Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 97

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
་དང་། བྱེད་པ་པོ་གཙོ་བོ་དང་། བྱེད་པ་པོ་དུས་དང་། བྱེད་པ་པོ་སྲེད་མེད་ཀྱི་བུ་དག་མེད་དོ་ཞེས་བཀག་ཀྱང་། གཞན་གང་ལ་ཡང་བྱེད་པ་པོ་དེ་དག་གི་འབྲས་བུ་མེད་པའི་ཕྱིར་མ་ངེས་པ་ཉིད་དོ། །དོན་དམ་པར་ན་ཆུ་ལ་སོགས་པ་དག་ཀྱང་མ་གྲུབ་པའི་ཕྱིར། དཔེ་མེད་པས། དེ་ནི་
རིགས་པ་མ་ཡིན་ནོ། །གྲངས་ཅན་དག་ལས་ཁ་ཅིག་ཡང་བདག་དགག་པའི་རྗེས་སུ་དཔག་པ་སྔར་བསྟན་པ་དག་ལ་སྐྱོན་འདོགས་པར་བྱེད་དེ། རྣམ་པར་འཇིག་པའི་ཆོས་ཅན་བུམ་པ་ལ་སོགས་པ་ལྟ་བུ་དག་ཀྱང་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་དཔེ་མེད་པ་དང་། བུམ་པ་ལ་སོགས་པ་དབང་པོའི་
དངོས་པོར་གྱུར་པ་དག་ཀྱང་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་ཡང་དཔེ་མེད་དོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། བུམ་པ་ལ་སོགས་པ་དག་ནི་དེ་ཁོ་ན་རྟོགས་པ་དང་ལྡན་པ་རྣམས་ཀྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་ཡིན་པར་མི་རིགས་ཏེ། རྣ་བ་ལ་སོགས་པའི་བློ་དག་གི་ཡུལ་
ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པའི་རྣ་བ་ལ་སོགས་པ་དག་གི་བློའི་ཡུལ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་དང་། བུམ་པ་ལ་སོགས་པ་དབང་པོའི་ངོ་བོ་ཉིད་དུ་མ་གྱུར་པ་དག་དཔེ་ཉིད་དུ་འདོད་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་དུ་མི་འགྱུར་རོ། །ནུས་པ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དེ་
ཡོད་པས་བུམ་པ་ལ་སོགས་པའི་དཔེ་མེད་པར་ཡང་མི་འགྱུར་བས་དེ་ནི་སྙིང་པོ་མ་ཡིན་ནོ། །བདག་ཏུ་སྨྲ་བ་དག་ན་རེ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། བདག་གི་ཡོད་པའི་ཕྱིར་དཔེར་ན་ནོར་ཡོད་པའི་ཕྱིར་ནོར་བདག་ཡོད་པ་བཞིན་ནོ། །འདི་ལ་བདག་གི་ཁང་ཁྱིམ་དང་གནས་མལ་དང་། གོས་ཟས་དང་། ལྟ་
བ་དང་། ཉན་པ་ལ་སོགས་པ་དེ་དག་ཡོད་པས། དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ། འདི་ལྟར་བདག་ཡོད་ན་ནི་དེའི་འདི་ཡིན་ནོ་ཞེས་བདག་གི་ཡང་འགྲུབ་པར་འགྱུར་བ་ཞིག་ན། བདག་དེ་ནི་མེད་པར་བསྟན་ཟིན་པས་དེའི་ཕྱིར། །བདག་ཉིད་ཡོད་པ་མ་ཡིན་ན། །བདག་

གི་ཡོད་པར་ག་ལ་འགྱུར། །དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དཔེ་ཡང་མེད་དེ། དོན་དམ་པར་ནོར་དང་ནོར་བདག་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དོན་འགལ་བ་ཉིད་ཀྱང་ཡིན་ཏེ། བདག་ཐ་སྙད་པ་ཡིན་པར་སྟོན་པའི་ཕྱིར་རོ། །འདིས་ནི་དེའི་འབྲས་བུ་ཡོད་པའི་ཕྱིར་དང་། དེའི་ཡོན་
ཏན་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ལ་ཡང་སྐྱོན་གྱིས་ལན་བཏབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྣལ་འབྱོར་པ་ཡང་དག་པ་ཉིད་སོ་སོར་རྟོག་པ་ལ་བརྩོན་པ་ལ། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ཞེས་བྱ་བས་ནི་ཇི་སྐད་བསྟན་པའི་
ཚུལ་བསྒོམས་པའི་འབྲས་བུ་བསྟན་ཏོ། །བདག་ཏུ་སྨྲ་བ་དག་ཀྱང་ཕྱིར་ཟློག་པར་བྱེད་དེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། ལུས་དང་དབང་པོ་དང་། བློ་ལ་སོགས་པ་བདག་དང་བདག་གི་མེད་པ་རྣམས་ལ་དེ་ཁོ་ན་ཤེས་པ་ཡང་དག་པར་སྐྱེས་པ་ལ། ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་
དོ་སྙམ་པའི་ཡང་དག་པའི་ལྟ་བ་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལྟ་བུ་མེད་པ་ལ་ནི་དེ་ལྟ་བུ་མེད་དོ། །ཐར་པའི་གནས་སྐབས་གང་ལའང་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་དེ་ལ་ནི་དེ་ལྟར་ཤེས་པ་དེ་ཡོད་པས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། འཕགས་པ་ཉན་
ཐོས་འདུ་བྱེད་ཀྱི་ཚོགས་གཞན་དང་གཞན་དུ་སྐྱེས་པ་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་བདག་དང་། བདག་གི་མེད་པ་ལ་ངེས་པར་ལྟ་བ་ལ་ཡང་བདག་ཅེས་བྱ་བའི་དངོས་པོ་མེད་པའི་ཕྱིར་སྐྱེ་བ་དང་། འཆི་བ་འདི་དག་ནི་ཆོས་ཙམ་དུ་ཟད་དོ་ཞེས་བྱ་བར་ལྟ་བ་སྐྱེ་སྟེ། འདི་ལྟར་བདག་ནི་ངར་འཛིན་
པའི་ཡུལ་ཡིན་པས་མེད་ན་དེ་ཡང་མི་འབྱུང་ལ། དེ་མེད་པ་ཁོ་ནའི་ཕྱིར་ནང་དང་ཕྱི་རོལ་གྱི་དངོས་པོ་གང་ལ་ཡང་ང་ཡིར་འཛིན་པ་མི་འཐད་པའི་ཕྱིར་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་པ་ཐ་སྙད་ཀྱི་བརྡར་བྱ་བ་མ་རྟོགས་པར་ང་ཞེས་བྱ་བ་རང་གི་ངོ་བོ་ཉིད་ངེས་པར་སྐྱེ་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ཆེན་པོ་འདུ་
བྱེད་སྐྱེ་བ་མེད་པར་ལྟ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱད་པ་ལ་གནས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པས་དེའི་ཕྱིར། ངར་འཛིན་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། ཞེས་བྱ་བ་གསུངས་ཏེ། བདག་ལ་སོགས་པ་དག་བཏགས་པར་ཡོད་པའི་ཕྱིར་དང་། གང་ཟག་གི་ཉེ་

