Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 97

Văn bản gốc(Tây Tạng)

Trang 6 / 20 (50.000 ký tự/trang)
ེས་པ་ཉིད་ཡིན་ཏེ། མེ་ལ་རང་གི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་གཞན་གྱི་བདག་ཉིད་ལ་སྲེག་པར་བྱེད་ནུས་པ་ཉིད་ཡོད་པའི་ཕྱིར་རོ། །འདིར་བཤད་པ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །མིག་ནི་ལྟ་
བའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་དེ་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་བརྗོད་པ་སྟེ། དོན་དམ་པར་མེ་ནི་སྲེག་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དང་། ཐ་སྙད་དུ་ཡང་ལྟ་བའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་
ཡི་དཔེས་ནི་ནུས་མ་ཡིན། །གཏན་ཚིགས་ཀྱི་སྐྱོན་བརྗོད་པའི་ཕྱིར་ཏེ། མེའི་ངོ་བོ་ཉིད་རང་དང་གཞན་གྱི་བདག་ཉིད་སྣང་བར་བྱེད་པ་དེ་ནི་གཞན་གྱི་ཕྱོགས་ལ་ཡང་མེད་པའི་ཕྱིར་དང་། ཐ་སྙད་དུ་ཡང་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྲེག་པ་ཞེས་བྱ་བ་ཡང་
མེས་བྱས་པའི་བུད་ཤིང་འགྱུར་བ་ཡིན་པས། དེའི་ཕྱིར་མེའི་ངོ་བོ་ཉིད་མ་ཡིན་ནོ། །གཞན་ཡང་། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟ་བཅས་ལན་བཏབ་བོ། །ལྟ་བཅས་ཞེས་བྱ་བ་ནི་ལྟ་བ་དང་བཅས་པའོ། །གང་ཞེ་ན།
མེའི་དཔེ་དེའོ། །ཅི་ཞིག་བྱས་ཤེ་ན། ལན་བཏབ་བོ། །གང་གིས་ཤེ་ན། སོང་བ་དང་། མ་སོང་བ་དང་། བསྒོམ་པ་དག་གིས་ཏེ། ཇི་ལྟར་སྔར་དོན་དམ་པར་སོང་བ་དང་། མ་སོང་བ་དང་། བསྒོམ་པ་དག་ལ་འགྲོ་བ་མེད་དེ། སོང་ཟིན་པའི་ཕྱིར་དང་། མ་སོང་བའི་ཕྱིར་དང་། སོང་བ་དང་། མ་
སོང་བ་མ་གཏོགས་པར་བསྒོམ་པ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བཤད་པ་དེ་བཞིན་དུ་དོན་དམ་པར་མེས་ཀྱང་བུད་ཤིང་བསྲེགས་པ་དང་། མ་བསྲེགས་པ་དང་། སྲེག་པ་དག་སྲེག་པར་མི་བྱེད་དེ། བསྲེགས་པའི་ཕྱིར་དང་། མ་བསྲེགས་པའི་ཕྱིར་དང་། བསྲེགས་པ་དང་། མ་བསྲེགས་པ་མ་གཏོགས་

པར་བསྲེག་པ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པར་མིག་ཀྱང་གཟུགས་བལྟས་པ་དང་། མ་བལྟས་པ་དང་། བལྟ་བ་དག་ལ་ལྟ་བར་མི་བྱེད་དེ། བལྟས་པའི་ཕྱིར་དང་། མ་བལྟས་པའི་ཕྱིར་དང་། བལྟས་པ་དང་། མ་བལྟས་པ་མ་གཏོགས་པར་བལྟ་བ་ཤེས་
པར་མི་འགྱུར་བའི་ཕྱིར་རོ་ཞེས་གོ་རིམས་བཞིན་དུ་སྦྱོར་བའི་ཚིག་དག་བརྗོད་པར་བྱའོ། །འདི་ལ་གཞན་དག་ནི་ཕ་རོལ་པོས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་། གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་
བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་། གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི། རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨྲས་པའི་ལན་དུ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟ་བཅས་ལན་བཏབ་བོ། །དེ་
ཡང་གཞན་སྲེག་པར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ། དཔེ་ཙམ་གྱིས་ཕྱོགས་སྔ་མ་ཤིན་ཏུ་སྙིང་པོ་མ་ཡིན་པས་དེ་འགོག་པའི་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེའོ། །གཞན་དག་གིས་སྨྲས་པ། མིག་ལ་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་
བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ། །འདི་ན་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བ་བྱ་བ་བྱེད་པས་ལྟ་བ་ཞེས་བྱ་སྟེ། དེར་གང་ཅི་བསྟན་པ་དེ་ནི་དེ་བཞིན་ཏེ། དཔེར་ན་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ཐུགས་སུ་ཆུད་པར་མཛད་པའམ། ཐུགས་སུ་ཆུད་པར་གྱུར་པས་
སངས་རྒྱས་ཞེས་བྱ་བ་བཞིན་ནོ། །འདིར་བཤད་པ། སྒྲུབ་པ་དེ་ཐ་སྙད་ཀྱི་བདེན་པའི་ཁོངས་སུ་ནི་ཡོད་མོད་ཀྱི། དོན་དམ་པར་ནི་མེད་དོ། །ཇི་ལྟ་ཞེ་ན། འདི་ཉིད་དུ་མིག་ལྟ་བ་བཀག་པའི་ཕྱིར་དང་། དེའི་སྐྱེ་བ་བཀག་པའི་ཕྱིར་ལྟ་བ་དང་བྲལ་བ་ཡིན་པས། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་
པ་མ་ཡིན་ནོ། །གང་གི་ཚེ་གཏན་པའམ། ཁྲེའུའམ་ཅུང་ཟད་ལ་ཡང་ལྟ་བར་མི་བྱེད་པ་དེའི་ཚེ་ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ལྟ་བས་ལྟ་བར་བྱེད་ཅེས་བྱ་བ་དེ་ཇི་ལྟར་རིགས་པར་འགྱུར་ཏེ། དེ་ནི་མི་རིགས་པ་ཁོ་ནའོ་ཞེས་བྱ་

བའི་ཚིག་གི་དོན་ཏོ། །དེའི་ཕྱིར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བའི་ནུས་པས་སྟོང་པའི་ཕྱིར། །བོང་བ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བར་དགོངས་སོ། །དེས་ན་དོན་དམ་པར་སྒྲའི་བསྟན་བཅོས་ལས་ལྟ་བའི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་བསྟན་པ་མི་
རུང་བ་ཁོ་ན་སྟེ། དཔེ་མེད་པའི་ཕྱིར་རོ། །མཛད་པའི་མཐའ་དང་མི་འགལ་ཏེ། །དོན་དམ་པར་བཅོམ་ལྡན་འདས་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་དང་། འོག་ནས་ཀྱང་། དེ་བཞིན་གཤེགས་པའི་དངོས་ཉིད་གང་། །དེ་ནི་འགྲོ་འདིའི་ངོ་བོ་ཉིད། །དེ་བཞིན་གཤེགས་པ་དངོས་ཉིད་མེད། །འགྲོ་འདི་ངོ་བོ་
ཉིད་མེད་དོ། །ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་གཞན་དུ་བརྟགས་ཏེ། འདི་ལ་དེ་ལྟ་བ་ཡིན་པ་ལ་བྱེད་པ་པོ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བའམ། ལྟ་བ་མ་ཡིན་པ་ལ་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ། དེས་ཅིར་འགྱུར། གལ་ཏེ་དེ་ལྟ་བ་མ་ཡིན་
པ་ལ་བྱ་ན་ནི། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྟ་བར་བྱེད་པ་ཉིད་ནི་ལྟ་བར་བྱེད་པ་ཡིན་ནོ། །དེས་ན་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་དེ། དེ་ལྟ་ན་གཏན་ཚིགས་དང་དཔེའི་སྐྱོན་དེ་ཉིད་ཡོད་དོ། །གལ་ཏེ་དེ་ལྟ་བའི་བྱ་བ་བྱེད་པ་པོ་ཡིན་པའི་ཕྱིར་ལྟ་བར་བྱེད་
པ་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་དེ་ལྟ་བ་ཡིན་ན་ལྟ་བའི་བྱ་བ་དོན་མེད་པ་ཉིད་དེ། དེའི་ཕྱིར། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །མི་རིགས་པ་ཁོ་ན་ཡིན་ཏེ། ལྟ་བའི་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཇི་སྟེ་དེ་ལྟ་བ་མ་ཡིན་པ་ལ་བྱ་ན་ཡང་། གང་ཚེ་ཅུང་
ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཚེ་དེ་ལྟ་བའི་ངོ་བོ་ཉིད་མ་ཡིན་ན། བོང་བ་ལ་སོགས་པ་བཞིན་དུ་ལྟ་བའི་བྱ་བ་དང་བྲལ་བ་ཡིན་པས་ལྟ་བ་མ་ཡིན་པ་ཡང་ལྟ་བར་མི་བྱེད་པ་ཉིད་དོ། །དེའི་ཕྱིར་དེ་ལྟར་གཉི་ག་ཡང་ལྟ་བའི་བྱ་བ་དང་མི་ལྡན་པའི་ཕྱིར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་
མི་ལྟ་ཉིད། །ཅི་སྟེ་དགག་པ་གཉིས་ཡོད་ན། སྐབས་ཀྱི་དོན་གོ་བས་དེའི་ཕྱིར་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་དོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། ཡོད་པ་དང་ནི་མེད་པའི་རྐྱེན་དགག་པ་བཞིན་དུ་ཡོད་པ་དང་། མེད་པའི་རྒྱུ་ཉིད་བཀག་པའི་ཕྱིར་རོ། །ཕྱིས་འབྱུང་བའི་ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་

བར་བརྟགས་ནས། དེ་ལྟ་བ་ཡིན་པར་རྟོགས་ན་ནི་ཐ་སྙད་ཀྱི་བདེན་པ་རབ་ཏུ་བསྒྲུབ་པའི་ཕྱིར་འདོད་པ་ཉམས་སོ། །ཡང་ན་ཕ་རོལ་པོ་ན་རེ་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་པར་སྨྲ་སྟེ། བྱ་བའི་ཐ་སྙད་ཡོད་པའི་ཕྱིར་རོ། །གང་ལ་ལྟ་བའི་བྱ་བ་མ་སྐྱེས་པ་དེ་ནི་ལྟ་བར་བྱེད་དོ་ཞེས་མི་བརྗོད་དེ། དཔེར་
ན་རྣ་བ་བཞིན་ནོ། །མིག་ལ་ནི་ལྟ་བའི་བྱ་བ་ཡོད་པས་མིག་ལྟ་བར་བྱེད་དོ་ཞེས་ཐ་སྙད་འདོགས་སོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས་བཤད་པ། དེ་ལྟར་ན། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ཕ་རོལ་པོས་དོན་དམ་པར་ལྟ་བ་པོ་འགའ་ཞིག་ལ་ལྟ་བའི་བྱ་བ་སྐྱེས་པར་མ་བསྟན་པའི་ཕྱིར་དང་། ལྟ་བ་ལ་ལྟ་
བའི་བྱ་བ་སྐྱེས་པའི་སྔོན་རོལ་ན། ལྟ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྔོན་ལྟ་བ་མ་ཡིན་པ་ལས་ཕྱིས་ལྟ་བའི་བྱ་བ་དང་ལྡན་པར་འགྱུར་བ་ནི་བསྟན་དཀའ་བའི་ཕྱིར། ལྟ་བ་མིན་པ་མི་ལྟ་ཉིད། །དེ་ལྟ་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་ཡིན་
པས། དམ་བཅས་པ་ཉམས་སོ། །འདིར་གྲངས་ཅན་དང་། བྱེ་བྲག་པ་དག་གིས་སྨྲས་པ། འདིས་ལྟ་བར་བྱེད་པས་ལྟ་བ་སྟེ། བྱེད་པ་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ། །བྱེད་པ་དེ་གང་གི་ཡིན་པ་དེ་ནི་ལྟ་བ་པོ་སྟེ། དེ་ཡང་དེས་ལྟ་བར་བྱེད་དོ། །དཔེར་ན་གཅོད་པ་པོ་སྟ་རེས་ཤིང་གཅད་
པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་སྟ་རེ་ཉིད་གཅོད་པར་མི་བྱེད་པ་བཞིན་ཏེ། དེས་ན་མིག་གིས་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །བྱེད་པ་དག་ལ་བྱེད་པ་པོ་ཡོད་དེ། བྱེད་པ་ཡིན་པའི་ཕྱིར་དཔེར་ན་སྟ་རེ་ལ་སོགས་པ་དག་ལ་གཅོད་པ་པོ་ཡོད་པ་བཞིན་ནོ། །འདིར་བཤད་པ།
ལྟ་བ་ཉིད་ཀྱིས་ལྟ་བ་པོ། །རྣམ་པར་བཤད་པར་ཤེས་པར་བྱ། །རྣམ་པར་བཤད་པར་ཤེས་པར་བྱ་བ་ཞེས་བྱ་བ་ལན་བཏབ་པར་ཤེས་པར་བྱའོ། །གང་གིས་ཤེ་ན། ལྟ་བ་ཉིད་ཀྱིས་སོ། །གང་གི་ཞེ་ན། ལྟ་བ་པོའི་སྟེ། ལྟ་བ་པོ་ཉིད་དུ་རྣམ་པར་རྟོག་པ་དགག་པ་ཡང་འདྲ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་
སོ། །ཇི་ལྟར་དེར་མིག་གི་ཆོས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་པ་དེ་བཞིན་དུ་འདིར་བདག་གི་ཆོས་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་ཏེ། གང་གི་ཕྱིར་བདག་ནི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་མི་འཐད་དེ། རང་གི་བདག་ཉིད་ལ་འཇུག་པ་འགལ་བའི་ཕྱིར་རོ། །འདི་ལྟར་རལ་

གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་བྱེད་པ་བཞིན་ནོ། །དེ་ལྟར་རྗེས་སུ་དཔག་པ་ནི་དོན་དམ་པར་བདག་ཀྱང་ལྟ་བ་པོ་མ་ཡིན་ཏེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་དཔེར་ན་རྣ་བ་བཞིན་ནོ། །ཕ་རོལ་པོས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་དོགས་
པའི་དུག་གིས་བསླད་དུ་ཡང་མི་རུང་ངོ་། །གང་ལ་ལར་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་བཤད་པ་དེར་ནི། ཡིད་ཕན་འདོགས་པ་ཡིན་པའི་ཕྱིར། བདག་གིས་ཞེས་བྱ་བའི་སྒྲར་སྒྲོ་བཏགས་ནས་ཐ་སྙད་དུ་དེ་སྐད་བཤད་པ་ཡིན་ནོ། །འདིར་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ནི་མཚན་ཉིད་ཀྱི་
སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་ཏེ། གཏན་ཚིགས་དངོས་པོ་ཉིད་དང་། ཤེས་བྱ་ཉིད་དང་། བརྗོད་པར་བྱ་བ་ཉིད་ལ་སོགས་པ་དག་གི་ཕྱིར་རྣ་བ་ལ་སོགས་པ་བཞིན་ནོ་ཞེའམ། སྒྲ་ལ་སོགས་པ་བཞིན་ནོ་ཞེའམ། བདག་གི་བདག་ཉིད་བཞིན་ནོ་ཞེས་གཏན་ཚིགས་དང་། དཔེའི་རྗེས་སུ་དཔག་
པ་དག་ཀྱང་རྒྱས་པར་བརྗོད་པར་བྱའོ། །དེ་ལྟར་ན་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེ་ན། དེ་བཞིན་དུ་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། ཤེས་བྱ་ཡིན་པའི་ཕྱིར་དཔེར་ན་སྒྲ་ལ་སོགས་པ་བཞིན་
ནོ། །དེ་བཞིན་དུ་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། བརྗོད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བདག་གི་བདག་ཉིད་བཞིན་ནོ། །གཟུགས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ། །དམ་བཅས་པ་ལ་སོགས་པའི་སྐྱོན་ཡང་མེད་དེ། ཐ་སྙད་ཀྱི་བདེན་པའི་དབང་དུ་བྱས་པའི་
ཕྱིར་དང་། སྤྱིར་ཁས་བླངས་པའི་བདག་ཕྱོགས་སུ་བྱས་པའི་ཕྱིར་དང་། དེའི་ཆོས་བསྟན་པའི་ཕྱིར་དང་། དཔེ་ཉིད་དུ་ཡང་དེ་ཉེ་བར་གཞག་པའི་ཕྱིར་རོ། །དེ་ལྟར་ན་དོན་དམ་པར་སྟ་རེ་ལ་སོགས་པ་མ་གྲུབ་པས་དཔེ་ཡང་མེད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །འདིར་ཁ་ཅིག་ན་རེ། ལྟ་བ་པོ་
ལྟ་བར་མི་བྱེད་དོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར། དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དོ་ཞེས་བྱ་བས་ལན་བཏབ་ཟིན་པའི་ཕྱིར་ཡང་ཕྱིར་བཟླས་མི་དགོས་སོ། །གཞན་ཡང་འདི་ལ་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ནམ་

འོན་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན། དེ་ལ་གལ་ཏེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ཏེ། ཇི་ལྟར་གྲངས་ཅན་དག་ན་རེ་སྐྱེས་བུའི་ངོ་བོ་ཉིད་ནི་ཤེས་པ་ཡོད་པ་ཉིད་དོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན། དེ་ལ་གལ་ཏེ་དེའི་ལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ངོ་བོ་ཉིད་ནི་མ་བྱས་པའི་ཕྱིར། ལྟ་བ་མེད་པར་ཡང་ལྟ་བ་པོར་འགྱུར་རོ། །ཅི་སྟེ་
གཅོད་པ་པོ་དེ་ལ་སྟ་རེ་མེད་ན་གཅོད་པ་པོ་ཉིད་དུ་མི་འཐད་པ་དེ་བཞིན་དུ་དེ་ཡང་ལྟ་བ་མ་སྤངས་པའི་ཕྱིར། ལྟ་བ་པོ་ཉིད་དུ་བལྟ་བར་བྱའོ་ཞེ་ན། དེ་ལྟ་ན་བདག་པོ་ཉིད་ནི་ཐ་སྙད་པ་ཡིན་ཏེ། གཅོད་པ་པོ་ཐ་སྙད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོག་ན། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་མ་སྤངས་ན་དེ་
ལྟ་བ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །འདི་ན་ལྟ་བ་དང་ལྡན་པའི་སྔོན་རོལ་དང་ལྟ་བ་དང་བྲལ་བའི་འོག་ན་ལྟ་བ་མེད་པས་ལྟ་བ་མེད་ན་བལྟ་བར་བྱ་བ་ལ་ལྟ་བ་ཡང་མེད་པའི་ཕྱིར། ལྟ་བ་པོ་ཉིད་དུ་མི་འཐད་པས་ལྟ་བ་པོ་མེད་དེ། ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་
ཚིག་གོ། །མེ་བཞིན་དུ་ཡང་དེ་མི་འགྲུབ་སྟེ། བུད་ཤིང་མེད་པར་མེ་མི་འགྲུབ་པའི་ཕྱིར་རོ། །ཡང་ན་གལ་ཏེ་ལྟ་བ་པོ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེ་ན་ཡང་གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་མེད་དོ་ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ། འདི་ལ་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོའོ་
ཞེས་རྗེས་སུ་དཔག་པ་ཡིན་ན། གཟུགས་དམིགས་པ་དེ་ཡང་། མིག་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། ཡིད་ལ་བྱེད་པ་དག་ཡོད་ན་ཡོད་པ་ཡིན་པས་དེའི་ཕྱིར། ལྷས་བྱིན་ཞེས་བྱ་བའི་ཚོགས་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་ཀྱི་དེ་ལས་གཞན་ནི་མེད་དོ། །དེ་
ལས་གཞན་པ་ཡོངས་སུ་བརྟགས་པའི་ཡོད་པ་ཉིད་ཅིག་ཡོད་དུ་ཟིན་ན་ཡང་། ལོང་བའི་རྒྱུད་ལ་གཟུགས་དམིགས་པ་མེད་པའི་ཕྱིར་རོ། །བྱེད་པའི་རྒྱུ་དག་ལ་བྱེད་པ་པོར་ཐ་སྙད་གདགས་ཏེ། མར་མེ་བཞིན་དུ་རིགས་པ་ཉིད་ཡིན་ནོ། །དཔེར་ན་མར་མེ་ལ་སེམས་པ་མེད་ཀྱང་སྣང་བའི་རྒྱུ་ཡིན་པའི་ཕྱིར་སྣང་
བར་བྱེད་པ་ཡིན་ནོ་ཞེས་ཟེར་བ་བཞིན་ཏེ། དེའི་ཕྱིར་ཐ་སྙད་དུ་ཡང་མེད་དོ། །ཅི་སྟེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ཏེ། ཇི་ལྟར་བྱེ་བྲག་པ་དག་ན་རེ་བཞིའི་སྦྱོར་བ་ལས་གཟུགས་ཤེས་པ་སྐྱེས་པ་ན་ལྟ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན། དེ་ལྟ་ན་ཡང་སྐྱོན་དེ་ཉིད་ཡོད་དེ། མ་གྲགས་པའི་ཡོད་པ་ཉིད་ལ་དེ་བརྟག་པ་

མི་འཐད་པའི་ཕྱིར་རོ། །ཐུན་མོང་དུ་ཁས་བླངས་ནས་དེ་ཡོད་དོ་ཞེ་ན། ཡང་བཤད་པ། ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །ཅི་ཞིག་ཅེ་ན། ལྟ་བ་པོ་ཡོད་མིན་ཏེ། །ཞེས་བྱ་བའི་སྐབས་ཡིན་ཏེ། ལྟ་བའི་ནུས་པ་སྤངས་པར་གྱུར་ན། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དོན་
དམ་པར་དེ་གཟུགས་ལ་ལྟ་བར་བྱེད་པར་མི་འཐད་དེ། མིག་ལས་གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །དེ་ལྟར་ན་ཕྱོགས་གཉིས་ཀ་ལ་ཡང་། ལྟ་བ་པོ་ཉིད་མ་གྲུབ་བོ། །ཡང་ན་ལྟ་བ་པོའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་ན་ཡང་། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །
ལྟ་བ་དང་བཅས་སམ། ལྟ་བ་མེད་ཀྱང་རུང་སྟེ། ལྟ་བ་པོའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་རེ་ཞིག་ལྟ་བ་པོ་དེ་མིག་ཡོད་ན་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་ལྟར་འདོད་ན། དེ་ལྟ་ན་གཟུགས་དམིགས་པ་འགྲུབ་པ་ནི་མིག་ཡོད་ན་ཡོད་པའི་ཕྱིར་མེ་ཡོད་ན་བསྲེག་པ་ཉིད་བཞིན་པས་ལྟ་བ་པོ་ཉིད་
ཐ་སྙད་པ་སྟེ། མིག་ཉིད་ཡིན་པར་འདོད་པར་བྱའོ། །ཅི་སྟེ་ལྟ་བ་མེད་ཀྱང་ལྟ་བ་པོ་ཡིན་ནོ་ཞེས་བྱར་ནི་ལོང་བའི་རྒྱུད་ལ་གཟུགས་དམིགས་པ་མེད་པའི་ཕྱིར་དེ་ལྟ་བ་པོ་ཉིད་ཡིན་པར་མི་རིགས་སོ། །འདིར་སྨྲས་པ། ལྟ་བའི་བྱ་བ་ཡོད་པ་ཉིད་ནི་ལྟ་བ་པོ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་བྱེད་པ་དང་། ལས་
ཡོད་པའི་ཕྱིར་རོ། །འདི་ན་གང་ལ་བྱ་བ་མེད་པ་དེ་ལ་ནི་བྱེད་པ་དང་ལས་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ལྟ་བ་པོ་དེ་ལ་ནི་བྱེད་པ་ལྟ་བ་དང་ལས་བལྟ་བར་བྱ་བ་ཡོད་པས་དེའི་ཕྱིར་ལྟ་བའི་བྱ་བ་ཡོད་པ་ཉིད་ནི་ལྟ་བ་པོ་ཡིན་པར་ཤེས་པར་བྱའོ། །འདིར་བཤད་པ། དོན་དམ་པར་ལྟ་བ་རྣམ་པ་
ཐམས་ཅད་དུ་བཀག་པའི་ཕྱིར་དང་། ལྟ་བ་མེད་ན་ལྟ་བ་པོ་ཡང་མི་འཐད་དེ། ལྟ་པོ་མེད་ན་ཁྱོད་ཀྱི་ནི། །བལྟ་བྱ་ལྟ་བ་ག་ལ་ཡོད། །གང་གིས་ཀྱང་ལྟ་བར་མི་བྱེད་པ་ལ་བལྟ་བར་བྱ་བ་མི་རིགས་པའི་ཕྱིར་དང་། འདིས་ལྟ་བར་བྱེད་པའི་ལྟ་བ་པོ་མེད་པ་ཁོ་ནའི་ཕྱིར་བྱེད་པ་ཡང་མི་རིགས་པའི་ཕྱིར་རོ་
ཞེས་བྱ་བར་དགོངས་སོ། །དེས་ན་ཁྱོད་ཀྱི་བྱེད་པ་དང་ལས་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་ཡིན་ནོ། །རང་གི་སྡེ་པ་དག་ལས། ཁ་ཅིག་ན་རེ། རྒྱུ་དང་རྐྱེན་གཞན་གྱི་དབང་དང་གཡོ་བ་མེད་པའི་འདུ་བྱེད་དག་ལ་མིག་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དང་།

