚེ་རི་བོང་གི་རྭའི་སྐྱེ་བ་སུས་བཟློག་པར་འགྱུར། ཡང་སྨྲས་པ། དང་པོ་ཉིད་དུ་གནས་པ་འབྱུང་ངོ་། །བཤད་པ། སྐྱེ་བ་དང་འཇིག་པ་དང་བྲལ་བའི་གནས་པ་ཇི་ལྟར་འབྱུང་། གལ་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་གནས་པ་འདོད་ ན། དེའི་ཚེ་དང་པོ་མ་སྐྱེས་པ་ཡིན་ལ། གཉིས་པ་ནི་སྐྱེ་བ་སྟེ། གསུམ་པ་ནི་འཇིག་པ་ཡིན་པས་གནས་པ་མེད་པ་ཁོ་ནའོ། །ཡང་སྨྲས་པ། འཇིག་པའོ། །བཤད་པ། གལ་ཏེ་སྐྱེ་བ་དང་གནས་པ་དང་བྲལ་བའི་འཇིག་པ་འདོད་ན་དེའི་ཚེ་མོ་གཤམ་གྱི་བུ་འཇིག་པར་འགྱུར་བ་སུས་ བཟློག་པར་འགྱུར། གལ་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་དག་དུས་གཅིག་ཁོ་ནར་ཡོད་དོ་ཞེ་ན། བཤད་པ། ཅི་མུན་པ་དང་སྣང་བ་དག་གོ་ཅིག་ཅར་ཁོ་ནར་ཡོད་དམ། སྐྱེ་བ་དང་གནས་པ་དང་། འཇིག་པ་དག་ཕན་ཚུན་འགལ་བ་ཡིན་པས་ཅིག་ཅར་ག་ལ་འབྱུང་། དེ་བས་ན་སྐྱེ་ བ་དང་གནས་པ་དང་འཇིག་པ་དག་མེད་པ་ཁོ་ནའོ། །འདིར་སྨྲས་པ། དེ་ལྟར་ཐམས་ཅད་མེད་པ་ཁོ་ན་བས་སྦྱིན་པ་ལ་སོགས་པ་སྤྱོད་པ་དོན་མེད་པར་འགྱུར་ཞིང་། ཐོབ་པར་བྱ་བ་བྱང་ཆུབ་ཅེས་བྱ་བ་ཡང་མེད་པ་ཉིད་ཡིན་པར་འགྱུར་ལ། དེས་ན་རྣམ་པ་ཐམས་ཅད་དུ་རྣམ་པར་གཞག་པ་ འཁྲུག་པར་འགྱུར་རོ། །འདིར་བཤད་པ། སྐྱེས་བུ་འགའ་ཞིག་གི་མིག་མིག་སེར་གྱི་ནད་ཀྱིས་བཏབ་ནས་དེས་ནམ་མཁའ་ལ་སྐྲ་ཤད་འཛིངས་པ་དང་། བལ་གྱི་འཁོར་ལོ་དང་རབ་རིབ་དག་མཐོང་ལ། སྐྱེས་བུ་དེ་ཡང་མཁས་པའི་རང་བཞིན་ཅན་ཡིན་པས་འདི་སྙམ་ དུ་བདག་གིས་དམིགས་པ་འདི་དག་ཡོད་པ་མ་ཡིན་ཏེ། མིག་ནད་ཀྱིས་མིག་ཉམས་པས་འདི་ལྟར་སྣང་བའོ་སྙམ་ན་ཅི་སྐྱེས་བུ་དེས་ལོག་པར་རྟོག་པ་ཡིན་ནམ། སྐྱེས་བུ་དེ་ལོག་པར་སྣང་བའི་མིག་ནད་དེ་བསལ་བ་ལ་འབད་པར་མི་བྱེད་དམ། དེ་བཞིན་དུ་མེད་པར་སྣང་བའི་རྟོག་པ་འབྱུང་བ་ མིག་སེར་གྱི་ནད་ལྟ་བུའི་ལོག་པར་རྟོག་པ་བསལ་ནས། ནད་དང་བྲལ་བའི་མིག་ལྟ་བུ་མཚན་མའི་ནད་ཐམས་ཅད་དང་བྲལ་བ། ནམ་མཁའ་ལྟར་དངོས་པོ་མེད་པའི་དངོས་པོའི་བདག་ཉིད་དུ་འགྱུར་བ་འདི་ལ་ཉེས་པ་ཡོད་དམ། སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་ལ་སྦྱིན་པ་བྱིན་པ་ལ་སོགས་ པ་དང་། དེས་ཀྱང་བྱང་ཆུབ་ཅེས་བྱ་བ་ཐོབ་པ་ལྟར། བདག་ཅག་རྣམས་ཀྱང་སྦྱིན་པ་ལ་སོགས་པ་དང་། དེ་རྣམས་ཀྱི་འབྲས་བུ་དེ་ལྟར་འདོད་དེ། དེ་བས་ན་རྣམ་པར་གཞག་པ་འཁྲུགས་པ་འཇིག་རྟེན་རྒྱང་འཕེན་པ་ལྟར་བདག་ཅག་ནི་འདི་མི་སྨྲའོ། །དེ་བས་ན་ཐོག་མ་ཉིད་དུ་སྔོན་ཉིད་ དུ་འདས་པའི་རིགས་པ་དག་གིས་བརྟགས་པའི་བདག་མེད་པ་ཉིད་དུ་ངེས་པར་བྱ་ཞིང་། ཆོས་ཙམ་ལ་གནས་པར་བྱའོ། །དེ་ནས་ཕུང་པོ་ལ་སོགས་པའི་ཆོས་ཙམ་གང་ཡིན་པ་དེ་ཡང་ཇི་སྐད་བཤད་པའི་རིགས་པས་མི་སྣང་བར་བྱས་ལ། སེམས་ཙམ་ཉིད་ལ་གནས་པར་བྱའོ། །དེ་ བཞིན་དུ་ཡང་རིགས་པའི་ཚོགས་རྒྱ་ཆེན་པོས་སེམས་སྣང་བ་མེད་པར་བྱས་ལ། མཐའ་ཐམས་ཅད་ལས་རྒལ་བ། མཚན་མའི་རྡུལ་ཉེ་བར་ཞི་བ། བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་མ་ཡིན་པ། རང་རིག་པའི་རླབས་མེད་པ་འདི་ལྟ་བུ་ལ་བལྟ་བར་བྱ་སྟེ། དཔེར་ན་སྐྱེས་བུ་ ཇི་སྲིད་དུ་མིག་སྨན་ལན་མང་དུ་བསྟན་པ་དེ་སྲིད་དུ་མིག་གི་ནད་ཉམས་པར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་དུ་མེད་པར་རྟོག་པ་དེ་སྲིད་དུ་རྟོག་པའི་ནད་ཉམས་པར་ཡང་འགྱུར་ལ། རིང་ཞིག་ན་མེད་དོ་ཞེས་རྟོག་པ་ཉིད་ཀྱང་སྤོང་བར་འགྱུར་རོ། །དེ་དང་མཐུན་པ་ཉིད་དུ། གང་ཚེ་གང་ཞིག་མེད་དོ་ཞེས་ བརྟགས་པའི་དངོས་པོ་མི་དམིགས་པ་དེའི་ཚེ་ཅུང་ཟད་མེད་དོ་ཞེས་རྟོག་པ་ཉིད་ཀྱང་སྤོང་བར་འགྱུར་ཞེས་བཤད་དོ། །དེ་བས་ན་བག་ཡོད་པར་ཇི་སྐད་དུ་བཤད་པའི་ཆོས་རྣམས་རབ་ཏུ་རྟོགས་པར་འགྱུར་བར་བྱ་བའི་ཕྱིར་ནན་ཏན་གྱིས་རྟག་ཏུ་བརྩོན་པར་གྱིས་ཤིག །འདི་ལྟར་ཉེ་བར་བསྟན་པ་གནང་ནས། བསྡུ་བའི་ཚིགས་སུ་བཅད་པ་འདི་དག་གསུངས་ཏེ། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །སེམས་ཙམ་ལ་ནི་རྣམ་གནས་ནས། །སྐལ་ཆེན་རྣམས་ཀྱིས་དེ་ཡང་གཞོམ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་གསུངས་ པ། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ། །དེ་ནི་དེ་ཉིད་མ་ཡིན་ནོ། །ཞེས་འདི་དག་ཀྱང་སློབ་མའི་ཚོགས་ལ་སྒྲོགས་སོ། །ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ། སློབ་དཔོན་དབུ་མའི་སེང་གེའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།འདི་ནི་པཎྜི་ཏ་ཆེན་པོ་དབུ་མའི་སེང་ གེ་ཞེས་བྱ་བས་རྩོད་པ་ཆེན་པོའི་དུས་སུ་ཇི་སྐད་བཤད་པ་རྣམས་མཁས་པ་དག་གིས་བཟུང་སྟེ། གཅིག་ནས་གཅིག་ཏུ་བཤད་པ་གཏམ་གྱི་མན་ངག་ཅེས་བྱ་བར་གྲགས་པ་ལ་སླད་ཀྱིས་གཞུང་དུ་བཀོད་པའོ། །གཅིག་ནས་གཅིག་ཏུ་འབྱུང་བ། མངོན་པར་བརྩོན་པའི་དགེ་བསྙེན་ཏ་རོ་ཤྲཱི་མི་ ཏྲས་བྱས་པ། རྒྱ་གར་གྱི་མཁན་པོ་ཏ་རོ་ཤྲཱི་མི་ཏྲ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སུ་ག་ཏ་མ་ཏོ་བི་བྷཾ་ག་ཀཱ་རི་ཀཱ། བོད་སྐད་དུ། བདེ་བར་གཤེགས་པ་གཞུང་ རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདུས་མ་བྱས་གསུམ་རྟག་པ་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་མེད་བྱེད་པ་པོ་ཡོད་མིན། །རྣམ་པར་ཤེས་པ་དབང་སྐྱེས་བློས། ། མངོན་སུམ་དུ་ནི་ཕྲ་བསགས་རིག །ཁ་ཆེ་བྱེ་བྲག་སྨྲ་བ་ཡི། །གཞུང་འདི་ཡིན་པར་མཁས་རྣམས་བཞེད། །རང་གི་རྣམ་པར་ཤེས་པས་རིག །དབང་གིས་ཡུལ་དུ་སྣང་བ་ཡིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་ནམ་མཁའ་བཞིན། །སེམས་དང་མི་ ལྡན་འདུ་བྱེད་མེད། །དུས་གསུམ་དུ་ནི་རྗེས་འཇུག་མེད། །ཐོགས་བཅས་གཟུགས་མིན་ཡོད་མ་ཡིན། །མདོ་སྡེ་པ་ཡིན་མཁས་ཞེས་བྱ། །ཆ་ཤས་ཞེས་བྱར་ཡོད་མིན་ཕྱིར། །ཕྲ་རབ་རྡུལ་ཡང་ཡོད་མ་ཡིན། །སྣང་བ་དམིགས་སུ་ཡོད་མིན་ཏེ། །རྨི་ལམ་ཉམས་ སུ་མྱོང་བ་བཞིན། །གཟུང་དང་འཛིན་པ་ལས་གྲོལ་བའི། །ཤེས་པ་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྨྲ། །རྣམ་ཤེས་དོན་དམ་ཡིན་པ་རུ། །དེ་ཡང་མཁས་རྣམས་མི་བཞེད་དེ། །གཅིག་དང་དུ་མའི་རང་བཞིན་བྲལ། ། དངོས་མེད་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀྱི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་ངེས་གྲོལ་བ། །དབུ་མ་དེ་ཉིད་མཁས་པ་འདོད། །བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། བྷང་ག་ལར་ འཁྲུངས་པའི་མཁས་པ་ཆེན་པོ་ཛེ་ཏཱ་རིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤཱན་ཏི་བྷ་དྲ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སུ་ག་ཏ་མ་ཏོ་བི་བྷཾ་ག་བྷཱ་ཥྱཾ། བོད་སྐད་དུ། བདེ་བར་གཤེགས་ པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཤར་ཞིང་རྒྱུན་འཕེལ་བ་ཡི་ཡོན་ཏན་མངའ། །ཉེས་པ་རྗེས་འབྲེལ་སྤངས་ཤིང་དྲི་མེད་མཛེས་པའི་སྐུ། །རྨོངས་སེལ་གསུང་གི་འོད་མངའ་སྔོན་མེད་ཟླ་བ་སྟེ། །གསུང་ གི་དབང་ཕྱུག་ལ་ནི་རྟག་པར་མགོས་ཕྱག་འཚལ། །ཐུབ་དབང་ཞབས་ཀྱི་པདྨ་ལ། །བརྟེན་པ་རྣམས་ཀྱི་རྣམ་དབྱེ་ནི། །བློ་དམན་རྣམས་ཀྱིས་རབ་རྟོགས་པར། །བསྒྲུབ་པར་འདོད་པས་བཤད་པར་བྱ། །འདིར་ཆོས་མངོན་པ་ཉི་འོག་གི་ཡུལ་པ་ལ་སོགས་པའི་བྱེ་བྲག་སངས་རྒྱས་པའི་དབྱེ་བ་ ཤིན་ཏུ་མང་མོད་ཀྱི། གཙོ་བོ་ཇི་ལྟ་བུར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའི་དབྱེ་བས་སངས་རྒྱས་པ་བཞི་པོ་ཙམ་བླ་ཆོས་སུ་རྟོགས་པར་འདོད་པའི་སྐྱེ་བོ་རྗེས་སུ་གཟུང་བར་བཞེད་པའི་གཞུང་རྩོམ་པ་པོས། དེ་ཁོ་ན་བཞིན་དུ་རྣམ་པར་འཇོག་པ་ གསུངས་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །ཁ་ཆེ་བ་དེ་དག་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བས་དངོས་པོ་རྣམས་ཚོགས་གཉིས་སུ་སྨྲ་བར་གྲག་གོ། །དེ་ལ་འདུས་མ་བྱས་ནི་རྣམ་པ་གསུམ་སྟེ། ནམ་མཁའ་དང་འགོག་པ་གཉིས་སོ། ། ནམ་མཁའ་ཞེས་བྱ་བ་འདི་ཅི་ཞེ་ན། གང་འགའ་ལ་ཡང་སྒྲིབ་པར་མི་བྱེད་ཅིང་གང་གིས་ཀྱང་བསྒྲིབ་པར་བྱ་བ་མ་ཡིན་པ་དེ་ནི་གོ་འབྱེད་པས་ན་ནམ་མཁའ་ཞེས་བྱ་སྟེ། དེ་ལ་ནམ་མཁའ་མི་སྒྲིབ་པ་ཞེས་གང་གསུངས་པ་ཡིན་ནོ། །འགོག་པ་གཉིས་ནི་སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་ཤེས་རབ་ཡིན་ལ། དེས་ཐོབ་པར་བྱ་བའི་འགོག་པ་ནི་ཉོན་མོངས་པ་དང་བྲལ་བའོ། །དེ་ཡང་སྤང་བར་བྱ་བ་སོ་སོར་ཐ་དད་པ་ཡིན་ཏེ། ལྡན་པའི་རྫས་རྣམས་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་ སྙེད་དོ། །རྒྱུའི་ཚོགས་པས་སྟོང་པའི་དངོས་པོ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་ཆོས་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་ཐོབ་པར་བྱ་བ་མ་ཡིན་པས་ན། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བརྗོད་དེ། སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་གང་གསུངས་པ་ཡིན་ནོ། །འདུས་མ་བྱས་གསུམ་པོ་འདི་ནི་འདུས་བྱས་ལས་བཟློག་པ་སྐྱེ་བ་དང་འཇིག་པ་དང་བྲལ་བས་ན་རྟག་པ་ཡིན་གྱི། གཞན་དག་གི་སྤྱི་ལ་སོགས་པ་ལྟ་བུ་ནི་མ་ཡིན་ ནོ། །གསུམ་པོ་འདི་ལས་གཞན་པ་ཕུང་པོ་ལྔའི་བདག་ཉིད་ཀྱི། འདུས་བྱས་ཐམས་ཅད་སྐད་ཅིག་མ། རྒྱུ་དང་རྐྱེན་ཚོགས་ཤིང་འདུས་ནས་བྱས་པའི་དངོས་པོའི་རྣམ་པ་མཐའ་དག་ནི་སྐད་ཅིག་མ་ཡིན་ཏེ། སྐྱེས་པའི་སྐད་ཅིག་མ་ཙམ་ཁོ་ན་ཡོད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་འདུས་ བྱས་ནི་འཇིག་པའི་ཁོངས་སུ་འཇུག་པར་མཐོང་ལ། དེ་ངོ་བོ་གང་གི་སྒོ་ནས་མཐར་འཇིག་པར་འགྱུར་བ་དེ་ནི་དེ་སྐྱེས་པ་ཙམ་ཁ་ན་ཡོད་པས་ན། སྐྱེ་བའི་དེ་མ་ཐག་ཁོ་ནར་འདིར་འཇིག་པར་འགྱུར་བའི་ཕྱིར། འདི་སྐད་ཅིག་མ་ཡིན་པར་གསལ་ལོ། །སྐྱེ་བའི་ངོ་བོ་གཞན་ཡིན་ལ་མཐའ་ཡང་གཞན་ ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ངོ་བོ་དེ་ལས་ཐ་མི་དད་པ་ན་དེ་དག་འདྲ་བར་ཐ་མི་དད་པར་ཐལ་བའི་ཕྱིར་དང་། དེ་ངོ་བོ་ལས་ཐ་དད་པ་ན་དེ་དང་འདྲ་བར་ཐ་དད་པར་ཐལ་བའི་ཕྱིར་རོ། །ཇི་སྟེ་དུས་རེ་ཞིག་གནས་ནས་ལྡོག་པ་གང་ཡིན་པ་འདི་ཉིད་དེ་དག་གི་རང་གི་རྒྱུས་ བསྐྱེད་པའི་རང་བཞིན་ཡིན་ནོ་ཞེ་ན། དེ་ལྟར་དེ་སྐྱེས་པ་ཙམ་གྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་ཁོ་ན་ལྟ་བུ་མཐར་ཡང་ཡིན་པས་ན། ཡང་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་ཞིང་། སླར་ཡང་དེ་ལྟ་བུ་ཡིན་པས་ན་ནམ་ཡང་ནི་གནས་པར་མི་འགྱུར་རོ། །དེའི་ཕྱིར་སྐད་ཅིག་གཉིས་སུ་གནས་ སྐྱེས་པ་ཡིན་ན་སྐད་ཅིག་དང་པོ་བཞིན་དུ་སྐད་ཅིག་གཉིས་པ་ལ་ཡང་སྐད་ཅིག་གཉིས་སུ་གནས་པ་ཡིན་པས་ན། སྐད་ཅིག་གཞན་དུ་གནས་པར་འགྱུར་ཞིང་། དེར་ཡང་དེ་ལྟ་བུ་ཡིན་པས་ན་ནམ་ཡང་འཇིག་པར་མི་འགྱུར་རོ། །འདི་སྙམ་དུ་དངོས་པོ་དེ་ནི་བརྟན་པ་ཁོ་ནར་རང་གི་རྒྱུ་ལས་སྐྱེས་པ་ཡིན་ ཏེ། དེ་ནི་མཐར་ཡང་ངོ་བོ་གཞན་དུ་འགྱུར་བ་མ་ཡིན་ལ། འོན་ཀྱང་འགོག་བྱེད་ཀྱི་ནན་གྱིས་འཇིག་པར་བྱེད་པ་ཡིན་ནོ་སྙམ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་དེ་འགོག་བྱེད་ཉེ་ཡང་སྔ་མ་ཁོ་ན་བཞིན་དུ་འཇིག་པའི་ངང་ཅན་མ་ཡིན་པའི་ངོ་བོ་ཉིད་ཡིན་ན་ནི། འོ་ན་དེའི་ཚེ་ཡང་འཇིག་ པར་མི་འགྱུར་རོ། །དེ་འཇིག་པའི་ངང་ཅན་མ་ཡིན་ཡང་དེས་འཇིག་པར་བྱེད་དོ་ཞེ་ན། དེ་ནི་མི་འཇིག་གོ། །དེ་ལ་འཇིག་པ་ནི་ཡོད་དོ་ཞེས་བྱ་བ་འདི་ལྟར་རིགས་པར་འགྱུར་ཏེ། ལྷས་བྱིན་ནི་གསོན་ནོ། །འདི་འཆི་བར་འགྱུར་རོ་ཞེས་བྱ་བ་འདི་ནི་སྲིད་པ་མ་ཡིན་ནོ། །ཇི་སྟེ་འཇིག་པར་འགྱུར་ན་མི་ འཇིག་པའི་ངང་ཅན་ཇི་ལྟར་ཡིན་ཏེ། འཆི་བར་ནི་འགྱུར་ལ་མི་འཆི་བའི་ཆོས་ཅན་ཡིན་པ་ནི་མ་ཡིན་ནོ། །འགོག་བྱེད་ཉེ་བ་ན་འཇིག་པའི་ངང་ཅན་གྱི་ངོ་བོ་ཉིད་དུ་སྐྱེད་དོ་ཞེ་ན། ཅི་སྔར་གྱི་འཇིག་པའི་ངང་ཅན་མ་ཡིན་པའི་ངོ་བོ་རྗེས་སུ་འཇུག་པ་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་ན་འོ་ན་དེ་ འཇིག་པ་ཡང་མ་ཡིན་མི་འཇིག་པ་ཡང་མ་ཡིན་པས་ན། རྒལ་བར་དཀའ་བའི་སྡུག་བསྔལ་ཉམ་ང་བར་ཆུད་པ་ཡིན་ནོ། །གལ་ཏེ་མེད་ན་ནི་དེ་དང་ཐ་མི་དད་པས་ན་སྔར་གྱི་དངོས་པོ་དེ་ཡང་མེད་པའི་ཕྱིར་གང་ལ་འཇིག་པའི་ངང་ཅན་སྐྱེད་པར་བྱེད། དེ་ནས་འཇིག་པའི་ངང་ཅན་མ་ཡིན་ན་ འགའ་ཡང་འཇིག་པར་མི་འཐད་པའི་ཕྱིར་དང་། འཇིག་པ་ཡང་མཐོང་བས་ན། གཟུགས་ལ་སོགས་པ་རང་གི་རྒྱུ་ལས་འཇིག་པའི་ངང་ཅན་ཁོ་ནར་སྐྱེ་བས་ན། སྐྱེས་པ་ཙམ་ཁོ་ན་འཇིག་པ་ཡིན་ཞིང་། དེ་ལྟ་ན་ཡང་སྐད་ཅིག་མ་འཇིག་པ་འགྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་ ཚེ་འཇིག་པའི་ངང་ཅན་ཡིན་པ་དེ་ནི་དེའི་ཚེ་དེ་མ་ཐག་ཏུ་མི་གནས་པ་ཡིན་ཏེ། དཔེར་ན་མཐའི་སྐད་ཅིག་ལ་གནས་པའི་ངོ་བོ་བཞིན་ནོ། །གཟུགས་ལ་སོགས་པ་ཡང་སྐྱེ་བའི་དུས་ན་འཇིག་པའི་ངང་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དངོས་པོ་རྣམས་སྐད་ཅིག་ མས་འཇིག་པ་ཡིན་ན། འོ་ན་དེ་ཉིད་འདི་ཡིན་ནོ་སྙམ་པའི་ངོ་ཤེས་པ་ཇི་ལྟར་ཡིན་ཞེ་ན། རྒྱུན་མི་འཆད་པར་འདྲ་བས་གཞན་དང་གཞན་འབྱུང་བ་དང་། མ་རིག་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །སྐད་ཅིག་མ་འཇིག་པའི་དུས་ཁོ་ན་དེ་དང་འདྲ་བའི་སྐད་ཅིག་མ་གཞན་འབྱུང་བར་ འགྱུར་ཏེ། དེས་ནི་རྣམ་པ་མི་འདྲ་བ་མེད་པའི་ཕྱིར་དང་དངོས་པོ་མེད་པས་བར་དུ་མ་ཆོད་པའི་ཕྱིར་དང་། མ་རིག་པས་གཡེར་བག་བཅོས་པ་རྣམས་ལ་ཐ་དད་པ་ཡིན་ཡང་དེ་ཉིད་འདི་ཡིན་ནོ་སྙམ་དུ་ཐ་དད་པ་མེད་པར་ཞེན་པའི་རྟོག་པ་འབྱུང་སྟེ། བྲེགས་ནས་སླར་སྐྱེས་པའི་སྐྲ་དང་སེན་མོ་ལ་སོགས་ པ་ཤིན་ཏུ་ཐ་དད་པ་ལ་ཡང་དེ་ཉིད་འདི་ཡིན་ནོ་སྙམ་པའི་ཤེས་པ་མཐོང་བ་དེ་བཞིན་དུ་འདིར་ཡང་ཇི་སྟེ་མི་སྲིད། ཅི་འོ་ན་འདུས་བྱས་འདི་ཇི་ལྟར་གཞན་དག་འདོད་པ་བཞིན་དུ་བདག་གིས་བྱིན་གྱིས་བརླབས་པ་ཡིན་ནམ། དེ་དག་ནི་འདི་སྐད་དུ་ལུས་ལ་སོགས་པ་ལས་ཐ་དད་པ་དགེ་བ་དང་མི་དགེ་བའི་ལས་ཀྱིས་ བྱེད་པ་དེའི་འབྲས་བུའི་མྱོང་བ་པོ་རྟོག་པ་དང་ཁྱབ་པའི་ངོ་བོ་བདག་ཅེས་བྱ་བ་རྫས་གཞན་ཡོད་པ་ཡིན་ལ། དེས་སྣ་ཚོགས་ལ་ཁྱབ་པ་ཡིན་མོད་ཀྱི། འོན་ཀྱང་ཉེ་བར་ལོངས་སྤྱོད་པའི་གནས་ཉིད་དུ་ཡོངས་སུ་བཟུང་བའི་གསོན་པོའི་ལུས་གང་ཡིན་པ་དེ་ཁོ་ན་བདག་དང་བཅས་པ་ཞེས་བརྗོད་དོ་ཞེས་ སྨྲའོ་ཞེ་ན། མ་ཡིན་ཏེ། བདག་གིས་སྟོང་ཞིང་ཞེས་སྨོས་ཏེ། བདག་གིས་སྟོང་ཞིང་བྲལ་ཏེ་བྱིན་གྱིས་མ་བརླབས་པའོ། །འདི་ལྟར་རེ་ཞིག་བདག་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །མངོན་སུམ་གྱིས་བདག་རྟོག་པ་མ་ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་ནི་གཟུགས་ལ་ སོགས་པའི་ཡུལ་ལྔར་ངེས་པའི་ཕྱིར་དང་། བདག་ཏུ་རྟོག་པའི་ཡིད་ཀྱི་ཤེས་པའི་ཡུལ་ཡང་ལུས་ལ་སོགས་པ་ཡིན་པའི་ཕྱིར་རོ། །བདག་དཀར་ཤམ་མོ་བདག་སྦོམ་མོ་བདག་འགྲོའོ་སྙམ་པ་ལ་སོགས་པའི་རྣམ་པས་བདག་ཏུ་ཤེས་པ་འབྱུང་ལ། ལུས་ལས་ཐ་དད་པ་འདི་ལ་ ནི་ལུས་དེའི་ཆོས་དཀར་ཤམ་ཉིད་དང་སྦོམ་པ་ཉིད་ཡོད་པ་མ་ཡིན་ཞིང་། ཁྱབ་བྱེད་ལུས་ཅན་མ་ཡིན་པ་ལ་ལུས་ཅན་གྱི་རྫས་ཀྱི་རྗེས་སུ་འབྲང་བའི་འགྲོ་བའི་བྱ་བ་འཐད་པ་དང་ལྡན་པ་ཡང་མ་ཡིན་ནོ། །འདི་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་པ་བཞིན་དུ་བརྟགས་པར་རྟོག་པ་ཡང་མི་རིགས་ཏེ། གཡོ་བ་ མེད་པའི་ཕྱིར་རོ། །གཡོ་བ་མེད་པ་ལ་བཏགས་པ་བར་རྟོག་པ་ཡང་མི་རིགས་ཏེ། དངོས་ཀྱི་ཐ་སྙད་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །རྗེས་སུ་དཔག་པས་རྟོགས་པ་ཡང་ཡིན་ཏེ། རང་བཞིན་དང་འབྲས་བུའི་རྟགས་མེད་པའི་ཕྱིར་རོ། །རྟག་ཏུ་ལྐོག་ཏུ་གྱུར་ཅིང་ཡུལ་དང་དུས་སུ་ལྡོག་ པ་མེད་པའི་བདག་དང་འགའ་ཡང་རྗེས་སུ་འགྲོ་བ་དག་ལྡོག་པའི་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུའི་ངོ་བོ་མ་གྲུབ་པས་ན་འབྲས་བུའི་རྟགས་མི་འཐད་པའི་ཕྱིར་དང་། ཆོས་ཅན་ཡོད་པ་ཉིད་མ་གྲུབ་པས་ན་རང་བཞིན་གྱི་རྟགས་མི་འཐད་པའི་ཕྱིར་རོ། །གང་གིས་རྗེས་སུ་དཔོག་པར་འགྱུར་ བ་ཡོད་པར་སྒྲུབ་པར་དབང་བའི་རྟགས་གཞན་ཡང་ཡོད་པ་མ་ཡིན་ལ། རྟགས་གཞན་ཡོད་ན་ཡང་བསྒྲུབ་བྱས་ཁྱབ་པར་འགྱུར་དགོས་ལ། དེ་ནི་འགར་ཡང་མ་གྲུབ་པས་ན་ཁྱབ་པར་བྱེད་པ་ཉིད་དུ་མ་ངེས་པའི་ཕྱིར། གང་དུ་ཡང་གང་གིས་ཀྱང་གང་ཡང་དེས་ཁྱབ་པར་ངེས་པར་ མི་འགྱུར་བས་ན་འདི་ལ་རྟགས་འགའ་ཡང་མེད་དོ། །འདི་སྙམ་དུ་གལ་ཏེ་གསོན་པའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། རྟགས་འདིའི་ཕྱིར་རོ་ཞེས་སྒྲུབ་ན་སྐྱོན་འདིར་འགྱུར་བ་ཞིག་ན། འོན་ཀྱང་འདོད་པ་ལ་སོགས་པ་ནི་རྟེན་དང་བཅས་པ་ཡིན་ཏེ། དངོས་པོ་ཡིན་ནོ་ཞེ་ན། འབྲས་ བུ་ཡིན་པའི་ཕྱིར་ན་གཟུགས་ལ་སོགས་པ་བཞིན་ནོ་ཞེས་སྒྲུབ་པ་ཡིན་ལ། འདོད་པ་ལ་སོགས་པའི་རྟེན་གང་ཡིན་པ་འདི་ནི་ཁོ་བོ་ཅག་གི་བདག་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་ཡང་གལ་ཏེ་རྒྱུ་ལ་བརྟེན་དུ་འདོད་ན། དེའི་ཚེ་ཁོ་བོ་ཅག་ཀྱང་འདོད་པ་ལ་སོགས་པ་རྒྱུ་མེད་པར་མི་འདོད་པས་ན་ ཁོ་བོ་ཅག་ལ་གྲུབ་པ་ཡིན་པས་ན་གཏན་ཚིགས་དོན་མེད་པ་ཡིན་ནོ། །འོན་ཏེ་རྟེན་གཞི་ཡིན་ན་དེའི་འབྲས་བུ་ཡང་ཡིན་ལ། གཞི་དང་མི་ལྡན་པ་ཡང་ཡིན་པ་ཞེས་བྱ་བའི་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པས་ན། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །འབྲས་ བུ་འགའ་ཡང་གཞི་དང་མི་ལྡན་པར་མཐོང་བ་ཡིན་པས་ན་ཐམས་ཅད་དེ་ལྟ་བུར་འགྱུར་ཏེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །གང་ཡང་གསོན་པའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་རོ་ཞེས་བརྗོད་པ་དེ་ཡང་བདག་སྒྲུབ་པར་ནུས་པ་མ་ཡིན་ ཏེ། བདག་མེད་པའི་བུམ་པ་ལ་སོགས་པས་སྟོང་པར་མཐོང་ཞེས་ཏེ། གསོན་པའི་ལུས་ཀྱང་དེ་ལྟ་བུར་འགྱུར་དགོས་སོ་ཞེས་བྱ་བ་འདི་ལ་ངེས་པའི་རྒྱུ་ནི་ཡོད་པ་ཡིན་ནོ། །འདི་ལྟར་གང་ཞིག་གང་དང་བདག་ཉིད་འགའ་ཞིག་གིས་མཚུངས་པ་ཡང་དེ་དང་དེ་བདག་ཉིད་ཐམས་ཅད་ཀྱིས་མཚུངས་ པར་མཐོང་བའམ་མི་འདོད་པ་ནི་མ་ཡིན་ཏེ། བུམ་པ་དང་སྣམ་བུ་བྱས་པ་ཉིད་དང་བདག་མེད་པ་ཉིད་དུ་མཚུངས་ཀྱང་བུམ་པ་དང་བུམ་པ་མ་ཡིན་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །བདག་ནི་སྲོག་ལ་སོགས་པའི་རྒྱུ་ཡང་མ་ཡིན་ལ་ཁྱབ་པར་བྱེད་པའི་རང་བཞིན་ཡང་མ་ཡིན་པའི་ངོ་བོ་ཞིག་ ཡིན་གྲང་། དེ་ལ་ཕྱོགས་དང་པོ་ལ་ནི་མིག་ལ་སོགས་པ་འབྲས་བུ་མེད་པར་ཐལ་བ་བཟློག་པར་དཀའ་སྟེ། འདི་ལྟར་གཟུགས་ལ་སོགས་པ་དམིགས་པའི་བདག་ཉིད་ཅན་གྱི་བདག་རྟག་པ་ཡོད་ན། མིག་ལ་སོགས་པ་ལ་ཉེ་བར་མཁོ་བ་ཅི་ཡང་མེད་ལ། གང་འདི་དག་ཉེ་བར་མཁོ་བར་ འགྱུར་བ། བདག་ཤེས་པའི་ངོ་བོར་སྨྲ་བ་རྣམས་ལ་དམིགས་པ་མི་རྟག་པ་ནི་སྲིད་པ་མ་ཡིན་ནོ། །དེ་དམིགས་པ་མི་རྟག་པ་འགའ་ཞིག་སྲིད་ཀྱང་དམིགས་པའི་བདག་ཉིད་ཀྱི་བདག་རྟག་པ་རྟག་ཏུ་ཡོད་པས་དེ་སྲིད་དུ་ཆུག་ཀྱང་དམིགས་པའི་བདག་ཉིད་ཀྱི་བདག་རྟག་པ་ཡོད་པ་ན་དབང་པོ་རྣམས་ ཉེ་བར་མཁོ་བ་དང་བྲལ་བའི་གནས་སྐབས་དེ་ཉིད་ཡིན་ཏེ། དེའི་ཚེ་དམིགས་པ་མི་རྟག་པར་ཁས་བླངས་པས་ཅི་ཞིག་བྱ། མི་རྟག་པ་མེད་ན་མ་བཅོས་པའི་རྟག་པ་དེ་དངོས་པོར་འཛིན་པ་མ་ཡིན་པ་ན་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མི་རྟག་པའི་སེམས་པ་དང་བྲལ་ཡང་སེམས་པ་ཅན་ གྱི་བདག་དེ་ལ་སྡོད་པར་མ་འཐད་པའི་ཕྱིར་དང་། སྡོད་ན་ཡང་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་གྱི་ཚེ་ཡང་དངོས་པོ་མི་འཛིན་པ་ན་བདག་རང་ཉིད་ནི་སེམས་པ་མེད་པ་ཁོ་ན་ཡིན་ལ། སེམས་པ་དང་ལྡན་པས་ན་སེམས་པར་བྱེད་དོ་ཞེས་བྱ་བར་འགྱུར་ལ། མོ་གཤམ་ ལ་མ་ཉིད་བཞིན་དུ་རང་ཉིད་སེམས་པ་མེད་པ་ནི་སེམས་པའི་བདག་ཉིད་དུ་མི་འཐད་པའི་ཕྱིར་རོ། །འདི་རྟག་པ་སེམས་ཅན་དུ་ཡང་འདོད་པ་ཡིན་ཏེ། དེའི་ཕྱིར་ནམ་ཡང་མི་སེམས་པར་མི་འགྱུར་ལ། དེ་ལྟ་ན་ཡང་མིག་ལ་སོགས་པ་དོན་མེད་པ་ཉིད་དུ་འགྱུར་ཞིང་། འདི་དག་དོན་མེད་པར་ནི་ མཐོང་བའམ་འདོད་པ་ཡང་མ་ཡིན་ནོ། །འདི་དག་དོན་དང་ལྡན་པ་ཉིད་འདི་ནི་གཟུགས་ལ་སོགས་པ་དམིགས་པ་རྟག་པ་ཡིན་པ་སེལ་བར་བྱེད་དོ། །སྦྱོར་བ་ནི་གང་ཞིག་གང་མེད་པར་གང་དམིགས་པ་དང་ལྡན། དེ་ནི་དམིགས་པ་ན་དེ་ལ་ལྟོས་པ་མ་ཡིན་ཏེ། དཔེར་ན་བྱི་ལ་བྱི་བ་དམིགས་པ་ན་སྣང་ བ་བཞིན་ནོ། །གཞན་གྱི་ལུགས་ལྟར་ན་རྟོག་པ་པོ་མིག་ལ་སོགས་པ་མེད་པར་གཟུགས་ལ་སོགས་པ་དམིགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། ཁྱབ་བྱེད་འགལ་བ་དམིགས་པའི་ཐལ་བ་ཡིན་ལ། དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ན་བཟློག་པ་ནི། གང་ཞིག་གང་དམིགས་པ་ན་གང་ལ་ ལྟོས་པ་དེ་ནི་དེ་མེད་པར་དེ་དམིགས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་མིག་ནང་ན་གནས་པའི་དངོས་པོ་དམིགས་པ་ན་སྒྲོན་མ་ལ་ལྟོས་པ་དང་བཅས་པ་བཞིན་ནོ། །རྟོག་པ་པོ་ཡང་གཟུགས་ལ་སོགས་པ་དམིགས་པ་ན་མིག་ལ་སོགས་པ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི། འགལ་བས་ཁྱབ་པ་ དམིགས་པའོ། །འདི་སྙམ་དུ་དབང་པོ་ཉེ་བར་མི་སྦྱོར་ན་གཟུགས་ལ་སོགས་པ་དམིགས་པ་མི་འདོད་པ་ཉིད་དེ། དམིགས་པ་ཙམ་ནི་གནས་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་བ་ཉིད་འདོད་པའི་ཕྱིར་ཏེ། ཁོ་བོའི་སྐྱེས་བུས་བདེ་བ་དང་། །བདེ་སོགས་གནས་སྐབས་འགྲོ་ན་ཡང་། །སེམས་ པ་རྫས་དང་སེམས་ཅན་སོགས། །ངོ་བོ་འདོད་པར་བྱེད་པ་མིན། །ཞེས་གང་སྨྲས་པ་ཡིན་ནོ། །དེས་ན་ཐལ་བ་སྒྲུབ་པ་ལ་གཏན་ཚིགས་མ་གྲུབ་ཅིང་། བཟློག་པ་ནི་གྲུབ་པ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དབང་པོ་ཉེ་བར་མི་སྦྱོར་བ་ན་གཟུགས་ལ་ སོགས་པ་དམིགས་པར་མི་འདོད་ན། འོ་ན་དེ་ཉེ་བར་སྦྱོར་བ་ན་འདོད་པར་འགྱུར་ལ། དེ་ལྟ་ན་ཡང་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་རྣམས་དེའི་འབྲས་བུ་ཉིད་ལས་མི་མངའ་ཞིང་། དེ་དག་དེའི་འབྲས་བུ་ཡིན་ན་ཡང་། གང་ཞིག་གནས་སྐབས་མ་ལུས་པར་རྗེས་སུ་འགྲོ་བར་ འགྱུར་བ་གཞན་དམིགས་པ་ཙམ་ལྷག་ལུས་པ་ཅི་ཡོད། དམིགས་པ་ཙམ་དེས་གལ་ཏེ་ཅི་ཡང་མི་དམིགས་ན་དེ་ཇི་ལྟར་དམིགས་པའི་ངོ་བོ་ཡིན། གལ་ཏེ་དམིགས་ན་འོ་ན་དེ་ནི་གཟུགས་ལ་སོགས་པ་དམིགས་པ་ཉིད་ཡིན་ཏེ། དེ་བས་ན་དབང་པོ་ཉེ་བར་མི་སྦྱོར་བ་ནི་གཟུགས་ལ་སོགས་པ་ དམིགས་པར་མི་འདོད་དོ་ཞེས་ཅིའི་ཕྱིར་བརྗོད། ཁས་ལེན་ན་ཐལ་བའི་གཏན་ཚིགས་མ་གྲུབ་ན་བཟློག་པ་ལ་འདོད་པའི་སྐབས་ཅི་ཡོད། དེ་ལྟར་རྗེས་སུ་དཔག་པས་དམིགས་པ་རྟག་པ་བཀག་པའི་ཕྱིར། དེའི་རང་བཞིན་ཅན་གྱི་བདག་དགག་པ་བྱས་པར་འགྱུར་ཏེ། དགོས་པ་མི་རྟག་པ་ ལ་བདག་ཏུ་འདོགས་ན་རྩོད་པ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་དམིགས་པ་རྟག་པ་ཉམས་སུ་མྱོང་བའི་ཕྱིར། སེམས་ཅན་གྱི་བདག་ཉིད་ཀྱི་བདག་རྟག་པ་ནི་མངོན་སུམ་གྱིས་ཀྱང་བཟོད་པ་མ་ཡིན་ཞིང་། རྟོགས་པའི་ངོ་བོ་མ་ཡིན་པའི་བདག་ཡོད་པར་མི་དམིགས་པས་མི་བཟོད་དེ། གང་ཞིག་གང་དུ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་དེ་ནི་དེར་མེད་པའི་ཐ་སྙད་དུ་བྱ་བ་ཡིན་ཏེ། དཔེར་ན་རྟའི་མགོ་ལ་རྭ་བཞིན་ནོ། །ལུས་ལ་སོགས་པ་ལ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པའི་བདག་མ་དམིགས་པ་ཡིན་ནོ། །འོ་ན་ལུས་ལ་སོགས་པ་བདག་གི་རྟེན་ དུ་སྨྲ་བ་རྣམས་མི་འདོད་པ་མ་ཡིན་ནམ། གང་གི་ལུས་ལ་བདག་ཡོད་མིན། །ཞེས་གང་སྨྲས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་བཀག་པ་ན་མི་འདོད་པ་ཅི་ཡང་མེད་དོ་ཞེ་ན། བདེན་ཏེ། ཁོ་བོ་ཅག་གིས་ཀྱང་འདིར་བརྟེན་པ་ཡིན་པ་དགག་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་བསྟན་པ་ ཡིན་ནོ། །ཐམས་ཅད་དུ་ཡང་མི་དམིགས་པས་ལྡན་པ་ཁོ་ན་དགག་པར་བྱ་བ་ཁོ་ན་ཡིན་ཏེ། དགག་པར་བྱ་བ་བུམ་པ་ལ་སོགས་པ་ཡང་ལྡན་པའི་ཕྱིར་རོ། །བརྟེན་པ་ཁོ་ན་ནི་ལྡན་པ་མ་ཡིན་ཏེ། བརྟེན་པ་མ་ཡིན་པ་དང་དེ་ལྟ་བུ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བརྟེན་པ་མ་ཡིན་པའི་ བདག་དང་ལྡན་པའི་ཕྱིར་ལུས་ལ་སོགས་པ་བདག་དང་བཅས་པར་ཡང་མི་འགྱུར་རོ། །འདིར་ལུས་ལ་སོགས་པ་དགག་བྱའི་རྟེན་དུ་གཟུང་བ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པ་དང་མེད་པའི་ཐ་སྙད་དག་གི་རྟེན་ཡིན་པས་ན་སྐྱོན་མེད་དོ། །འོ་ན་མི་དམིགས་པ་འདི་ རེ་ཞིག་དམིགས་པ་མེད་པ་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་གཞན་དམིགས་པའི་རང་བཞིན་ཡང་མ་ཡིན་ཏེ། བདག་དང་ཤེས་པ་གཅིག་ལ་འདྲེ་བ་གང་ཡང་མེད་པའི་ཕྱིར་རོ། །ཤེས་པ་ཐ་དད་པ་དམིགས་པའི་དངོས་པོ་དམིགས་ པའི་རང་བཞིན་ཡང་མ་ཡིན་ཏེ། དེ་མེད་པར་སྒྲུབ་པ་ལ་མི་མཁོ་བའི་ཕྱིར་རོ། །ཉེ་བར་མཁོ་ན་ནི་སྒྲ་དམིགས་པས་ཀྱང་གཟུགས་མེད་པ་སྒྲུབ་པར་ཐལ་བའི་ཕྱིར་རོ། །རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་བས་མི་དམིགས་པ་འདི་ཅིའི་བདག་ཉིད་ཡིན་པ་མི་ཤེས་སོ་ཞེ་ན། བརྗོད་པ། ཕྱོགས་ བར་མ་ཉིད་ཁོ་བོ་ཅག་གི་འདོད་པ་ཡིན་ཏེ། བདག་ཏུ་ཤེས་པ་ནི་བདག་གི་ཡུལ་ཅན་དུ་ཕ་རོལ་གྱིས་བཏགས་པ་ཡིན་ལ། དེ་ཡང་ལུས་སུ་གཏོགས་པ་ཡིན་ལ་དམིགས་བཞིན་པར་ཤིན་ཏུ་གསལ་བར་མྱོང་སྟེ། དེའི་ཕྱིར་ལུས་ལ་སོགས་པ་ཉིད་བདག་དང་ཤེས་པ་གཅིག་ལ་འདྲེ་བ་ཡིན་ཞིང་། བདག་གི་ཤེས་པའི་ཡུལ་དུ་གྱུར་པ་དེ་ལས་ཐ་དད་པ་ནི་ཉམས་སུ་མྱོང་བ་མེད་པས་ན་ལུས་དེ་དམིགས་པ་ཁོ་ན་དེ་མི་དམིགས་པ་ཡིན་ནོ། །གལ་ཏེ་ལུས་ལ་སོགས་པ་ཐ་དད་པའི་བདག་གི་དོན་ཅན་གྱི་ཤེས་པའི་ཡུལ་མེད་པ་ན། བདག་གི་ལུས་ལ་སོགས་པ་ཞེས་བྱ་བར་མི་འགྱུར་ལ། ཤེས་པ་འདི་ནི་ ཡོད་པ་ཡིན་ཏེ། དེ་བས་བདག་གི་དོན་ཅན་ནི་ལུས་ལ་སོགས་པ་ལས་ཐ་དད་པར་རྟོགས་པར་བལྟ་བར་བྱའོ། །དེས་ན་མ་དམིགས་སོ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དེ་ནི་མི་བདེན་ཏེ། ཐ་དད་པ་མེད་ཀྱང་མངོན་པར་ཞེན་པའི་ཤེས་པ་སྐྱེ་བའི་ཕྱིར་ཏེ། དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། ། འདིར་དམིགས་པ་ཤེས་པ་ཙམ་ཡང་མ་ཡིན་གྱི། འོན་ཀྱང་མངོན་སུམ་དུ་འདོད་པའི་ཤེས་པ་ཡིན་ལ། འདི་ཉིད་ཀྱང་མངོན་སུམ་གྱི་ཤེས་པ་མ་ཡིན་ཏེ། མཆི་གུའི་ལུས་ལས་གཞན་པའི་ཤེས་པ་མངོན་སུམ་མ་ཡིན་པ་དང་ཁྱད་པར་མེད་པའི་ཕྱིར་དང་། དེ་དང་ཁྱད་པར་མེད་པའི་མངོན་སུམ་ཡིན་ན་ དེ་ཡང་མངོན་སུམ་དུ་ཐལ་བའི་ཕྱིར་རོ། །མངོན་སུམ་ཡིན་ཡང་དངོས་པོ་ཐ་དད་པར་རྣམ་པར་འཇོག་པའི་ཡན་ལག་ཏུ་ཐལ་བའི་ཕྱིར་རོ། །ཇི་ལྟར་བདག་གི་ལུས་ལ་སོགས་པའོ་སྙམ་དུ་ཤེས་པ་དེ་བཞིན་དུ་ངའི་བདག་གོ་སྙམ་དུ་ཡང་འགྱུར་བ་ཁོ་ན་སྟེ། དེས་ན་འདིས་ནི་ལྷ་རྣམས་དགའ་བ་ཡིན་ནོ། ། བདག་དོན་ཅན་ལས་ཐ་དད་པའི་ཤེས་པ་གཞན་ཚད་མར་བྱེད་ན་ཁྱད་པར་མེད་པའི་ཕྱིར་འདི་ཡང་ཚད་མར་བྱ་བར་འོས་ལ། ཚད་མར་བྱེད་ན་ཡང་དག་གཞན་ཡང་རྣམ་པར་གཞག་པར་འགྱུར་རོ། །ཇི་སྟེ་ངའི་ལུས་ལ་སོགས་པའོ་སྙམ་པའི་ཤེས་པ་འདི་མཆི་གུའི་ལུས་ལས་ཐ་དད་པའི་རྟོགས་པའི་ ཕྱོགས་སུ་འཇོག་ན་ནི། དེ་ལྟ་ན་བདག་ཀྱང་འཇོག་པར་འགྱུར་ཏེ། མངས་པས་བཞག་གོ། །དེས་རྟོགས་པའི་བདག་ཉིད་མ་ཡིན་པའི་བདག་མི་དམིགས་པས་བཟོད་དོ་ཞེས་བྱ་བ་ནི་གནས་པ་ཡིན་ནོ། །གཞན་ཡང་བདག་དེ་ནི་ཤེས་པ་པོར་འདོད་པ་ཡིན་ན། རྟོགས་པའི་ངོ་བོ་མ་ཡིན་པ་ནི་ཅི་ལྟར་ཡང་ ཤེས་པ་པོ་ཉིད་དུ་རིགས་པར་མ་མཐོང་ངོ་། །ཤེས་པའི་བདག་ཉིད་མ་ཡིན་པ་ཡང་ཤེས་པ་དང་འབྲེལ་པས་ཤེས་པ་ཉིད་དུ་མི་འགལ་ལོ་ཞེ་ན། འོ་ན་མིག་ལ་སོགས་པ་ཡང་ཤེས་པ་པོ་ཉིད་དུ་མི་འགལ་བ་ཉིད་དོ། །ཤེས་པ་དང་འདུ་ཤེས་པ་པོ་ཉིད་ཡིན་ཏེ། དེས་ན་ཐལ་བ་འདི་མེད་དོ་ཞེ་ན། དེ་ ལྟ་ན་ཡང་ཐལ་བ་ཇི་ལྟར་མེད། མིག་ལ་སོགས་པ་ལ་ཤེས་པ་དང་འདུ་བ་མེད་པའི་ཕྱིར་རོ། །འོ་ན་བདག་ཀྱང་ཤེས་པ་པོ་ཉིད་དུ་མི་འགྱུར་ཏེ། དེ་ལ་ཡང་དེ་མི་འཐད་པའི་ཕྱིར་རོ། །དེ་ནི་བརྟེན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང་། ལུས་ཅན་མ་ཡིན་པ་ནི་བརྟེན་པ་མ་ཡིན་པའི་ཕྱིར་རོ། ། འདུ་བ་གཅིག་ཡིན་པ་ན་འགའ་ལས་ཤེས་པ་དང་འདུ་བ་མེད་པ་མ་ཡིན་པའི་ཕྱིར་དང་། འདུ་བ་གཅིག་ཡིན་པ་ཉིད་ཀྱིས་འགར་ཡང་ཤེས་པ་དང་འདུ་བ་མི་འཐད་པའི་ཕྱིར་དང་། གཉིས་པ་ཁས་ལེན་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །དེ་མེད་ན་ཡང་འདི་ནའོ་ཞེས་བྱ་བའི་འདུ་བའི་དོན་མེད་ པའི་ཕྱིར་དང་། ཤེས་པ་བདག་ལ་འདུས་པ་ཡིན་ལ། དེ་ལ་ཤེས་པ་དང་འདུ་བ་ནི་མེད་དོ་ཞེས་བྱ་བའི་རྟོགས་པ་འདི་ཡང་འགལ་བའི་ཕྱིར་རོ། །ཤེས་པའི་བྱེད་པ་པོ་ཡིན་པས་ན་བདག་ཁོ་ན་ཤེས་པ་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན། འབྲས་བུ་ཚོགས་པ་ལས་སྐྱེ་བ་ནི་འདིའི་བྱེད་པ་པོ་ཡིན་ ནོ་ཞེས་བྱ་བ་འདི་ཅི་ཡིན་མ་རིག་གོ། །རྒྱུ་ཡིན་པ་ཙམ་གྱིས་ནི་བྱེད་པ་པོ་མ་ཡིན་པས་བ་ལང་ལོག་པ་ན་རྟ་ལ་སོགས་པ་བཞིན་དུ། དེ་ལོག་པ་ན་སྲོག་ལ་སོགས་པ་ཇི་ལྟར་ལྡོག་པར་འགྱུར། དེས་ན། དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་ ལྡན་ཞེས་ཏེ། །ཕྱུགས་ཀྱང་ལྡན་པ་མིན་ནམ་ཅི། །ཞེས་གསུངས་སོ། །འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་གསོན་པོའི་ལུས་འདི་ནི་ནམ་མཁའི་པདྨ་དང་མི་ལྡན་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་ན་བུམ་པ་བཞིན་ནོ་ཞེས་ནམ་མཁའི་ པདྨ་ཡང་རྗེས་སུ་དཔོག་པར་འགྱུར་རོ། །ནམ་མཁའ་པདྨ་དང་སྲོག་ལ་སོགས་པ་ལ་འབྲེལ་པ་མེད་པའི་ཕྱིར་མ་ཡིན་ནོ་ཞེ་ན། བདག་དང་ཡང་འབྲེལ་བ་ཅི་ཡོད། བདག་ལྡོག་པ་ལ་སྲོག་ལ་སོགས་པ་ལྡོག་པར་མཐོང་བའི་ཕྱིར་འབྲེལ་བ་མེད་ཀྱང་སྐྱོན་མེད་དོ་ཞེ་ན། ནམ་མཁའི་པདྨ་ལྡོག་ པ་ལ་ཡང་དེ་མཐོང་བས་ན་དེར་ཡང་འབྲེལ་པ་མེད་པར་ཅིའི་ཕྱིར་བརྗོད། གཞན་ཡང་བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པར་མཐོང་བ་འདི་གང་དུ་ཡིན། བུམ་པ་ལ་སོགས་པ་ལའོ་ཞེ་ན། དེ་ལ་ཡང་བདག་ལྡོག་པར་ཚད་མ་གང་ལས་རྟོགས། མི་དམིགས་པ་ལས་སོ་ཞེ་ན། འདི་ནི་ ཚིག་གཅིག་ཙམ་ཡིན་ཏེ། གལ་ཏེ་མི་དམིགས་པ་ལས་བདག་ལྡོག་པ་གྲུབ་པར་འདོད་ན། གསོན་པོའི་ལུས་ལ་ཡང་ཅི་སྟེ་མི་འདོད། གཞན་གྱི་ལུས་དང་འབྲེལ་པའི་བདག་ནི་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྩོད་པ་མེད་པ་ཁོ་ནའོ། །གལ་ཏེ་བདག་གི་ལུས་དང་འབྲེལ་པ་ཡང་དམིགས་ པ་ཡིན་ནོ། །ལྡོག་པ་ཅན་གྱི་གཏན་ཚིགས་བཀོད་པས་ཅི་ཞིག་བྱ། དེས་ན་གལ་ཏེ་མི་དམིགས་པ་འདི་འགའ་ཞིག་ཏུ་བདག་དང་འབྲེལ་བ་མེད་པ་སྒྲུབ་པར་བྱེད་པ་ཡིན་ན་གསོན་པོའི་ལུས་ལ་ཡང་སྒྲུབ་པར་འགྱུར་ལ། ཡང་ན་འགར་ཡང་མ་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །མི་དམིགས་ པ་ཙམ་གྱིས་དོན་མེད་པར་འགྲུབ་པ་ཡང་མ་ཡིན་ཏེ། ཡོད་པ་འགའ་ཞིག་ཀྱང་ཅི་ཞིག་ལྟར་མི་དམིགས་པ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འགར་ཡང་བདག་ལྡོག་པར་མཐོང་བ་མེད་པས་ན། དེ་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པ་ཡང་འགར་ཡང་མ་མཐོང་བས་ལྡོག་པའི་སྒོ་ནས་ཀྱང་སྲོག་ ལ་སོགས་པ་བདག་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་བདག་མེད་པར་གཞན་ལ་སྲོག་ལ་སོགས་པ་དང་ལྡན་པར་མ་མཐོང་བའི་ཕྱིར་ན། གསོན་པའི་ལུས་ལ་ཡང་བདག་མེད་ན་དེ་མེད་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་དེ་ལ་བདག་དང་བཅས་པ་ཉིད་རྗེས་སུ་དཔོག་ན། བུམ་པ་ལ་ བུམ་པ་ཡིན་པ་ཉིད་ཀྱི་རྗེས་སུ་དཔོག་པར་འགྱུར་ཏེ། བདག་མེད་པར་གཞན་ལ་བུམ་པ་ཉིད་མ་མཐོང་བའི་ཕྱིར་རོ། །དེ་ལ་ཡང་བདག་མེད་ན་དེ་མེད་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་གསོན་པོའི་ལུས་ལ་བདག་དང་བཅས་པ་རྗེས་སུ་དཔོག་པ་དེ་བཞིན་དུ་ལག་པ་ ལ་སོགས་པ་དང་ལྡན་པའི་ཕྱིར་ཤི་བའི་ལུས་ལ་ཡང་དེ་རྗེས་སུ་དཔོག་པར་འགྱུར་ཏེ། དེ་ལ་ཡང་བདག་མེད་ན་བུམ་པ་བཞིན་དུ་ལག་པ་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་རོ། །འོན་ཏེ་བདག་མེད་པར་ཁྱད་པར་མེད་ཀྱང་ཆོས་ཅན་འགའ་ཞིག་ཁོ་ན་ལ་བུམ་པ་ཉིད་དང་ལག་པ་ལ་སོགས་པ་ དང་ལྡན་པ་ཉིད་ཡོད་པ་ལ་འགལ་བ་མེད་དོ་ཞེས་བརྗོད་ན། སྲོག་ལ་སོགས་པ་དང་ལྡན་པ་ལ་ཡང་དེ་སྐད་དུ་སྨྲ་བའི་ཁ་ཡོན་པོར་མི་འགྱུར་རོ། །གང་ཡང་ཁ་ཅིག་གིས་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། ། ཞེས་པ་དག་གིས་སྒྲུབ་བྱེད་བརྗོད་པ་དེ་ཡང་སྙིང་པོ་མེད་པ་ཡིན་ཏེ། གཞན་གྱི་དོན་ཙམ་སྒྲུབ་ན་གྲུབ་པ་སྒྲུབ་པའི་ཕྱིར་དང་། འདུས་པ་རྣམས་གཞན་གྱི་དོན་ཉིད་ཡིན་པའི་ངེས་པ་མེད་པས་ན་མི་མཐུན་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཡང་ཕྱིར་རོ། །གཞན་གྱི་དོན་ཉིད་ཀྱི་ཁྱད་པར་སྒྲུབ་ན་གཏན་ ཚིགས་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དང་། དཔེའི་ཡང་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བའི་སྒོའམ། ལོག་པའི་སྒོ་ནས་བདག་གིས་སྒྲུབ་བྱེད་རབ་ཏུ་སྦྱར་བ་གཞན་ཡང་བརྗོད་ཟིན་པའི་སུན་འབྱིན་པ་ཐུན་མོང་ཡིན་པས་ན། གུད་དུ་སུན་དབྱུང་བས་ བརྟགས་ཟིན་པ་བརྟག་པར་མི་བྱའོ། །དེས་ན་དེ་ལྟར་སྒྲུབ་པར་བྱེད་པའི་ཚད་མ་མེད་པས་ན་བདག་འདི་ཡོད་པའི་ཐ་སྙད་བྱ་བར་འོས་པ་མ་ཡིན་ནོ། །གནོད་པར་བྱེད་པའི་ཚད་མས་ལམ་དུ་བྱས་པ་ན་འདི་མེད་པའི་ཐ་སྙད་ཁོ་ནར་བྱ་བའི་དུས་ལ་བབ་པར་མཐོང་སྟེ། བདག་ཡོད་ན་རྟོགས་པའི་ངོ་བོ་ འམ། རྟོགས་པ་མ་ཡིན་ཏེ། གཞན་ཡང་དེར་ཐལ་བའི་ཕྱིར་རོ། །རྒྱུའི་ཚོགས་པའི་རབ་སྦྱོར་བ་པོ་ཉིད་ཀྱིས་རང་དབང་ཅན་གྱི་སྒོ་ནས་ཀྱང་མ་ཡིན་ཏེ། བེམས་པོ་ལ་དེ་མི་འཐད་པའི་ཕྱིར་རོ། །མངོན་པར་རློམ་པ་ཙམ་གྱིས་ནི་ལུས་ལ་སོགས་པ་ཉིད་བྱེད་པ་པོར་རིགས་ཏེ། ངས་ཤེས་སོ་སྙམ་དུ་ཤེས་པ་དེ་ཉིད་སྣང་བའི་ཕྱིར་རོ། །རྟག་པ་དང་ཁྱབ་པ་ལ་ནི་ལྡོག་པ་ཞེས་བྱ་བ་ཡོད་པ་མ་ཡིན་ལ། ལྡོག་པ་མེད་པ་ཡང་རྒྱུ་ཞེས་བྱ་བ་མ་ཡིན་ཞིང་། རྒྱུ་མ་ཡིན་པ་ཡང་བྱེད་པ་པོ་ཞེས་བྱ་བ་མ་ཡིན་ཏེ། དེའི་ཕྱིར་བདག་ནི་བེམས་པོ་ཡིན་ལ་ཤེས་པ་དང་ལྡན་པས་ན་ཤེས་ པ་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་གཡར་པོའི་རྒྱན་ཡིན་ནོ། །འདི་ནི་འདིའི་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱེད་པ་པོ་ཉིད་དང་དེའི་འབྲས་བུ་ལོངས་སྤྱོད་པ་པོ་ཉིད་ཀྱང་བསལ་བ་ཡིན་ཏེ། ཤེས་པ་མེད་པ་འོང་བ་ལ་སོགས་པ་དང་ཁྱད་པར་མེད་པ་ལ་དེ་མི་འཐད་པའི་ཕྱིར་རོ། །ཤེས་པ་དང་འབྲེལ་པ་ཡང་ འབྲེལ་པ་གཞན་མེད་པར་མེད་པའི་ཕྱིར་རོ། །རྟོགས་པའི་བདག་ཉིད་ཅན་གྱི་བདག་ལ་ཡང་དེ་གཉི་ག་མི་སྲིད་དེ། གཅིག་པོ་དེ་དང་ཐ་དད་པ་མེད་པས་ན་བྱ་བ་དང་། ལོངས་སྤྱོད་པ་དག་གཅིག་ཏུ་ཐལ་བའི་ཕྱིར་ལ། རྒྱུ་དང་འབྲས་བུ་ནི་དེ་དང་འགལ་བའི་ཕྱིར་རོ། །ཐ་དད་ན་ཡང་ལོངས་སྤྱོད་ པ་པོ་དང་བྱེད་པ་པོ་ཉིད་ཉམས་པར་ཐལ་བའི་ཕྱིར་ཏེ། དམིགས་པའི་ངོ་བོ་བྱ་བ་དང་ལོངས་སྤྱོད་པ་དག་ལས་ནི་ཐ་དད་པ་དག་ནི་མེད་པའི་ཕྱིར་དང་། ཐ་དད་པ་མེད་པ་དག་ཡིན་ན་ཡང་བེམས་པོའི་ངོ་བོ་བཞིན་དུ་བདག་ལ་བྱ་བ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་རོ། །གཞན་ཡང་བདག་ནི་རྟག་པ་དང་ཁྱབ་ པར་དེ་སྨྲ་བ་རྣམས་འདོད་ལ། དེ་སྣང་རུང་ཡིན་ན་རྟག་པ་དང་ཁྱབ་པ་ཉིད་དུ་མི་སྲིད་དེ། དེའི་ངོ་བོ་ཡིན་ན་ཁོ་ན་བཞིན་དུ་མངོན་སུམ་ཡིན་པ་ན་སྔོན་དང་ཕྱི་མའི་འཇིག་རྟེན་གཞན་དང་གཞན་འབྲེལ་པ་ཉིད་དང་ཡུལ་ཐམས་ཅད་ན་གནས་པའི་ལུས་དང་ལྡན་པས་རྫས་མ་ལུས་པ་དང་འབྲེལ་པའི་རང་བཞིན་དུ་ འཛིན་པར་ཐལ་བའི་ཕྱིར་ལ། དེ་ལྟར་འཛིན་ན་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང་འཛིན་པར་འགྱུར་རོ། །བདག་རང་གི་ངོ་བོ་ཙམ་གྱི་སྒོ་ནས་མངོན་སུམ་ཡིན་གྱི། རྟག་པ་དང་ཁྱབ་པའི་སྒོ་ནས་མ་ཡིན་ཏེ། དེས་ན་ཐལ་བ་འདི་མེད་དོ་ཞེ་ན། དེའི་རྟག་པ་དང་ཁྱབ་པ་ཡང་འདིའི་ངོ་བོ་མ་ཡིན་ནམ། དེ་དག་ཆོས་གཞན་ཡིན་པས་ན་དེ་ལྟ་བུ་ཡིན་ནོ་ཞེ་ན། དེ་ལྟ་ན་འདི་རྟག་པ་དང་ཁྱབ་པ་ཡིན་ནོ། །དེ་དག་དང་འབྲེལ་པས་དེ་ལྟ་བུ་ཡིན་ནོ་ཞེ་ན། འོ་ན་རང་གི་ངོ་བོ་རྟག་པ་དང་ཁྱབ་པ་མ་ཡིན་པ་བུམ་པ་ལ་སོགས་པ་དང་མཚུངས་པ་དེ་དག་དང་ཇི་ལྟར་འབྲེལ། ཅི་སྟེ་འབྲེལ་པ་ཉིད་ཀྱིས་ན་བདག་རྟག་ པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན། ཁྱབ་པ་ཡང་མ་ཡིན་མ་ཁྱབ་པ་ཡང་མ་ཡིན་པར་འདོད་ན། དེའི་ཚེ་དེ་ལ་ངོ་བོ་ཅི་ཡང་མེད་པས་རང་བཞིན་མེད་པར་འགྱུར་ཏེ། ངོ་བོ་དང་ལྡན་པ་ལ་ཕན་ཚུན་སྤངས་པར་གནས་པའི་རྣམ་པ་གཉིས་ལས་ཕྱི་རོལ་དུ་གྱུར་པ་མེད་པའི་ཕྱིར་རོ། །ནམ་མཁའི་ པདྨ་དང་མཚུངས་པའི་ངོ་བོ་མེད་པ་ལ་ནི་རྟག་པ་ཉིད་ལ་སོགས་པ་དང་འབྲེལ་པ་ཡང་མི་འཐད་དོ། །དེའི་ངོ་བོ་དང་ལྡན་པ་ཁོ་ན་ཡིན་ལ་རང་གི་བདག་ཉིད་ཀྱིས་ནི་རྟག་པ་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། ཐ་སྙད་རྣམས་ནི་དོན་གཞན་དུ་གྱུར་པའི་ཆོས་དང་འབྲེལ་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་ རོ་ཞེ་ན། རྟག་པ་ལ་སོགས་པའི་ཐ་སྙད་མེད་མོད། དེའི་རང་གི་ངོ་བོ་ཡུལ་དུས་ཐམས་ཅད་དུ་ཁྱབ་པ་ཡིན་ནམ་འོན་ཏེ་མ་ཡིན། ཕྱོགས་དང་པོ་ལ་ནི་ཐ་དད་པའི་ཆོས་མི་འཛིན་ཀྱང་གཟུང་བཞིན་པའི་ངོ་བོ་ཉིད་དུ་འཛིན་དགོས་པས་ཐལ་བ་མི་ལྡོག་གོ། །ཕྱི་མ་ལ་ནི་བུམ་པ་ལ་སོགས་པ་བཞིན་དུ་ དེའི་ཆོས་ཅན་དུ་མི་འཐད་པ་དེ་ཉིད་ཡིན་ནོ། །དེས་ན་སྣང་རུང་གི་བདག་ལ་ནི་རྟག་པ་དང་ཁྱབ་པ་ཉིད་མི་སྲིད་པ་ཁོ་ནའོ། །སྣང་དུ་མི་རུང་བ་ཉིད་ཡིན་ན་ཡང་དེ་ལ་དེ་གཉིས་མི་སྲིད་དེ། རྟག་པ་ཡིན་ན་འདིའི་བདེ་བ་དང་འབྲེལ་པའི་རང་བཞིན་གང་ཡིན་པ་དེ་ཉིད་སྡུག་བསྔལ་དང་འབྲེལ་པ་ཡིན་པ་ན། ཅིག་ ཅར་དུ་བདེ་བ་དང་སྡུག་བསྔལ་དུ་འབྲེལ་པར་འགྱུར་རོ། །དེའི་འཇིག་རྟེན་ཕ་རོལ་གྱི་ལུས་དང་ལྡན་པའི་ངོ་བོ་གང་ཡིན་པ་དེ་ཉིད་འཇིག་རྟེན་འདིའི་ལུས་དང་ལྡན་པའི་ངོ་བོ་ཡང་ཡིན་པས་ན་དུས་གཅིག་ཏུ་འཇིག་རྟེན་གཉིས་ལ་ཡོད་པའི་ལུས་དང་འབྲེལ་པར་ཐལ་ཏེ། དེ་དང་འབྲེལ་པ་ཅན་གྱི་ངོ་བོ་རྗེས་སུ་འཇུག་ པ་ན་ངེས་པར་དེ་ཡང་རྗེས་སུ་འཇུག་པའི་ཕྱིར་ཏེ། ལྕགས་སུ་བཅུག་པའི་སྐྱེས་བུ་དྲངས་པས་ལྕགས་ཀྱང་འདྲེན་པ་བཞིན་ནོ། །དེ་ངོ་བོ་གཅིག་པ་ཡིན་པའི་ཕྱིར། ངོ་བོ་ཐ་དད་པ་ལ་བརྟེན་པའི་ཉམས་སུ་མྱོང་བ་དྲན་པ་དང་ངོ་ཤེས་པ་དང་མཐོང་བའི་དོན་ལ་ངོ་བོ་མཚན་དང་བྲལ་བ་དང་རང་གིས་གཏམས་པ་ སླར་ལེན་པ་དང་། རྒྱུ་དང་འབྲས་བུའི་ངོ་བོར་འཛིན་པ་དང་བཅིངས་པ་དང་གྲོལ་བ་ལ་སོགས་པའི་རྣམ་པར་གཞག་པ་བཤིག་པར་འགྱུར་རོ། །ཁྱབ་པ་ཡིན་ན་ཡང་དེའི་ལྷོ་ཕྱོགས་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ཉིད་བྱང་ཕྱོགས་ན་ཡོད་པའི་དངོས་ པོ་ལ་ཁྱབ་པར་བྱེད་པ་ཡིན་པས་ན། དེ་དག་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །གལ་ཏེ་བྱང་ཕྱོགས་དང་ལྷོ་ཕྱོགས་ན་གནས་པའི་དངོས་པོ་མེད་ན་དེའི་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། ཁྱབ་པར་བྱ་བ་མེད་ན་ཁྱབ་པར་བྱེད་པ་ཡོད་པར་མི་འཐད་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་ བ་ཡོད་པར་མི་དབང་བ་མ་ཡིན་ནམ། ཁྱབ་པར་བྱ་བ་དེ་མེད་པར་ཁྱབ་པར་བྱེད་པ་ཡོད་པ་ལ་འགལ་བ་ཅི་ཡོད་ཅེ་ན། འོ་ན་ཁྱབ་པར་བྱ་བ་མེད་ན་དེས་གང་ལ་ཁྱབ་པར་བྱེད་དེ། ཁྱབ་པར་མི་བྱེད་པ་ནི་ཁྱབ་པར་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པ་ལ་ལྟོས་ལའི་ཁྱབ་པར་བྱ་བ་དེ་མེད་པར་ མེད་པ་དེ་བཞིན་དུ་ཁྱབ་པར་བྱ་བ་ལ་ལྟོས་པའི་ཁྱབ་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །རྩོལ་བ་ལས་བྱུང་བ་མེད་པའི་ཡོད་པའི་མི་རྟག་པ་དེའི་ཁྱབ་བྱེད་ཡིན་པ་ཁོ་ན་མ་ཡིན་ནམ་ཞེ་ན། ཀྭའི་རྟག་པ་ཞེས་བྱ་བ་རྩོལ་བ་ལས་བྱུང་བ་དང་། ཅིག་ཤོས་ཐུན་མོང་བ་སྤྱི་གཅིག་ནི་ཡོད་ པ་མ་ཡིན་གྱི། འོན་ཀྱང་དངོས་པོ་མི་རྟག་པ་རྣམས་ཀྱི་མི་གནས་པའི་རང་བཞིན་ཁོ་ན་ལ་ཁྱད་པར་གཞན་སྤངས་ནས་དེ་སྐད་དུ་བརྗོད་པ་ཡིན་ནོ། །དེ་ལྟ་ཡིན་པ་ན་དོན་དམ་པར་ན་རྩོལ་བ་ལས་བྱུང་བ་ཉིད་ཀྱིས་ཁྱབ་པར་བྱེད་པ་མི་རྟག་པ་ནི་རྩོལ་བའི་དེ་མ་ཐག་ཏུ་སྐྱེ་བའི་སྐྱེ་བ་ཅན་རྣམས་ཀྱི་བདག་ཉིད་དུ་གྱུར་པ་ ཁོ་ན་ཡིན་གྱི། གཞན་ན་མ་ཡིན་ནོ། །ངེས་པས་ནི་རྟག་པ་ལས་ལྡོག་པ་ཙམ་ཉེ་བར་བཟུང་ནས་དངོས་པོ་མི་རྟག་པ་ཐམས་ཅད་ཀྱི་ཐུན་མོང་བ་མི་རྟག་པ་གཅིག་ཏུ་སྟོན་པར་བྱེད་ལ། དེའི་ངོར་ཁྱབ་པར་བྱ་བ་མེད་ཀྱང་དེ་ཡོད་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཡུལ་གཞན་ན་ཡོད་པའི་དངོས་པོ་ལ་ཁྱབ་ པར་བྱེད་པའི་ངོ་བོ་དེ་ལས་གཞན་པའི་ཡུལ་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པ་ཡིན་ན། དེ་དག་ཡུལ་གཅིག་པར་ཐལ་བ་བཟློག་པར་མི་ནུས་པ་ཁོ་ནའོ། །ཇི་ལྟར་འབྲས་བུ་གཅིག་ཡུལ་དུ་མ་ན་གནས་པའི་རྒྱུ་དང་འབྲེལ་པ་ཡིན་ལ། དེ་དག་ཡུལ་གཅིག་པ་ཉིད་དུ་ཡང་མི་འགྱུར་བ་དེ་བཞིན་དུ། འདིར་ཡང་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མི་མཚུངས་པའི་ཕྱིར་རོ། །གང་གི་ཡུལ་ཐ་དད་པ་ཉིད་ཡིན་ན་འབྲས་བུ་དང་འབྲེལ་པ་ལས་འགལ་བས་ན་ཡུལ་གཅིག་པ་ཉིད་དུ་འགྱུར་བ་འབྲས་བུ་ནི་དེའི་ཡུལ་ན་ཉེ་བའི་རང་བཞིན་ཉིད་ཀྱི་རྒྱུ་དང་འབྲེལ་བ་མ་ཡིན་གྱི། འོན་ཀྱང་དེ་ཡོད་པ་དང་མེད་པའི་ རྗེས་སུ་བྱེད་པ་ཉིད་ཀྱི་ཡིན་ལ། དེ་ནི་རྒྱུ་རྣམས་ཡུལ་ཐ་དད་པ་ཡིན་ཡང་མི་འགལ་བ་ཉིད་དོ། །སྦྱོར་བའི་འབྲེལ་བས་སྦྱོར་བ་ཅན་རྣམས་དང་འབྲེལ་པ་ཡིན་པས་དེ་ཁོ་ན་ལ་ཐལ་བ་འདིར་འགྱུར་བ་ཡིན་ནོ། །རྟག་པ་དང་ཁྱབ་པ་མེད་པས་ཀྱང་བདག་མེད་པར་གྲུབ་པ་ཡིན་ནོ། །བདག་མེད་ན་གཞན་གྱི་ མྱོང་བ་གཞན་གྱི་དྲན་པ་ཞེས་བྱ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མྱོང་བ་དང་དྲན་པ་འདི་དག་ནི་འགའ་ཞིག་དང་འབྲེལ་པ་ཅན་དུ་སྒྲུབ་པ་མ་ཡིན་ཏེ། བྱེད་པ་པོ་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་གསལ་བར་མྱོང་བ་ལ་དྲན་པའི་ས་བོན་གཞག་པ་སད་པའི་རིམ་པས་དྲན་པ་སྐྱེ་བ་ཡིན་ནོ། །འོན་ཏེ་ བྱེད་པ་པོ་བརྟགས་ནས་འདི་དག་གིས་བྱེད་པ་པོ་ཐ་དད་པར་བརྗོད་ན་འགལ་བ་ཅི་ཡོད་དེ། གཞན་གྱི་དྲན་དང་སྤྱོད་སོགས་པའི། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །དེས་ནི་འགའ་ཞིག་མི་དྲན་ཕྱིར། །མྱོང་ལས་དྲན་པར་འབྱུང་བ་ཡིན། །ཞེས་གང་གསུངས་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་ ཕྱིར་རྒྱུད་གཞན་གྱི་མྱོང་བ་ལ་སོགས་པ་ལས་རྒྱུ་གཞན་གྱི་དྲན་པ་ལ་སོགས་པ་མ་ཡིན་ཏེ། མང་དུ་སྨྲས་པས་ཆོག་གོ། །འདུས་བྱས་ཀྱི་གྲངས་ངེས་པས་བདག་བཀག་པའི་ཕྱིར་འདུས་བྱས་བདག་མེད་པ་གྲུབ་ཀྱི་དངོས་སུ་ཁྱད་པར་དུ་བྱས་པ་ནི། སྐྱེས་བུའི་དོན་གྱི་མཆོག་ལ་ཉེ་བར་མཁོ་བས་གཙོ་བོ་ཡིན་པའི་ཕྱིར་རོ། །ཇི་ སྟེ་འདུས་བྱས་འདི་ཁ་ཅིག་སྨྲ་བ་བཞིན་དུ་འགའ་ཞིག་བློ་སྔོན་དུ་བཏང་ནས་བཀོད་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ཏེ། བྱེད་པོ་མེད་ཅེས་སྨོས་སོ། །འདི་ལ་བྱེད་པ་པོ་མེད་པས་ན་བྱེད་པ་པོ་ཡོད་པ་མ་ཡིན་པའོ། །འདི་ལྟར་འགྲོ་བ་འདི་ལ་བྱེད་པ་པོ་ཡོད་ན་རྟག་པ་ཡིན་ནམ་མི་རྟག་པ་ཡིན་གྲང་། དེ་ལ་རེ་ཞིག་རྟག་པ་ནི་མ་ཡིན་ཏེ། དེ་ཡིན་ན་འབྱུང་བ་དང་གནས་པ་དང་འཇིག་པ་རྣམས་ངེས་པར་ཅིག་ཅར་བར་འགྱུར་བའི་ཕྱིར་ཏེ། བྱེད་པ་པོ་དེའི་ངོ་བོ་གང་གནས་པ་དང་། འཇིག་པའི་རྐྱེན་ཉིད་དུ་འགྱུར་བ། དེ་ནི་འབྱུང་བའི་དུས་སུ་ཡང་ཉེ་བ་ཡིན་པས་ན། དེ་ཉིད་ཀྱི་ཚེ་དེ་དག་ཀྱང་བྱེད་པར་འགྱུར་རོ། ། ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་མི་བྱེད་དོ་ཞེ་ན། འདི་ནི་གཏམ་རྒྱུད་ཡིན་ཏེ། རེ་ཞིག་ལྷན་ཅིག་བྱེད་པ་རྟག་པ་རྣམས་ལ་ནི་རང་གི་ངོ་བོ་མ་ཚང་བ་མི་སྲིད་ཅིང་། དེ་ལ་ལྟོས་ནས་ཉེ་བ་རྣམས་ཀྱི་ཉེ་བ་དང་བྲལ་བ་ཡང་མ་ཡིན་ནོ། །མི་རྟག་པ་རྣམས་ཡིན་ན་ཡང་སྐྱེ་བ་ལ་སོགས་པ་དེ་ལ་ལྟོས་པ་ རྣམས་ལ་མ་ཚང་བ་ཞེས་བྱ་བ་ག་ལ་ཡོད། ཅི་སྟེ་ཡང་གལ་ཏེ་འདི་རྐྱེན་གཞན་ཡོད་པ་དང་མེད་པ་གང་ལ་བདག་གི་དེ་ཁོ་ན་ཐ་དད་པར་མ་གྱུར་བྱེད་པ་པོ་ཡིན་ན། དེ་དང་བྲལ་བ་ན་ཡང་ཅི་སྟེ་མི་བྱེད། དེ་ནི་ཚོགས་པ་ན་ཡང་གཞན་གྱི་ངོ་བོས་ནི་བྱེད་པ་པོ་མ་ཡིན་ལ། འདིའི་རང་གི་ངོ་བོ་ཡང་གཞན་གྱི་ཚེ་ ཡང་དེ་ཉིད་ཡིན་པས་ན་ཇི་ལྟར་འགའ་ཞིག་གི་ཚེ་བྱ་བ་རྒྱུན་ཆད་པ་ཡིན། འོ་ན་དབང་ཕྱུག་བློ་དང་ལྡན་པའི་ཕྱིར་སྐྱོན་འདི་མེད་པ་མ་ཡིན་ནམ་བློས་སྟོང་པ་ནི་རང་ཡོད་པ་ཙམ་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་རིམ་པ་མེད་པ་ཉིད་དུ་བྱེད་པར་འགྱུར་བ་ཞིག་ན། བློ་དང་ལྡན་པ་ནི་བྱ་བར་ནུས་ཀྱང་མི་འདོད་ ན་མི་བྱེད་པའི་ཕྱིར་དེ་ལ་སྐྱོན་ཅི་ཡོད་ཅེ་ན། རང་ཡོད་པ་ཙམ་གྱིས་རྒྱུ་ཅན་གྱི་འདོད་པ་དེ་དག་ཀྱང་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་དེ་ཉིད་དེའི་རྐྱེན་ཡིན་ནོ། །གཞན་ཡང་དེ་དག་ལྷན་ཅིག་བྱེད་པ་མ་ཡིན་ན་དེ་དག་དང་བྲལ་བ་ན་ཡང་ཅིའི་ཕྱིར་མི་བྱེད་དེ། ལྷན་ཅིག་བྱེད་པ་མ་ཡིན་པ་མ་ཚང་བས་ཀྱང་འབྲས་བུ་མི་ བྱེད་ན་ཐམས་ཅད་ཀྱི་ཚེ་དེར་འགྱུར་བའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དེ་དག་མེད་ཀྱང་ནུས་པ་ཅིའི་ཕྱིར་མི་བྱེད། ལྷན་ཅིག་བྱེད་པ་ཚང་བ་ནུས་པ་ཡིན་པའི་ཕྱིར་འགའ་ཞིག་ནུས་པ་མེད་པ་བྱེད་པ་པོ་མ་ཡིན་ནོ་ཞེ་ན། དེ་ཅི་འདི་གཞན་ངོ་བོས་བྱེད་པ་པོ་ཡིན་ནམ། དེ་ལྟ་མ་ ཡིན་ན་ནི་བྱེད་པ་པོ་མ་ཡིན་པ་ཁོ་ན་སྟེ། རང་གི་ངོ་བོས་བྱེད་པ་པོ་མ་ཡིན་པ་ནི་བྱེད་པ་པོ་ཞེས་བྱ་བ་མ་ཡིན་ནོ། །འདིའི་རང་གི་ངོ་བོ་ཡང་རང་གི་ནུས་པའི་སྒྲས་བརྗོད་པར་བྱ་བ་འབྲས་བུ་ལ་ཉེ་བར་སྦྱོར་བ་ཡིན་ནོ་ཞེ་ན། ང་ནི་གློ་བུར་བའི་ནུས་པ་ལ་ལྟོས་ལ་ཞོག་ཤིག །འདི་ནུས་པ་ཡིན་ཡང་རང་ བཞིན་གྱིས་ལྷན་ཅིག་བྱེད་པ་མི་བྱེད་པ་མི་ཉེ་བ་ན་བྱེད་པ་པོ་མ་ཡིན་པ་ཉིད་དོ་ཞེ་ན། འོ་ན་ནི་མ་ཡིན་ཡང་རང་བཞིན་གྱིས་མོ་གཤམ་ཡིན་ནོ་ཞེས་བྱ་བ་འདི་ཡང་ལྷ་རྣམས་དགའ་བས་བརྗོད་པར་བྱ་བ་འམ། ཡང་ན་ནི་ཁྱད་པར་བརྗོད་དགོས་སོ། །འོན་ཏེ་ཇི་ལྟར་ཁྱེད་ཀྱི་ལྟར་ན་རྒྱུ་གཅིག་ལ་ཡང་ དུས་གཅིག་ཏུ་ངོ་བོ་ཐ་དད་པའི་འབྲས་བུ་བྱེད་པ་མི་འགལ་བ་དེ་བཞིན་དུ་ཁོ་བོ་ཅག་གིས་ཡང་དུས་ཐ་དད་པའི་བསྐྱེད་པར་བྱ་བ་དུ་མ་སྐྱེད་པ་པོ་ཉིད་ཡིན་ནོ་སྙམ་དུ་སེམས་ན། ལེགས་པར་སེམས་པ་མ་ཡིན་ཏེ། གང་གི་ཕྱིར་དུས་ཐ་དད་པ་དུ་མ་གཅིག་གིས་སྐྱེད་པར་བྱེད་དོ་ཞེས་སྨྲ་བ་ལ། ཅི་ ལན་ཅིག་གི་ཚེ་བྱེད་པའི་ནུས་པ་ཡོད་ཀྱང་དུས་ཐ་དད་པའི་འབྲས་བུ་རྣམས་སྐྱེད་པ་ཡིན་ནམ། འོན་ཏེ་རིམ་གྱིས་ནུས་པ་ཐོབ་པ་ཡིན་ཞེ་ན། བརྒལ་ཞིང་བརྟག་པར་འོས་པ་ཡིན་ནོ། །ཕྱོགས་དང་པོ་ལ་ནི་དེ་ཉིད་ཀྱི་ཚེ་འབྲས་བུ་གཞན་བྱེད་པར་ཐལ་བ་བཟློག་པར་དཀའོ། །དུས་ཐ་དད་པའི་འབྲས་བུ་ བྱེད་པའི་རང་བཞིན་ཡིན་པས་ན་མ་ཡིན་ནོ་ཞེ་ན། ཀྱེ་མ་དངོས་པོ་ཉོན་མོངས་འདི་དོན་མ་ཡིན་པའི་ཉམས་པ་ཆེན་པོར་ལྟུང་སྟེ། གང་ཞིག་ནུས་པས་ནི་འབྲས་བུ་ལ་བྱ་བ་བྱེད་ལ། རིམ་གྱིས་བྱེད་པ་མ་ཡིན་པས་ན་ཟློག་པར་ཡང་བྱེད་པ་སྟེ། འདི་གཉིས་ཀ་ཕན་ཚུན་འགལ་བ་ཡང་བསྒྲུབ་པར་མི་ ནུས་ལ། གཉིས་ལ་རག་ལུས་པ་ན་གཅིག་གི་ཡང་མ་ཡིན་ཞིང་། འགལ་བ་རྣམས་གཞན་མེད་ན་གཟུང་བར་ཡང་མ་ཡིན་ཏེ། དེ་བས་ན་འདི་ཅི་ཞིག་སྒྲུབ་པར་བྱེད་ཅེས་བྱ་བར་མི་ཤེས་སོ། །ཕྱོགས་གཉིས་པ་ལ་ཡང་ནུས་པ་དང་ལྡན་པ་དག་ཐ་དད་པ་མེད་པའི་ཕྱིར་དང་། དེ་ཡང་ཐམས་ཅད་ཀྱི་ཚེ་ རང་བཞིན་གཅིག་ཡིན་པའི་ཕྱིར། ཇི་ལྟར་རིམ་གྱིས་དེས་དེ་ཐོབ་པ་ཡིན་ཞེས་བརྗོད་དགོས་སོ། །ཐ་དད་ན་ཡང་འགལ་བའི་ཆོས་དང་ལྡན་པས་ན་ཇི་ལྟར་གཅིག་ཉིད་ཡིན། གཞན་ཡང་དུས་ཐ་དད་པའི་འབྲས་བུ་མེད་པ་ནི་གང་གི་ཚེ་འབྲས་བུ་གཅིག་སྐྱེད་པར་བྱེད་པ་དེའི་ཚེ་དེ་སྐྱེད་པར་བྱེད་པའི་ རང་བཞིན་ཡིན་ཞིང་གཞན་སྐྱེད་པར་བྱེད་པ་མ་ཡིན་ལ། གཉི་ག་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་གདོན་མི་ཟ་བར་འདོད་པར་བྱ་དགོས་སོ། །གཞན་བསྐྱེད་པ་ཡིན་ན་དེ་མ་སྐྱེས་པར་ཐལ་བའི་ཕྱིར་རོ། །གཉི་ག་སྐྱེ་ན་དུས་གཅིག་ཏུ་དུ་མ་བསྐྱེད་པ་ནི་དུས་གཞན་དུ་ཡང་རང་བཞིན་དེ་ཉིད་ ཀྱིས་བྱ་བ་བྱེད་པ་ནི། དེ་ཉིད་ཀྱི་ཚེ་སྐྱེད་པར་འགྱུར་རོ། །རང་བཞིན་གཞན་གྱི་བྱ་བ་བྱེད་ན་ཇི་ལྟར་གཅིག་དུ་མ་ལ་དུས་ཐ་དད་པ་བྱ་བ་བྱས་པར་འགྱུར། དུས་མཚུངས་པ་དུ་མ་སྐྱེད་པར་བྱེད་པ་ལ་ནི་འགལ་བ་ཅི་ཡང་མེད་པས་ན། དེ་འདི་ཉིད་དུ་འགྱུར་བར་རིགས་སོ། །གང་གིས་དེ་གཅིག་ལ་དུ་མ་ འགལ་བར་འགྱུར་རོ། །ཁོ་བོ་ཅག་གི་ལྟར་ན་འབྲས་བུར་འགྱུར་བ་རྒྱུའི་རྒྱུ་ཉིད་མ་ཡིན་གྱི། འོན་ཀྱང་འབྲས་བུ་བས་སྔར་ཡོད་པ་ཡིན་ལ། དེ་ནི་ཇི་ལྟར་གཅིག་ཅིག་ལས་ཡིན་པ་དེ་བཞིན་དུ་དུ་མ་ལས་ཀྱང་ཡིན་པ་རིགས་པ་ཉིད་དོ། །འདི་སྙམ་དུ་གང་ཞིག་དུ་མ་བསྐྱེད་ པ་དེ་ནི་ངེས་པ་དེའི་ཁོངས་སུ་གཏོགས་པ་གཅིག་སྐྱེད་པར་བྱེད་དེ། དུ་མ་ནི་གཅིག་བསགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་སྐྱེད་པར་བྱེད་པ་དེ་ལས་གཞན་པ་སྐྱེད་པར་བྱེད་པར་མི་རིགས་ཏེ། གང་གིས་འབྲས་བུ་གཞན་བྱེད་པ། དེ་ལ་ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ནོ། ། ངོ་བོ་གཅིག་པ་འབྲས་བུ་གཅིག་པ་ཉེ་བར་སྦྱོར་བ་ན་དེ་ཉིད་གཞན་ལ་ཇི་ལྟར་ཉེ་བར་སྦྱོར་སྙམ་ན། འདི་ཁྱེད་ཀྱི་ཉེ་བར་སྦྱོར་བ་ཅི་ཡིན་པར་མཐོང་། ཅི་བྱ་བ་ཡིན་ནམ། འོན་ཏེ་ཡོད་པའི་ཁྱད་པར་ཡིན། དེ་ལ་ཕྱོགས་དང་པོ་ནི་ལེགས་པ་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགག་པའི་དངོས་པོ་རྣམས་ ལ་བྱེད་པ་མེད་པའི་ཕྱིར་དང་། སྐད་ཅིག་མ་མ་ཡིན་པ་རྣམས་ལ་ཡང་ཐུག་པ་མེད་པ་དང་དོན་མེད་པའི་ཕྱིར་རོ། །ཇི་ལྟར་བྱེད་པ་མེད་ན་འབྲས་བུ་མི་སྐྱེད་པ་དེ་བཞིན་དུ་འདི་ཡང་འབྲས་བུ་ཡིན་པའི་ཕྱིར་བྱེད་པ་མེད་པར་མི་སྐྱེ་ལ། དེ་ལ་ཡང་ཚུལ་དེ་ཉིད་ཡིན་པས་ན་ཐུག་པ་མེད་པ་ན་ཇི་ལྟར་ མེད་པར་འགྲུབ་པར་འགྱུར། རྒྱུ་ནི་འབྲས་བུ་ལ་བྱ་བ་བྱེད་པ་ཡིན་ལ། དེ་ཡང་ཡོད་པའི་དུས་སོ་སོར་ངེས་པ་ཡིན་པས་ན་བྱ་བ་རྣམས་ཐོག་མ་མེད་པར་རྟོགས་པ་ཡང་ལེགས་པ་མ་ཡིན་ཏེ། ཇི་ལྟར་རྒྱུ་འབྲས་བུ་ལ་བྱ་བ་བྱེད་པ་ན་རྒྱུ་ཉིད་ཡིན་པ་དེ་བཞིན་དུ་བྱེད་པ་ཡང་ཡིན་པས་ན། བྱ་བ་གཞན་དང་ གཞན