བར་ལེན་པ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཡོད་པ་མ་ཡིན་པས་རབ་རིབ་ཅན་དབང་པོ་ཉམས་པས་སྐྲ་ཤད་དང་། སྦྲང་བུ་ལ་སོགས་པ་ཡང་དག་པ་མ་ཡིན་པ་མཐོང་བ་ལྟར། ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ་། །ཡོད་པ་
དང་མེད་པར་མཐོང་བ་ནི་ལོག་པར་ལྟ་བ་མཆོག་ཏུ་འཛིན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ངར་འཛིན་པ་དང་ང་ཡིར་འཛིན་པའི་རྒྱུར་གྱུར་པའི་བདག་ཡོད་པའི་ཕྱིར་རོ། །དོན་རང་ལ་མ་གྲུབ་པ་ཉིད་ཀྱང་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་
འཛིན་པ་མེད་དོ་ཞེས་བྱ་བ་རང་གི་ངོ་བོ་ཉིད་དུ་ངེས་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ནང་གི་བྱེད་པ་བདག་མེད་པར་ལྟ་བས་ངར་འཛིན་པ་ལྡོག་པའི་ཕྱིར་དང་། ཡིད་བདག་མ་ཡིན་པ་ཡང་གཞན་གྱི་དོན་ལུས་དང་དབང་པོའི་ཡུལ་དག་ལ་ང་ཡིར་འཛིན་པ་མི་འཇུག་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། བདག་ལ་བདག་ཏུ་
ལྟ་བ་ལ་ངར་འཛིན་པ་དོན་ཇི་ལྟ་བ་བཞིན་དུ་ཡོད་པའི་ཕྱིར་དང་། དེའི་དོན་བྱེད་པ་དང་། རྟེན་སྒྲ་ལ་སོགས་པ་དག་ལ་ང་ཡིར་འཛིན་པ་འཇུག་པ་མི་ལྡོག་པའི་ཕྱིར་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་ཉིད་དུ་མ་གྲུབ་པས་དེ་ནི་ལན་མ་ཡིན་ཏེ། དེ་ལྟར་ཡང་། གལ་ཏེ་བདག་ཅེས་བྱ་བ་ཡོད། །
བདག་མེད་ཅེས་བྱ་དེ་མི་རིགས། །ཡང་ན་དེ་ཉིད་རྟོགས་པའམ། །མྱ་ངན་འདས་པ་ངེས་བརྫུན་འགྱུར། །ཞེས་གསུངས་སོ། །འདིར་གྲངས་ཅན་དག་ལས་ཁ་ཅིག་ནི་རང་བཞིན་ཐར་པར་སྨྲ་ལ། ཁ་ཅིག་ནི་སྐྱེས་བུ་ཐར་པར་སྨྲ་སྟེ། དེ་ལ་རེ་ཞིག་གང་དག །རང་བཞིན་སྣ་ཚོགས་རྟེན་ཅན་ནི། །འཁོར་དང་འཆིང་
དང་ཐར་པར་འགྱུར། །ཞེས་ཟེར་བ་དེ་དག་གི་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙོམ་པའི་བློ་ནི་ལོག་པར་ལྟ་བ་ཡིན་ཏེ། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཐར་པར་གྱུར་པ་ཡང་སྐྱེས་བུ་དུ་མ་དག་གི་ཐུན་མོང་ཡིན་པའི་ཕྱིར། དོན་དམ་པར་མ་བྱས་པའི་སྐྱེས་བུ་དག་གི་ཕྱིར་འཇུག་པས་
ཐར་པ་མེད་དོ། །གང་དག་སྐྱེས་བུའི་དབང་དུ་བྱས་པའི་འཆིང་བས། སྔར་བཅིངས་པ་ཐར་བར་འགྱུར་བར་སྨྲ་བ། དེ་དག་གི་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་བློས་ངེས་པར་བྱས་པ་ཡང་སྐྱེས་བུ་སྔ་ཕྱིའི་ཁྱད་པར་མ་སྐྱེས་པ་ལ་གང་གིས་བཅིངས་པ་དང་ཐར་པ་ཞེས་བྱ་བར་བརྗོད་པའི་ཁྱད་པར་