དེ་ལས་གཞན་པའི་བདག་ལྟ་བ་པོ་མེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རིགས་ཀྱི། བལྟ་བར་བྱ་བ་དང་། ལྟ་བ་དག་མེད་དོ་ཞེས་བྱ་བ་ནི་མི་འདོད་དེ། དེ་དག་གི་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པའི་ཕྱིར་རོ། །གང་མེད་པ་དེ་ལ་ནི། འབྲས་བུ་རྣམ་པར་ཤེས་པ་དང་། རེག་པ་དང་།
ཚོར་བ་དང་། སྲེད་པ་ཞེས་བྱ་བ་དག་མེད་དེ། དཔེར་ན་དམུས་ལོང་གི་མིག་བཞིན་ནོ། །བལྟ་བར་བྱ་བ་དང་ལྟ་བ་དག་ལ་ནི་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པས། དེའི་ཕྱིར་བལྟ་བར་བྱ་བ་དང་། ལྟ་བ་དག་ཡོད་དོ་ཞེས་ཟེར་རོ། །འདིར་བཤད་པ། གལ་ཏེ་ཇི་སྐད་བསྟན་པའི་ཚུལ་
གྱིས་བལྟ་བར་བྱ་བ་དང་། ལྟ་བ་རབ་ཏུ་མ་གྲུབ་པར་བསྟན་པ་དེའི་ཚེ། བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་པ་བཞི། །ཡོད་མིན། རྐྱེན་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་དེ་དག་མ་གྲུབ་པས་མ་གྲུབ་ན་བལྟ་བར་བྱ་བ་དང་། ལྟ་བ་ཡང་འགྲུབ་པར་མི་རིགས་
ཏེ། དཔེ་ཡང་མེད་པའི་ཕྱིར་རོ། །གང་དག་འདི་སྐད་ཅེས་དོན་དམ་པར་རྣམ་པར་ཤེས་པ་ལ་སོགས་པ་དག་ཡོད་པ་ཉིད་དེ་དེ་དག་གི་འབྲས་བུ་ཉེ་བར་ལེན་པ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ལ་བཤད་པར་བྱ་སྟེ། ཉེ་བར་ལེན་པ་ལ་སོགས་པ། །ཇི་ལྟ་བུར་ན་ཡོད་པར་འགྱུར། །དེ་དག་
ཀྱང་རྣམ་པར་ཤེས་པ་ལ་སོགས་པ་བཞིན་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཉེ་བར་ལེན་པ་ཞེས་བྱ་བ་ནི། ཉེ་བར་བླང་བར་བྱ་བ་དག་སྟེ། འདོད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། བདག་ཏུ་སྨྲ་བ་དང་། ལྟ་བ་ཞེས་བྱ་བ་དག་གོ། །སོགས་པ་ཞེས་བྱ་བ་
ནི་གང་དག་གི་དང་པོར་དེ་དག་བསྟན་པ་སྟེ། དེ་དག་ཀྱང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་དག་གོ། །དེའི་ཕྱིར་ཁྱོད་ལ་སྐྱོན་དེ་ཉིད་ཡོད་དོ། །ད་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་ཉན་པ་ལ་སོགས་པ་དང་། སྒྲ་ལ་སོགས་པ་དཔེ་ཉིད་དུ་ཉེ་བར་བཞག་པ་དག་ཇི་སྐད་བསྟན་པའི་ཚུལ་གྱིས་འདྲ་བར་བསྟན་པར་བཞེད་
ནས། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །ཉན་པ་དང་། སྣོམ་པ་དང་། མྱོང་བར་བྱེད་པ་དང་། རེག་པར་བྱེད་པ་དང་། ཡིད་དང་། ཉན་པ་པོ་དང་། མཉན་པར་བྱ་

བ་ལ་སོགས་པ་དག་གི་ལན་ཀྱང་བཏབ་པར་ཤེས་པར་བྱའོ། །གང་གིས་ཤེ་ན། ལྟ་བ་ཉིད་ཀྱིས་ཏེ། ལྟ་བ་དགག་པ་བཞིན་དུ་ཉན་པ་ལ་སོགས་པ་དག་དགག་པ་ཡང་ཅི་རིགས་པར་རྗེས་སུ་དཔག་པ་རྒྱས་པར་སྤྲོས་པ་དང་བཅས་པ་བསྟན་པར་བྱའོ། །དེས་ན་རབ་ཏུ་བྱེད་པ་
རྩོམ་པ་ནས་རྣམ་པར་རྟོག་པར་བྱེད་པའི་སྐྱེ་བ་ཡང་མ་གྲུབ་ལ་འགྲོ་བ་ཡང་མ་གྲུབ་བོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་ནང་གི་སའི་ཁམས་གང་ཡིན་པ་དང་། ཕྱི་རོལ་གྱི་སའི་ཁམས་
གང་ཡིན་པ་དེ་ནི་གཉིས་སུ་མེད་པའི་དོན་ཏེ། དེ་ཡང་དེ་བཞིན་གཤེགས་པས་ཤེས་རབ་དང་ཡེ་ཤེས་ཀྱིས་གཉིས་སུ་མེད་པ་དང་། གཉིས་སུ་དབྱེར་མེད་པ་དང་། མཚན་ཉིད་གཅིག་པ་འདི་ལྟ་སྟེ། མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་བུ་མོ་
ཁམས་དག་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་འཇིག་རྟེན་གསུམ་བསྐལ་པའི་མེས་བསྲེགས་པ་ན་ཐལ་བ་ཡང་མེད་པ་ལྟར་རོ་ཞེས་བྱ་བ་དང་། དེ་བཞིན་དུ། མིག་ནི་གཟུགས་ལ་མི་ལྟ་ཞིང་། །ཡིད་ནི་ཆོས་རྣམས་མི་ཤེས་ཏེ། །གང་ལ་འཇིག་རྟེན་མི་
འཇུག་པ། །དེ་ནི་དམ་པའི་བདེན་པའོ། །ཞེས་བྱ་བ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ནི་ཤེས་པར་མི་བྱེད། ལྟ་བར་མི་བྱེད་དེ། དེ་ནི་ཆོས་སྨྲ་བ་ལ་ཡང་དམིགས་པར་མི་བྱེད། སེམས་པར་མི་བྱེད། རློམ་པར་མི་བྱེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་སྲིང་མོ་མིག་ནི་གཟུགས་ལ་ལྟ་བར་མི་བྱེད།
རྣམ་པར་ཤེས་པར་མི་བྱེད་དེ། བྱང་ཆུབ་ཀྱང་མིག་དང་གཟུགས་དང་བྲལ་བ་ཉིད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ཆོས་རྣམས་འཛིན་པར་མི་བྱེད་རྣམ་པར་ཤེས་པར་མི་བྱེད་དེ། བྱང་ཆུབ་ཀྱང་ཡིད་དང་ཆོས་དང་བྲལ་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་རབ་ཀྱི་
རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་གཟུགས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ཀྱིས་གཟུགས་མི་ཤེས་མི་མཐོང་བ་

དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རྣམ་པར་ཤེས་པ་མི་ཤེས་མི་མཐོང་བའོ། །གཟུགས་མི་ཤེས་མི་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་མི་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། སྐྱེ་མཆེད་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་གསུམ་པའོ།། །།ད་ནི་སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་
ཕྱོགས་ཀྱི་ཁྱད་པར་དགག་པས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཞི་པ་བརྩམ་མོ། །རབ་ཏུ་བྱེད་པ་བསྟན་མ་ཐག་པའི་མཇུག་ཏུ། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་
བཤད་པར་ཤེས་པར་བྱ། །ཞེས་བཤད་པའི་ཕྱིར་རང་གི་སྡེ་པ་དག་ན་རེ། དོན་དམ་པར་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ། ཕུང་པོས་བསྡུས་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་ཕུང་པོས་མ་བསྡུས་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ནང་གི་སྐྱེ་
མཆེད་རྣམས་ལ་ནི་ཕུང་པོས་བསྡུས་པ་ཡོད་དེ། འདི་ལྟ་སྟེ། གཟུགས་ཅན་བཅུ་ནི་གཟུགས་ཀྱི་ཕུང་པོས་བསྡུས་ལ། ཆོས་ཀྱི་སྐྱེ་མཆེད་ནི་ཕུང་པོ་གསུམ་དང་། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་སོ། །དེའི་ཕྱིར་གཏན་ཚིགས་ཇི་
སྐད་སྨོས་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ། འདི་ལ་གཟུགས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འབྱུང་བའི་གཟུགས་དང་། འབྱུང་བ་ལས་གྱུར་པའི་གཟུགས་སོ། །དུས་ལ་སོགས་པའི་དབྱེ་བས་ཐ་དད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་
གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་རེ་ཞིག་ཕ་རོལ་པོའི་གཏན་ཚིགས་ཉིད་དུ་མིག་ལ་སོགས་པ་བསྡུས་པར་འདོད་པའི་ཕྱིར་དང་། བསྟན་སླ་བའི་ཕྱིར་གཟུགས་ལས་བརྩམས་ཏེ་བསམ་པར་བྱའོ། །གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་ནི་

གཟུགས་སུ་རུང་བའོ། །དེའི་རྒྱུ་ནི་གཟུགས་ཀྱི་རྒྱུ་སྟེ། དེ་གང་ཞེ་ན། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དག་གོ། །དེ་དག་མ་གཏོགས་པར་ཞེས་བྱ་བ་ནི། དེ་དག་བསྩལ་ནའོ། །གཟུགས་ནི་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དོན་དམ་པར་རོ། །འོ་ན་ཅི་ཞེ་ན། ཐ་
སྙད་གདགས་པའི་ཕྱིར། གཟུགས་ཀྱི་རྒྱུ་འབྱུང་བ་ཆེན་པོ་བཞི་པོ་དག་ལ་བརྟེན་ནས་གཟུགས་ཞེས་འདོགས་པར་བྱེད་དོ། །དེ་ལྟར་ན་འདིས་གཟུགས་ཀྱིས་བསྒྲུབ་པར་བྱ་བ་ཆོས་ས་ལ་སོགས་པར་འདུས་པ་ཙམ་ཉིད་དང་། གཟུགས་ཀྱི་བསྒྲུབ་པའི་ཆོས་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་བསྟན་ཏོ། །དཔེ་ནི་
དེའི་དབང་གིས་ཏེ། དམག་དང་ནགས་ཚལ་ལ་སོགས་པ་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་གཟུགས་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་རོ། །འདི་ན་གང་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་དམག་ལ་སོགས་
པ་བཞིན་ནོ། །དེ་བཞིན་དུ་གཟུགས་ཀྱང་རང་གི་རྒྱུ་ས་ལ་སོགས་པ་དག་མ་བཟུང་ན། གཟུགས་ཀྱི་བློ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ། དོན་དམ་པར་གཟུགས་ཀྱི་བློ་ནི་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར་དཔེར་ན་
ནགས་ཚལ་ལ་སོགས་པའི་བློ་བཞིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ། དོན་དམ་པར་གཟུགས་ཀྱི་ཞེས་བྱ་བའི་སྒྲ་འདི་ནི་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་དཔེར་ན་དམག་ལ་སོགས་པའི་སྒྲ་བཞིན་ནོ། །རྣམ་པར་ཤེས་པ་དང་། སེམས་ལས་བྱུང་བ་དག་
ཀྱང་བསྒྲུབ་པར་བྱ་བ་དང་། རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར། གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །གལ་ཏེ་གཟུགས་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དེ་ཞིག་ཀྱང་དེའི་བློ་མི་འཇིག་པའི་ཕྱིར་རོ། །འདི་ན་གང་ཞིག་ན་དེའི་བློ་འཇིག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ།
དཔེར་ན་བུམ་པ་བཞིན་ནོ། །གཟུགས་སྔོན་པོ་ལ་སོགས་པ་དག་ནི་ཞིག་ཀྱང་དེའི་བློ་དེ་ལྟར་མི་འཇིག་པས་དེའི་ཕྱིར་གཟུགས་ནི་རྫས་སུ་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་རྒྱུར་བྱས་པའི་གཟུགས་བརྟགས་ཟིན་ཏོ། །ད་ནི་འབྱུང་བའི་གཟུགས་ཀྱི་

