Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 97
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
། །དེ་ལ་འཁོར་བ་ནི་ཀུན་དུ་འགྲོ་བ་སྟེ། སྐྱེ་བ་དང་རྒ་ ཤིའི་དཔྱང་ཐག་གི་རྒྱུན་མ་ཆད་པའོ། །ཐོག་མ་དང་ཐ་མ་ནི་ཐོག་མ་དང་ཐ་མ་དག་སྟེ། དེ་ལ་ཐོག་མ་དང་ཐ་མ་དག་མེད་པའི་ཕྱིར་སྔོན་དང་ཕྱི་མ་མེད་པར་གསུངས་ཏེ། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ལས་བརྩོམ་པའི་དུས་ངེས་པ་མེད་པའི་ཕྱིར་དང་། གཉེན་པོ་མ་ཤར་བ་ དག་ལ་ཐ་མ་མ་གྲུབ་པའི་ཕྱིར་དང་། ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ནི་ལན་གདབ་པའི་ཚིག་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ལ་ལོག་པ་མི་གསུང་བ་ཉིད་དུ་ཡིད་ཆེས་པ་ཡང་དག་པར་སྐྱེས་པ་རྣམས་ནི་དེ་ལ་ཡིད་ཆེས་པར་འགྱུར་གྱི་ཚད་མ་ལྟར་སྣང་ བས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་གཞན་དག་ནི་ཡིད་ཆེས་པར་མི་འགྱུར་ལ། ཐུབ་པའི་དབང་པོའི་གསུང་རབ་འདི་ཡང་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བ་ཡིན་པས་དེའི་ཕྱིར་དོན་འདི་གཞན་ལ་བསྟན་པར་ནུས་པའི་རྗེས་སུ་དཔག་པ་བརྗོད་པར་བྱ་སྟེ། བསྐལ་པ་དང་པོའི་ལུས་ཅན་རྣམས་ ཀྱི་ལུས་དང་དབང་པོ་དང་བློའི་ཚོགས་གང་ཡིན་པ་དེ་ནི་ཚེ་རབས་གཞན་དག་ཏུ་ཉེ་བར་བསགས་པའི་ལས་དགེ་བ་དང་། མི་དགེ་བའི་རྒྱུ་ཅན་ཡིན་པར་ཤེས་པར་བྱ་སྟེ། བདེ་བ་དང་སྡུག་བསྔལ་དང་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་དེང་སང་གི་ལུས་དང་ དབང་པོ་དང་པོའི་བློའི་ཚོགས་བཞིན་ནོ། །དེ་བཞིན་དུ་ཐུན་མོང་མ་ཡིན་པར་དམིགས་པའི་རྒྱུ་ཉིད་དང་། ཕན་གདགས་པར་བྱ་བ་ཉིད་དང་། ཕན་འདོགས་པར་བྱེད་པ་ཉིད་དང་། དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། རྣམ་པར་འཇིག་པའི་ཆོས་ཅན་ཉིད་ལ་སོགས་པའི་གཏན་ ཚིགས་དག་དང་། དམ་བཅས་པ་དང་། དཔེ་ཇི་སྐད་བསྟན་པ་དག་གིས་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདིར་མུ་སྟེགས་ཅན་དག་གིས་སྨྲས་པ། འཁོར་བ་ནི་ཐོག་མ་ཡོད་པར་གཟུང་བར་བྱ་སྟེ། ཐ་མ་ཡོད་པའི་ཕྱིར་རོ། །གང་ལ་ ཐ་མ་ཡོད་པ་དེ་ལ་ནི་ཐོག་མ་ཡང་ཡོད་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་ཡང་དག་པའི་ཤེས་པ་སྐྱེས་པའི་འཁོར་བ་ལ་ཡང་ཐ་མ་ཡོད་པས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་འཁོར་བ་ནི་ཐོག་མ་ཡོད་པར་གཟུང་བར་བྱའོ། །དེ་ལ་འདིར་ འཁོར་བ་འབའ་ཞིག་སྔོན་གྱི་མཐའ་ཡོད་པ་མ་ཡིན་གྱི། དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་འོག་ནས་སྟོན་པར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་ཐོག་མ་མེད་པའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བ་དག་ལ་ཡང་ཐོག་མ་ཡོད་པ་ ཉིད་དུ་མ་གྲུབ་པའི་ཕྱིར་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་ཡོད་དོ། །ཐ་མ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་པ་ཉིད་དེ། འཁོར་བ་ནི་མཐའ་དང་ལྡན་པ་ཉིད་ལ་སོགས་པའི་དབྱེ་བས་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་གལ་ཏེ་འཁོར་བ་ཐོག་ མེད་པར་འདོད་ན། འོ་ན་དེ་ལྟར་དེ་ལ་ཟད་པ་མེད་པར་ཡང་ཤེས་པར་བྱ་སྟེ། ཐོག་མ་མེད་པ་དང་ལྡན་པའི་ཕྱིར་དཔེར་ན་སྐྱེས་བུའམ་ནམ་མཁའ་བཞིན་ནོ་ཞེས་ཟེར་རོ། །སྐྱེས་བུའམ་གཞན་ཡང་རུང་སྟེ། མ་སྐྱེས་པ་ནི་ཐ་སྙད་དུ་ཡང་ཁས་མ་བླངས་པའི་ཕྱིར་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ ཡོད་དོ། །ཀུན་རྫོབ་ཀྱི་ཕྱོགས་ལ་ཡང་འབྲུ་ལ་སོགས་པ་ཐོག་མ་མེད་པ་དག་ལ་གཉེན་པོ་བྱུང་བས་མཐའ་མཐོང་བའི་ཕྱིར་དོན་འགལ་བ་ཉིད་དོ། །མཁས་པའི་ང་རྒྱལ་ཅན་ཉེ་བར་འཁྲུལ་པ་གཞན་དག་ན་རེ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། འཁོར་ བའི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་ཟེར་བས། རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་དཔེར་ན་མི་ཕལ་པ་སྲོག་ཆགས་ཤི་བ་གར་སོང་མི་ཤེས་སོ་ཞེས་ཟེར་བ་བཞིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། གཞན་གྱིས་འཁོར་བ་ཐོག་མ་ཡོད་པ་ཉིད་དུ་ཡོངས་སུ་ བརྟགས་པ་བསྩལ་བའི་ཕྱིར། སྔོན་གྱི་མཐའ་མི་མངོན་ནོ་ཞེས་གསུངས་པ་དེ་ནི་འཁོར་བ་ཐོག་མ་མེད་པ་ཉིད་དུ་བསྟན་པའི་ཚིག་གི་དོན་ཡིན་པའི་ཕྱིར་འཁོར་བ་ལ་ཐོག་མ་མེད་པ་ཉིད་ཡིན་པས་མི་མངོན་པ་ཉིད་དུ་མཁྱེན་པའི་ཕྱིར་དང་། འཁོར་བ་ཐོག་མ་མེད་པ་ཉིད་ དུ་བསྟན་པས། བཅོམ་ལྡན་འདས་ནི་དེ་ལ་ཐོགས་པ་མི་མངའ་བའི་ཕྱིར་དེ་ནི་མ་བརྟགས་པར་སྨྲ་བ་གཞན་གྱི་འབྱོར་པ་ཆེན་པོ་ལ་ཕྲག་དོག་བྱེད་པ་རྣམས་ཀྱི་རྒྱུ་མཐུན་པ་ཡིན་ནོ། །དམ་བཅས་པའི་དོན་རྒྱས་པར་ནི་དེ་བཞིན་གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལས་རྟོགས་པར་འགྱུར་ རོ། །དཔྱད་པ་སྤྲོས་པས་ཆོག་གི་སྐབས་ཉིད་བརྗོད་པར་བྱའོ། །འདིར་ཚིགས་སུ་བཅད་པ་འདིས་འཁོར་བའི་ཆོས་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ཡིན་པར་བསྟན་ཏེ། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་ཕུང་པོ་རྣམས་ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ། ཐོག་མ་དང་ཐ་མ་ མེད་པའི་ཕྱིར། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་ནོ། །འདིར་མཁས་སུ་རེ་བའི་བློ་ཅན་ཁ་ཅིག་ན་རེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་ཡང་ཤེས་པ་རྣམ་པར་རྟོག་པ་མེད་པའི་ཡུལ་གཟུགས་ལ་སོགས་པ་གང་དག་ཡོད་པ་དེ་དག་དུས་ཕྱི་མར་ཡང་དེ་བཞིན་དུ་ཡོད་པའི་ ཕྱིར་དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པས་མེད་དོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལོག་པར་སྣང་བ་ཉིད་དཔེ་ཉིད་དུ་འདོད་པའི་ཕྱིར་དང་། ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གྱི་གཟུགས་ལ་སོགས་པ་དག་ལ་ཡང་སྐྱེས་བུའི་ངོ་བོ་ཉིད་ ཀྱིས་སྟོང་པའི་ཕྱིར་དཔེ་མ་གྲུབ་པས་སྐྱོན་མེད་དོ། །དེ་ལྟ་བས་ན་འཁོར་བ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འདིར་སྨྲས་པ། དོན་དམ་པར་ཕུང་པོའི་རྒྱུད་ཅེས་བྱ་བའི་ འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། དེའི་དབུས་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་དབུས་དམིགས་སུ་མེད་དེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །འཁོར་བ་ལ་ནི་གང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཡོད་པའི་དབུས་ཡོད་པས་དེའི་ཕྱིར་འཁོར་བ་ཡོད་པ་ཁོ་ན་ཡིན་ནོ། ། དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། འགལ་བ་ཉིད་མེད་པས་འདོད་པའི་དོན་འགྲུབ་པོ། །འདིར་བཤད་པ། གང་ལ་ཐོག་མེད་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །དེ་ལ་དབུས་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏེ། སྒྱུ་མ་བྱས་པའི་སྐྱེས་བུའི་རྒྱུད་ལ་དབུས་ མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཐོག་མ་དང་ཐ་མ་མ་གྲུབ་པའི་ཕྱིར་དང་། དཔེ་མེད་པའི་ཕྱིར་ཇི་སྐད་བསྟན་པའི་སྐྱོན་ལྡོག་པར་མི་འཐད་དོ། །དེའི་ཕྱིར་དེ་ལྟར་བརྟགས་ན་འཁོར་བ་ངོ་བོ་ཉིད་མེད་པ། དེ་ཕྱིར་དེ་ལ་སྔ་ཕྱི་དང་། །ལྷན་ཅིག་རིམ་པ་མི་འཐད་དོ། །སྐྱེ་བ་དང་རྒ་ཤི་ དག་གིའོ། །དེ་ལ་སྨྲ་བ་གང་དག་ན་རེ། འཁོར་བ་ནི་ངོ་བོ་ཉིད་ཡོད་དེ། སྐྱེ་བ་དང་རྒ་ཤི་དང་ལྡན་པའི་ཕྱིར་རོ། །མོ་གཤམ་གྱི་བུ་མེད་པ་ནི། སྐྱེ་བ་དང་། རྒ་ཤི་དང་ལྡན་པར་མི་རིགས་སོ་ཞེས་ཟེར་བ་དེ་དག་ལ་ཡང་། སྐྱེ་བ་དང་། རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མ་གྲུབ་ པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་དམ་པར་སྐྱེ་བ་ལ་སོགས་པ་དང་ལྡན་པ་གང་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེ་མེད་པ་དང་དོན་འགལ་བ་ཉིད་དུ་ཡང་འགྱུར་རོ། །ཇི་ལྟར་སྐྱེ་བ་ལ་སོགས་པ་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འགྲུབ་པ་དེ་ལྟར་འདི་ བརྟག་པར་བྱ་སྟེ། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་འཕྱི་བ་ཡིན་ན་ནི། །གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་རོ། །དེ་ལྟར་ན། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །དེ་ལྟར་ན། སྐྱེ་བ་ལ་རྒ་ཤིའི་ངོ་བོ་ཉིད་མེད་པར་ཡང་འགྱུར་ཏེ། རྒ་ཤི་མེད་པར་ཡང་སྐྱེས་པའི་ ཕྱིར་རོ། །གང་ཞིག་གང་མེད་པར་ཡང་སྐྱེས་པ་དེ་ལ་དེའི་ངོ་བོ་ཉིད་མེད་དེ། དཔེར་ན་བ་ལང་རྟ་མེད་པར་སྐྱེས་པ་དེ་ལ་དེའི་ངོ་བོ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་གཞན་ཡང་། མ་ཤི་བར་སྐྱེ་བར་ཡང་འགྱུར་ཏེ། སྔར་གཞན་དུ་མ་ཤི་བ་ཁོ་ནར་སྐྱེས་པའི་ཕྱིར་རོ། །དེ་དག་ནི་མི་ འདོད་དོ། །དེ་ལ་སྐྱེ་བ་ནི་མི་སྐྱེད་པ་སྟེ། མ་བྱུང་བ་ལས་བྱུང་བའོ། །རྒ་བ་ནི་ལུས་ཡོངས་སུ་འགྱུར་བའོ། །འཆི་བ་ནི་སྲོག་གི་དབང་པོ་འགག་པའོ། །དེ་ལ་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་གླགས་ཡོད་པ་ལས་བཟློག་པས་རྗེས་སུ་དཔག་པ་མངོན་ཏེ། སྐྱེ་བ་ནི་རྒ་ཤི་བས་སྔ་བ་མ་ ཡིན་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་ཚ་བ་བས་སྔ་བ་མ་ཡིན་པ་བཞིན་ནོ། །ཅི་སྟེ་སྐྱོན་དེར་འགྱུར་ན་མི་རུང་ངོ་སྙམ་པས་རྒ་ཤི་སྔ་བར་འདོད་ན་དེ་ལྟ་ན་ཡང་། གལ་ཏེ་སྐྱེ་བ་འཕྱི་གྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །དེ་ལྟ་ན། སྐྱེ་བ་མེད་པའི་རྒ་ཤི་ནི། རྒྱུ་ མེད་པར་ནི་ཇི་ལྟར་འགྱུར། །སྨྲ་བ་གཞན་དག་ཀྱང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བར་འདོད་པས། དེ་མེད་ན་སྐྱེ་བ་མེད་པའི་རྒ་ཤི་རྐྱེན་མེད་པ་ཇི་ལྟར་འབྱུང་བར་འགྱུར་ཏེ། སྐྱེ་བ་མེད་པའི་རྒ་ཤི་ནི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། མ་སྐྱེས་པས་གཞི་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདིར་ རྗེས་སུ་དཔག་པ་ནི་རྒ་ཤི་ནི་སྐྱེ་བ་བས་སྔ་བར་མི་རིགས་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་དཔེར་ན་གནས་པ་བཞིན་ནོ། །གལ་ཏེ་སྐྱེ་བ་ནི་རྒ་ཤི་དང་རྗེས་སུ་འབྲེལ་བཞིན་པ་ཁོ་ནར་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ དེ་ལྟར་རྟོག་ན། །སྐྱེ་བཞིན་པ་ན་འཆི་འགྱུར་ན། །གཉི་ག་རྒྱུ་མེད་ཅན་དུ་འགྱུར། །དེ་གཉིས་ནི་དགག་པ་མི་མཐུན་པ་ཡིན་པས་སྐྱེ་བ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་ཏེ། སྐྱེ་བཞིན་པ་ཉིད་ན་འཆི་བའི་ཕྱིར་རོ། །དེ་ལྟར་སྐྱེ་བ་མེད་ན་སྔ་མ་བཞིན་དུ་སྐྱེ་བ་དང་རྒ་ཤི་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་ ཏེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར། །དཔེར་ན་སྐྱེ་བའི་རྒྱུ་རྒ་ཤི་མ་ཡིན་པ་དེ་བཞིན་དུ་དེ་གཉིས་ཀྱི་རྒྱུ་ཡང་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ལྷན་ཅིག་སྐྱེས་པ་རྣམས་ཀྱང་རྒྱུ་ཉིད་ཡིན་ཏེ། མཚན་དང་། དཔེ་བྱད་དང་སྐྱེས་བུ་ཆེན་པོ་བཞིན་ནོ་ཞེ་ན། དེ་ནི་ལན་མ་ཡིན་ཏེ། དགག་པ་ སྔར་བསྟན་ཟིན་པའི་ཕྱིར་རོ། །དེའི་ཕྱིར་ཡང་སྐྱེ་བ་དང་། རྒ་ཤི་དག་ལ་ལྷན་ཅིག་ཉིད་མི་སྲིད་དོ། །དེའི་ཕྱིར་དེ་ལྟར་བརྟགས་ན། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོས་པར་བྱེད། །དོན་དམ་པར་དེ་དག་སྤྲོས་པར་བྱ་བར་མི་རིགས་ པ་ཁོ་ན་སྟེ། དེ་དག་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་འཁོར་བ་སྒྲུབ་པའི་གཏན་ཚིགས་སྐྱེ་བ་དང་། རྒ་ཤི་དང་། ལྡན་པ་ཉིད་མ་གྲུབ་པའི་ཕྱིར་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་གྱི་ལན་གདབ་པར་བྱས་སོ། ། ད་ནི་སློབ་དཔོན་གྱིས་སྐྱེ་བ་ལ་སོགས་པ་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་ཡོད་པར་མི་འཐད་པ་བཞིན་དུ་དངོས་པོ་ལྷག་མ་རྣམས་ལ་ཡང་འདྲ་བར་བསྟན་པར་བཞེད་ནས་བཤད་པ། རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་ཉིད་གཞི། །ཚོར་དང་ཚོར་པོ་ཉིད་དང་ནི། དོན་ ཡོད་གང་དག་ཅི་ཡང་རུང་། །ཚད་མ་དང་གཞལ་བྱ་དང་། ཤེས་པ་དང་ཤེས་བྱ་དང་། གྲོལ་བ་དང་ཐར་པའི་མཚན་ཉིད་དག་གོ། །འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། སྔོན་གྱི་མཐའ་ནི་ཡོད་མ་ཡིན། །དེ་ ལ་རེ་ཞིག་འདིར་རྒྱུ་དང་འབྲས་བུ་དང་མཚན་ཉིད་དང་མཚན་ཉིད་ཀྱི་གཞིའི་དབང་དུ་བྱས་ནས་ཕྱོགས་ཙམ་ཞིག་བཤད་པར་བྱ་སྟེ། དོན་དམ་པར་འབྲུ་ནི་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་ཤེས་པར་བྱ་སྟེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་མྱུ་གུའི་རང་གི་བདག་ཉིད་བཞིན་ནོ། །གལ་ཏེ་རྒྱུད་ ཐ་དད་པའི་འབྲས་བུ་སྔར་འབྱུང་བ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན། །དེ་དག་ཀྱང་དོན་དམ་པར་དེ་བཞིན་དུ་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །ཅི་སྟེ་འབྲས་བུ་རྒྱུ་བས་སྔ་བར་འདོད་ན་ཡང་དོན་དམ་པར་འབྲས་བུ་རྒྱུ་བས་སྔ་བར་འདོད་པར་མི་བྱ་ སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གང་དག་རྒྱུ་ལས་འབྲས་བུ་སྔ་ན་ཡོད་པ་ཉིད་བསལ་བར་བྱེད་དོ་ཞེས་ཟེར་བ་དེ་དག་ལ་ཡང་། འབྲས་བུ་རྐྱེན་རྣམས་ཀྱིས་བསལ་བར་བྱེད་པ་མི་འཐད་དེ། དེ་དག་ཞིག་པས་དེ་འཇིག་པར་འགྱུར་བའི་ཕྱིར་དཔེར་ན་འཇིམ་པ་ལ་སོགས་པ་ཞིག་ པས་བུམ་པ་བཞིན་ནོ། །གང་ཞིག་གང་གིས་བསལ་བར་བྱེད་པ་དེ་ནི་དེ་ཞིག་པས་འཇིག་པར་མི་འགྱུར་ཏེ། དཔེར་ན་ཉི་མ་དང་ནོར་བུ་དང་། མར་མེ་དང་། སྨན་གྱི་འོད་ཞིག་པས་གསལ་བར་བྱ་བ་ཁྲིའུ་དང་། གཏན་པ་དག་ཞིག་པར་མི་འགྱུར་བ་བཞིན་ནོ་ཞེས་བརྗོད་པར་བྱའོ། ། གསལ་བ་ཡང་སྔོན་མ་བྱུང་བ་ལས་འབྱུང་བའི་ཕྱིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་དུས་མཉམ་པ་ཉིད་དོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཅི་སྟེ་ལྷན་ཅིག་ཏུའོ་ཞེ་ན། དེ་ལྟ་ན་ཡང་དོན་དམ་པར་འབྲུ་དང་མྱུ་གུ་ལྷན་ཅིག་འབྱུང་བ་དག་རྒྱུ་དང་འབྲས་ བུའི་དངོས་པོར་མི་རུང་སྟེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར་དཔེར་ན་བ་ལང་གི་རྭ་དག་བཞིན་ནོ། །དེ་བཞིན་དུ་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞི་བས་སྔ་བར་མི་འདོད་དེ། གཞི་མེད་པའི་ཕྱིར་དཔེར་ན་རི་མོ་རྩིག་པ་བས་སྔ་བ་མ་ཡིན་པ་བཞིན་ ནོ། །དེ་བཞིན་དུ་མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་པས་སྔ་བར་མི་རིགས་ཏེ། ལྐོག་ཤལ་ལ་སོགས་པ་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་དཔེར་ན་སྐྱེས་བུ་ཆེན་པོ་ཉིད་སྐྱེས་བུ་ཆེན་པོའི་མཚན་རྣམས་པས་སྔ་བར་མི་རིགས་པ་དང་། ས་ཉིད་སྲ་བ་བས་སྔ་བར་མི་རིགས་པ་བཞིན་ནོ། །མཚན་ཉིད་ དང་མཚན་ཉིད་ཀྱི་གཞི་ལྷན་ཅིག་ཏུ་འབྱུང་བ་དག་ཀྱང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་དེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར་དཔེར་ན་དྲི་དང་རོ་ལྷན་ཅིག་ཏུ་འབྱུང་བ་དག་བཞིན་ནོ། །རྒྱས་པར་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་ སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས། འཁོར་བ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་བཞིན་དུ་འདི་ལ་འགའ་ཡང་འཁོར་བར་མི་འགྱུར་མྱ་ངན་ལས་འདས་པར་མི་འགྱུར་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ ཚངས་པ་ངས་འཁོར་བ་ཡང་མི་དམིགས། མྱ་ངན་ལས་འདས་པ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་འཁོར་བ་འདོགས་པར་མཛད་ཀྱང་། དེར་འགའ་ཡང་འཁོར་བར་མི་འགྱུར་ཞིང་དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་འདོགས་པར་མཛད་ཀྱང་། དེར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་སྐྱེ་བའམ་འཆི་བར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བའམ་འཆི་བར་མི་འགྱུར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བའམ་འཆི་བར་མི་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། སྔོན་དང་ཕྱི་མ་དང་། དབུས་ཀྱི་མཐའ་མེད་པ་ནི་མྱ་ངན་ལས་འདས་པའི་མཐའོ། །ཇི་ལྟར་བརྗོད་པ་དེ་ལྟ་མ་ཡིན་ཏེ། ཆོས་ཐམས་ཅད་མཐའ་མེད་པ་ནི་མྱ་ངན་ལས་འདས་པའི་མཐའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། འཁོར་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་གཉིས་པ་ བརྩམ་མོ། །འདིར་སྨྲས་པ། དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་འདི་ན་གང་མེད་པ་དེ་ནི་སྡུག་བསྔལ་མ་ཡིན་ཏེ། དཔེར་ན་མགོ་གཉིས་པ་བཞིན་ནོ། །ཕུང་པོ་རྣམས་ནི་སྡུག་བསྔལ་ཡིན་ཏེ། མདོ་སྡེ་ལས། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་ བསྔལ་ལོ་ཞེས་གསུངས་པའི་ཕྱིར་དང་། ཆོས་མངོན་པ་ལས་ཀྱང་། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་བའི་གནས་དང་སྲིད་པ་ཡིན། །ཞེས་འབྱུང་བས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། སྡུག་ བསྔལ་དུ་རྣམ་པར་རྟོག་པ་ཉེ་བར་བཞག་ནས། ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་བྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ་། །སྨྲ་བ་ཁ་ཅིག་སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། གཉི་ག་མ་ བྱས་པ་དང་། རྒྱུ་མེད་པ་ལས་བྱུང་བར་འདོད་དེ། རྣམ་པ་དུ་མར་རྣམ་པར་བརྟགས་པ་དེ་ནི་བྱ་བའི་འབྲས་བུར་མི་རུང་ངོ་། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་ཇི་ལྟར་དོན་དམ་པར་སྡུག་བསྔལ་བདག་གིས་བྱས་པར་མི་རུང་བ་དེ་ལྟར་འདིར་བསྟན་པར་བྱ་སྟེ། གལ་ཏེ་བདག་གིས་བྱས་གྱུར་པ། །དེ་ཕྱིར་བརྟེན་ ནས་འབྱུང་མི་འགྱུར། །གང་གི་ཕྱིར་བདག་གིས་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་བྱས་པ་མ་ཡིན་པ་དེའི་ཕྱིར། དེ་ལ་བརྟེན་ནས་འབྱུང་བ་ཉིད་ཀྱི་ཆོས་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་མི་འདོད་དོ། །བརྟེན་ནས་བྱུང་བ་ཉིད་དུ་འདོད་དེ་འདིས་ནི་སྡུག་བསྔལ་གྱི་ཆོས་བརྟེན་ནས་འབྱུང་བ་ཉིད་ཡིན་པར་བསྟན་ ཏོ། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང་། །གང་གི་ཕྱིར་ད་ལྟར་གྱི་ཕུང་པོ་འདི་དག་ལ་བརྟེན་ནས་འབྱུང་བར་འདོད་པའི་ཕུང་པོ་འདི་དག་འབྱུང་སྟེ། གང་གི་ཕྱིར་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་དོན་དུ་བལྟ་བར་བྱའོ། །དེ་ལྟར་ན་དེ་ ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ཏེ། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ལྷས་བྱིན་ཞེས་བྱ་བའི་ཕུང་པོ་ལྔ་ནི་བྱེད་པ་པོ་ལྷས་བྱིན་དང་ལྡན་པ་མ་ཡིན་ཏེ། བརྟེན་ནས་བྱུང་བའི་ཕྱིར་དཔེར་ན་སྲིད་པ་གཅིག་ཏུ་གཏོགས་པའི་ཕུང་པོ་ལྔ་པོ་ཕྱི་མ་དག་ཕུང་པོ་ལྔ་པོ་སྔ་མའི་རྒྱུ་ལས་བྱུང་བཞིན་ནོ། །ཡང་ ན་བྱེ་བྲག་པ་དག་ན་རེ། ལུས་དང་། དབང་པོ་དང་། བློའི་ཚོགས་ཞིག་ཀྱང་བདག་ནི་མི་འཇིག་ལ། དེ་ཡང་ཁོ་བོ་ཅག་གི་ཕྱོགས་ལ་བྱེད་པ་པོ་དེ་དང་བཅས་པ་ཉིད་དུ་གནས་པ་གཅིག་པུ་ཡིན་པས་དེའི་ཕྱིར་དེས་བྱས་པའི་སྡུག་བསྔལ་ནི་བདག་གིས་བྱས་པ་ཞེས་བྱར་རུང་གི །གང་ལ་འདུ་བྱེད་ རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པ་དེ་ལ་ནི་སེམས་ཀྱི་སྐད་ཅིག་མ་གང་ལ་སྡུག་བསྔལ་སྐྱེ་བ་དེ་བྱེད་པ་པོ་དེ་དང་ལྡན་པ་ཡིན་པས་བདག་གིས་བྱས་པ་མ་ཡིན་ལ། གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་མི་སྲིད་པས་གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། མཛད་པའི་མཐའ་དང་འགལ་ལོ་ཞེས་ཟེར་བས་དེ་དག་ལ་ཡང་། དེ་ནི་བྱ་བར་མི་རུང་ངོ་། །སྡུག་བསྔལ་དེ་ནི་བྱ་བར་མི་རུང་སྟེ། བདག་དེ་དང་བཅས་པ་ཉིད་དུ་གནས་པ་ལ་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ། །དེ་ལ་འདིར་རྗེས་སུ་དཔག་པ་ནི་སྐྱེས་བུ་ནི་བྱེད་པ་པོ་མ་ཡིན་ཏེ། རྟག་པའི་ཕྱིར་ དཔེར་ན་ནམ་མཁའ་བཞིན་ནོ། །རྟག་པ་ཉིད་དུ་རྗེས་སུ་དཔོག་པས་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་ཉིད་བརྩལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་བརྩལ་བའི་སྐྱོན་ཡོད་དོ། །གཞན་ཡང་། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །བདག་ གི་རྐྱེན་ལས་འབྱུང་བར་མི་འགྱུར་ཏེ། བྱེད་པ་པོ་མ་སྐྱེས་པ་ལ་བྱ་བ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་གལ་ཏེ་སྡུག་བསྔལ་བྱེད་པ་པོ་བདག་དང་ལྡན་པར་འདོད་ན་དེ་ལྟ་ན་ཡང་། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཁོ་བོ་ཅག་གི་ཕྱོགས་ལ་སྡུག་བསྔལ་ཉིད་བདག་གི་ སྒྲར་བརྗོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་གལ་ཏེ་སྐྱེས་བུ་རང་གིས་ལས་དེ་བྱས་པར་གྱུར་ན། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ལྷན་ཅིག་བྱེད་པའི་རྒྱུ་གཞན་དག་ལ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །སྡུག་བསྔལ་ནི་བྱེད་པ་པོ་བདག་དང་ལྡན་པར་འདོད་པར་མི་བྱ་སྟེ། རྒྱུ་དུ་ མ་དག་གིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་རླུང་ཤུགས་དྲག་པོ་དག་གིས་ཤིང་སྐམ་པོའི་ཡལ་ག་དག་བསྐྱོད་དེ་དྲུད་པ་ལས་བྱུང་བའི་ནགས་ཀྱི་མེས་ནགས་ཚལ་བསྲེག་པའི་ལས་བཞིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ལྷས་བྱིན་གྱི་སྡུག་ བསྔལ་ནི་བྱེད་པ་པོས་ལྷས་བྱིན་གྱི་བདག་དང་ལྡན་པ་མ་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་སྡུག་བསྔལ་བཞིན་ནོ། །གལ་ཏེ་མཆོད་སྦྱིན་གྱི་སྡུག་བསྔལ་སྐྱེ་བ་ལ་ཡང་ལན་འགའ་ལྷས་བྱིན་བྱེད་པ་པོ་ཡིན་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན། རང་གིས་བྱས་པའི་ལས་ ཀྱི་འབྲས་བུ་མྱོང་བ་ཡིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །དེའི་རྣམ་པར་འགྱུར་བ་ཡིན་ན་ཡང་བྱེད་པ་པོའི་ངོ་བོ་ཉིད་མ་ཡིན་པ་བོང་བ་ལ་སོགས་པ་དག་ཀྱང་ཐ་སྙད་དུ་ལྷན་ཅིག་བྱེད་པའི་རྒྱུའི་དངོས་པོས་དེའི་ཡན་ལག་ཉིད་དུ་འགྱུར་བའི་ཕྱིར་སྐྱོན་མེད་དོ། །གང་ལ་འདུ་བྱེད་རྣམས་སྐད་ཅིག་ མ་རེ་རེ་ལ་འཇིག་པའི་ངད་ཅན་ཡིན་པ་དེ་ལ་ནི་སེམས་ཀྱི་སྐད་ཅིག་མ་གང་ལ་སྡུག་བསྔལ་སྐྱེ་བ་དེ། བྱེད་པ་པོ་དེ་དང་ལྡན་པ་མ་ཡིན་པས། བདག་གིས་བྱས་པ་མ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཡང་ཉོན་ཅིག །དོན་དམ་པར་ནི་སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་ གྱིས་བྱས་པར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དེ་དག་མི་སྲིད་པར་བསྟན་པ་མི་གནོད་དོ། །ཐ་སྙད་དུ་ནི་འཇིག་རྟེན་ན་དེ་དང་རིགས་མཐུན་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་རྒྱུད་ཐ་མི་དད་པ་ལ། ཐ་སྙད་དེ་དག་མཐོང་སྟེ། དཔེར་ན་བདག་གིས་བཙུགས་པའི་མར་མེ་དེ་ཉིད་འདི་ཡིན་ནོ། །བདག་ གིས་བསྐྱེད་པའི་ཤིང་ཨ་མྲ་དེ་ཉིད་འདི་ཡིན་ནོ་ཞེས་བརྗོད་པ་དེ་བཞིན་དུ་འདི་ལ་ཡང་སེམས་ཅན་གྱི་སྐད་ཅིག་མ་སྔ་མ་སེམས་ཅན་གྱི་སྐད་ཅིག་མ་ཕྱི་མ་དང་། རྒྱུ་དང་འབྲས་བུ་འབྲེལ་པ་ཐ་མི་དད་པས་བྱས་པ་ལ་བདག་གིས་བྱས་པ་ཞེས་བྱའོ། །གཞན་ཉིད་ཡིན་དུ་ཟིན་ཀྱང་རྒྱུ་དང་འབྲས་བུར་ འབྲེལ་པའི་ཕྱིར། སེམས་ཅན་གྱི་སྐད་ཅིག་མ་སྔ་མས་དགེ་བ་དང་། མི་དགེ་བ་ཉེ་བར་བསགས་པ་དག་གི་རྣམ་པར་སྨིན་པ་མི་མྱོང་བ་མ་ཡིན་ཏེ། དཔེར་ན་དུག་གི་མཐུ་འོ་མའི་སྐད་ཅིག་མར་བླུགས་པ་དེའི་རྣམ་པར་འགྱུར་བ་ཞོའི་སྐད་ཅིག་མར་མྱོང་བ་བཞིན་པས་ མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བར་ཡང་མི་འགྱུར་རོ། །ཅི་སྟེ་སྐད་ཅིག་མ་སྔ་མས་ལས་ཉེ་བར་བསགས་པའི་འབྲས་བུ་ནི་འདུ་བྱེད་ཀྱི་སྐད་ཅིག་མ་ཕྱི་མ་ལ་མྱོང་བར་མི་འགྱུར་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པ་བཞིན་ནོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། མཛད་པའི་ མཐའ་ལས། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་འབྱུང་བའི་ཕྱིར་གཞན་ཉིད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་སོགས་པའི་མཐུའི་ཁྱད་པར་ནི་ སྐྱེ་བའི་གཉེན་པོ་མ་སྐྱེས་པའི་རྒྱུད་ལ་འབྲས་བུར་འགྱུར་བར་གཟུང་བར་བྱ་སྟེ། མཐུའི་ཁྱད་པར་ཡིན་པའི་ཕྱིར་དཔེར་ན་མ་དུ་ལུང་གའི་མེ་ཏོག་གི་ཟེ་བ་དམར་བ་བཞིན་པས་ཐ་སྙད་ཀྱི་བདེན་པ་ལ་གནོད་པ་མེད་དོ། །གལ་ཏེ་ཕྱོགས་གཞན་གྱིས་ལས་བྱས་པའི་འབྲས་བུ་ཕྱོགས་གཞན་གྱིས་ མྱོང་བར་འགྱུར་བས་ཕྱོགས་ལ་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བའི་སྐྱོན་དུ་འགྱུར་ཏེ། དེ་ཉིད་ཀྱིས་ལན་འགའ་ཡང་འབྲས་བུ་མྱོང་བར་མི་འགྱུར་བའི་ཕྱིར་རོ། །ཕྱོགས་འབྲེལ་པར་བརྟགས་ན་ཡང་དམ་བཅས་པ་ཉམས་པར་འགྱུར་ཏེ། ཕྲད་པ་དང་། འདུ་བ་དག་ལ་ཡང་འབྲེལ་ པ་ཡོད་པའི་ཕྱིར་དྲན་པ་དང་ཤེས་པ་ལ་སོགས་པ་སྐྱེས་པ་དག་དངོས་མ་ཡིན་པས་མཛད་པའི་མཐའ་དང་འགལ་ལོ། །བདག་གཅིག་པ་ཉིད་ཀྱི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ཇི་ལྟར་གཅིག་པ་ཉིད་ཡིན། གཅིག་ཉིད་ཀྱི་གྲངས་དང་ལྡན་པའི་ཕྱིར་རོ་ཞེ་ན་ནི། བདག་ནི་གཅིག་ཉིད་ཀྱི་གྲངས་དངོས་ དང་ལྡན་པ་མ་ཡིན་ཏེ། ཡོད་པའི་ཕྱིར་གཅིག་ཉིད་ཀྱི་གྲངས་དངོས་བཞིན་ནོ། །གཅིག་དང་གཅིག་མ་ཡིན་པ་ལ་གཅིག་པ་ཉིད་དུ་བརྟགས་ན་ཡང་འབྲེལ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། མི་སྲིད་པའི་ཕྱིར་བཟང་པོ་མ་ཡིན་པ་ཉིད་དོ། །ཞར་ལ་བཤད་པས་ཆོ་ག་སྟེ། དེའི་ཕྱིར་དེ་ལྟར་སྡུག་ བསྔལ་བདག་གིས་བྱས་པ་མ་ཡིན་པར་འདོད་དོ། །གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། ཇི་ལྟ་ཞེ་ན། གལ་ཏེ་དེ་ལས་འདི་གཞན་ཞིང་། །གལ་ཏེ་འདི་ལས་དེ་གཞན་ན། །གཞན་དེ་དག་གིས་འདི་བྱས་པས། །སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར། །གལ་ཏེ་སྔོན་གྱི་ཕུང་པོ་ དེ་དག་ལས་ཉིང་མཚམས་སྦྱོར་བའི་ཕུང་པོ་ཕྱི་མ་འདི་དག་གཞན་ཡིན་པར་གྱུར་ཅིང་། གལ་ཏེ་འདི་དག་ལས་ཀྱང་སྔོན་གྱི་ཕུང་པོ་དེ་དག་གཞན་ཡིན་པར་གྱུར་ན་ནི་དེ་ལྟར་བརྟག་ན་གཞན་དེ་དག་གིས་འདི་དག་བྱས་པས། སྡུག་བསྔལ་གཞན་གྱིས་བྱས་པར་ཡང་འགྱུར་བ་ཞིག་ན། དེ་ལྟར་ནི་མི་ འདོད་དེ་གཞན་ཉིད་དུ་རྗེས་སུ་དཔོག་པས་དེ་བྱེད་པ་པོ་ཉིད་མ་ཡིན་པས། དེ་བྱེད་པ་པོ་ཡིན་པ་བསྩལ་བས། གང་གི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་དམ་བཅས་པའི་དམ་བཅའ་བ་ལ་ཆོས་ཀྱི་ངོ་བོ་ཉིད་བསྩལ་བའི་སྐྱོན་ཡོད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན། གཞན་དེ་དག་གིས་འདི་བྱས་པས། །སྡུག་བསྔལ་ གཞན་གྱིས་བྱས་པར་འགྱུར། །ཞེས་བྱ་བ་ནི་འཐད་པས་དེ་དག་ལ། གཞན་ཉིད་དེ་ཡང་མི་སྲིད་པ་ཁོ་ནའི་ཕྱིར་རོ། །གཞན་ཉིད་ཡིན་དུ་ཟིན་ཀྱང་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་གཞན་ལས་སྐྱེ་བ་མེད་པར་བསྟན་པ་བཞིན་དུ། དེ་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །ཇི་ལྟར་གཞན་ཉིད་མི་སྲིད་པར་ དགོངས་ཤེ་ན། དོན་དམ་པར་ལྷས་བྱིན་གྱི་སྔོན་གྱི་ཕུང་པོ་རྣམས་ནི་ཕུང་པོ་ཕྱི་མ་རྣམས་ལས་གཞན་མ་ཡིན་ཏེ། ལྷས་བྱིན་གྱི་ཕུང་པོ་ཡིན་པའི་ཕྱིར་དཔེར་ན་ཕུང་པོ་ཕྱི་མའི་རང་གི་བདག་ཉིད་བཞིན་ནོ། །ཡང་ན་གཏན་ཚིགས་ནི་རྒྱུད་ཐ་མི་དད་པའི་སྡུག་བསྔལ་ཡིན་པའི་ཕྱིར་ཏེ། སྦྱོར་བའི་ཡན་ ལག་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །གཞན་དག་གིས་སྨྲས་པ། གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་མི་མྱོང་བའི་ཕྱིར་དང་། གང་ཟག་གནས་སྐབས་གཞན་ཐ་དད་པས་བྱས་པའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པས། ཕྱོགས་ གཉི་གར་བསྟན་པའི་སྐྱོན་མེད་དོ། །འདིར་བཤད་པ། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ནས་གང་དག་གིས། །སྡུག་བསྔལ་བྱས་པའི་གང་ཟག་ནི། །སྡུག་བསྔལ་མེད་པ་དེ་གང་ཡིན། །རང་གི་གྲུབ་པའི་མཐའ་ལ་གནོད་པ་བཅབ་པའི་ཕྱིར། གལ་ཏེ་གང་ཟག་བདག་ གིས་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྡུག་བསྔལ་བྱས་པར་རྟོག་ན། གང་གིས་བདག་གིས་སྡུག་བསྔལ་བྱས་པའི་གང་ཟག་སྡུག་བསྔལ་མེད་པ་དེ་གང་ཞིག་ཡིན་ཏེ། བདག་གི་དངོས་པོ་གང་གིས་སྡུག་བསྔལ་དེ་བྱས་པའི་གང་ཟག་ཅེས་བརྗོད་པ། སྡུག་བསྔལ་མེད་པ་ནི། །འགའ་ ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཅི་སྟེ་ཡང་རང་གི་ལྟ་བ་བསྐྱང་བར་འདོད་པས་གང་ཟག་ནི་ཕུང་པོ་རྣམས་ལས་དེ་ཉིད་དང་། གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བརྗོད་ན་ཡང་དེ་ལྟ་ན་ཡང་གང་ཟག་ནི་ལྷས་བྱིན་ཞེས་བྱ་བའི་ཕུང་པོ་ལྔ་པོ་འདི་དག་ལ་མེད་པར་ཤེས་པར་བྱ་སྟེ། བརྟེན་ ནས་འབྱུང་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །གལ་ཏེ་ཡོད་པ་ཉིད་འགོག་པར་བྱེད་པའི་ཕྱིར་དེ་ནི་ཡོད་དོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་གཙོ་བོ་དང་སྐྱེས་བུ་དང་། དབང་ཕྱུག་ལ་སོགས་པ་དག་གིས་མ་ངེས་པ་ཉིད་ཡིན་པའི་ཕྱིར་དང་། དོན་དམ་པར་དཔེ་མེད་ པའི་ཕྱིར་དང་། ཡོད་པ་ཉིད་འགའ་ཡང་མི་འཐད་པའི་ཕྱིར་རོ། །འདིར་ཡང་སྔར་སློབ་དཔོན་ཉིད་ཀྱིས། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་བྱ་བས་སྡུག་བསྔལ་གྱི་ཆོས་བརྟེན་ནས་བྱུང་བ་ཉིད་ཡིན་པར་བསྟན་པ། དེའི་དབང་ཁོ་ནས་རྗེས་སུ་དཔག་པ་བསྟན་ཏོ། ། དེའི་ཕྱིར་དེ་ལྟར་དོན་དམ་པར་གང་ཟག་མ་གྲུབ་པའི་ཕྱིར་སྡུག་བསྔལ་གང་ཟག་གང་གིས་ཀྱང་བདག་གིས་མ་བྱས་པར་གྲུབ་བོ། །ད་ནི་ཇི་ལྟར་གང་ཟག་གཞན་དུ་འགྱུར་བས་སྡུག་བསྔལ་བྱས་པར་མི་འཐད་པ་དེ་ལྟར་བཤད་པ། གལ་ཏེ་གང་ཟག་གཞན་གྱིས་ནི། །སྡུག་བསྔལ་བྱས་ན་གཞན་ཞིག་གིས། །སྡུག་ བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མེད་པར་ཇི་ལྟར་རུང་། །གལ་ཏེ་གང་ཟག་གཞན་གྱིས་སྡུག་བསྔལ་བྱས་ནས་གནས་སྐབས་གཞན་ཐ་དད་པའི་གཞན་ཞིག་གིས་སྡུག་བསྔལ་དེ་བྱས་ནས་གང་ལས་སྦྱིན་པར་བྱ་བ་དེ་སྡུག་བསྔལ་མེད་པར་ཇི་ལྟར་རུང་སྟེ། དེ་ནི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གང་ཟག་སྡུག་ བསྔལ་མེད་པ་བཀག་པའི་ཕྱིར་དང་། དེ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ད་ལྟར་གྱི་གང་ཟག་མེད་པའི་ཕྱིར་གནས་སྐབས་གཞན་ཐ་དད་པའི་གཞན་ཉིད་ཡོད་པ་མ་ཡིན་ན་གང་གི་ཕྱིར་དེས་བྱས་པ་གཞན་གྱིས་བྱས་པ་ཞེས་བྱ་བར་འགྱུར། ཡང་གཞན་ཡང་། སྔར་རྗེས་སུ་དཔག་པ་ལས་སྡུག་བསྔལ་བདག་གིས་མ་བྱས་སོ་ཞེས་བྱ་བ་དེ་བསྟན་ཟིན་པས་དེའི་ཕྱིར། བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །མ་བྱས་པ་ལ་གཞན་གྱི་ཐ་སྙད་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་རྒྱུད་སོ་སོར་ངེས་པ་ལ་ལས་ རྣམ་པར་སྨིན་པ་ཅན་གཞན་གྱིས་བྱེད་པ་མི་སྲིད་པའི་ཕྱིར། སྡུག་བསྔལ་གཞན་གྱིས་ག་ལ་བྱས་ཞེས་གསུངས་ཏེ། དེའི་ཕྱིར་དེ་ལྟར་སྡུག་བསྔལ་བདག་དང་གཞན་གྱིས་བྱས་པ་ཉིད་དུ་མི་འཐད་དོ། །ཡང་གཞན་ཡང་། གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །གནས་ སྐབས་གཞན་ཐ་དད་དུ་ཟིན་ཀྱང་གང་ཟག་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་ཞེས་བྱ་བ་དེ་དག་ནི་གྱི་ནའོ། །གཞན་དག་གིས་སྨྲས་པ། གང་ཟག་གི་བདག་གིས་བྱས་པའི་ཕྱིར། སྡུག་བསྔལ་བདག་གིས་བྱས་པ་ཡང་ཡིན་ལ། སྡུག་བསྔལ་ གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པའི་ཕྱིར། སྡུག་བསྔལ་གཞན་གྱིས་བྱས་པ་ཡང་ཡིན་ཏེ། དེ་ལྟར་རྣམ་གྲངས་ལས་བདག་དང་གཞན་གྱིས་བྱས་པར་གྲུབ་པའི་ཕྱིར་སྐྱོན་མེད་དོ། །འདིར་བཤད་པ། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །གང་ཟག་གི་བདག་གིས་མ་བྱས་སོ་ཞེས་བྱ་བའི་ཐ་ ཚིག་སྟེ། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པའི་གང་ཟག་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྡུག་བསྔལ་གྱི་ངོ་བོ་ཡིན་ན་ཡང་། དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་བྱ་བ་དེ་བཀག་ཟིན་པའི་ཕྱིར་རོ་ཞེས་བྱ་བས་དགོངས་སོ། ། ཡང་ན། དེ་ཉིད་ཀྱིས་ནི་དེ་མ་བྱས། །ཞེས་བྱ་བ་ནི་རང་ལ་བྱ་བ་བྱེད་པ་མ་མཐོང་བའི་ཕྱིར་དང་། བདག་ལས་སྐྱེ་བ་མི་འཐད་པ་བཞིན་དུ་དེས་བྱེད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པའི་ཕྱིར་དེས་བྱས་པ་ནི་གཞན་གྱིས་ བྱས་པ་ཡང་ཡིན་ཏེ་ཞེས་གང་སྨྲས་པ་དེ་ཡང་བཟང་པོ་མ་ཡིན་ཏེ། གལ་ཏེ་གཞན་དག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །ཕ་རོལ་པོ་དག་གིས་གཞན་ཉིད་དུ་བསམས་པ་གང་ཡིན་པ་དེ་གལ་ཏེ་བདག་གིས་མ་བྱས་ཤིང་བདག་ཉིད་མ་སྐྱེས་ཀྱང་ཡོད་པར་གྱུར་ན་ནི་དེས་ནི་ད་གཞན་ཉིད་དུ་གྲུབ་པའི་ཕྱིར། དེས་བྱས་པ་ཡང་གཞན་གྱིས་བྱས་པར་འགྱུར་གྲང་ན། མཁས་པ་རྣམས་ནི་མ་སྐྱེས་པ་ཡོད་པ་ཉིད་དུ་མི་སྟོན་པས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར་ཏེ། དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེ་ལྟར་སྡུག་བསྔལ་བདག་གིས་བྱས་པ་ དང་། གཞན་གྱིས་བྱས་པར་མི་རིགས་སོ། །གྲངས་ཅན་དག་ནི་རྡུལ་ཤས་ཆེ་བས་བྱ་བ་བྱེད་པའི་འཇུག་པ་དེ་དག་དམིགས་པ་ནི་སྡུག་བསྔལ་ཡིན་ལ། དེ་ཡང་གང་གི་ཕྱིར་བདག་ཉིད་ཀྱི་ནང་གི་བྱེད་པ་དག་བྱེད་པ་པོ་ཡིན་པ་དེའི་ཕྱིར་བྱེད་པ་པོ་བདག་ཉིད་དང་ལྡན་པ་ཡིན་ལ། གང་གི་ཕྱིར་སྐྱེས་བུའི་ ངོ་བོ་ཉིད་ལས་ཐ་དད་པས་ནང་གི་བྱེད་པ་གཞན་དུ་གྱུར་པ་དག་བྱེད་པ་པོ་ཉིད་ཡིན་པ་དེའི་ཕྱིར་བྱེད་པ་པོ་གཞན་དང་ལྡན་པ་ཡིན་པས་དེས་བྱས་པའི་སྡུག་བསྔལ་ནི་བདག་དང་གཞན་གྱིས་བྱས་པ་ཡིན་ནོ་ཞེས་ཟེར་ཞིང་། །དེ་དག་འདི་སྐད་ཅེས། ཕུང་པོ་སྐད་ཅིག་སྨྲ་བ་ཡིས། །ཤཱཀྱ་པ་དག་བདག་མེད་ ན། །མཐོ་རིས་ཐར་པ་དགོས་པ་ཡི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཕུང་པོ་སྔ་མར་གཏོགས་པ་ཡི། །དགེ་བ་དེ་འབྲས་སྐྱེད་པ་ལས། །ཕུང་པོ་ཕྱི་མ་ཁྱད་པར་ཅན། །ཀུན་དུ་འབྱུང་བར་འདོད་མོད་ཀྱི། །འོན་ཀྱང་དེ་དག་གཞན་དོན་དུ། །འབད་པ་འཐད་པར་མི་འགྱུར་ཏེ། །གཞན་ལ་ཕན་པར་བྱ་ བར་ནི། །འགའ་ཡང་འཇུག་པར་མི་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་དོ། །འདིར་བཤད་པ། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །སྐྱེས་བུས་སོ། །གལ་ཏེ་ནང་གི་བྱེད་པས་བྱས་སོ་ཞེ་ན། ནང་གི་བྱེད་པ་རྡུལ་ཤས་ཆེ་བ་དེ་ནི་སྡུག་བསྔལ་ཡིན་པས་སྡུག་བསྔལ་དེ་ཉིད་ཀྱིས་དེ་ཉིད་བྱེད་ པར་མི་འཐད་དེ། དཔེར་ན་བུམ་པ་དེ་ཉིད་ཀྱིས་བུམ་པ་དེ་ཉིད་བྱེད་པར་མི་འཐད་པ་བཞིན་ནོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་ནས། དེ་ཉིད་ཀྱིས་ནི་དེ་མ་བྱས་ཞེས་གསུངས་ཏེ། དེའི་ཕྱིར་སྡུག་བསྔལ་བདག་གིས་མ་བྱས་སོ། །ད་ནི། གལ་ཏེ་གཞན་དག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་ འགྱུར། །ཕ་རོལ་པོ་དག་གིས་ནང་གི་བྱེད་པ་ལས། གཞན་ཡིན་པར་བསམས་པ་གང་ཡིན་པའི་གཞན་དེ་ནི་བདག་གིས་མ་བྱས་ཏེ། བདག་ཉིད་མ་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །བྱས་ཞེས་བྱ་བའི་སྒྲ་ནི་དོན་དུ་མ་ལ་འཇུག་པའི་ཕྱིར། དཔེར་ན་ཟན་བྱས་སོ་ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར་དེ་ལྟར་ གཞན་ཞེས་བྱ་བ་བདག་ཉིད་མ་གྲུབ་པས། སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར། ཡང་ན་གཞན་ཉིད་མ་གྲུབ་པའི་ཕྱིར་ཏེ། སྐྱེས་བུ་ནི་ནང་གི་བྱེད་པ་ལས་གཞན་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་ནང་གི་བྱེད་པའི་རང་གི་བདག་ཉིད་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་ དོ། །གཞན་ཉིད་དུ་རྗེས་སུ་དཔོག་པས། སྡུག་བསྔལ་དམིགས་པའི་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་དེ་བསྩལ་བའི་ཕྱིར་དམ་བཅས་པ་ལ། །ཆོས་ཀྱི་ངོ་བོ་ཉིད་བཟློག་པའི་སྐྱོན་ཡང་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་གྱིས་བྱས་པར་མི་རིགས་སོ། །རྣམ་ གཉིས་སུ་སྨྲ་བ་དག་ན་རེ། འོ་ན་རྣམ་གྲངས་ལས། སྡུག་བསྔལ་ནི་གཉི་གས་བྱས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེའི་ཕྱིར་དེ་དགག་པའི་ཕྱིར་བཤད་པ། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉི་གས་བྱས་པར་འགྱུར། །གང་གི་ཚེ་ཇི་སྐད་བསྟན་པའི་སྒྲུབ་པས་བདག་གིས་བྱས་པ་ དང་། གཞན་གྱིས་བྱས་པ་མི་རིགས་པ་དེའི་ཚེ་གཉི་གས་བྱས་སོ་ཞེས་བྱ་བའི་སྐབས་མེད་དོ་ཞེས་བྱ་བར་དགོངས་སོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར་རབ་ཏུ་བྱེད་པར་རྒྱུ་མེད་པར་སྨྲ་བ་བསྩལ་བས། དེའི་ཕྱིར་བཤད་པ། གཞན་གྱིས་མ་བྱས་བདག་མ་བྱས། །སྡུག་ བསྔལ་རྒྱུ་མེད་ག་ལ་འགྱུར། །གཞན་གྱིས་བྱས་པ་ནི་གཞན་གྱིས་དེ་བྱས་པ་སྟེ། གཞན་གྱིས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་མ་བྱས་པ་ནི་གཞན་གྱིས་མི་བྱེད་པའོ། །བདག་གིས་བྱས་པ་ཡང་བདག་གིས་དེ་བྱས་པ་སྟེ། བདག་གིས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་གིས་མ་ བྱས་པ་ནི་བདག་གིས་མི་བྱེད་པའོ། །གཞན་གྱིས་མ་བྱས་པ་དང་། བདག་གིས་མ་བྱས་པ་ནི། གཞན་གྱིས་མི་བྱེད་པ་དང་། བདག་གིས་མི་བྱེད་པའོ། །གང་གི་ཚེ་ཇི་སྐད་སྨོས་པའི་ཚད་མས་གནོད་པའི་ཕྱིར་དོན་དམ་པར་སྡུག་བསྔལ་དམིགས་སུ་མེད་པ་དེའི་ཚེ་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བར་ ག་ལ་འགྱུར་ཏེ། དེ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་མི་སྲིད་པས་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ དོ། །སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་མ་ཡིན་གྱི། །ཕྱི་རོལ་དངོས་པོ་རྣམས་ལ་ཡང་། །རྣམ་པ་བཞི་པོ་ཡོད་མ་ཡིན། །ཇི་སྐད་བསྟན་པའི་ཚུལ་ཀྱིས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་ལ་ཡང་རྣམ་པ་བཞི་པོ་དག་ཡོད་ པ་མ་ཡིན་ནོ། །དེ་ལ་རེ་ཞིག་གཟུགས་ཀྱི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། གཟུགས་ནི་བདག་ཉིད་ཀྱིས་མ་བྱས་ཏེ། ཡོད་པ་དང་མེད་པ་ལ་བྱེད་པ་མི་འཐད་པའི་ཕྱིར་ཚུལ་སྔར་བསྟན་པ་བཞིན་ནོ། །ཡང་ན་བརྟེན་ནས་བྱུང་བའི་ཕྱིར་དཔེར་ན་མྱུ་གུ་བཞིན་ནོ། །འབྱུང་བ་གཞན་དུ་གྱུར་པ་དག་གིས་ཀྱང་མ་བྱས་པ་ སྟེ། དེ་དག་གཞན་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་ཇི་ལྟར་མི་འཐད་ཅེ་ན། འབྱུང་བ་ཆེན་པོ་དག་ནི་གཟུགས་ལས་གཞན་དུ་གྱུར་པ་མ་ཡིན་ཏེ། ཕྱི་རོལ་པ་ཡིན་པའི་ཕྱིར་དཔེར་ན་གཟུགས་ཀྱི་རང་གི་བདག་ཉིད་བཞིན་ནོ། །ཡང་ན་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་ཏེ། མེད་པ་ལ་གཞན་ཉིད་མི་ འཐད་པའི་ཕྱིར་རོ། །གཉི་གས་ཀྱང་མ་བྱས་ཏེ། རེ་རེས་བྱེད་པ་མི་འཐད་པའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་བྱུང་བ་ཡང་མ་ཡིན་ཏེ། རྒྱུ་མེད་པར་སྨྲ་བ་བཀག་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་ པོར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ནི་བདེ་བའམ། སྡུག་བསྔལ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ པར་ཤེས་པ་ཡང་བདེ་བའམ། སྡུག་བསྔལ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་བའམ། སྡུག་བསྔལ་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཚངས་པ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་ འདི་ལྟར་ཤེས་པར་བྱ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་གྱི། འདི་ལྟར་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མ་སྐྱེས་པ་ནི་འཕགས་པ་རྣམས་ཀྱི་ལམ་མོ་ཞེས་བྱ་བ་དང་། ཉན་ཐོས་ ཀྱི་ཐེག་པར་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཀྱེ་གཽ་ཏ་མ་སྡུག་བསྔལ་བདག་གིས་བྱས་སམ། ཚེ་དང་ལྡན་པ་མ་ཡིན་ནོ། །གཞན་གྱིས་བྱས་སམ། ཚེ་དང་ལྡན་པ་མ་ཡིན་ནོ། །གཉི་གས་བྱས་སམ། ཚེ་དང་ལྡན་པ་མ་ཡིན་ནོ། །བདག་གིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས་ པས་བྱས་སམ། ཚེ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་སྡུག་བསྔལ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།དབུ་ མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་བམ་པོ་བཅུ་པ། ད་ནི་སུན་འབྱིན་པའི་ལན་བཏབ་པ་དང་། རང་དབང་དུ་རྗེས་སུ་དཔག་པའི་མཐུས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་གསུམ་པ་བརྩམ་མོ། །ཆོས་གང་སླུ་བ་དེ་བརྫུན་ཞེས། ། ཞེས་བྱ་བ་ལ་སོགས་པ་དེ་ལ་བརྫུན་པ་ཞེས་བྱ་བ་ནི་ལོག་པའི་ཤེས་པས་དམིགས་པར་བྱ་བ་ཡིན་པའི་ཕྱིར་དང་། བྱིས་པའི་སྐྱེ་བོ་བདག་ལ་སོགས་པའི་ཚུལ་གྱིས་འདྲིད་པའི་ཕྱིར་རོ། །སླུ་བ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་དོན་དམ་པའི་ཡུལ་ཅན་དག་རབ་ཏུ་སླུ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་བརྫུན་ པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གི་ཡིན་ལ། སླུ་བ་ཞེས་བྱ་བ་ནི་བཤད་པའི་ཚིག་གི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཞེས་བྱ་བ་ནི་མདོ་སྡེ་ལས་སོ། །དེ་སྐད་ཅེས་བྱ་བའི་སྒྲ་ནི་ཉེ་བར་བསྟན་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཇི་སྐད་གསུངས་ཤེ་ན། ཉན་ ཐོས་ཀྱི་ཐེག་པ་ལས་ཀྱང་འདི་ལྟ་སྟེ། འདུས་བྱས་གང་ཡིན་པ་དེ་ནི་བརྫུན་པ་སླུ་བའི་ཆོས་སོ། །དགེ་སློང་དག་འདི་ལྟ་སྟེ། མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ། །འདུས་བྱས་དེ་ནི་སླུ་བའི་ཆོས་ཀྱང་ཡིན། དེ་ནི་རབ་ཏུ་འཇིག་པའི་ཆོས་ཀྱང་ཡིན་ནོ་ཞེས་ཀྱང་གསུངས་ལ། ཐེག་ པ་ཆེན་པོ་ལས་ཀྱང་རབ་འབྱོར་ཅི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་བརྫུན་ལ། ཇི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་མི་བརྫུན་ནོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ཕྱོགས་གཉི་ག་ལ་གྲགས་པའི་ལུང་དག་ཡོད་པའི་ཕྱིར། འདུས་བྱས་ཐམས་ཅད་སླུ་བའི་ཆོས། །འདིས་ནི་འདུ་བྱེད་ཀྱི་ཆོས་ནི་སླུ་བའི་ཆོས་ཉིད་ཡིན་པར་བསྟན་ཏོ། །དེས་ ན་དེ་དག་བརྫུན་པ་ཡིན། །ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེ་ནི་མཇུག་བསྡུ་བའི་ཚིག་ཡིན་ན། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། སླུ་བའི་ཆོས་ཡིན་པའི་ཕྱིར། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་ བུད་མེད་ཀྱི་ལུས་བཞིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ། འདི་ལྟར་སངས་རྒྱས་པ་དག་ནི་ཡན་ལག་གསུམ་སྨྲ་བ་ཡིན་པས་དེའི་ཕྱིར་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་ཚིག་དག་མི་རིགས་སོ། །དེ་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་ཡན་ལག་གཞན་ ཉིད་དུ་མི་འདོད་མོད་ཀྱི་དེ་དག་སྦྱར་བར་མི་བྱ་བ་ནི་མ་ཡིན་ནོ། །གཞན་དུ་ན་གང་ལ་ཆོས་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ། །བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །སྒྲ་ཡང་དེ་བཞིན་པས་དེ་ལྟར་བྱས་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་དང་། དེ་བཞིན་དུ་ གང་ལ་ཆོས་མི་མཐུན་པའི་དཔེ་ཉི་ཚེ་བ་ཡོད་པ་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ། །མ་བྱས་པ་ནི་རྟག་པར་མཐོང་སྟེ། དཔེར་ན་ནམ་མཁའ་བཞིན་ནོ། །སྒྲ་ནི་དེ་ལྟར་མ་བྱས་པ་མ་ཡིན་ཏེ་བྱས་པ་ཡིན་པས། དེ་ལྟར་བྱས་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་དོན་གྱི་ ཚིག་དག་ལ་དམ་བཅས་པའི་གཏན་ཚིགས་ཀྱི་དོན་ཇི་ལྟར་གསལ་བར་འགྱུར། སྦྱོར་བའི་ཚིག་དག་ལ་ནི་དེ་དག་མི་དགོས་ཏེ་དོན་མེད་པའི་ཕྱིར་རོ། །ཡན་ལག་ལྔར་སྨྲ་བ་དག་ན་རེ། ཡན་ལག་གསུམ་ཉིད་དུ་མི་རིགས་ཏེ་བསྒྲུབ་པར་བྱ་བ་ཆོས་འབའ་ཞིག་ལ་གཏན་ཚིགས་བརྗོད་ན་ནི་དཔེ་ལ་དེ་མེད་པའི་ ཕྱིར་ཐུན་མོང་མ་ཡིན་པ་ཉིད་དོ། །དཔེའི་ཆོས་འབའ་ཞིག་ལ་གཏན་ཚིགས་བརྗོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །སྤྱིའི་ཆོས་ལ་གཏན་ཚིགས་བརྗོད་ན་ནི་རྗེས་སུ་འགྲོ་བ་བསྟན་པ་དོན་མེད་དེ། དཔེའི་ཆོས་ལ་ཡང་སྤྱིར་བསྟན་པའི་ཕྱིར་རོ། །དཔེ་ལ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ཡོད་པ་ ཉིད་དུ་སྟོན་ན་ནི་བསྒྲུབ་པར་བྱ་བ་ལ་ཡང་དེ་དང་འབྲེལ་པ་བསྟན་པའི་ཚིག་གཞན་བརྗོད་དགོས་སོ། །གལ་ཏེ་དམ་བཅས་པའི་མཇུག་ཐོགས་སུ་སྨོས་པས་བསྒྲུབ་པར་བྱ་བ་དང་འབྲེལ་པར་འགྲུབ་བོ་ཞེ་ན། དེ་ལྟ་ན་སྒྲ་ནི་མི་རྟག་སྟེ། མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡང་འགྲུབ་པར་འགྱུར་ རོ། །གྲགས་པ་དེ་དང་དེ་འབྲེལ་པར་འགྲུབ་པ་ཉིད་དུ་རྟོག་ན་ནི་ཁྱེད་ཀྱི་དཔེ་ལ་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ལྟར་བུམ་པ་ལ་སོགས་པ་བྱས་པ་ཉིད་དུ་རྟོགས་པར་འགྱུར་གྱི་སྒྲ་ནི་བྱས་པ་ཉིད་དུ་མི་རྟོགས་སོ། །ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་ཡན་ལག་གཞན་མ་ཡིན་ཏེ། དོན་ལ་ཁྱད་པར་མེད་པའི་ ཕྱིར་དཔེར་ན་གཏན་ཚིགས་ཉིད་བཞིན་ནོ་ཞེ་ན། དེ་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ཉེ་བར་སྦྱར་བས་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་གཏན་ཚིགས་མ་བརྗོད་ཀྱང་གཅིག་ཏུ་བྱེད་པའི་ཕྱིར་དང་། གཏན་ཚིགས་གྲུབ་ན་ཡང་སྨོས་པས་མཇུག་བསྡུ་བ་བརྗོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་འདིར་ གཏན་ཚིགས་སྤྱིར་གྲགས་པ་ཉིད་བརྗོད་པས་གཏན་ཚིགས་ཉིད་ཕྱོགས་དང་མཐུན་པའི་ཕྱོགས་གཉི་ག་དང་འབྲེལ་པར་འགྲུབ་བོ། །དཔེ་བསྟན་པ་ནི། མཐུན་པའི་ཕྱོགས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། ཕྱོགས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་དམ་བཅས་པ་བསྟན་པ་བཞིན་པས། དེའི་ཕྱིར་ གཏན་ཚིགས་ཀྱི་དོན་ཉིད་ཉེ་བར་སྦྱར་བས་བརྗོད་དོ། །གཏན་ཚིགས་སྨོས་ན་ཡང་དམ་བཅས་པའི་ཡན་ལག་གི་དོན་ཐ་མ་དད་པའི་ཕྱིར་དོན་དེ་ཉིད་མཇུག་སྡུད་པས་བྱེད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །ཡན་ལག་གསུམ་གྱིས་བསྒྲུབ་པར་བྱ་བ་གྲུབ་ན་ཡན་ལག་བཞིའམ་ལྔ་སྦྱོར་བ་དོན་ མེད་པས་དེ་ནི་ལན་མ་ཡིན་ནོ། །གྲངས་ལ་སོགས་པའི་ཡན་ལག་གི་མཚན་ཉིད་ནི་དཔྱད་པར་མི་བྱ་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ན་བསྟན་བཅོས་བྱེད་པའི་ཚིག་དག་ནི་ཕལ་ཆེར་ཆོས་མཐུན་པའི་མཚན་ཉིད་དང་། ཆོས་མི་མཐུན་པའི་མཚན་ཉིད་དང་། གཏན་ཚིགས་ཀྱི་མཚན་ཉིད་གསུམ་ གྱིས་ཐ་སྙད་བྱེད་དེ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང་། མི་མཐུན་པའི་ཕྱོགས་ལ་མེད་པས་ཏེ། དེའི་ཕྱིར་ཕྱོགས་ཙམ་ཞིག་བསྟན་ཏོ། །ཞར་ལ་བཤད་པའི་གཏམ་གྱིས་ཆོག་གི་སྐབས་ཉིད་དཔྱད་པར་བྱའོ། །དེ་ལྟར་ངོ་བོ་ཉིད་མེད་པ་ཉིད་སྟོན་པའི་རྗེས་སུ་དཔག་པ་བསྟན་པ་ལ་ ཁ་ཅིག་ན་རེ་ངོ་བོ་ཉིད་སྟོང་པ་ཉིད་ནི་མེད་པའི་དོན་ཡིན་ལ། སླུ་བའི་ཆོས་ཡིན་པའི་ཞེས་བྱ་བ་ཡང་མེད་པའི་ཕྱིར་དོན་དེ་ཉིད་ཡིན་པས། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་སྒྲུབ་པ་གཏན་ཚིགས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་འདོད་པའི་དོན་མི་འགྲུབ་བོ་ཞེས་ཟེར་རོ། །འདིར་བཤད་པ། གལ་ཏེ་སླུ་ཆོས་གང་ཡིན་པ། །དེ་བརྫུན་འདི་ལ་ཅི་ཞིག་སླུ། །གལ་ཏེ་དམ་བཅས་པའི་གཏན་ཚིགས་དེའི་དོན་མེད་པ་ཉིད་ཡིན་ན་དེ་ལ་ཅི་ཞིག་སླུ་བར་འགྱུར། །ཅུང་ཟད་ཀྱང་སླུ་བར་མི་འགྱུར་ཏེ། མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་པས་འདུས་བྱས་བརྫུན་པ་ཞེས་ གསུངས་པའི་ཚིག་ཉིད་ཀྱང་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་བས་ན་བརྫུན་པ་དང་། སླུ་བའི་ཆོས་ཞེས་གསུངས་པའི་དོན་ནི་མེད་པ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་གཉིས་ཀྱི་དོན་ནི་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ལོག་པར་སྣང་བ་ཡིན་པས། དམ་བཅས་པའི་དོན་གྱི་ཕྱོགས་ གཅིག་ཉིད་མ་ཡིན་ནོ། །ལོག་པར་སྣང་བ་ལ་ཡང་ཕྱོགས་གཉི་ག་ལ་གྲགས་པའི་ཕྱིར་དེས་ན་གཏན་ཚིགས་མ་ཚང་བ་ཉིད་མེད་པའི་ཕྱིར་འདོད་པའི་དོན་གྲུབ་བོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། སྟོང་ཉིད་ཡོངས་སུ་སྟོན་པ་ཡིན། །བཅོམ་ལྡན་འདས་ཉོན་མོངས་པ་དང་། ཤེས་ བྱའི་སྒྲིབ་པ་རྩ་བ་དང་བཅས་པ་མ་ལུས་པ་དྲུངས་ཕྱུང་བས་སླུ་བའི་ཆོས་ཞེས་བྱ་བ་དེ་གསུངས་པ་ནི་སྟོང་པ་ཉིད་ཡོངས་སུ་སྟོན་པར་བྱེད་པ་ཡིན་ཏེ། སླུ་བའི་ཆོས་ཞེས་གསུངས་པ་ནི་དེ་མེད་ན་མི་འབྱུང་བའི་ཕྱིར་དཔེར་ན་སྨྲ་བ་པོས་ཕྱོགས་འདི་དུ་བ་དང་བཅས་པ་ཡིན་ནོ་ཞེས་སྨྲས་པས་དེ་མེ་དང་བཅས་པ་ཉིད་ཡིན་ པར་སྟོན་པ་བཞིན་ནོ། །འདིར་སྨྲས་པ། བརྫུན་པ་ཞེས་གསུངས་པ། དེ་ནི་ཡོད་མོད་ཀྱི། འོན་ཀྱང་མེད་པའི་ཕྱིར་དོན་ཀྱང་མ་ཡིན་ལ། ཆོས་བདག་མེད་པ་ཡོངས་སུ་སྟོན་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པས་ནི། དངོས་རྣམས་ངོ་བོ་ ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཞེས་བསྟན་ཏེ། གཞན་དུ་འགྱུར་བ་ཉིད་སྣང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ངེས་པར་མི་གནས་པའི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །འདི་ལྟར་བརྟགས་ པར་རིགས་ཏེ། ངོ་བོ་ཉིད་མེད་དངོས་མེད་དེ། །འོ་ན་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་དང་བཅས་པ་ཉིད་དོ། །ཁྱོད་ཀྱི་ལུགས་ལྟར་ན་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་འགྱུར་བས་དེ་ནི་མི་རིགས་ཏེ། གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གང་གི་ཕྱིར་དངོས་པོ་རྣམས་བདག་དང་བདག་གི་བ་ཉིད་དང་ བྲལ་བ་དེའི་ཕྱིར་སྟོང་པ་ཉིད་ཅེས་བྱ་བའི་དངོས་པོ་མེད་པ་ནི་མ་ཡིན་པས་དེའི་ཕྱིར། དངོས་པོ་ཡོད་པར་ཤེས་པར་བྱའོ། །ཅི་སྟེ་དེ་ལྟར་མི་འདོད་ན། །གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །དེ་ཡང་མཐོང་བས་དེའི་ཕྱིར་དངོས་པོ་རྣམས་ལ་གཞན་དུ་འགྱུར་བ་ཡོད་པ་ནི། བསྒྲུབ་པའི་ཆོས་ཡིན་པས་རྗེས་སུ་དཔག་པར་ནུས་ཏེ། དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་དེ་གཞན་དུ་འགྱུར་བའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་གཞན་དུ་འགྱུར་བ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །ནང་གི་དངོས་པོ་རྣམས་ལ་ནི་གཞན་དུ་འགྱུར་བ་ཡོད་པས་དེའི་ ཕྱིར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་དོ། །འདིར་བཤད་པ། གལ་ཏེ་ངོ་བོ་ཉིད་ཡིན་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །ངོ་བོ་ཉིད་ཡིན་པ་གཞན་དུ་འགྱུར་བ་ཉིད་མི་རིགས་ཏེ། ངོ་བོ་ཉིད་ནི་ཉམས་པར་མི་འགྱུར་བའི་ཕྱིར་རོ། །གཞན་དུ་འགྱུར་བ་ནི་མཐོང་སྟེ་དེ་ཡང་ངོ་བོ་ཉིད་མེད་པ་ཉིད་ ན་མི་འབྱུང་བས་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དོ། །གཞན་དག་གིས་སྨྲས་པ། སླུ་བའི་ཆོས་ཞེས་བྱ་བའི་དོན་ནི་ལོག་པར་སྣང་བའི་དོན་ཡིན་མོད་ཀྱི་དངོས་པོ་མེད་པའི་དོན་མ་ཡིན་ནོ། །བརྫུན་པ་ཞེས་གསུངས་པ་དེས་ནི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་བདག་མེད་པ་ཉིད་ བསྟན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲ་ནི་བདག་གི་ཚིག་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཞན་དུ་འགྱུར་བ་སྣང་ཕྱིར་རོ། །གཞན་དུ་འགྱུར་བ་ཉིད་སྣང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་བརྫུན་པ་ཞེས་གསུངས་པ་ནི་བདག་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་བདག་མེད་པ་ཉིད་སྟོན་ པ་ཡིན་གྱི། སྟོང་པ་ཉིད་སྟོན་པ་ནི་མ་ཡིན་ནོ། །འདི་ལྟར་འཕགས་པའི་ལམ་མ་སྐྱེས་ཤིང་འཇིག་ཚོགས་ལ་ལྟ་བའི་རི་དྲུངས་མ་ཕྱུང་བ་དག་ལ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་བདག་དང་བདག་གི་རྣམ་པར་སྣང་ལ། འཕགས་པའི་ལམ་ཡང་དག་པར་སྐྱེས་པ་རྣམས་ལ་ནི་དེ་ལྟར་ཡུལ་གྱི་དངོས་པོར་ མི་འགྱུར་བས། དེ་ལྟར་བདག་དང་བདག་གིར་ལོག་པར་སྣང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་སོ། །དེ་ལ་གལ་ཏེ་ངོ་བོ་ཉིད་མེད་པ་དག་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་དང་བདག་གི་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ངོ་བོ་ཉིད་ སྟོང་པ་ཉིད་ཅེས་པར་སྒྲུབ་ན་ནི། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་ལ་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་མཚན་ཉིད་མེད་པས་དེས་ན་གཏན་ཚིགས་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར་དོན་འགལ་བ་ཉིད་དོ། །འདིར་ བཤད་པ། ཁྱེད་ངོ་བོ་ཉིད་མེད་པ་དག་རི་བོང་གི་རྭ་བཞིན་དུ། ངོ་བོ་ཉིད་མེད་པ་ཉིད་དུ་སྒྲོ་བཏགས་ནས་ཀུན་དུ་སྐྲག་པར་གྱུར་པ་ནི་དཔེར་ན་བྱིས་པ་དག་མཚན་མོ་རང་གི་གྲིབ་མ་ལ། འདྲེ་ཉིད་དུ་སྒྲོ་བཏགས་ནས་སྐྲག་པའི་སྐད་འབྱིན་པ་དང་འདྲའོ། །དེ་ལ་གལ་ཏེ་ངོ་བོ་ཉིད་མེད་པ་དག་མུ་སྟེགས་བྱེད་ ཀྱིས་ཡོངས་སུ་བརྟགས་པའི་བདག་གིས་བདག་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི། གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དག་བརྗོད་མོད་ཀྱི། འོན་ཀྱང་ཉོན་ཅིག །གལ་ཏེ་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་གི་དེ་དག་ལས་གཞན་ན་ཡང་མེད་ལ་རང་ཉིད་ཀྱང་མ་ཡིན་པས་དེ་ དག་ལ་བདག་མེད་པའི་དངོས་པོ་བདག་མེད་པ་ཉིད་ཅེས་བྱ་བ་དེ་བརྫུན་པ་ཞེས་གསུངས་པ་ཉིད་ཀྱིས་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་ན་དེ་ལྟར་གྱུར་ཀྱང་སླ་སྟེ། གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་གཏན་ཚིགས་སྦྱར་བས། གང་ཟག་བདག་མེད་པ་ཉིད་ཀྱང་དེ་མེད་ན་མི་འབྱུང་བའི་ཕྱིར་ སྟོན་པར་བྱེད་ན་ཡང་དཔེར་ན་མི་རྟག་པ་ཉིད་བསྟན་པའི་ཕྱིར་བྱས་པ་ཉིད་ཅེས་བྱ་བའི་གཏན་ཚིགས་སྦྱར་བས་སྡུག་བསྔལ་ལ་སོགས་པ་དག་ཀྱང་དེ་མེད་ན་མི་འབྱུང་བའི་ཕྱིར་སྟོན་པར་བྱེད་པ་དང་འདྲ་ལ་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོན་པར་བྱེད་པ་ཉིད་ཡིན་པས་ཁོ་བོ་ཅག་ལ་ཅི་གནོད། སླུ་བའི་ཆོས་ཉིད་ཀྱང་དེ་མེད་ ན་མི་འབྱུང་བའི་ཕྱིར། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་དེ་ཡང་འགལ་བ་ལྟར་སྣང་བ་ཡིན་ནོ། །འདུ་བྱེད་རྣམས་ལ་གཞན་དུ་འགྱུར་བ་ཉིད་མེད་དེ། ལྟ་བ་པོའི་ཡང་དག་པ་དང་། ལོག་པའི་ཤེས་པ་སྐྱེ་བའི་དུས་ན་ཤེས་བྱའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་ དཔེར་ན་ཐག་པ་ལ་ལྟ་བ་པོས་ཐག་པའམ། སྦྲུལ་དུ་མཐོང་བ་ན་ཐག་པའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་བཞིན་པས་བདག་དང་བདག་གིར་སྣང་བའི་འདུ་བྱེད་རྣམས་ལ་གཞན་དུ་འགྱུར་བ་ཉིད་དོ། །འོན་ཀྱང་རབ་རིབ་ཅན་རྣམས་ལ་དབང་པོ་ཉམས་པས་འཁྲུལ་པའི་བློ་སྐྱེ་བ་བཞིན་དུ་ཡང་དག་ པ་མ་ཡིན་པའི་བདག་དང་བདག་གི་བློ་སྐྱེ་བའི་ཕྱིར་འཁྲུལ་པ་ཞེས་བྱ་བ་ཉེ་བར་གདགས་པར་ནི་ཡོད་དེ། འདུས་བྱས་ནི་བརྫུན་པ་ཉིད་ཡིན་ཏེ། ཤེས་པ་བརྫུན་པའི་ཡུལ་ཡིན་པའི་ཕྱིར། དཔེར་ན་མངོན་སུམ་གྱི་ཤེས་པའི་ཡུལ་གྱི་དོན་ལ་མངོན་སུམ་ཞེས་བྱ་བ་བཞིན་ནོ། །གང་དག་གིས་བརྫུན་པ་ཞེས་ བྱ་བ་ནི་དངོས་པོ་རྣམས་ངེས་པར་མི་གནས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ་ཞེས་སྨྲས་པ་དེ་དག་གི་ཕྱིར་འདི་བཤད་དེ། དེ་ཉིད་ལས་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །དངོས་པོ་གང་རང་བཞིན་གང་གིས་གཟུང་བའི་ཡུལ་དུ་འགྱུར་བ་དེ་ཉིད་ལ་ནི་རྒ་ཤིའི་མཚན་ཉིད་དུ་ གཞན་དུ་འགྱུར་བ་མེད་ལ་གཞན་ཉིད་ལ་ཡང་ཡོད་པ་མ་ཡིན་ཏེ། དེ་དག་ནི་དམ་བཅའ་བ་གཉིས་ཉེ་བར་གཞག་པ་ཡིན་ནོ། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །ཞེས་བྱ་བ་དག་ནི་གོ་རིམས་བཞིན་དུ་ཆོས་མཐུན་པའི་དཔེའི་ཚིག་གཉིས་ཡིན་ནོ། །འདིར་སྦྱོར་བའི་ཚིག་ དག་ནི་རེ་ཞིག་བདག་ཉིད་དེ་ཉིད་ཀྱིས་གནས་པ་ལ་ནི་གཞན་དུ་འགྱུར་བ་མི་འཐད་པ་ཉིད་དེ་སྔོན་གྱི་རང་བཞིན་ཡོངས་སུ་མ་སྤངས་པའི་ཕྱིར་དཔེར་ན་གཞོན་ནུ་རྒན་པོ་ཉིད་དུ་མི་འགྱུར་བ་བཞིན་ནོ། །སྔོན་གྱི་མཚན་ཉིད་ལས་མཚན་ཉིད་མི་འདྲ་བ་རྒན་པོའི་བདག་ཉིད་དུ་གནས་པ་ལ་ཡང་གཞན་དུ་འགྱུར་བ་མེད་ དེ། མཚན་ཉིད་མི་འདྲ་བའི་གནས་སྐབས་ཐོབ་པའི་ཕྱིར་དཔེར་ན་རྒས་པ་བཞིན་པས་རྒོལ་བ་རང་གི་རྗེས་སུ་དཔག་པ་ལ་གནོད་དོ། །འདིར་ཁ་ཅིག་གིས་སྨྲས་པ། འོ་མ་ལ་སོགས་པ་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་དག་ཀྱང་ཞོ་ལ་སོགས་པའི་དངོས་པོར་འགྱུར་བའི་ཕྱིར་གཏན་ཚིགས་མ་ངེས་པ་ ཉིད་དོ། །འདིར་བཤད་པ། གང་གི་དངོས་པོ་ཞོ་ཡིན། གལ་ཏེ་འོ་མའི་ཞོ་ཞེ་ན། དེ་ལྟ་ན་ཡང་འོ་མས་འོ་མའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པས་སྒྲ་ཙམ་གྱིས་ཀྱང་ཞོའི་དངོས་པོར་བརྟག་པར་མི་ནུས་ཏེ། གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་ལ་ཡང་། གལ་ཏེ་དེ་ཉིད་གཞན་གྱུར་ན། །འོ་ མ་ཉིད་ནི་ཞོར་འགྱུར་རོ། །འོ་མ་རོ་དང་མཐུན་དང་སྨིན་པ་དང་། མཐུ་སྟོབས་ཡོངས་སུ་སྤངས་པ་ཞོའི་དངོས་པོར་མི་འགྱུར་རོ། །གྲགས་པའི་གནོད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་བཞིན་ཏེ་འོ་མ་ཞོའི་དངོས་པོར་མི་འགྱུར་རོ་ཞེ་ན། འོ་མ་ལས་གཞན་གང་གིས་ནི། །དངོས་པོ་ཞོ་ནི་ཡིན་པར་འགྱུར། ། མི་འགྱུར་བ་ཉིད་དེ་ཞོ་འམ་དེ་ལས་གཞན་པ་དག་དེར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་དེ་ལྟར་འོ་མ་དང་དེ་ལས་གཞན་པ་དག་དངོས་པོ་གཞན་དུ་མི་འཐད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །གཞན་དག་གིས་སྨྲས་པ། འོ་མ་ ཞོའི་མཚན་ཉིད་ཀྱི་ཆོས་གཞན་དུ་འགྱུར་བས་འོ་མའི་དངོས་པོ་ཞོ་ཡིན་ནོ་ཞེས་ནི་མི་སྨྲའི། འོན་ཀྱང་ཚོགས་པའི་དབང་གིས་འོ་མ་ཞོའི་དངོས་པོར་འགྱུར་རོ། །འདིར་ཡང་འོ་མས་འོ་མའི་དངོས་པོ་སྤངས་ནས་ཞོའི་དངོས་པོར་འགྱུར་རམ་མ་སྤངས་པར་འགྱུར་གྲང་། དེས་ཅིར་འགྱུར། གལ་ཏེ་བརྟག་ པ་སྔ་མ་ལྟར་འདོད་ན་ནི་ཞོའི་དངོས་པོར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་ཏེ། གལ་ཏེ་འོ་མ་ཡིན་ན་ནི་ཇི་ལྟར་ཞོ་ཡིན་ཅི་སྟེ་ཞོ་ཡིན་ན་ནི་ཇི་ལྟར་འོ་མ་ཡིན། འོ་མ་ཞོ་ཡིན་ནོ་ཞེས་སྨྲ་ན་ནི་གྲགས་པའི་གནོད་པར་ཡང་འགྱུར་རོ། ། འདིས་གང་དག་འོ་མའི་དངོས་པོ་ཞོ་ཡིན་པར་མི་འདོད་ཀྱི། འོ་མ་ཞོའི་དངོས་པོར་འགྱུར་བར་འདོད་དོ་ཞེས་ཟེར་བ་དེ་དག་གི་ལན་ཀྱང་བཏབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དཔྱད་ན་དོན་དམ་པར་དངོས་པོ་རྣམས་གཞན་དུ་འགྱུར་བ་ཉིད་མ་གྲུབ་པས་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་ བསྟན་པའི་ཕྱིར་གཏན་ཚིགས་སྨྲས་པའི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་དོ། །སླུ་བའི་ཆོས་ཞེས་གསུངས་པ་ཡང་དངོས་པོ་རྣམས་ངེས་པར་མི་གནས་པའི་ངོ་བོ་ཉིད་སྟོན་པ་ཉིད་མ་ཡིན་ཏེ། དོན་དམ་པར་འགའ་ཡང་གཞན་དུ་འགྱུར་བ་ཉིད་མི་སྲིད་པའི་ཕྱིར་རོ། །འདིར་སྨྲས་པ། དོན་དམ་པར་ དངོས་པོ་རྣམས་སྟོང་པ་ཉིད་མ་ཡིན་ཏེ། དེའི་གཉེན་པོ་ཡོད་པའི་ཕྱིར་དཔེར་ན་ལོག་པའི་ཤེས་པའི་གཉེན་པོ་ཡང་དག་པར་ཤེས་པ་ཡོད་པ་བཞིན་ནོ། །འདི་ན་གང་མེད་པ་དེ་ལ་ནི་གཉེན་པོ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །སྟོང་པ་ཉིད་མ་ཡིན་པ་ལ་ནི་གཉེན་པོ་སྟོང་པ་ཉིད་ཡོད་པས་ དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་སྟོང་པ་ཉིད་མ་ཡིན་པ་ཡོད་པ་ཉིད་དོ། །འདིར་བཤད་པ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་འང་ཅུང་ཟད་ཡོད་པར་འགྱུར། །འདི་ལ་གལ་ཏེ་དོན་དམ་པར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་དངོས་པོའི་རང་བཞིན་གྱིས་ མི་སྟོང་པ་ཅུང་ཟད་ཅིག་ཡོད་པར་གྱུར་ན་ནི་དེ་ལ་ལྟོས་པའམ། མི་སྟོང་པ་དེ་བསྩལ་བས་སྟོང་པ་ཞེས་བརྗོད་པས་འབྱུང་བའི་ཕྱིར་སྟོང་པའང་ཅུང་ཟད་ཡོད་པར་འགྱུར་བ་ཞིག་ན་མི་སྟོང་པ་དེ་ཡང་མི་འཐད་པར་བསྟན་ཅིང་སྟོན་པར་འགྱུར་བས་དེའི་ཕྱིར་དེ་ལྟར་དོན་དམ་པར། མི་སྟོང་ཅུང་ཟད་ཡོད་ མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །སྟོང་པ་ཉིད་དུ་འཐད་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འང་ཞེས་བྱ་བའི་སྒྲ་ནི་མི་སྟོང་པ་དང་། སྟོང་པ་ཅུང་ཟད་ཀྱང་མེད་དོ་ཞེས་གཉི་ག་བསྡུ་བའི་ཕྱིར་རོ། །ཡང་ན་སྟོང་པ་དང་། མི་སྟོང་པ་ཞེས་བྱ་བར་རྣམ་པར་རྟོག་པ་དེ་དག་ནི་ གཞི་ལ་བརྟེན་པས་ཐ་སྙད་པ་ཡིན་ཏེ། དཔེར་ན་གཙུག་ལག་ཁང་སྐུ་གཟུགས་ཀྱིས་མི་སྟོང་ལ། དགེ་སློང་དག་གིས་སྟོང་པ་ཡོད་པ་ཉིད་དོ་ཞེས་བྱ་བ་བཞིན་ནོ། །དོན་དམ་པར་ནི། མི་སྟོང་ཅུང་ཟད་ཡོད་མིན་ན། །གཉེན་པོར་བརྟགས་པ་གང་ཡིན་པའི། །སྟོང་པའང་ཡོད་པར་ག་ལ་འགྱུར། ། གང་གི་ཕྱིར་འཛིན་པ་ཙམ་སྤངས་པ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་གཉེན་པོ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཡང་ན་རྣལ་འབྱོར་པ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དགག་པ་ལྷུར་ལེན་པའི་ཐོས་པ་དང་བསམས་པ་དང་། བསྒོམས་ པ་ལས་བྱུང་བའི་ཤེས་པ་གོམས་པར་བྱེད་པ་ལ་ལ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཀུན་བརྟགས་པ་ཉིད་ཀྱི་བདག་ཉིད་སྟོང་པའི་ཕྱིར་དངོས་པོ་དེ་དག་ལ་ཀུན་བརྟགས་པའི་བདག་ཉིད་མེད་དུ་ཟིན་ཀྱང་དེ་དག་གི་སྟོང་པ་ཉིད་ནི་མ་བྱས་པའི་ཕྱིར་དང་། ལྟོས་པ་མེད་པའི་ཕྱིར་དེ་ཁོ་ན་ཡིན་ནོ་སྙམ་ན་དེ་ཡང་ ལེགས་པར་ཟིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ནི་སྟོང་པ་ཉིད་ཡིན་པ། དེ་ནི་རྫས་སུ་ཡོད་པ་མ་ཡིན་པས་དེ་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མི་རིགས་པས་དེ་དགག་པའི་ཕྱིར། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ ཡོད་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། སྟོང་པ་མ་ཡིན་པའི་ཤེས་པ་རྟོག་པ་ཅན་ནམ་རྟོག་པ་ཅན་མ་ཡིན་པའི་སྤྱོད་ཡུལ་གྱི་དངོས་པོ་ཅུང་ཟད་ཅིག་ཡོད་པར་གྱུར་ན་དེ་ལ་ལྟོས་པས་སམ། བློའི་བྱེ་བྲག་གིས་སྟོང་པ་ཉིད་ཀྱིས་ཤེས་པའི་སྤྱོད་ཡུལ་དངོས་པོའི་དེ་ཁོ་ན་སྟོང་པའམ་ཅུང་ཟད་ཅིག་ཡོད་པར་ འགྱུར་གྲང་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །འོ་ན་ཅི་ཞེ་ན། གང་ཡོད་པ་དེ་ནི་སྟོང་པ་ཉིད་ཡིན་པས་དེའི་ཕྱིར་དཔེ་འདི་ལས་རྗེས་སུ་དཔག་པར་བྱ་སྟེ། སྟོང་པ་ཉིད་ཀྱི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པའམ། རྣམ་པར་ རྟོག་པ་མེད་པའི་སྤྱོད་ཡུལ་དངོས་པོའི་བདག་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དཔེར་ན་སྟོང་པ་མ་ཡིན་པའི་ཤེས་པའི་སྤྱོད་ཡུལ་བཞིན་པས་དངོས་པོའི་དེ་ཁོ་ན་སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། རྗེས་སུ་དཔག་པས་གནོད་པའི་ཕྱིར་དང་། མ་བྱས་པ་དང་། ལྟོས་པ་མེད་པའི་ངོ་བོ་ཉིད་མེད་པའི་ཕྱིར། དཔེ་མ་གྲུབ་བོ་ཞེས་བྱ་བར་དགོངས་སོ། །ཡང་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཇི་ལྟར་སྟོང་པ་ཉིད་མ་ཡིན་པར་རྣམ་པར་རྟོག་པའི་དྲ་བ་སྟོང་པ་ཉིད་མཐོང་བའི་མེས་བསྲེགས་པའི་ཕྱིར་མི་ སྟོང་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་དུ་རྣམ་པར་རྟོག་པའི་དྲ་བ་ཡང་དེ་ཉིད་ཀྱིས་བསྲེགས་པའི་ཕྱིར་སྟོང་པ་ཉིད་དུ་རྣམ་པར་རྟོག་པ་ཡང་ཇི་ལྟ་བ་བཞིན་མ་ཡིན་ཏེ། །རྣམ་པར་རྟོག་པ་ཡིན་པའི་ཕྱིར་དངོས་པོར་རྣམ་པར་རྟོག་པ་བཞིན་བས་སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། རྣམ་ པར་རྟོག་པའི་དབང་གིས་དེ་ལྟར་འཁྲུལ་ཏོ་ཞེས་བྱ་བར་དགོངས་སོ། །ཡང་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །གཉིས་སུ་སྤྱོད་པ་ལ་ནི་དངོས་པོའི་ངོ་བོ་ཉིད་ཀྱི་ཡུལ་ཅན་གྱི་བློའི་བྱེ་བྲག་ལས་སྒྱུ་མར་བྱས་པ་འདི་ནི་རྟ་ལ་སོགས་པའི་བདག་ཉིད་ཀྱིས་སྟོང་ངོ་། །ཡང་ དག་པ་འདི་ནི་རྟ་ལ་སོགས་པའི་བདག་ཉིད་ཀྱིས་མི་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པ་འབྱུང་བར་འགྱུར་རོ། །གང་གི་ཚེ་རྣལ་འབྱོར་པ་དེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་ཤིང་གཉིས་སུ་མེད་པ་ལ་སྤྱོད་པ་དེའི་ཚེ་ན་དེ་ལ་དོན་དམ་པར་ཤེས་བྱའི་དེ་ཁོ་ན་ཐམས་ཅད་འདི་ལྟ་སྟེ། ནམ་མཁའ་ བཞིན་དུ་མཚན་ཉིད་གཅིག་པ་དང་། མཚན་ཉིད་མེད་པར་སྣང་བ་མེད་པའི་ཚུལ་གྱིས་སྣང་བར་འགྱུར་བས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན། སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། བློའི་བྱེ་བྲག་མེད་པས་ཕན་ཚུན་ལྟོས་པར་རྟོགས་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ སོ། །དེའི་ཕྱིར་རྣམ་པར་བཤད་པའི་བརྣག་པ་སྔ་མ་ཐ་དད་པ་དག་གིས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འདིར་སྨྲས་པ། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་དུ་གྱུར་ཀྱང་སླ་སྟེ། ཡང་ཁོ་བོ་ཅག་གི་སྙིང་ནི་སྟོང་པ་ཉིད་དགག་པའི་ཕྱིར་སྒྲུབ་པ་སྨྲ་བར་འདོད་པས་ཁྱབ་པ་ ཡིན་ལ། དེ་ཡང་ཁྱེད་ཉིད་ཀྱིས་བཀག་པས་འདོད་པའི་དོན་གྲུབ་བོ། །འདིར་བཤད་པ། སྟོང་པ་ཉིད་ཤེས་པས་དངོས་པོ་རྣམས་སྟོང་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འདི་ལྟར་དངོས་པོ་རྣམས་ཀྱི་དེའི་ངོ་བོ་ཉིད་མ་ཡིན་པ་ཉིད། དེའི་ངོ་བོ་ཉིད་མ་ཡིན་པ་ཉིད་དུ་གསལ་བར་བྱེད་དེ། དཔེར་ན་མར་མེའི་སྣང་བས་ ཁང་ཁྱིམ་ན་བུམ་པ་མེད་པ་ཉིད་དུ་གསལ་བར་བྱེད་ཀྱི། མེད་པར་བྱེད་པ་མ་ཡིན་པ་བཞིན་པས་དེ་མེད་ན་དེ་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར་དེ་ནི་མ་བརྟགས་པར་སྨྲ་བ་ཡིན་ནོ། །གཞན་དག་གིས་སྨྲས་པ། སྟོང་པ་ཉིད་དུ་སྨྲ་བ་དག་ནི། ཕ་རོལ་པོའི་ཚིག་སུན་དབྱུང་བར་འདོད་པས་སྟོང་པ་ཉིད་དུ་ སྨྲ་བ་ལ་བརྟེན་ཅིང་དེ་ཡང་གཞུང་མི་གཟུགས་པར་སེམས་པ་ན་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ལོག་པར་སྒྲུབ་པར་བྱེད་པས་དེའི་ཕྱིར་དེ་དག་གིས་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། ལུང་ལས། གང་དག་སྟོང་ཉིད་རབ་ཤེས་པ། །དེ་དག་ཆོས་ཉིད་རྣམ་པར་མཐོང་། །ཞེས་བྱ་བ་ལ་སོགས་ པ་དང་། འདུ་བ་དག་ནི་མ་རྟོགས་པའི། །དངོས་པོ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་དང་མ་སྐྱེས་དང་། །དངོས་ཉིད་མེད་པར་ངས་སྨྲས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ནི་རིགས་པ་མ་ཡིན་ཏེ་ལུང་ལས། ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་དང་། དེ་བཞིན་དུ་གཟུགས་སྟོང་ཞེས་བྱ་བར་མི་བརྟག་མི་སྟོང་ཞེས་བྱ་བར་ཡང་མི་བརྟག་གོ་ཞེས་གསུངས་པས། སྟོང་པ་ཉིད་དུ་ལྟ་བ་འཛིན་པ་གཞན་བསྩལ་བ་ལ་དགོས་པས་ཡོངས་སུ་བཟུང་བ་ཡང་དོན་དཔྱད་ཟིན་ན། ཡོངས་སུ་སྤང་བར་ བྱ་བ་ཡིན་པའི་ཕྱིར་དང་། སྟོང་པ་མ་ཡིན་པར་རྣམ་པར་རྟོག་པ་བཞིན་དུ་རྣམ་པར་རྟོག་པ་དེ་ཡང་རྣམ་པར་མི་རྟོག་པའི་ཤེས་པའི་གེགས་ཡིན་པས་སྤང་བར་འདོད་པའི་ཕྱིར་དང་། དེ་ལ་མངོན་པར་ཞེན་པ་ཡང་སྐྱོན་ཆེན་པོར་འགྱུར་བའི་ཕྱིར་དེ་ཡོངས་སུ་སྤང་བ་ལ་སྐྱོན་མེད་དོ། །འདི་ལྟར་ལྷ་དང་མིའི་བླ་མ་ རྣམས་ཀྱིས་སྲོག་ཆགས་ལྟ་བ་སྣ་ཚོགས་ཀྱི་སྐྱོན་གྱི་དུག་གིས་སེམས་ཁྱབ་པར་གྱུར་པ་སྡུག་བསྔལ་མི་བཟད་པའི་ནད་རྒྱུན་མི་འཆད་པ་རྣམས་ལ་ཐུགས་རྗེ་བ་ན། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །སྡུག་བསྔལ་སྣ་ཚོགས་ཀྱི་ས་བོན་ གྱི་ལྟ་བ་ཐམས་ཅད་དོ། །ལྟ་བ་ནི་མངོན་པར་ཞེན་པ་དང་འཛིན་པ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །དེ་དག་གི་གཉེན་པོ་ནི་ནང་སྟོང་པ་ཉིད་ལ་སོགས་པའོ། །དགེ་བའི་རྩ་བ་རྒྱ་ཆེན་པོ་ཉེ་བར་མ་བསགས་པ། བསམ་པ་ཡོངས་སུ་མ་སྨིན་པ། ཆོས་ཟབ་མོ་ལ་ བཟོད་པ་མ་སྐྱེས་པ། ལམ་ལ་མི་མཁས་པ། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །འདི་ཉིད་ཡོད་དོ་ཞེས་སྟོང་པ་ཉིད་དུ་འཛིན་པ་གང་དག་བཀྲུ་སྨན་བཏང་བ་ཁོང་དུ་འཁྱིལ་བའི་ནད་པ་བཞིན་དུ་ལྟ་བ་སྣ་ཚོགས་ཀྱི་སྐྱོན་གྱིས་སེམས་མ་རུངས་པར་གྱུར་པ་རྣམས་ལ་དེ་ཞི་བར་ ནུས་པ་སྟོང་པ་ཉིད་ཀྱི་སྨན་བྱིན་པ་ལས་སྐྱོན་ཆེན་པོས་འཁྲུགས་པར་གྱུར་པ་ནད་པ་ལྟ་བུ་དེ་དག་ནི། དེ་བཞིན་གཤེགས་པ་སྨན་པ་མཆོག་ལྟ་བུས་བསྒྲུབ་ཏུ་མེད་པར་གསུངས་པས་དེའི་ཕྱིར་དེ་སྤངས་པ་ལ་ཡང་སྐྱོན་མེད་དོ། །འགྲོན་པོ་ཕལ་པ་ཤིང་རྟ་བྱིང་བ་འབྱིན་པའི་རྔན་པ་ཅི་ཡང་མེད་དོ་ཞེས་བྱ་བ་གང་ ཡིན་པ་དེ་བྱིན་ཅིག་ཅེས་ཟེར་བ་སྒྲའི་དོན་མངོན་པར་མི་ཤེས་པ་ལྟ་བུར་མཁས་པ་རྣམས་ཀྱིས་སྨད་པར་གྱུར་ན་མི་རུང་བས་ཁོ་བོ་སྟོང་པ་ཉིད་ལ་དངོས་པོར་མངོན་པར་ཞེན་པར་མི་བྱེད་དོ། །དེའི་ཕྱིར་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་ལན་མེད་དོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྨྲས་པའི་སུན་ འབྱིན་པའི་ལན་བཏབ་པ་དང་། རང་དབང་དུ་རྗེས་སུ་དཔག་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་མཐུས་འདུ་བྱེད་རྣམས། རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་གི་ཀུན་ནས་བསླང་བ་ཡང་དག་པ་མ་ཡིན་པ་ཡོད་པ་མ་ཡིན་པ་ ལོག་པ་བརྫུན་པ་སྟེ། རབ་ཀྱི་སྩལ་གྱིས་རྣམ་པར་གནོན་པ་དེའི་ཕྱིར་གང་ཆོས་འགའ་ཞིག་ལ་སྤྱོད་པ་དེ་ནི་ཕྱིན་ཅི་ལོག་ལ་སྤྱོད་པ་དང་། ཡང་དག་པ་མ་ཡིན་པ་ལ་སྤྱོད་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་འཇིག་རྟེན་ནི་བདེན་པ་ལ་མངོན་པར་ཞེན་པ་ཡིན་གྱི། ཆོས་འདི་ནི་བདེན་པ་ཡང་ མ་ཡིན་བརྫུན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། དེ་ཁོ་ན་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།ད་ནི་དེ་བཞིན་དུ་སྟོང་པ་ ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་བསྩལ་བས་ཕྲད་པ་ངོ་བོ་ཉིད་མེད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་བཞི་པ་བརྩམ་མོ། །འདིར་སྨྲས་པ། ཁྱེད་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་གི་ཚུལ་དང་འགལ་ཏེ། གཟུགས་དང་། རྣམ་པར་ཤེས་པ་དང་མིག་གསུམ་ཕྲད་པ་ནི་རེག་པའོ་ཞེས་འབྱུང་བས་དེའི་ཕྱིར་ཁྱེད་ཀྱིས་ཁས་བླངས་པ་ལ་གནོད་པར་འགྱུར་རོ། །དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་ཤེས་པར་བྱ་སྟེ། དེ་དག་ལ་བརྟེན་ནས་ཕྲད་པ་བསྟན་པའི་ཕྱིར་རོ། །དེ་དག་ལ་བརྟེན་ནས་འདི་ན་གང་མེད་པ་དེ་ལ་ནི་སྟོན་པས་དེ་ལ་བརྟེན་ ནས་ཕྲད་པ་ཉིད་མ་བསྟན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་དག་བཞིན་ནོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། མ་རིག་པའི་ཀུན་དུ་སྦྱོར་བ་དག་གིས་ཀུན་དུ་སྦྱར་རོ་ཞེས་བྱ་བ་དེ་ཡོད་པས། དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དངོས་པོ་རྣམས་ངོ་བོ་ ཉིད་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་དེ་དག་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་དུ་ཕྲད་པར་འགྱུར་བ་མེད་ དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་འདོད་ཆགས་ཆགས་པ་དང་། །ཆགས་པར་འགྱུར་དང་ཉོན་མོངས་པ། །ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་གྱིས་བལྟ། །དེ་བཞིན་དུ་འདོད་ཆགས་དང་ཆགས་པ་དང་། ཆགས་པར་འགྱུར་བ་དང་། འདོད་ཆགས་བསྟན་པ་ལས་གཞན་པ་ཉོན་ མོངས་པ་ལྷག་མ་ཞེ་སྡང་ལ་སོགས་པ་དེ་དག་ཀྱང་། ཞེ་སྡང་ད