མེད་དོ། །གལ་ཏེ་ཡོངས་སུ་འགྱུར་ན་ཡང་། །ཡོངས་སུ་འགྱུར་བའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །ཇི་སྟེ་ཡོད་པ་ཙམ་གྱིས་ཕན་འདོགས་པ་ཉིད་ཀྱིས་ནང་གི་བྱེད་པ་སྙིང་སྟོབས་ཤས་ཆེ་བར་གྱུར་པ་ན། གཟུགས་བརྙན་འབྱུང་བའི་རྒྱུ་ཉིད་ཀྱིས་བདག་ཀྱང་གཞན་ལ། རང་
བཞིན་ཡང་གཞན་ནོ་སྙམ་དུ་ངེས་པར་འགྱུར་ན་ཡང་དེ་ལྟ་ན་ཡང་ནང་གི་བྱེད་པ་ལ་བྱེ་བྲག་ཡོད་པར་ཟད་ཀྱི། སྐྱེས་བུ་ལ་བྱེ་བྲག་མེད་པས་ཐར་པ་མེད་དོ། །བྱེ་བྲག་ཡོད་ན་ཡང་སྐྱོན་སྔ་མ་བཞིན་དུ་འགྱུར་རོ། །ཡང་གཞན་ཡང་། བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པ་ཟློག་
པ་ཡོད་ཀྱང་སྐྱེས་བུ་ལ་ཤེས་པ་ཟློག་པ་མི་སྐྱེ་བའི་ཕྱིར་རོ། །ཁྱེད་རྒྱའི་གཟུགས་བརྙན་འབྱུང་བའི་ཚུལ་གྱིས་ཐར་པར་འདོད་པ་དེ་ལ་ཡང་སྐྱེས་བུ་ལ་འགྱུར་བ་མེད་པའི་ཕྱིར་སྔ་ནས་མ་བཟློག་པ་ཡིན་པ་ལ་ཕྱིས་ཀྱང་ཤེས་པ་མ་ནོར་བ་སྐྱེ་མི་སྲིད་དེ། མ་བཟློག་པའི་ཕྱིར་དཔེར་ན་ཕྱི་མ་བཞིན་པས་ཐར་པ་མེད་དོ། །
ཤེས་པ་སྐྱེས་ན་ཡང་འབྱུང་བའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །བྱེད་པའི་ཆོས་འཛིན་པ་ལ་སོགས་པ་དག་ནི་རྗེ་དཔོན་རྒྱལ་བ་བཞིན་དུ་སྐྱེས་བུ་ལ་ཉེ་བར་བཏགས་པའི་ཕྱིར་ཐར་པ་ཉེ་བར་བཏགས་པ་ཡིན་ནོ། །ཞར་ལ་བཤད་པས་ཆོག་གི་སྐབས་ཉིད་དཔྱད་པར་
བྱའོ། །དེ་ལྟར་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་དེ་ཁོ་ན་ཉིད་རྟོག་པར་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པ་དེས་དེ་དག་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གིར་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །དེ་ལྟར་ནང་དང་
ཕྱི་རོལ་ཉིད་དག་ལ་དེའི་བདག་ཅེས་བྱ་བ་དང་། བདག་གི་ཞེས་བྱ་བར་དེ་དག་ལོག་པར་འཛིན་པ་ཟད་པར་འགྱུར་ན། འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཞེས་བྱ་བ་ཉེ་བར་ལེན་པ་རྣམ་པ་བཞི་འགག་པར་འགྱུར་ཏེ། དེ་ལ་རེ་ཞིག་བདག་མེད་པ་ཉིད་དུ་
མཐོང་བས་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་སྤོང་བར་འགྱུར་ལ། དེ་སྤངས་པས་ཉེ་བར་ལེན་པ་ལྷག་མ་རྣམས་ཀྱང་སྤོང་བར་འགྱུར་ཏེ། དེ་དག་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པའི་སྐྱེ་གནས་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པ་འགགས་པའི་ཕྱིར་དེའི་སྐྱེ་གནས་ལས་བྱུང་བའི་སྲིད་པ་ཟད་པར་འགྱུར་བས།

དེ་ཟད་པ་ན་སྐྱེ་བ་ཟད་དེ་དེ་ནི་ཐར་པ་ཞེས་པའོ། །ཐར་པ་དེ་ཡང་གང་ཟག་བདག་མེད་པས་མཐོང་བའི་ཕྱིར། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིན་ནོ། །སངས་རྒྱས་ཀྱི་ཐེག་པས་འགྲོ་བ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་
སྤངས་པས་འཐོབ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཐབས་ནི་ཇི་སྐད་བསྟན་པ་དེ་དག་ཡིན་ནོ། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་ནི་འདི་བཤད་དེ། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་པ་དག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དེ་དག་ཟད་པས་སྡུག་བསྔལ་ལས་རྣམ་པར་གྲོལ་བ་
བ་ནི་ཐར་པའོ། །སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ། དེ་དག་ནི་ཡུལ་རྣམས་ལས་མི་འབྱུང་སྟེ། འདོད་ཆགས་དང་བྲལ་བ་ལ་ཡུལ་རྣམས་ཡོད་ཀྱང་དེ་དག་མེད་པའི་ཕྱིར་རོ། །འོ་ན་ཅི་ལས་འབྱུང་ཞེ་ན། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་བྱ་བ་གསུངས་ཏེ། ལས་དང་ཉོན་མོངས་པ་དག་ནི་
སྡུག་པ་དང་། མི་སྡུག་པར་ཀུན་དུ་རྟོག་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་དག་ལས་འབྱུང་སྟེ། དེ་དག་ཡོད་ན་འབྱུང་བའི་ཕྱིར་རོ། །འདི་ན་གང་ཡོད་ན་གང་འབྱུང་བ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་ས་བོན་ཡོད་ན་མྱུ་གུ་འབྱུང་བ་དེ་བཞིན་དུ་འཕགས་པ་མ་ཡིན་པའི་ཚུལ་བཞིན་མ་
ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་བའི་རྣམ་པར་རྟོག་པ་ཡོད་ན་ལས་དང་ཉོན་མོངས་པ་དག་ཀྱང་འབྱུང་བར་འགྱུར་རོ། །གང་ལ་རྣམ་པར་རྟོག་པ་མེད་པ་དེ་ལ་དེ་དག་ཀྱང་མི་འབྱུང་སྟེ། དཔེར་ན་འཕགས་པའི་རྒྱུད་བཞིན་ནོ། །དེ་ལ་ལས་ནི་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་ཡིད་ཀྱི་མངོན་པར་
འདུ་བྱེད་པ་དང་། དེས་ཀུན་ནས་བསླང་བ་ལུས་དང་ངག་གི་འཇུག་པའོ། །ཉོན་མོངས་པར་བྱེད་པ་ནི་སེམས་ཅན་གྱི་རྒྱུད་ཉོན་མོངས་པར་བྱེད་པ་དག་སྟེ། འདོད་ཆགས་ལ་སོགས་པ་དག་གོ། །ལས་དང་ཉོན་མོངས་པའི་རྒྱུ་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་ནི་སྤྲོས་པ་ལས་བྱུང་བས་དེ་དག་སྤྲོས་ལས་ཞེས་བྱ་
བ་གསུངས་ཏེ། ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ལས་འབྱུང་ངོ་། །སྤྲོས་པ་དེ་ཡང་གང་གིས་འགག་པར་འགྱུར་ཞེ་ན། སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྟོགས་པས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཆོས་བདག་