དབང་དུ་བྱས་ཏེ་བཤད་པར་བྱའོ། །རྒྱུར་བྱས་པའི་གཟུགས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་རྒྱུ་གཟུང་དུ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །རྒྱུར་བྱས་པའི་གཟུགས་ལ་ནི་རྒྱུ་ས་ལ་སོགས་པ་དེ་དག་ཡོད་པས་དེའི་ཕྱིར་རྒྱུར་བྱས་པའི་གཟུགས་ནི་
ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ཕྱིར་བཤད་པ། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །འདི་ལ་རྒྱུར་བྱས་པའི་གཟུགས་ཀྱི་མཚན་ཉིད་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་མ་གཏོགས་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་ཀྱང་མི་སྣང་ཞིང་གཟུང་དུ་
མེད་དོ། །འདིར་ཡང་འབྱུང་བའི་གཟུགས་ཀྱི་བསྒྲུབ་པར་བྱ་བ་ཆོས་གཟུགས་ལ་སོགས་པ་འདུས་པ་ཙམ་ཉིད་དང་། སྒྲུབ་པའི་ཆོས་གཟུགས་ལ་སོགས་པ་མི་སྣང་ན་ས་ལ་སོགས་པ་དེ་དག་ཀྱང་མི་སྣང་བར་བསྟན་ཏོ། །དེའི་ཕྱིར་དེའི་དབང་གིས་དཔེ་ཡང་མངོན་ནོ། །དེ་ལ་འདིར་རེ་ཞིག་སའི་དབང་དུ་བྱས་ཏེ་སྦྱོར་
བའི་ཚིག་བྱའོ། །འདུས་པ་ཙམ་ཉིད་ཀྱང་། དོན་དམ་པར་མི་སྟོན་པའི་ཕྱིར་རོ། །འདིར་བསྟན་བཅོས་མཛད་པས་འདུས་པ་ཙམ་ཉིད་བསྟན་པས། རྫས་སུ་ཡོད་པ་ཉིད་དགག་པ་ཁོ་ན་བསྟན་ཏེ། དེ་དགག་པ་ནི་དོན་ཆེ་བའི་ཕྱིར་རོ། །ཇི་ལྟར་དེ་དོན་ཆེ་བ་ཉིད་ཡིན་ཞེ་ན། འདི་ལྟར་ཐ་སྙད་དུ་བརྟེན་ནས་
འདོགས་པར་བྱེད་པ་གང་ཡིན་པ་དེ་ནི། དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་པས་ངོ་བོ་ཉིད་མེད་པ་ཉིད་གྲུབ་པའི་ཕྱིར་རོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། གང་ཕྱིར་འདུས་པ་མ་གཏོགས་པར། །བློ་ཡིས་དངོས་པོ་གཟུང་དུ་མེད། །དེ་ཕྱིར་སྟོང་དང་མ་སྐྱེས་
དང་། །རང་བཞིན་མེད་པར་ང་སྨྲའོ། །འདི་ལ་རྐྱེན་གྱིས་ཅུང་ཟད་ཀྱང་། །སྐྱེ་བ་དང་ནི་འགག་པ་མེད། །སྐྱེ་བ་དང་ནི་འགག་པ་ཡང་། །རྐྱེན་རྣམས་ཁོ་ན་འབའ་ཞིག་གོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ས་ནི་རྫས་སུ་ཡོད་པ་མ་ཡིན་པར་ཤེས་
པར་བྱ་སྟེ། དེའི་རྒྱུ་མི་སྣང་ན་དེ་མི་སྣང་བའི་ཕྱིར་རོ། །གང་རྒྱུ་མི་སྣང་ན་དེ་མི་སྣང་བ་དེ་ནི་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་དམག་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ། བློ་དང་སྒྲའི་ཕྱོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ཡང་ན་གཟུགས་ཀྱི་རྒྱུས་ལ་སོགས་པ་དེ་དག་མ་གཏོགས་

པར་དེ་དག་ལས་གཞན་པའི་གཟུགས་དམིགས་སུ་མེད་དེ། རང་གི་རྒྱུ་མ་བཟུང་ན་དེ་གཟུང་དུ་མེད་པ་ནི་གཟུགས་ཀྱི་ཆོས་ཡིན་ནོ། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར། དཔེར་
ན་ས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ། །འདིར་བྱ་བ་ལ་གནས་པ་ཡིན་པར་བསམས་པས་མ་བཟུང་བ་བློའི་ཆོས་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །གྲངས་ཅན་དག་ན་རེ། གཟུགས་ལ་སོགས་པ་དག་ལས་ས་ལ་སོགས་པ་དག་གཞན་མ་ཡིན་པས། དེ་ནི་
གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་བཟང་པོ་མ་ཡིན་ཏེ། གཞན་ཉིད་དགག་པས་གཞན་མ་ཡིན་པ་ཉིད་དུ་སྟོན་པར་མི་བྱེད་པའི་ཕྱིར་དང་། ཕ་རོལ་པོ་འདོད་པའི་གཞན་མ་ཡིན་པ་ཉིད་ཀྱང་ཁས་མ་བླངས་པའི་ཕྱིར་རོ། །བྱེ་བྲག་པ་དག་གཏན་ཚིགས་མ་ངེས་པ་ཉིད་དུ་རྒོལ་བར་བྱེད་དེ། མར་
མེ་མ་བཟུང་ཡང་དེ་ལས་གཞན་པ་ཡོད་ན་བུམ་པ་ལ་དེའི་བློ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། དེའི་བློ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་བཟུང་བའི་ཕྱིར་དང་། མར་མེ་མེད་ཀྱང་ནོར་བུ་དང་། འོད་ཟེར་དང་། སྨན་དང་ཟླ་བ་དང་། ཉི་མའི་སྣང་བ་ཡོད་ན་དེའི་བློ་ཡོད་པས། དེའི་མི་
མཐུན་པའི་ཕྱོགས་ལ་བསྒྲུབ་པའི་ཆོས་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་དམ་བཅས་པ་ཁྱད་པར་ཅན་ཉེ་བར་བཟུང་བའི་ཕྱིར་མར་མེ་ནི་བུམ་པའི་རང་གི་ཚོགས་པའི་ཡན་ལག་མ་ཡིན་ནོ། །འོག་ནས་གང་ཡང་གང་དང་ལྷན་ཅིག་ཏུ་གཞན་
པ་ཉིད་དུ་མི་འཐད་དོ་ཞེས་སྟོན་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར། དོན་དམ་པར་མར་མེ་ལས་བུམ་པ་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་ཡང་མ་ངེས་པ་ཉིད་མ་ཡིན་ནོ། །གལ་ཏེ་དམག་ལ་སོགས་པ་ཡན་ལག་ཅན་གྱི་རྫས་དག་ལ། རྩོམ་པ་ཡོད་པའི་ཕྱིར་ས་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་མ་
ཡིན་པར་རབ་ཏུ་སྒྲུབ་པའི་རྫས་སུ་དཔག་པ་དག་གིས་དཔེ་མ་གྲུབ་བོ་ཞེ་ན། དམག་གི་ཡན་ལག་དག་ནི་དམག་ཅེས་བྱ་བ་ཡན་ལག་ཅན་གྱི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། ཡན་ལག་ཡིན་པའི་ཕྱིར། དཔེར་ན། ཤིང་གི་ཡན་ལག་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ཡལ་ག་ཕྲ་མོ་ལ་

སོགས་པ་དག་བཞིན་ནོ། །ཡང་ན་གླང་པོ་ཆེ་དག་ལ་ཡོངས་སུ་རྫོགས་པ་དེའི་ཡན་ལག་གང་ཡིན་པ་དེ་ནི་ཤིང་རྟ་དང་རྟ་ལ་སོགས་པ་དག་རྩོམ་པར་བྱེད་པ་མ་ཡིན་ཏེ། དེ་ལ་མེད་པའི་ཕྱིར་དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་པས་དཔེ་མེད་པ་མ་ཡིན་ནོ། །དེ་བཞིན་དུ། གཟུགས་ཞེས་བྱ་བ་མ་གཏོགས་
པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་བ་འདི་ལ་ཡང་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དག་ཉེ་བར་སྦྱར་ནས། རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ། །ཇི་ལྟར་གཟུགས་ས་ལ་སོགས་པ་དག་ལས་གཞན་མ་ཡིན་པ་དེ་བཞིན་དུ། ས་ལ་སོགས་པ་དག་གཟུགས་
ལས་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། འོག་ནས་གཞན་མ་ཡིན་པ་ཉིད་ཀྱང་འགོག་པའི་ཕྱིར་དང་། གཞན་མ་ཡིན་པ་ཉིད་ཀྱིས་འོ་མ་ཡང་ཞོ་ཉིད་དུ་འགྱུར་བའམ། ཞོ་ཡང་འོ་མ་ཉིད་དུ་འགྱུར་ན་མི་རུང་བའི་ཕྱིར་རོ། །དེའི་ཕྱིར། གཅིག་པ་ཉིད་དང་གཞན་ཉིད་དུ། །ཇི་ལྟར་བྱིས་པས་རྣམ་
བརྟགས་ལྟར། །དངོས་པོ་གཞན་པ་མ་ཡིན་དང་། །ཚོགས་ལས་གཞན་པའང་གང་ནའང་མེད། །ཅེས་གསུངས་པ་དེ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྐྱེ་མཆེད་རྣམས་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་སྨྲས་པའི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་
ཉིད་ཡིན་ནོ། །གཟུགས་ཀྱི་རྒྱུ་མ་གཏོགས་པར་ཡང་གཟུགས་ཡོད་དོ་ཞེས་ཤེས་པར་བྱར་མི་ནུས་ཏེ། འོན་ཀྱང་རྣམ་པར་རྟོག་ན། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ། གཟུགས་ཀྱི་རྒྱུ་ཞེས་བྱ་བ་ནི་གཟུགས་ཀྱི་ཡོད་པ་ཉིད་ཀྱི་རྒྱུ་སྟེ།
བར་གྱི་ཚིག་མི་མངོན་པའི་ཕྱིར་མེའི་རྒྱུ་བཞིན་ནོ། །དེ་མ་གཏོགས་པར་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་མ་གཏོགས་པར་ཏེ། གཟུགས་ཡོད་པ་ཉིད་དུ་སྟོན་པའི་རྒྱུ་མེད་པར་ཞེས་བྱ་བར་དགོངས་སོ། །གཟུགས་ན་ཞེས་བྱ་བ་ནི་དམ་བཅས་པ་ཙམ་ལས་རྣམ་པ་དེ་ལྟ་བུ་དེ་འདོད་ནའོ། །གཟུགས་ནི་རྒྱུ་མེད་པར་ཐལ་
བར་འགྱུར་ཏེ་ཞེས་བྱ་བ་ནི་འཐད་པ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་མི་འདོད་པས་ཇི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ། །རྒྱུ་མེད་པར་གང་དག་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར། གཟུགས་འགྲུབ་པ་ཡང་དེ་དག་དང་འདྲའོ་ཞེས་ཟེར་ན། དེ་ལ་བཤད་པ།

གལ་ཏེ་འགའ་ཞིག་ཇི་སྐད་སྨྲས་པའི་རྣམ་པ་ལྟ་བུར་གྱུར་ན་ནི་དེ་ཡང་རུང་བ་ཞིག་ན། དོན་གང་ཡང་། རྒྱུ་མེད་པ་ནི་གང་ནའང་མེད། །དེ་ཡང་དཔེ་མེད་པའི་ཕྱིར་སྨྲ་བ་དེ་ལ་ཡང་གྲུབ་པ་མེད་དོ། །ཁོ་བོས་དང་པོ་ཉིད་དུ་ཡང་རྒྱུ་མེད་པར་སྨྲ་བ་དག་བསལ་ཟིན་པས་དེ་ནི་བདེན་པ་མ་ཡིན་
ནོ། །གང་དག་གྲངས་ཅན་དག་གི་ཚུལ་ལ་མཁས་སུ་རེ་བས། འདི་སྐད་ཅེས་ཁྱོད་ཀྱིས་ས་ལ་སོགས་པ་དག་གཟུགས་ལ་སོགས་པ་དག་ལས་གཞན་མ་ཡིན་ནོ་ཞེས་སྨྲས་པས། དེ་དག་གཞན་མ་ཡིན་པ་ཉིད་དུ་ཁས་བླངས་པ་ཡིན་པས་དེས་ན་དོན་དམ་པར་ས་ལ་སོགས་པ་དག་རྫས་སུ་ཡོད་པར་ཤེས་པར་
བྱར་ནུས་ཏེ། གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་ཟེར་ན་ཇི་སྐད་བསྟན་པའི་ཚུལ་གྱིས་གཞན་མ་ཡིན་པ་ཉིད་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །དཔེ་ཡང་མེད་དེ། གཟུགས་ལ་སོགས་
པའི་རང་གི་བདག་ཉིད་བསལ་བའི་ཕྱིར་རོ། །གཞན་དག་ན་རེ། དོན་དམ་པར་ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་གཟུང་དུ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ས་ལ་སོགས་པ་དག་ལ་ནི་འབྲས་བུ་གཟུགས་
ལ་སོགས་པ་དག་ཡོད་པས་དེའི་ཕྱིར་ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །ཁོ་བོའི་ཕྱོགས་ལ་གལ་ཏེ་གཟུགས་མ་
གཏོགས་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་ཞིག་ཡོད་ན་ནི་དེས་ན་འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། འབྲས་བུ་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་འབྲས་བུ་མེད་པའི་རྒྱུར་འགྱུར་བའི་ཕྱིར་རོ། །གཞན་ཡིན་པའི་ཕྱིར་རྩི་སྐྱང་ལ་སོགས་པ་བཞིན་ནོ། །འབྲས་བུ་མེད་པའི་རྒྱུ་མེད་དོ་ཞེས་བྱ་བ་ནི། དེ་ཡང་
གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་རྒྱུ་བཞིན་དུ་འབྲས་བུ་ཡང་མ་གྲུབ་པའི་ཕྱིར་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ། །སྤྱིར་གྲགས་པའི་གཏན་ཚིགས་ཉིད་དུ་བརྗོད་ན་ནི་དོན་

འགལ་བ་ཉིད་ཡིན་ནོ། །སུན་དབྱུང་བའི་ལེན་གཞན་ཡང་ཡོད་དེ། འདི་ལ་གཟུགས་ཀྱི་རྒྱུ་ཞིག་བརྟགས་ན་གཟུགས་ཡོད་པའམ། མེད་པ་ལ་བརྟག་གྲང་ན། གཉི་ག་ལ་ཡང་མི་འཐད་པར་བཤད་པ། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཡོད་པའི་
ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་བཞིན་ནོ། །ཅི་སྟེ་མེད་ན་ཡང་། གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ས་ལ་སོགས་པ་འདོད་པ་སྟེ། །སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་སྐྱེ་བ་མེད་པའི་རབ་
ཏུ་བྱེད་པར་བསྟན་པའི་སུན་དབྱུང་བ་རྗེས་སུ་བཟླས་པས། སུན་དབྱུང་བ་བརྗོད་པར་རིག་པར་བྱའོ། །རྒྱུ་མེད་པར་སྨྲ་བ་དག་རྒྱུ་མེད་པ་ཁོ་ནའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །ཀུན་རྫོབ་ཏུ་ཡང་དེ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བར་
དགོངས་སོ། །ཡང་ན་བྱེ་བྲག་ཏུ་སྨྲ་བ་དག་མ་འོངས་པའི་གཟུགས་ཀྱང་ཡོད་དོ་ཞེས་ཟེར་བས་དེ་དག་གི་ཕྱིར་བཤད་པ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །མ་འོངས་པ་སྐྱེ་བའི་རྒྱུ་མ་བླངས་པ་དག་ཉིད་ཀྱི་དངོས་པོ་མ་ཐོབ་པ་ནི་ཐ་སྙད་དུ་ཡང་ཡོད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་
དགོངས་སོ། །གང་གི་ཕྱིར་དེ་ལྟར་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་བདག་ཉིད་ཀྱི་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པ། དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །མཁས་པ་ཆོས་ཀྱི་དེ་ཁོ་ན་རྣམ་པར་རྟོག་པ་དང་། ལེགས་པར་བྲལ་བར་རྟོགས་པར་འདོད་པ་
ཡང་དག་པའི་ཤེས་པའི་མིག་ཡང་དག་པར་བྱེ་བས་གཟུགས་རྫས་སུ་ཡོད་པ་དང་། རྒྱུ་ལས་གཞན་པ་དང་། རྒྱུ་ལས་གཞན་པ་མ་ཡིན་པ་དང་། དེ་དག་ལ་སོགས་པ་ཁ་དོག་དང་། དབྱིབས་ཀྱི་དབྱེ་བ་ལ་སོགས་པ་ཡུལ་གྱི་རྣམ་པར་རྟོག་པ་མང་པོ་བུ་མ་བཙས་པའི་རྨི་ལམ་ན་བུའི་གཟུགས་དང་སྤྱོད་པ་ལ་
སོགས་པའི་ཡུལ་དག་མཐོང་ནས་སད་པ་ལྟ་བུ་དག་ལ་རྣམ་པར་བརྟག་པར་མི་བྱའོ། །དེའི་ཕྱིར་དེ་ལྟར་གཟུགས་ཀྱི་རྒྱུ་མི་འཐད་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་དང་མ་བྲལ་ལོ།། །།དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ། བམ་པོ་ལྔ་པ། ཡང་གཞན་ཡང་འདི་ན་རྒྱུའི་ཡོན་ཏན་སྔ་ན་ཡོད་པའི་

རིམ་གྱིས་འབྲས་བུ་ལ་ཡང་ཡོན་ཏན་མཐོང་བའི་མཚན་ཉིད་ཀྱིས་གང་དག་འབྲས་བུ་རྒྱུ་དང་འདྲའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་འདྲ་བར་བསྟན་པ་འཐད་པ་མ་ཡིན་ཏེ། རྒྱུ་དེ་འབྲས་བུ་
མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་བསྒྲུབ་པར་བྱ་བ་ཆོས་སྨྲ་བར་འདོད་པའི་རྒྱུ། རྒྱུ་མ་ཡིན་པ་ཉིད་དང་། སྒྲུབ་པའི་ཆོས་འདྲ་བར་བསྟན་པ་ཉེ་བར་བཞག་གོ། །དཔེ་ནི་དེའི་དབང་གིས་ཏེ། རྒྱུད་ཐ་དད་པའི་རྫས་ཡིན་པ་བཞིན་ནོ། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་སྨྲ་བར་
འདོད་པའི་རྒྱུ། རྒྱུ་སྤུན་སྔོན་པོ་ནི་ལ་བ་སྔོན་པོའི་རྒྱུ་མ་ཡིན་ཏེ། འདྲ་བའི་ཕྱིར་དཔེར་ན་དེ་ལས་གཞན་པའི་ལ་བ་སྔོན་པོ་བཞིན་ནོ། །འདིར་གྲངས་ཅན་དག་ན་རེ་དེ་ལས་གཞན་པའི་ལ་བ་སྔོན་པོ་ལ་ཡང་སྨྲ་བར་འདོད་པའི་ལ་བ་སྔོན་པོའི་རྒྱུ་མེད་པར་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་རོ། །དེ་ནི་བཟང་པོ་
མ་ཡིན་ཏེ། ད་ལྟར་དེ་འབྱུང་བའི་རྒྱུ་ནི་དངོས་པོ་མ་ཡིན་པར་གྲུབ་པ་ཉིད་དཔེ་ཉིད་དུ་འདོད་པའི་ཕྱིར་དང་། དགག་པ་འདི་ནི་སྒྲ་གང་དང་ལྷན་ཅིག་སྦྱོར་བར་བྱེད་པ་དེའི་བརྗོད་པར་བྱ་བ་དོན་དགག་པ་ཁོ་ནས་མཐུ་ཉེ་བར་ཟད་པ་ཡིན་ཏེ། དེ་ན་དེའི་ཁྱད་པར་མི་སྟོན་པའི་ཕྱིར། བྲམ་ཟེ་མ་ཡིན་ནོ་ཞེས་བྱ་བ་བཞིན་པས་
སྐྱོན་མེད་དོ། །རང་གི་སྡེ་པ་དག་ནི་འབྲས་བུ་རྒྱུ་དང་འདྲ་བ་དང་མི་འདྲ་བར་ཡང་སྨྲ་བས་སྐད་ཅིག་མ་སྔ་མ་མཚན་ཉིད་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས། དཔེར་ན་མར་མེ་དང་ཆུའི་རྒྱུན་ལ་སོགས་པ་དག་ལ་ནི་རྒྱུའི་སྐད་ཅིག་མ་དང་འདྲ་བའི་ཕྱིར། འདྲ་བ་ཡིན་ནོ། །སྐད་ཅིག་མ་སྔ་མ་མཚན་ཉིད་མི་
འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེད་པ་ལ་ལྟོས་ནས། དཔེར་ན་ཤིང་དང་འོ་མ་དང་དེ་ལ་སོགས་པའི་ཐལ་བ་དང་། ཞོ་ལ་སོགས་པ་དག་ལ་ནི་རྒྱུའི་སྐད་ཅིག་མ་དང་མི་འདྲ་བའི་ཕྱིར་མི་འདྲ་བ་ཡིན་ནོ་ཞེ་ན། དེ་ལ་འབྲས་བུ་རྒྱུ་དང་འདྲ་བ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་ཉིད་ཀྱིས་བཀག་ཟིན་ཏོ། །འབྲས་
བུ་རྒྱུ་དང་མི་འདྲ་བ་གང་ཡིན་པ་དེའི་དབང་དུ་བྱས་ཏེ་བཤད་པ། འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །འདིར་ཡང་བསྒྲུབ་པར་བྱ་བའི་ཆོས་མྱུ་གུ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་ཉིད་དང་། སྒྲུབ་པའི་ཆོས་མི་འདྲ་བར་བསྟན་པ་ཉེ་བར་བཞག་གོ། །དེས་ན་ཡན་ལག་ལྷག་

མ་ཡང་སྔ་མ་བཞིན་དུ་མངོན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མྱུ་གུ་ནི་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་ཏེ། མི་འདྲ་བའི་ཕྱིར་དཔེར་ན་གྱོ་མོ་ལ་སོགས་པ་བཞིན་ནོ། །ཅི་སྟེ་ཡང་འབྲུ་ནི་མྱུ་གུའི་རྒྱུ་ཁོ་ན་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་རམ། དེས་ཐ་སྙད་འདོགས་པའི་ཕྱིར་དཔེར་
ན་རྔ་བོ་ཆེའི་སྒྲ་འམ་ནས་ཀྱི་མྱུ་གུ་བཞིན་ནོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། སྐྱེ་བ་ཅན་རྣམས་ཀྱི་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པས་དཔེ་མ་གྲུབ་པའི་ཕྱིར་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ། །གང་དག་འདི་སྐད་ཅེས་མིག་ལ་སོགས་པའི་འབྲས་བུ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འདྲ་བ་ཡིན་པའི་
ཕྱིར་མི་འདྲ་བ་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཉིད་དོ་ཞེས་ཟེར་ན། དེ་ཡང་བཟང་པོ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བསྒྲུབ་པར་བྱ་བ་དང་། རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་ཀྱི་སྐབས་མེད་དོ། །
ཡང་ན་སྨྲ་བར་འདོད་པ་ས་ལ་སོགས་པ་དག་རྒྱུ་མ་ཡིན་པས་གཟུགས་མ་གྲུབ་པའི་ཕྱིར་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་ཡིན་ནོ་ཞེས་ཇི་སྐད་བསྟན་པའི་ཚུལ་དང་འདྲའོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ། འབྲས་བུ་ནི་རྒྱུ་དང་འདྲ་
བ་ཡང་ཡིན་ལ། མི་འདྲ་བ་ཡང་ཡིན་ཏེ། བྱེད་པའི་རྒྱུས་འདུས་བྱས་ཀྱི་བྱེད་པའི་རྒྱུ་ནི་ཐམས་ཅད་ཡིན་པར་ཁས་བླངས་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་རོ། །དེ་ནི་བཟང་པོ་མ་ཡིན་ཏེ། རིགས་མཐུན་པ་བསྐྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་ལ་སོགས་པའི་ཁྱད་པར་ཅན་གྱི་སྒྲུབ་པར་བྱེད་པ་ཉིད་འགོག་པར་འདོད་པའི་
ཕྱིར་རོ། །དེ་ལྟར་ན་གཞུང་གི་ཚོགས་དེས་འབྱུང་བའི་གཟུགས་དང་། རྒྱུར་བྱས་པའི་གཟུགས་བཀག་པས་གཟུགས་ཀྱི་ཕུང་པོ་མི་སྲིད་པར་བསྟན་ཏོ། །ད་ནི་གཟུགས་བཀག་པ་བཞིན་དུ་ཚོར་བ་ལ་སོགས་པ་དག་དགག་པ་ཡང་རིམ་པ་མཚུངས་པར་བསྟན་པར་བྱ་སྟེ། ཚོར་དང་འདུ་ཤེས་འདུ་བྱེད་དང་། །སེམས་
དང་དངོས་པོ་ཐམས་ཅད་ཀྱང་། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །གཟུགས་དགག་པ་བཞིན་དུ་ཚོར་བ་ལ་སོགས་པ་དག་དགག་པ་ཡང་རིམ་པ་མཚུངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཇི་ལྟར་དོན་དམ་པར་གཟུགས་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་མ་