མེད་པ་ཉིད་ཀྱི་མཚན་ཉིད་རྟོགས་པས་འགག་པར་འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བྱ་བ་ལ། སྟོང་པ་ཉིད་ནི་སྟོང་པ་ཉིད་ཅེས་པ་སྟེ། སྟོང་པ་ཉིད་ཤེས་པ་སྐྱེས་ན་འགག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གང་ཟག་བདག་མེད་པ་ཉིད་མཐོང་བ་ཁོ་ནས་སྡུག་པ་དང་།
མི་སྡུག་པར་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་། ཉོན་མོངས་པ་དག་ཉེ་བར་ཞི་བ་འགྲུབ་པའི་ཕྱིར། ཆོས་བདག་མེད་པ་ཉིད་མཐོང་བ་དོན་མེད་པར་འགྱུར་རོ་ཞེ་ན་དེ་ནི་རིགས་པ་མ་ཡིན་ཏེ། ཉོན་མོངས་པའི་དྲ་བ་བག་ཆགས་དང་བཅས་པ་མ་ལུས་པ་དྲུངས་དབྱུང་བར་འདོད་པའི་ཕྱིར་ཏེ། དེའི་ཆོས་བདག་མེད་པ་ཉིད་
མཐོང་བ་མེད་པ་མི་སྲིད་པའི་ཕྱིར་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཉེན་པོ་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཅན་ཡང་དེས་སྤང་བར་བྱ་བ་ཡིན་པའི་ཕྱིར། ཆོས་བདག་མེད་པ་ཉིད་མཐོང་བ་དོན་མེད་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་སྤྲོས་
པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་སྟོང་པ་ཉིད་ནི་ཐར་པ་ཡིན་ཏེ། དེ་ལྟར་ཡང་། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདི་ལ་དེ་གཉིས་འབའ་ཞིག་ཅེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །མུ་སྟེགས་ཅན་ཁ་ཅིག་གིས་སྨྲས་པ། འདི་
ལ་ཁྱེད་ཀྱི་སྟོན་པས་མདོ་སྡེ་ལས། །བདག་གི་མགོན་ནི་བདག་ཉིད་ཡིན། །གཞན་ནི་མགོན་དུ་སུ་ཞིག་འགྱུར། །མཁས་པ་བདག་ཉིད་ལེགས་དུལ་བས། །མཐོ་རིས་དག་ཀྱང་འཐོབ་པར་འགྱུར། །ཞེས་གསུངས་ཤིང་དེ་བཞིན་དུ། སེམས་ཅན་འཁོར་བར་ཞུགས་པ་ནི། །སྡུག་བསྔལ་ལས་ནི་རྣམ་མི་འགྲོལ།
ཞེས་ཀྱང་གསུངས་པས་ཁྱེད་བདག་མེད་དོ་ཞེས་སྨྲ་བ་ལ་ཁས་བླངས་པ་སྔ་མས་གནོད་པར་འགྱུར་བས། །དེའི་ཕྱིར་བདག་དགག་པའི་རྗེས་སུ་དཔག་པ་མ་གྲུབ་བོ། །འདིར་བཤད་པ། སེམས་ཅན་གང་དག་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བས་བློ་གྲོས་ཉམས་པ་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་
ཕ་རོལ་མེད་དོ། །ལེགས་པ་བྱས་པ་དང་། ཉེས་པ་བྱས་པའི་ལས་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་མངོན་པར་ཞེན་པ་རྟག་ཏུ་མི་དགེ་བ་མངོན་པར་འདུ་བྱ་བ་ལ་གཞོལ་བའི་ཡིད་དང་ལྡན་པ་ངན་སོང་གི་གཡང་ས་ཆེན་པོའི་འགྲམ་ན་གནས་

པ་དག་ཡོད་པས་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། ཕན་གདགས་པར་བཞེད་པ་གཞན་ལ་ཕན་པ་སྐྱེད་པའི་ཐུགས་དམ་མངའ་བ། སེམས་དང་སེམས་ལས་བྱུང་བའི་རྒྱུན་ལ་བརྟེན་ནས། ཕྱི་མ་ལ་དེ་དག་གི་རྒྱུན་མི་འཆད་པར་གཟིགས་པ་རྣམས་ཀྱིས་ཐ་སྙད་ཀྱི་བདེན་པའི་དབང་གིས་
བདག་ཡོད་དོ་ཞེས་ཀྱང་གདགས་པར་མཛད་པས་དེའི་ཕྱིར། བདག་གོ་ཞེས་ཀྱང་བརྟགས་གྱུར་ཅིང་། །ཞེས་བྱ་བ་གསུངས་སོ། །སེམས་ཅན་གང་དག་བདག་རྟག་པ་དང་། ཐམས་ཅད་དུ་སོང་བ་དང་། དགེ་བ་དང་། མི་དགེ་བའི་བྱ་བ་ལ་རང་དབང་ཅན་དང་། ཟ་བ་པོ་ཡིན་ནོ་སྙམ་དུ་མངོན་པར་ཞེན་
པ་དག་ཡོད་དེ། དེ་དག་བདག་ཏུ་ལོག་པར་ལྟ་བའི་ཐག་པས་སེམས་བཅིངས་ཤིང་། ལུས་དང་དབང་པོ་དང་། བློའི་ཡུལ་ལ་བདག་མེད་པའི་ལྟ་བ་མ་སྐྱེས་པས། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྟོབས་ཀྱིས་ཤིན་ཏུ་རིང་དུ་སོང་ཡང་བྱ་རྐང་པ་བཤལ་ཐག་གིས་བཅིངས་པ། ཐག་
རིང་པོར་སོང་ཡང་ཕྱིར་ལྟུང་བ་བཞིན་དུ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དག་ལས་རྣམ་པར་མི་འགྲོལ་བར་ཐུགས་སུ་ཆུད་ནས། དེ་ལྟར་བདག་ཏུ་ལྟ་བའི་ཐག་པ་བཅད་པས་སྡུག་བསྔལ་ཉེ་བར་ཞི་བར་མཛད་པའི་ཕྱིར་ཕུང་པོ་ལྔ་ལ་བདག་མེད་དོ་ཞེས་ཀྱང་བསྟན་པར་མཛད་པས་དེའི་ཕྱིར། བདག་
མེད་ཅེས་ཀྱང་བསྟན་པར་འགྱུར། །ཞེས་བྱ་བ་གསུངས་སོ། །གང་དག་དགེ་བའི་རྩ་བ་རྒྱ་ཆེན་པོ་ཤིན་ཏུ་ཉེ་བར་བསགས་པ། དབང་པོ་ཡོངས་སུ་སྨིན་པ། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ། ཐམས་ཅད་མཁྱེན་པ་ཉིད་རྟོགས་པའི་བཤད་པ་བདུད་རྩིའི་སྣོད་དུ་གྱུར་པ་དེ་དག་ལ་ནི་འདུས་བྱས་ངོ་བོ་ཉིད་སྟོང་པ་ཉིད་
རྨི་ལམ་དང་། མིག་འཕྲུལ་དང་། ཆུ་ཟླ་ལྟ་བུར་ཐུགས་སུ་ཆུད་ནས་དོན་དམ་པར་བདག་དང་བདག་མེད་པ་འགའ་ཡང་མེད་པར་བསྟན་པ་མཛད་པས་དེའི་ཕྱིར། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། །ཅེས་བྱ་བ་གསུངས་ཏེ། བདག་དང་བདག་མེད་པར་རྣམ་པར་
བརྟག་པའི་གཞིའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་དེ་ལྟར་ཐ་སྙད་དུ་བདག་ཁས་བླངས་པའི་ཕྱིར་ཁས་བླངས་པ་ལ་མི་གནོད་དོ། །གལ་ཏེ་དེ་ནི་དོན་དམ་པར་བསྟན་པའི་ཕྱིར་ལན་མ་ཡིན་ནོ་ཞེ་ན། ལན་མ་ཡིན་པ་མ་ཡིན་ཏེ། ལུང་ལས། འདི་ལ་བདག་དང་སེམས་ཅན་མེད། །ཆོས་འདི་