བཟུང་ན་དེའི་བློ་མེད་པའི་ཕྱིར། དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་དེ་བཞིན་དུ་དོན་དམ་པར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་ཀྱང་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར། དཔེར་
ན་དམག་ལ་སོགས་པ་བཞིན་ནོ་ཞེས་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །ཚོར་བ་ལ་སོགས་པ་དག་གི་རྒྱུ་ནི། རེག་པ་དང་། མིག་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། ཡིད་ལ་བྱེད་པ་ལ་སོགས་པ་དག་ཡིན་པར་ཅི་རིགས་པར་བརྗོད་པར་བྱའོ། །ཇི་ལྟར་དོན་དམ་པར་གཟུགས་ནི་
རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར། དཔེར་ན་ས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བས་དོན་དམ་པར་གཟུགས་རང་གི་རྒྱུ་དག་ལས་གཞན་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་དོན་དམ་པར་ཚོར་བ་ལ་སོགས་པ་དག་རང་གི་རྒྱུ་
དག་ལས་གཞན་མ་ཡིན་པར་བརྗོད་པར་བྱའོ། །འདིར་སུན་འབྱིན་པ་དང་། སུན་འབྱིན་པའི་ལན་དག་ཀྱང་སྔ་མ་བཞིན་ནོ། །དངོས་པོ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཕུང་པོ་ལས་གཞན་པ་འདུས་བྱས་ཀྱི་ཆོས་མེད་མོད་ཀྱི། དེ་དག་གི་བྱེ་བྲག་དག་དགག་པ་བརྗོད་པར་བཞེད་པས་ཉེ་བར་བཞག་སྟེ། ཡོངས་
སུ་བརྟགས་པའི་བུམ་པ་དང་། སྣམ་བུ་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་དང་། གཞན་པ་ཉིད་དགག་པའི་ཕྱིར་རོ། །འདིར་ཡང་སྔ་མ་བཞིན་དུ་སྦྱོར་བའི་ཚིག་དག་ཅི་རིགས་པར་བརྗོད་པར་བྱའོ། །དེ་ལྟར་ཕུང་པོ་རྣམས་མ་གྲུབ་པའི་ཕྱིར་ཕུང་པོས་བསྡུས་པ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་
པ་ཉིད་དང་། དཔེ་མེད་དོ། །ཇི་ལྟ་ཞེ་ན། འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཕུང་པོས་བསྡུས་པ་དག་དོན་དམ་པར་ཡོད་དོ་ཞེས་བྱ་བ་མེད་པའི་ཕྱིར་རོ། །ཡང་ན་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་ཡིན་ཏེ། ཕུང་པོས་བསྡུས་པ་ནི་ཐ་སྙད་ཁོ་ནར་ཡོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རིགས་པ་དེས་
ན། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །དེ་ཁོ་ན་བརྟག་པའི་མཚན་ཉིད་ལ་དངོས་པོ་འགའ་ཞིག་གི་དོན་དམ་པ་པའི་ངོ་བོ་ཉིད་བརྟག་པ་བརྩམ་པ་ན་སྟོང་པ་ཉིད་ཀྱིས་དོན་དམ་པར་སྐྱེ་མཆེད་

རྣམས་སྐྱེ་བ་མེད་པ་དང་། རྫས་སུ་ཡོད་པ་མ་ཡིན་པར་ཚད་མ་ཡོངས་སུ་བཟུང་སྟེ། བརྩད་ཅིང་འགྱེད་པ་བྱས་པའི་ཚེ། །གང་ཞིག་རྟོག་གེ་ཕྱི་མ་ཉེ་བར་བཞག་པས་ལན་འདེབས་ཤིང་སྨྲ་བར་བྱེད་པ་དེའི་དེ་དག་ཐམས་ཅད་ནི་ལན་བཏབ་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །
དེ་སྟོན་པའི་གཏན་ཚིགས་དང་། དཔེ་དེ་དག་བསྒྲུབ་པར་བྱ་བ་དང་མཚུངས་པར་མ་གྲུབ་པའི་ཕྱིར། རྟོག་གེ་ཕྱི་མ་མི་འགྲུབ་བོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་སྐྱོན་བརྟགས་མིན། །བསྒྲུབ་པར་བྱ་དང་
མཚུངས་པར་འགྱུར། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ན་སྟོང་པ་ཉིད་ཀྱིས་སྦྱོར་བ་རྣམ་པར་དབྱེ་བ་བྱས་ཏེ། རྣམ་པར་བཤད་པའི་ཚེ་གང་ཞིག་ཚད་མ་ལོག་པས་བློ་གྲོས་བསླད་པ་ཉིད་ཀྱིས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བདེན་པ་ལ་སོགས་པས་
བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་དེའི་དེ་དག་ཐམས་ཅད་ཀྱང་སྐྱོན་བརྟགས་ཤིང་སུན་འབྱིན་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཇི་ལྟ་ཞེ་ན། སུན་དབྱུང་བ་དང་འདྲ་བའི་ཕྱིར། །བསྒྲུབ་པར་
བྱ་བ་མ་གྲུབ་པ་ཉིད་དང་སྤྱིར་མཚུངས་ཏེ། དངོས་པོ་གཅིག་ལ་གང་ལྟ་བ། །དེ་ནི་ཀུན་ལའང་ལྟ་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་གང་གསུངས་སོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་སྐྱེ་མཆེད་རྣམས་ཡོད་པར་སྟོན་པ་ཉེ་བར་བཞག་པའི་སྒྲུབ་
པའི་སྐྱོན་བརྗོད་པས། ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕུང་པོ་ལྔ་པོ་དག་གི་མངོན་པར་འགྲུབ་པར་གཏོགས་པ་སྟོན་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ངོ་བོ་
ཉིད་དང་བྲལ་བ་ནི་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ངོ་བོ་ཉིད་དང་བྲལ་བ་ནི་རྣམ་པར་ཤེས་པའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་གི་ངོ་བོ་ཉིད་དང་བྲལ་བ་གང་ཡིན་པ་དེ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ངོ་བོ་ཉིད་མེད་པ་ནི་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ངོ་བོ་ཉིད་མེད་པ་ནི་རྣམ་པར་ཤེས་པའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་གི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་དང་། དེ་བཞིན་དུ། ངས་ནི་འཇིག་རྟེན་ཕུང་པོ་བསྟན། །དེ་ལ་འཇིག་རྟེན་གནས་པར་གྱུར། །མཁས་པ་དེ་ལ་མི་གནས་པ། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །འཇིག་རྟེན་ནམ་
མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་ཕྱིར་དེ་ཡི་དེ་བརྟགས་པས། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །ཞེས་བྱ་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་གནས་ཏེ་སྦྱིན་པ་སྦྱིན་པར་མི་བྱའོ་
ཞེས་བྱ་བ་དང་། དེ་བཞིན་དུ། སྲིད་པ་གསུམ་ནི་བརྟགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བརྟགས་པ་དངོས་པོའི་རང་བཞིན་དུ། །ངན་རྟོག་རྣམས་ནི་རྟོག་པར་བྱེད། །བློ་ཡིས་རྣམ་པར་བརྟག་བྱས་ན། །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །ངོ་བོ་ཉིད་ནི་མེད་པར་བསྟན། །
ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཞི་པའོ།། །།ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་
ཁམས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ལྔ་པ་བརྩམ་མོ། །རབ་ཏུ་བྱེད་པ་བསྟན་མ་ཐག་ཏུ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བཤད་པའི་ཕྱིར་རེ་ཞིག་རང་གི་སྡེ་པ་དག་ན་རེ། འདི་ལ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་
ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པས་ཁམས་དྲུག་པོ། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དག་གི་མཚན་ཉིད་སྲ་བ་དང་། གཤེར་བ་དང་། ཚ་བ་དང་གཡོ་བ་དང་། སྐབས་འབྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་

དག་བསྟན་ཏོ། །ནམ་མཁའི་མེ་ཏོག་ལ་སོགས་པ་ལྟ་བུ་མེད་པ་དག་ནི་སྐྱེས་བུའི་རྒྱུ་ཉིད་དུ་མ་བསྟན་པས་དེའི་ཕྱིར། སློབ་དཔོན་གྱིས་ས་ལ་སོགས་པ་དག་ལ་ཡང་གཟུགས་ཀྱི་རྒྱུ་མེད་དོ་ཞེས་དམ་བཅའ་བ་བྱས་པ་དེ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པས་ཐ་སྙད་དུ་
ཁམས་དྲུག་པོ་དག་སྐྱེས་བུའོ་ཞེས་བསྟན་པར་ཁས་བླངས་པས་ཉེས་པ་མེད་དོ་ཞེ་ན། དོན་དམ་པར་བསྟན་པར་ཁས་བླངས་པའི་ཕྱིར་ཉེས་པ་མེད་པ་མ་ཡིན་ནོ། །གལ་ཏེ་དེ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེ་ན། མ་གྲུབ་པ་མ་ཡིན་ཏེ། དོན་དམ་པར་ས་ལ་སོགས་པ་ཁམས་རྣམས་ཡོད་པ་ཁོ་ན་ཡིན་ཏེ། དེ་
དག་གི་མཚན་ཉིད་ཡོད་པའི་ཕྱིར་རོ། །འདི་ལ་བཅོམ་ལྡན་འདས་ཀྱིས་གང་དོན་དམ་པར་མེད་དོ་ཞེས་གསུངས་པ་དེ་ལ་ནི་མཚན་ཉིད་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ས་ལ་སོགས་པ་དག་ལ་ནི་སྲ་བ་ཉིད་ལ་སོགས་པའི་མཚན་ཉིད་དག་ཡོད་པས་དེ་ལྟར་དེ་དག་གི་མཚན་ཉིད་ཡོད་པའི་ཕྱིར་ས་
ལ་སོགས་པ་ཁམས་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འདིར་ནམ་མཁའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་བསྟན་སླ་བའི་ཕྱིར་དང་། དེ་ཡོད་པ་མ་ཡིན་པར་བསྟན་པས་ཁམས་ལྷག་མ་རྣམས་དགག་པ་ཡང་སླ་བའི་ཕྱིར། སློབ་དཔོན་གྱིས་ནམ་མཁའི་ཁམས་ཁོ་ནའི་དབང་དུ་མཛད་དེ་བཤད་པ། ནམ་
མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །དབྱེར་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ནམ་མཁའ་ནི་མི་སྒྲིབ་པ་ཁོ་ནར་སྟོན་པས་མི་སྒྲིབ་པ་ཉིད་ནམ་མཁའ་ཡིན་ལ། དེ་ཡང་ཡོད་པ་ཉིད་དུ་སྒྲུབ་པས་མི་སྒྲིབ་པ་ཡོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དང་།
སྒྲུབ་པ་མི་འགྲུབ་སྟེ། དཔེར་ན་སྒྲ་མི་རྟག་སྟེ། མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ནམ་མཁའ་ཡོད་དེ། ནམ་མཁའ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྨྲས་པར་འགྱུར་རོ། །ཡང་ན་གང་དག་དབུ་མའི་བསྟན་བཅོས་ཀྱི་ཚུལ་ལ་སྡང་བ་དག་འདི་སྐད་ཅེས་གང་དག་གི་ཕྱིར། རིམ་མམ་ཅིག་
ཅར་དེ་མི་འཐད་པར་འགྱུར་བའི་མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་གཞན་ཉིད་ཡིན་པར་ཁས་མི་ལེན་ཏེ། སྐྱེས་བུ་ཆེན་པོའི་མཚན་རྣམས་ལས་སྐྱེས་བུ་ཆེན་པོ་གཞན་ཡིན་པར་མི་རིགས་པ་བཞིན་ནོ། །འདི་ལ་དེ་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་དེ། ལས་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ་

ཞེས་སྨྲའོ་ཞེས་ཟེར་རོ། །དེ་དག་གི་དེ་ལྟར་ཁས་བླངས་པ་ཉིད་ལ་ཡང་། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ནམ་མཁའ་ཉིད་མཚན་ཉིད་ཡིན་ན་དེ་ཉིད་ཀྱིས་དེ་བསྒྲུབ་པའི་ཕྱིར་ཉེ་བར་སྦྱོར་བར་བྱེད་པ་ནི་གཏན་ཚིགས་སུ་མི་
རུང་སྟེ། དོན་མ་གྲུབ་པའི་ཕྱིར་དེས་ན་གང་གིས་ཅི་ཞིག་སྒྲུབ་པར་འགྱུར། ཅི་སྟེ་ཡང་ཐ་སྙད་དུ་ཡོད་པའི་ནམ་མཁའ་ནི་མི་སྒྲིབ་པ་ཉིད་ཡིན་པར་གྲགས་སོ་ཞེ་ན། དེ་བསྟན་པའི་ཕྱིར་གཏན་ཚིགས་མི་འདོད་དོ། །དོན་དམ་པར་ནི་མ་གྲགས་པས་དེ་ལྟར་བསྟན་པ་ལ་རབ་ཏུ་འབད་པར་བྱའོ་ཞེ་ན། དེ་ལ་ཡང་
གཏན་ཚིགས་ཀྱི་སྐྱོན་དང་དཔེའི་སྐྱོན་ཡོད་དེ། དམ་བཅས་པ་ཙམ་ལ་གནས་པར་ཟད་དོ། །ཡང་ན་བྱེ་བྲག་ཏུ་སྨྲ་བ་དང་། བྱེ་བྲག་པ་དག་ནམ་མཁའ་ནི་རྫས་སུ་ཡོད་པ་དང་། འདུས་མ་བྱས་སོ་ཞེས་ཟེར་བས་དེ་དག་གི་ཕྱིར་བཤད་པ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་
ཟད་ཡོད་མ་ཡིན། །རྫས་སུ་གྱུར་པའོ་ཞེས་དམ་བཅའ་བ་ཉེ་བར་བཞག་པ་ཡིན་ནོ། །དེ་སྐྱེ་བ་མེད་པར་ཕྱོགས་གཉི་ག་ལ་གྲགས་པ་ནི་ཆོས་ཡིན་ནོ། །དཔེ་ནི་དེའི་དབང་གིས་ཏེ། རི་བོང་གི་རྭ་ལ་སོགས་པ་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི། དོན་དམ་པར་ནམ་མཁའ་རྫས་སུ་ཡོད་པ་
མ་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ། །དེ་བཞིན་དུ་རྒྱུ་མེད་པའི་ཕྱིར་དང་། འབྲས་བུ་མེད་པའི་ཕྱིར་དང་། ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ཀྱང་བརྗོད་པར་བྱའོ། །གང་དག་ནམ་མཁའ་ནི་སྒྲའི་མཚན་ཉིད་དོ་ཞེས་ཟེར་བ་དེ་དག་ལ་
ཡང་། སྒྲ་ཉིད་ནམ་མཁའ་ཡིན་པས་གཏན་ཚིགས་ཀྱི་སྐྱོན་སྔ་མ་བཞིན་ནོ། །འདིར་ཁ་ཅིག་ན་རེ་གལ་ཏེ་དོན་འདི་བསྟན་བཅོས་བྱེད་པའི་བསམ་པ་ཡིན་པར་གྱུར་ན་དེ་ལྟ་ན་བསྟན་བཅོས་བྱེད་པས་ནམ་མཁའི་མཚན་ཉིད་ལས་གཞན་དུ་གྱུར་པའི་ནམ་མཁའ་ཅུང་ཟད་ཡོད་པ་མ་ཡིན་ཞེས་སྨྲས་པ་ཁོ་ནར་འགྱུར་
རོ་ཞེས་ཟེར་རོ། །སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་འགྲུབ་པའི་ཕྱིར་དེ་ནི་མི་གནོད་དོ། །བྱེ་བྲག་པ་དག་གི་མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་གཞན་ཉིད་དུ་དམ་བཅའ་བས་དེ་དག་གི་གཞན་ཉིད་ཡིན་ན་ལན་འགའ་སྔ་ཕྱིར་ཡང་འགྱུར་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་