དག་ནི་རྒྱུ་དང་བཅས། །ཞེས་གསུངས་པའི་ཕྱིར་དང་། དེ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མ་སྨྲས་པའི་ཕྱིར་དང་། བདག་དགག་པར་ནུས་པའི་བསྒྲུབ་པ་བསྟན་པའི་ཕྱིར་རོ། །ཡང་གཞན་དུ་བརྟག་སྟེ། མུ་སྟེགས་བྱེད་ཁ་ཅིག་འདུ་བྱེད་བདག་མེད་པ། སྐད་ཅིག་མ་རེ་རེ་ལ་རྣམ་པར་འཇིག་པའི་ངང་
ཚུལ་ཅན་ནམ་དུས་གཞན་དུ་ངེས་པར་གནས་པ་རྣམས་ལ་བདག་མེད་ན། ལས་དང་འབྲས་བུ་མེད་པར་བརྟགས་ནས། འཇིག་པར་འགྱུར་བ་དག་གིས་བདག་ཡོད་དོ་ཞེས་ཀྱང་བརྟགས་པས་དེའི་ཕྱིར། བདག་གོ་ཞེས་ཀྱང་བརྟགས་གྱུར་ཅིང་། །ཞེས་བྱ་བ་གསུངས་སོ། །གཞན་གང་དག་འདི་ནི། ལུས་
དང་། དབང་པོ་དང་། བློའི་ཚོགས་ཙམ་དུ་ཟད་དེ། འདི་ལ་རྒྱུ་དང་འབྲས་བུ་ལས་གང་མ་གཏོགས་པར་འགྱུར་བའི་བདག་ནི་ངོ་བོ་ཉིད་ཀྱིས་ཟད་དེ། སེམས་ཅན་དུ་བགྲང་བའི་འདུ་བྱེད་བདག་མེད་པ། ངེས་པར་མི་གནས་པ་གནས་སུ་མ་བྱས་པ་འདི་དག་ལ་ཡང་འཁོར་བ་མི་འཐད་དོ་ཞེས་བྱ་བར་རིགས་
ནས། རྒྱུ་དང་འབྲེལ་པ་ལ་རྨོངས་པ། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཉིད་དུ་ཟད། །སྔོ་བསངས་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །མཛེས་མ་ལེགས་པར་སྤྱོད་ཅིང་ཟོ། །ལུས་མཆོག་ཁྱོད་འདས་གང་དེ་མེད། །འཇིགས་རུང་སོང་བ་ཕྱིར་མི་ལྡོག །ལུས་འདི་འདུས་
པ་ཙམ་དུ་ཟད། །ཅེས་ཟེར་བ་དག་གིས་ལུས་དང་། དབང་པོ་ལ་བདག་མེད་དོ་ཞེས་གང་བསྟན་པས་དེའི་ཕྱིར། བདག་མེད་ཅེས་ཀྱང་བསྟན་པར་གྱུར་ཞེས་བྱ་བ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མཁྱེན་པ། ལྐོག་ཏུ་མ་གྱུར་པ་འཇུག་པ་རྣམས་ཀྱིས་ནི་བདག་དང་། བདག་མེད་པ་
འགའ་ཡང་མེད་པར་བསྟན་པ་མཛད་པས་དེའི་ཕྱིར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྤྲོས་པ་མེད་པ་ཉིད་ལེགས་པར་ཐུགས་སུ་ཆུད་པའི་ཕྱིར་དང་། བདག་དང་བདག་མེད་པར་འཛིན་པ་ཉིད་
སྤངས་པའི་ཕྱིར་དང་། བདག་དང་བདག་མེད་པར་རྣམ་པར་རྟོག་པ་འཇུག་པའི་རྒྱུ་མེད་པར་མཁྱེན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ། བདག་དང་བདག་མེད་པའི་རྣམ་པར་སྒྲོ་འདོགས་པས། གཟུགས་ལ་སོགས་པ་དག་ལ་ཀུན་དུ་མི་རྟོག་པའི་ཕྱིར་རོ། །དེ་ལྟར་ཡང་ཇི་སྐད་དུ་རབ་ཀྱི་རྩལ་གྱིས་རྣམ་

པར་གནོན་པ། གཟུགས་ནི་བདག་གམ་བདག་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་བདག་གམ་བདག་མེད་པ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་བདག་གམ་བདག་མེད་པ་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་སོ། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེས་སྔར་གང་སྨྲས་པ་དེ་ཇི་ལྟར་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་བ་དེ་ལྟར་འདིར་བཤད་པར་བྱ་སྟེ། འདི་ལ་བརྗོད་པར་བྱ་
བ་ལ་རྟོགས་པས་སྒྲོ་བཏགས་པ་ལས་ནི་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་དཔག་ཏུ་མེད་པ་འབྱུང་ལ། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རབ་ཏུ་དབེན་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་ནམ་མཁའ་ལྟ་བུ་མངོན་སུམ་དུ་བྱར་མེད་པའི་ཚུལ་གྱིས་མངོན་སུམ་དུ་བྱས་ཤིང་། དངོས་པོ་ཐམས་ཅད་བརྗོད་དུ་མེད་པར་མཐོང་
བའི། བརྗོད་པར་བྱ་བ་ལྡོག་པས་ཏེ། །བརྗོད་པ་འཇུག་པའི་རྒྱུ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་པར་བྱ་བ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ། །གང་གི་ཕྱིར་ཞེས་བྱ་བའི་ཚིག་གི་ལྷག་མའོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་ཡུལ་ཏེ། གཟུགས་ལ་
སོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དོན་དམ་པར་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །སེམས་ཀྱི་སྤྱོད་ཡུལ་ནི་དངོས་པོར་བརྗོད་དེ། རང་གི་ངོ་བོ་དང་། སྤྱིའི་ངོ་བོ་སྟོན་པའི་ཕྱིར་རོ། །ལྡོག་པ་ནི་ལྡོག་པ་ལྟ་བུ་སྟེ། ལྟ་བ་པོའི་དེ་ཁོ་ན་ཤེས་པ་སྐྱེས་པ་དང་། མ་སྐྱེས་པ་ན་ཡང་དངོས་པོའི་དེ་ཁོ་ན་རྣམ་
པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་རང་གི་ངོ་བོ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྡོག་པའི་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་ལྡོག་གོ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་གང་གིས་ཀྱང་མི་བྱེད་དོ། འོ་ན་ཇི་ལྟ་བུ་ཞེ་ན། སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག །མ་སྐྱེས་
པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཆོས་ཉིད་དང་ཆོས་ཀྱི་ངོ་བོ་ཉིད་དང་། ཆོས་ཀྱི་རང་བཞིན་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །ཡང་ན་གཞན་གྱིས་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེ་ལ་རིགས་པ་གང་ཡིན་ཞེས་སྨྲས་པ་ན། སློབ་དཔོན་གྱིས་

རྣལ་འབྱོར་པ་སྟོང་པ་ཉིད་ལ་གནས་ཤིང་། མཚན་མ་མེད་པ་ལ་གནས་པའི་བརྗོད་པར་བྱ་བ་ལྡོག་པས། དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པས་ཏེ། །ཞེས་བཤད་དེ། བརྗོད་པར་འཇུག་པ་ལྡོག་པས་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་སྤྱོད་ཡུལ་
ནི་སེམས་ཀྱི་རྒྱུ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གྱི་ངོ་བོ་ཉིད་ནི་སེམས་ཀྱིས་རྣམ་པར་བརྟགས་པ་ཡིན་པར་བརྗོད་དེ། དེ་ཡང་དམིགས་སུ་མེད་པ་ལ་གནས་པས་ལྡོག་པའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །
ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་སེམས་ཀྱི་དེ་ཁོ་ན་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡང་ན། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་དེ་ཁོ་ན་མཐོང་བ་ཞེས་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་ཁ་ཅིག་དེ་ལྟར་སེམས་པས་དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པས་ཏེ། །ཞེས་
བཤད་དོ། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བའོ། །དེ་ཡང་ཇི་ལྟར་ཞེ་ན། གང་གི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ལ་སོགས་པའི་སྤྱོད་པ་སྟེ། དངོས་པོ་ལ་སོགས་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདིར་ཡང་སོགས་པའི་སྒྲ་ཁོང་ནས་དབྱུང་བར་བལྟ་
བར་བྱ་སྟེ། སེམས་ལ་སོགས་པའི་སྤྱོད་པ་ནི་སེམས་ཀྱི་སྤྱོད་ཡུལ་ལོ། དེ་ཁོ་ན་མཐོང་བ་མེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པ་ཡུལ་རྣམས་མ་མཐོང་བ་གང་ཁོ་ན་ཡིན་པ་དེ་ཉིད་དེ་ཁོ་ན་མཐོང་བའི་སྒྲར་བརྗོད་དེ། དངོས་པོའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །ཇི་སྐད་
དུ་མཐོང་བ་མེད་པ་ནི། དེ་ཁོ་ན་མཐོང་བའོ་ཞེས་གསུངས་སོ། །དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པ་སྟེ། ཇི་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱང་མི་རྒྱུ་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པའོ་ཞེས་གསུངས་པ་དང་། དེ་
བཞིན་དུ་གཞན་ནས་ཀྱང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེའི་ཕྱིར་རེ་ཞིག་དེ་ཁོ་ན་ལ་ནི། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་བ་དེ་ཙམ་དག་སྨྲ་བར་ནུས་ཏེ། ཆོས་ཐམས་

ཅད་དབེན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཤེས་པའི་ཉི་མའི་འོད་ཟེར་གྱིས་སྣང་བར་བྱས་པའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ཀུན་དུ་ལྟ་ཞིང་། དམིགས་སུ་མེད་པ་ལ་རབ་ཏུ་གནས་པའི་ངག་དང་ཡིད་ཀྱི་བརྗོད་པ་ལྡོག་པའི་ཕྱིར་དང་། བརྗོད་པར་བྱ་བ་ལྡོག་པས་
ཏེ། དེ་ཉིད་ཀྱང་། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སྤྱོད་ཡུལ་ནི་མཐུ་ཉིད་དོ། །ཇི་ལྟར་སེམས་ཀྱི་མཐུ་ཉིད་ལྡོག་པར་འགྱུར་ཞེ་ན། འདི་ལ་ཡུལ་གྱི་སྟོབས་ཀྱིས་རྣམ་པར་ཤེས་པ་སྐྱེས་ཤིང་དངོས་པོའི་ངོ་བོ་ཉིད་དང་། ཁྱད་པར་གྱི་ཡུལ་ཐ་དད་པ་ལ་རྟོགས་པའི་བརྒྱུན་ཐག་གིས་རྣམ་པ་ཐ་དད་པ་དུ་མར་རྟོག་
པ་ན་དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་ཀྱི་མཐུ་ཉིད་ཀུན་ནས་དཀྲིས་པར་འགྱུར་རོ། །ཆོས་ཐམས་ཅད་བདག་མེད་པར་མཐོང་བས་ནི། དེ་མི་འཇུག་པའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་གོ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པ་ཡང་དེ་ཁོ་ན་ཤེས་པའི་བྱེད་པ་པོ་དང་ལྡན་པ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། མ་
སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་སེམས་དང་སེམས་ལས་གཞན་པའི་ཆོས་རྣམས་ཀྱི་དེ་ནི་གང་གིས་ཀྱང་བྱ་བ་མ་ཡིན་པའི་ཕྱིར་ཏེ། ད་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི།
འདི་ལྟར་ཆོས་རྣམས་སྟོང་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོན་ཀྱང་དེ་དག་གི་རང་བཞིན་ནི་མྱ་ངན་ལས་འདས་པ་དང་མཚུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། ཇི་སྐད་དུ་འདི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་
ཀུན་ནས་བསླང་བའི་ཉོན་མོངས་པ་ཡོད་པ་མ་ཡིན་པའི་རང་བཞིན་ཤིན་ཏུ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀུན་དུ་མཁྱེན་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་བོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་
འགག་པར་འགྱུར། །ཞེས་བྱ་བ་དེ་ཡང་འཐད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་སྐྱེ་བ་མེད་པར་མཐོང་བས་ནི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་ནི་བརྗོད་པར་བྱ་བ་ལྡོག་ཅིང་། དེ་ལོག་པས་ནི་ཐ་སྙད་

ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་རོ། །རང་གི་སྡེ་པ་དང་། གཞན་གྱི་སྡེ་པ་ཁ་ཅིག་ན་རེ། དབུ་མ་སྨྲ་བ་ནི་དངོས་པོ་ཐམས་ཅད་ལ་སྐུར་བ་འདེབས་པའི་ཕྱིར་མེད་པ་བདག་དང་ཁྱད་པ་ནི་མེད་དོ་ཞེས་ཟེར་བ་དེ་དག་ལ་ཁ་ཅིག་གིས། དངོས་པོ་སེལ་བ་ཉིད་དུ་མཚུངས་སུ་
ཟིན་ཀྱང་། སོ་སོའི་སྐྱེ་བོ་དང་། དགྲ་བཅོམ་པ་སོ་སོར་མ་བརྟགས་པ་དང་། སོ་སོར་བརྟགས་པའི་བཏང་སྙོམས་པ་དག་བཞིན་ནམ། དམུས་ལོང་དང་མིག་ཅན་གྱི་ཕྱོགས་མི་བདེའོ་སྙམ་དུ་ངེས་པར་སེམས་པ་དག་མཚུངས་སུ་ཟིན་ཀྱང་ཁྱད་པར་ཡོད་པ་བཞིན་དུ་མེད་པ་དང་། དབུ་མ་པ་དག་ལ་ཡང་ཁྱད་པར་
ཡོད་དོ་ཞེས་ལན་འདེབས་པར་བྱེད་པས་ནི། ཕ་རོལ་པོས་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་བསྟན་པ་ལ་ཁྱད་པར་ཡོད་པར་མ་བརྗོད་པས་ལན་མ་ཡིན་ནོ། །འདི་སྐད་བརྗོད་ན་མི་རིགས་ཏེ། མེད་པ་པ་དག་དང་། དབུ་མ་སྨྲ་བ་དག་གང་གི་ཚེ་མཚུངས་པར་རྟོག །ཐ་སྙད་ཀྱི་དུས་
སུ་འམ། འོན་ཏེ་དེ་ཁོ་ན་ལ་ལྟ་བའི་དུས་སུ་དེ་ལ་རེ་ཞིག་ཐ་སྙད་ཀྱི་དུས་སུ་ནི་དེ་དག་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པ་ལ་མངོན་པར་ཞེན་པས་དགེ་བའི་ཕྱོགས་དྲུངས་ཕྱུང་ཞིང་མི་དགེ་བའི་ལས་ཐམས་ཅད་ལ་ཞུགས་པ་དང་། ཐ་སྙད་ཀྱི་བདེན་པ་ཉིད་ལ་གནོད་པ་བྱེད་པ་དེ་ལྟར། དབུ་མ་སྨྲ་བ་དག་རྒྱུ་དང་
འབྲས་བུའི་འབྲེལ་པ་སྒྱུ་མ་དང་། སྨིག་རྒྱུ་ལྟ་བུ་དག་ལ་སྐུར་པ་མི་འདེབས་ཤིང་མི་དགེ་བའི་ལས་ཀྱི་ལམ་ལ་མ་ཞུགས་པ་དང་། ཟག་པ་དང་བཅས་པའི་ཕུང་པོའི་རྒྱུན་ལས་ཡང་འབྱུང་བའི་སྲིད་པའི་ཕུང་པོ་འབྱུང་ཞིང་། ཕུང་པོའི་རྒྱུན་འགག་པ་སྔོན་དུ་འགྲོ་བ་ལས་ད་ལྟར་དང་། མ་འོངས་པ་རྨི་ལམ་
ལྟ་བུ་དག་འབྱུང་བར་སྟོན་པས་ཐ་སྙད་ཀྱི་བདེན་པ་ཉིད་ལ་གནོད་པར་མི་བྱེད་པའི་ཕྱིར། ཐ་སྙད་ཀྱི་དུས་སུ་ཡང་མེད་པ་པ་དང་། དབུ་མ་སྨྲ་བ་དག་མཚུངས་པ་མ་ཡིན་ལ། དེ་ཁོ་ན་ལ་ལྟ་བའི་དུས་སུ་ཡང་མཚུངས་པ་མ་ཡིན་ཏེ། འདི་ལྟར་མེད་པ་པ་དག་ལ་ནི་རྣམ་པར་ཤེས་པ་མེད་དོ་ཞེས་མེད་པའི་ཡུལ་
ཅན་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པ་འབྱུང་ཞིང་དེ་ཡང་ལོག་པར་ཤེས་པ་ཡིན་པས། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མས་ཉེ་བར་སྦགས་པ་ཉིད་ཀྱིས་སྡུག་བསྔལ་ཉེ་བར་ཞི་བར་མི་འགྱུར་གྱི། དབུ་མ་སྨྲ་བ་དག་ལ་ནི་དེ་ཁོ་ན་ལ་ལྟ་བའི་དུས་སུ་ཡང་གཟུགས་ལ་སོགས་པའི་ཡུལ་གྱི་དངོས་པོ་དག་