བུམ་པ་དང་། སྣམ་བུ་དག་བཞིན་པས་དེའི་ཕྱིར་བཤད་པ། གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པ་ནི་མཚན་ཉིད་ཡོད་པ་མ་ཡིན་པ་སྟེ། དེ་སྨྲ་བར་འདོད་པའི་མཚན་ཉིད་ཀྱི་གཞི་ཉིད་དུ་མ་གྱུར་པར་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མཚན་
ལས་སྔ་གྱུར་ན། །ཞེས་བྱ་བ་འདིས་དེའི་ཆོས་དུས་ཐ་དད་པ་ཉིད་བསྟན་ཏོ། །འདིར་རྗེས་སུ་དཔག་པ་ནི་ནམ་མཁའ་ནི་སྨྲ་བར་འདོད་པའི་མཚན་ཉིད་ཀྱི་གཞི་མ་ཡིན་ཏེ། དེ་བས་དུས་སྔ་ན་ཡོད་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ། །ཡང་ན། མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་
བྱ་བ་ནི་མཚན་ཉིད་ལ་མེད་པ་ནི་མཚན་ཉིད་མེད་པ་སྟེ། དེ་ལ་མཚན་ཉིད་ཀྱི་གཞི་ཉིད་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མཚན་ལས་སྔ་གྱུར་ན། །ཞེས་བྱ་བ་ནི་ནམ་མཁའ་ཞེས་བྱ་བའི་སྐབས་ཡིན་ཏེ། འདིས་ནི་དེའི་ཆོས་མཚན་ཉིད་ཀྱི་གཞི་ལས་མཚན་ཉིད་གཞན་པ་ཉིད་བསྟན་ཏོ། །
འདིར་རྗེས་སུ་དཔག་པ་ནི་སྨྲ་བར་བྱེད་པའི་མཚན་ཉིད་ཀྱིས་མཚན་ཉིད་ཀྱི་གཞི་ནམ་མཁའ་མཚོན་མི་ནུས་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ། །ཕ་རོལ་པོའི་ནི་རང་གི་རྗེས་སུ་དཔག་པ་ལ་གནོད་དོ། །མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་ལ་མཚན་ཉིད་མེད་པ་ཉིད་དུ་མི་འདོད་
པས། གཞན་ཉིད་དུ་རྣམ་པར་རྟོག་པ་ཡང་སྤང་བར་བྱ་བ་ཡིན་ནོ། །ཅི་སྟེ་ཡང་དབྱུག་པས་མ་བཟློག་པའི་ཕྱིར། ཀུན་རྫོབ་པའི་གཏན་ཚིགས་བརྗོད་ན། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ཡང་དོན་འགལ་བ་ཉིད་བཟློག་དཀའ་བས། དེའི་ཕྱིར་མཚན་ཉིད་དོན་གཞན་དང་། དོན་གཞན་མ་ཡིན་པར་
གྱུར་པ་མ་གྲུབ་པའི་ཕྱིར། ནམ་མཁའ་མཚན་ཉིད་མེད་པ་ཞེས་བྱ་བར་གྱུར་ཏོ་ཞེ་ན། དེ་མཚན་ཉིད་མེད་པའི་དངོས་པོ་ཉིད་ཡིན་པར་ཡང་ཤེས་པར་མི་ནུས་ཏེ། འདི་ལྟར། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །དོན་དམ་པ་པའི་དངོས་པོ་གཞན་གྱི་ཕྱོགས་དང་།
བདག་ཅག་གི་ཕྱོགས་གང་ན་ཡང་འགྲུབ་པ་མེད་དོ། །གང་དག་མཚན་ཉིད་ཀྱི་གཞི་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་ཟེར་ན། དེ་ཡང་རིགས་པ་མ་ཡིན་པར་ངེས་པར་བཟུང་སྟེ། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །གཞི་

མེད་པའི་ཕྱིར་གཞི་ཇི་བཞིན་དུ་གཏན་ཚིགས་མི་འགྲུབ་སྟེ་ཡུལ་མེད་པ་ལ་གཏན་ཚིགས་འཇུག་པ་མི་འགྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །ཡང་ན་གཞན་མ་ཡིན་པ་ཉིད་ཀྱི་ཕྱོགས་ལ་ནི། མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་གཞན་མ་
ཡིན་པ་ཉིད་ཡིན་ན་དེ་ཉིད་ཀྱིས་དེ་མཚོན་པར་བྱར་མི་རུང་སྟེ། དེ་ལས་གཞན་པའི་མཚན་ཉིད་མེད་པའི་ཕྱིར། ནམ་མཁའ་ལ་མཚན་ཉིད་ཀྱི་གཞི་མེད་དོ། །གཞི་གཞན་ཉིད་ཀྱི་ཕྱོགས་ལ་ཡང་སྨྲ་བར་འདོད་པའི་མཚན་ཉིད་ནི་མཚན་ཉིད་ཀྱི་གཞིའི་མཚན་ཉིད་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དེ་ལས་
གཞན་བཞིན་ནོ། །མཚན་ཉིད་མེད་པའི་ཕྱིར། དེས་ཀྱང་ནམ་མཁའ་ལ་མཚན་ཉིད་མེད་དེ། མཚན་ཉིད་མེད་པའི་དངོས་པོ་ནམ་མཁའ་ཞེས་བྱ་བ་མེད་ན་མཚན་ཉིད་གང་དུ་འཇུག་པར་འགྱུར་ཏེ། དེ་འཇུག་པ་མི་གྲུབ་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་མཚན་ཉིད་ཀྱི་གཞི་ལ་
འཇུག་པ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་ནི་འདི་ལ་མཚན་ཉིད་འདི་མཚན་ཉིད་ཀྱི་གཞིའི་ཆོས་ཡོད་པ་ཉིད་ལ་སོགས་པ་མེད་ན་མི་འབྱུང་བ་དེས་མཚན་ཉིད་ཀྱི་གཞི་ཤེས་པར་འགྱུར་བ་ཡིན་ན། གང་གི་ཚེ་ཁོ་བོ་ཅག་གི་ཕྱོགས་ལ། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །
དེའི་ཚེ་མེད་པ་ལ་ནི་མཚན་ཉིད་མི་འགྲུབ་པའི་ཕྱིར་དང་མཚན་ཉིད་དང་བཅས་པའི་དངོས་པོ་ཡང་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཇི་སྐད་བསྟན་པའི་རྣམ་པ་དང་། མཚན་ཉིད་མི་འདྲ་བའི་མཚན་ཉིད་ཀྱི་གཞི་ཡང་མི་འགྲུབ་པའི་ཕྱིར། མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་
འཇུག་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་དངོས་པོ་འགལ་བ་ལ་མཚན་ཉིད་འཇུག་པར་མ་གྲུབ་པའི་ཕྱིར་དང་། དཔེ་མེད་པའི་ཕྱིར་ཁྱོད་ཀྱི་འདོད་པའི་དོན་མ་གྲུབ་བོ། །ཡང་ན་མཚན་ཉིད་མེད་པ་ནམ་མཁའི་མེ་ཏོག་ལ་སོགས་པ་དག་ལ་མཚན་ཉིད་དེ་མེད་པའི་ཕྱིར་མི་འཇུག་པ་དེ་ནི་གྲགས་པ་ཡིན་
ནོ། །ད་ནི་མཚན་ཉིད་བཅས་ལ་མིན། །ཞེས་བྱ་བ་མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་གོ་ཞེས་བྱ་བའི་སྐབས་དེ་ནི་དམ་བཅའ་བ་ཉེ་བར་བཞག་པ་ཡིན་ནོ། །དེའི་ཆོས་ནི་མཚན་ཉིད་གང་གིས་མཚོན་ན་མཚན་ཉིད་དང་བཅས་པ་ཞེས་བྱ་བའི་མཚན་ཉིད་ཡིན་ནོ། །དཔེ་ནི་དེའི་དབང་གིས་ཏེ། དེ་

ལས་གཞན་པའི་མཚན་ཉིད་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མི་སྒྲིབ་པ་ནི་ནམ་མཁའི་མཚན་ཉིད་མ་ཡིན་ཏེ། མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་སྲ་བ་ལ་སོགས་པ་དག་བཞིན་ནོ། །རྣམ་པ་གཉིས་སུ་སྨྲ་བ་དག་རྣམ་གྲངས་ལས་མཚན་ཉིད་དང་བཅས་པ་དང་། མཚན་ཉིད་མེད་
པ་ལ་མཚན་ཉིད་འཇུག་པས་ཉེས་པ་མེད་དོ་ཞེ་ན། དེ་དགག་པའི་ཕྱིར་ཡང་བཤད་པ། མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །གཉི་གའི་བདག་ཉིད་ཀྱི་དངོས་པོ་མི་སྲིད་པའི་ཕྱིར་དང་། ལྟོས་པའི་ངེས་པ་ཡང་མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་
ལས་འོག་ནས་འགོག་པར་འགྱུར་བའི་ཕྱིར་དང་། ཕྱོགས་གཉི་གར་བསྟན་པའི་སྐྱོན་ཉིས་འགྱུར་དུ་འབྱུང་བའི་ཕྱིར། དེ་ཡང་རིགས་པ་མ་ཡིན་ནོ། །གཞན་དག་ནི། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་ཅེས་བྱ་བ་འདི་ལ། དེ་ལྟར་གང་གི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་འགའ་ཡང་ཡོད་
པ་མ་ཡིན་པ་དེའི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་མེད་ན་གཞི་མེད་པ་ལ་མཚན་ཉིད་འཇུག་པར་མི་འཐད་དོ། །མཚན་ཉིད་བཅས་ལ་མིན་ཞེས་བྱ་བ་འདི་ལ་ཡང་མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པ་མི་འཐད་དེ། དགོས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་རིགས་པ་
མ་ཡིན་ཏེ། མཚན་ཉིད་ཡོད་ན་དེ་དང་ལྡན་པ་ལ་མེད་པ་ཉིད་མི་འཐད་པའི་ཕྱིར་དང་། དེ་བཞིན་དུ་མཚན་ཉིད་ཀྱི་གཞི་ཡོད་པའི་ཕྱིར་རོ། །མཚན་ཉིད་དང་བཅས་པའི་དངོས་པོ་གྲུབ་པ་ལ་ཡང་ཕ་རོལ་པོ་དྲན་པར་བྱ་བའི་ཕྱིར་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་དུ་འཇུག་པ་འགལ་བ་མེད་པའི་ཕྱིར་དེས་མི་ནུས་སོ། །
དེའི་ཕྱིར་དེ་ལྟར་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་ཀྱིས་འཇུག་པ་མི་འཐད་པས། མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །ཞེས་བསྟན་པའི་དོན་གྱི་དབང་གིས་མཇུག་བསྡུས་སོ། །འདིར་མཁས་སུ་རེ་བའི་མངོན་པའི་ང་རྒྱལ་ཅན་ཁ་ཅིག་རང་གི་ཕྱོགས་ཀྱི་སྐྱོན་བརྗོད་པ་
བརྣགས་པར་མི་བཟོད་པ་ན་འདི་སྐད་ཅེས་ནམ་མཁའ་ཡོད་པ་ཡིན་ཏེ། མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་སྨྲ་བ་ན། ཁྱེད་ཀྱི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱིར་སྒྲོ་བཏགས་ནས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པ་ནི་དཔེར་ན་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ་ཞེས་སྨྲས་པ་ལ། གལ་ཏེ་སྒྲ་སྐྱེས་

པའི་སྔ་རོལ་ན། བྱས་པ་ཉིད་ཡོད་ན་ནི་སྒྲ་ལ་འཁྲུལ་པ་ཡོད་པའི་ཕྱིར་གཏན་ཚིགས་སུ་རུང་ངོ་། །འོན་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་བྱས་པ་ཉིད་མེད་དེ། ཕྱིས་ཡོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེའི་ཚིག་དེ་རིགས་པ་དང་ལྡན་པ་མ་ཡིན་ཏེ། མ་གྲུབ་པ་ལྟར་སྣང་བ་ཉིད་དུ་བརྗོད་
པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་ཁྱེད་ཀྱིས། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཇི་སྐད་སྨྲས་པ་སུན་འབྱིན་པར་འདོད་པས་མཚན་ཉིད་ཡོད་པ་འགོག་པར་བྱེད་པའི་ཚིག་དེ་ཡང་ལེགས་པར་སྨྲས་པ་མ་ཡིན་ནོ་ཞེས་ཟེར་རོ། །འདིར་
བཤད་པ། མཚན་ཉིད་ཀྱང་དེ་ཉིད་དང་། གཞན་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་གཞིའི་ཁོངས་སུ་གཏོགས་པ་ཡིན་ལ། མཚན་ཉིད་ཀྱི་གཞིའི་སྐྱེ་མཆེད་དེ་དག་གི་དོན་དམ་པ་པའི་ཡོད་པ་ཉིད་ནི་དོན་དམ་པར་བརྩལ་བས་དེའི་ཕྱིར་མཚན་ཉིད་ཀྱི་གཞི་མི་འཐད་ན་མཚན་ཉིད་ཀྱང་མི་སྲིད་པས་དེ་
དགག་པའི་ཕྱིར་ནི་འབད་པ་མི་རྩོམ་མོ། །འདི་སྐད་ཅེས་མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་སྔ་ཕྱིར་སྒྲོ་བཏགས་ནས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཡང་ཉོན་ཅིག་དང་། སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་བསྟན་པའི་ཕྱིར་མ་གྲུབ་པ་ལྟར་སྣང་བ་ཉིད་མ་ཡིན་ནོ། །ཅི་སྟེ་
གང་ལ་གཞན་ཉིད་ཡིན་ཡང་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་དེ་ནི་གཏན་ཚིགས་ཡིན་པས་དེས་ན་གཞན་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པ་ཡང་མ་གྲུབ་པ་ལྟར་སྣང་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། དོན་དམ་པར་གཞན་ཉིད་དང་། མེ་མེད་ན་མི་
འབྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མ་གྲུབ་པས་དེ་ལ་མངོན་པར་ཞེན་པ་ཡང་སྤང་བར་འདོད་པའི་ཕྱིར་རོ། །སྒྲུབ་པ་དེ་ཐ་སྙད་ཀྱི་བདེན་པར་གཏོགས་པའི་དངོས་པོ་བསྟན་པའི་ཕྱིར། ཐ་སྙད་དང་རྗེས་སུ་མཐུན་པ་ནི་ཡིན་ནོ། །ཞར་ལ་བཤད་པས་ཆོག་གོ། །འདིར་སྨྲས་པ། དོན་དམ་པར་ནམ་མཁའ་ཡོད་
པ་ཁོ་ན་ཡིན་ཏེ། མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ན་གང་ཡང་མེད་པ་དེ་ནི་མཚན་ཉིད་ཡིན་པར་མི་འདོད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ནམ་མཁའ་ནི་མཚན་ཉིད་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པས་དེའི་ཕྱིར་དེ་ནི་ཡོད་པ་ཁོ་ན་ཡིན་ནོ། །

བཤད་པ། མཚན་ཉིད་ཀྱི་གཞི་མི་འཐད་དོ་ཞེས་བསྟན་ཟིན་པས་དེའི་ཕྱིར། མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞིའི་ཁོངས་སུ་གཏོགས་པའི་ཕྱིར་དེ་བཞིན་དུ་མི་འགྲུབ་པའི་ཕྱིར་དང་། དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་
སོ། །གང་གི་ཕྱིར་དེ་ལྟར་ཤེས་རབ་ཀྱིས་ཉེ་བར་བརྟགས་ན་མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་མི་འཐད་པ་དེའི་ཕྱིར་བསྟན་བཅོས་མཛད་པས། དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །ཞེས་མཇུག་བསྡུ་བ་མཛད་དེ། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་།
དེ་མེད་པར་སྟོན་པའི་རྗེས་སུ་དཔག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བྱེ་བྲག་ཏུ་སྨྲ་བ་དག་གིས་སྨྲས་པ། ནམ་མཁའ་ནི་དངོས་པོ་ཡིན་ཏེ། ཡུལ་དེ་ལ་འདུན་པའི་འདོད་ཆགས་སྤོང་བའི་ཕྱིར། དཔེར་ན་གཟུགས་བཞིན་ནོ། །ཡང་ན་སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་དཔེར་
ན། རྣམ་པར་ཤེས་པ་ལ་སོགས་པ་བཞིན་ནོ། །ཡང་ན་འདུས་མ་བྱས་ཡིན་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ། །འདིར་བཤད་པ། འདི་ལ་དོན་དམ་པར་ནམ་མཁའ་དེ་དངོས་པོ་ཉིད་དུ་འདོད་ན། མཚན་ཉིད་ཀྱི་གཞིའམ། མཚན་ཉིད་ཡིན་གྲང་ན། མཚན་ཉིད་ཀྱི་གཞི་དང་། མཚན་
ཉིད་དེ་དག་ཇི་ལྟར་མི་སྲིད་པ་དེ་ལྟར་ནི་སྔར་བསྟན་ཟིན་པས། དེས་ན་གང་གི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །དེའི་ཕྱིར་དཔེ་མ་བསྟན་པར་བསྒྲུབ་པར་བྱ་བ་འགྲུབ་པ་མེད་དོ། །མྱ་ངན་ལས་འདས་པ་དང་། གཞན་གང་ཡང་
རུང་བ་དག་ཀྱང་དངོས་པོ་ཉིད་དུ་གྲུབ་པ་མེད་པའི་ཕྱིར་རོ། །འདིས་ནི་སྡེ་པ་གཞན་དག་གི་བསྒྲུབ་པ་ནམ་མཁའ་ཡོད་པ་ཁོ་ན་ཡིན་ཏེ། གཟུགས་ཡོངས་སུ་ཆད་པའི་ཕྱིར་དང་། འདུས་མ་བྱས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དག་ལ་ཡང་སྐྱོན་གྱིས་ལན་བཏབ་པ་ཡིན་ཏེ། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་
ཀྱང་བརྗོད་པར་བྱའོ། །མདོ་སྡེ་པ་དག་གིས་སྨྲས་པ། ནམ་མཁའ་དངོས་པོ་ཉིད་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཁོ་བོ་ཅག་ལ་དེ་ནི་ཐོགས་པ་དང་བཅས་པའི་རྫས་ཀྱི་དངོས་པོ་མེད་པ་ཙམ་ཡིན་ནོ། །སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དང་། ཡུལ་དེ་ལ་འདུན་པའི་འདོད་

ཆགས་སྤོང་བའི་ཕྱིར་ཞེས་བྱ་བ་དེས་དངོས་པོ་མེད་པའི་ངོ་བོ་ཉིད་སེལ་བར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་དེ་དག་ནམ་མཁའ་ལ་རྟོག་པར་བྱེད་པ་དེ་དག་དགག་པའི་ཕྱིར། དགག་པ་ཆེས་གསལ་བ་བརྗོད་པར་བཞེད་པ་དེ་ཉིད་བཤད་པ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་
ནི་དམིགས་པར་མི་འགྱུར་རོ། །ཞེས་བྱ་བས་དེ་བསྟན་ཟིན་པས་དེའི་ཕྱིར། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཐོགས་པ་དང་བཅས་པའི་གཟུགས་ཞེས་བྱ་བའི་དངོས་པོ་ཡོད་པ་མ་ཡིན་ན་ཁྱེད་ཀྱིས་ནམ་མཁའ་ཞེས་བྱ་བར་བརྟགས་པ་གང་ཡིན་པའི་དངོས་པོ་མེད་པ་དེ་
གང་གི་ཡིན་པར་འགྱུར་ཏེ། དེ་སྟོན་པའི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པས་དོན་དེ་རབ་ཏུ་མི་འགྲུབ་བོ། །ཡང་ན་གཞན་དུ་བརྟག་སྟེ། ཕ་རོལ་པོས་སྨྲས་པ། ནམ་མཁའ་དངོས་པོ་ཡིན་ཏེ་ཞེས་བྱ་བའི་དོན་དེ་བསྟན་པར་མི་ནུས་ཏེ། ཁྱོད་ཀྱིས། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་
ཡང་ནི་ཡོད་མ་ཡིན། །ཞེས་བྱ་བས་དཔེ་མེད་པ་དང་དཔེ་བསྒྲུབས་སུ་ཟིན་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་མི་འགྲུབ་པ་ཁོ་ནར་འགྱུར་རོ་ཞེས་སྨྲས་པ་དེའི་ཕྱིར། ཁོ་བོས་དེ་ཉིད་བསྒྲུབ་པར་བྱ་སྟེ། གཟུགས་ལ་སོགས་པ་ལ་དངོས་པོ་ཡོད་པ་ཁོ་ན་ཡིན་ཏེ། ལྟོས་པས་དེ་དག་མེད་པ་ཡོད་པའི་ཕྱིར་རོ། །
འདི་ན་གང་ཡོད་པ་དེ་ལ་ནི་ལྟོས་པས་དངོས་པོ་མེད་པ་ཡོད་དེ། དཔེར་ན་གཟུགས་ལ་རོ་ཉིད་མེད་པ་བཞིན་ནོ། །གང་མེད་པ་དེ་ལ་ནི་ལྟོས་པས་དངོས་པོ་མེད་པ་མེད་དེ། དཔེར་ན་རྟའི་རྭ་བཞིན་ནོ། །གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་ཁྱོད་ཀྱིས་ལན་ཅིག་མ་ཡིན་པར་ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དག་ཕུང་པོ་ལ་སོགས་པ་ཉིད་ཀྱིས་མེད་པ་ཉིད་དུ་བརྗོད་པས། དེའི་ཕྱིར་ལྟོས་པས་དེ་དག་མེད་པ་ཡོད་པའི་ཕྱིར་དངོས་པོ་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། ཁོ་བོས་གཟུགས་ལ་སོགས་པའི་དངོས་པོ་ཡོད་པ་ཉིད་དགག་པ་བྱས་པར་ཟད་ཀྱི། དེ་དག་མེད་པར་མ་བསྟན་པས། །
དེའི་ཕྱིར་གཟུགས་ཞེས་བྱ་བའི་དངོས་པོ་ཡོད་པ་མ་ཡིན་ན་གང་རོ་ཉིད་མེད་པར་འགྱུར་ཏེ། དེ་མེད་པའི་ཕྱིར་དཔེ་མ་གྲུབ་པས་འདོད་པའི་དོན་གྲུབ་པ་མེད་དོ། །གཞན་དག་གིས་སྨྲས་པ། དངོས་པོ་དང་དངོས་པོ་མེད་པ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ཤེས་པ་ཡོད་པའི་ཕྱིར་རོ། །འདི་ན་གང་ལ་ཤེས་

པ་ཡོད་པ་དེ་ནི་ཡོད་དེ། དཔེར་ན་ཆོས་ཉིད་བཞིན་ནོ། །འདིར་བཤད་པ། ཕ་རོལ་པོའི་ཡིད་ལ་བསམ་པས་བརྟགས་པའི་དངོས་པོ་དང་། དངོས་པོ་མེད་པར་ཤེས་པ་དེ་ཡང་དངོས་པོའམ། དངོས་པོ་མེད་པ་ཞིག་ཡིན་གྲང་ན། དེ་གཉི་ག་དགག་པ་ཡང་བསྟན་ཟིན་པས་དེ་དག་ཤེས་པ་ཡོད་པར་
མི་འགྲུབ་བོ། །དངོས་པོ་དང་དངོས་པོ་མེད་པ་དང་མི་མཐུན་པའི་ཤེས་པ་གཞན་ཞིག་ཡོད་པར་རྟོག་ན། དེ་ཡང་མི་རུང་སྟེ། དེའི་ཕྱིར་བཤད་པ། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །གལ་
ཏེ་རྣམ་གྲངས་ཀྱི་ཚུལ་སྨྲ་བ་དག་གིས་བརྟགས་པའི་དངོས་པོ་དང་དངོས་པོ་མེད་པ་དང་། མི་མཐུན་པ་དེ་དག་ཤེས་པ་ཡོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གཅིག་ལ་བདག་ཉིད་མི་མཐུན་པ་གཉིས་མི་སྲིད་པའི་ཕྱིར་དང་། ལྟོས་པ་མི་འཐད་པའི་ཕྱིར་དང་། དེ་སྟོན་པའི་རྗེས་སུ་
དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གང་གི་