ལ་ཡོད་པའི་བློ་སྔར་བྱུང་བར་གྱུར་པ་གང་ཡིན་པ་དེ་ཡང་གཟུགས་ལ་སོགས་པའི་དངོས་པོ་སྟོང་པ་ཉིད་དུ་རྟོགས་པས། གཟུགས་ལ་སོགས་པའི་དངོས་པོ་འདི་དག་ནི་ཡོད་པ་མ་ཡིན་ནོ་སྙམ་པས་རྣམ་པར་རྟོག་པ་ལྡོག་པར་འགྱུར་རོ། །དོན་གྱི་གོ་བས་མེད་པའི་བློ་སྐྱེས་སོ་སྙམ་པ་ཡང་སྐྱེ་བར་
མི་འགྱུར་ཏེ། དོན་དམ་པར་གཟུགས་ལ་སོགས་པའི་ཡུལ་མེད་དོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར་དཔེར་ན་ཡོད་པའི་བློ་བཞིན་པས། བློ་དེ་སུན་དབྱུང་བའི་ཕྱིར་རོ། །ཡང་ན་གང་ལ་དངོས་པོར་སྣང་བའི་བློ་སྐྱེ་བ་དེ་ལ་ནི། དེ་བསལ་བས་མེད་པའི་བློ་སྐྱེ་
བའི་སྐབས་ཡོད་ཀྱི། སེལ་བ་མེད་པ་ལ་ནི་མེད་པར་རྟོག་པའི་སྒོ་ནས་མེད་པའི་བློ་ཡང་ལྡོག་པར་འགྱུར་ཏེ། སྤྱོད་པ་མེད་པར་སྤྱོད་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་རབ་ཏུ་དབེན་པར་གྱུར་པ་རྣམས་ལ་མེད་དོ་སྙམ་པའི་བློ་མི་སྐྱེ་བའི་ཕྱིར་མེད་པ་པ་དག་དང་། དབུ་མ་སྨྲ་བ་དག་ལ་སྒྲ་མཚུངས་པ་ཙམ་
ཡང་མེད་དོ། །སྟོན་པའི་དུས་ན་ཡང་ཡོད་པ་ཉིད་དགག་པ་ཙམ་བྱེད་པའི་ཕྱིར་མེད་པ་ཉིད་དུ་སྟོན་པར་མི་བྱེད་པས། ཡུངས་འབྲུ་དང་། རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེའོ། །ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་སུ་ཟིན་ཀྱང་དོན་དམ་པར་རྟོགས་པར་འགྱུར་བའི་ཕྱིར་ཚོགས་མང་པོ་ཉེ་བར་
བླང་བ་དང་། རྗེས་སུ་མཐུན་པའི་ཕྱིར་དང་། འཇིག་རྟེན་གྱི་ཐ་སྙད་དུ་ཡང་དེ་ལྟར་བདེན་པའི་ཕྱིར་ཇི་ལྟར་ནང་དང་ཕྱི་རོལ་གྱི་དངོས་པོ་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ་དང་། ཡང་དག་པ་ཉིད་དུ་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་དག་ཐ་སྙད་དུ། ཐམས་ཅད་ཡང་དག་ཡང་དག་མིན། །འདི་ལྟར་བཅོམ་
ལྡན་འདས་ཀྱིས་ཀྱང་། གང་འཇིག་རྟེན་ལ་ཡོད་པར་གྲགས་པ་དེ་ང་ཡང་ཡོད་པར་སྨྲའོ། །གང་འཇིག་རྟེན་ལ་མེད་པར་གྲགས་པ་དེ་ང་ཡང་མེད་པར་སྨྲའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང་། གཟུགས་ལ་སོགས་པ་ཡུལ་རྣམས་ཐ་སྙད་ཀྱི་བདེན་པ་དང་མི་
འགལ་བར་ཡོད་པས། ཐམས་ཅད་ལ་ཡང་དག་ཅེས་གསུངས་སོ། །དོན་དམ་པར་ནི་བརྟེན་ནས་འབྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་པས་ཡང་དག་མིན་ཞེས་གསུངས་སོ། །བདེན་པ་གཉི་གའི་རྣམ་པ་ལ་ལྟོས་ནས། ཡང་དག་ཡང་དག་མ་

ཡིན་ཉིད། །ཅེས་གསུངས་སོ། །མངོན་པར་རྟོགས་པའི་དུས་ན་རྣལ་འབྱོར་པ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པའི་ཕྱིར། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཡང་ན་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་ནང་
དང་ཕྱི་རོལ་གྱི་སྐྱེ་མཆེད་བདག་དང་། བདག་གི་དང་བྲལ་བའི་མཚན་ཉིད་གཡོ་བ་མེད་པ་ཤེས་བྱར་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཡང་དག་ཅེས་གསུངས་སོ། །རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བདག་གིས་བདག་དང་བཅས་པའི་ཕྱིར་དང་། བདག་གི་ཡིན་པའི་ཕྱིར་བྱེད་པ་པོར་བརྗོད་པས་ཉན་
པ་དང་། སེམས་པ་དང་སྒོམ་པར་བྱེད་པ་དག་ཡང་དག་མིན་ཞེས་གསུངས་སོ། །འཇིག་རྟེན་དང་བསྟན་བཅོས་ཀྱི་ཐ་སྙད་ལ་ལྟོས་པའི་དབང་གིས། ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་གསུངས་སོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་
དང་། རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་ཉིད་དུ་འགྱུར་བའི་དངོས་པོའི་ཚུལ་གྱིས་ཡང་དག་པ་ཉིད་ལ་སོགས་པར་རྣམ་པར་བརྟགས་པ་གང་ཡིན་པ་དེ་ལྟ་བུ་མེད་པས། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །དེ་ལ་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཕྱིན་ཅི་མ་ལོག་པ་མ་
ལུས་པར་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཏེ། དྲང་སྲོང་མཆོག་རྣམས་སོ། །བསྟན་པ་ཞེས་བྱ་བ་ནི་ལྷ་དང་། མིའི་མཐོ་རིས་དང་། བྱང་གྲོལ་གྱི་བདེ་བ་འདོད་པ་རྣམས་ལ། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་དང་། དུས་ཀྱི་དབང་གིས་མཐོ་རིས་དང་། བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་
པར་རྗེས་སུ་བསྟན་པའོ། །ཡང་ན་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་བག་ཆགས་དང་བཅས་པའི་སྒྲ་ཐམས་ཅད་ཚར་གཅོད་པ་བསྟན་པའོ། །སངས་རྒྱས་ཀྱིས་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་བསྟན་པ་སྟེ། ཐ་སྙད་དང་དོན་དམ་པའི་བདེན་པའི་ཚུལ་མཆོག་ཏུ་རྨད་དུ་བྱུང་བ་ཐོགས་
པ་མེད་པར་སྨྲ་བ་གཞན་དག་དང་ཐུན་མོང་མ་ཡིན་པ་སྟེ། མངོན་པར་ཞེན་པའི་ཟུག་རྔུ་ཐམས་ཅད་དབྱུང་བའི་ཕྱིར་དེ་ལ་ནན་ཏན་བྱའོ། །རང་གི་སྡེ་པ་དང་། གཞན་གྱི་སྡེ་པ་དག་ལས་ཕལ་ཆེར་སྐྱོན་འདོགས་པར་བྱེད་དེ། གལ་ཏེ་ཁྱེད་དངོས་པོའི་ངོ་བོ་ཉིད་གཞན་གྱིས་ཡོངས་སུ་བརྟགས་པ་མ་ལུས་པར་བསལ་

བས་དེ་ཁོ་ན་རྟོགས་པར་འདོད་ན་འོ་ན་དེས་ན་དེའི་མཚན་ཉིད་བསྟན་པར་བྱ་དགོས་སོ། །ཅི་སྟེ་མི་སྟོན་ན་ནི་རང་གི་ཕྱོགས་ངེས་པར་མི་འཇོག་ལ། གཞན་གྱི་ཕྱོགས་སུན་འབྱིན་པར་བྱེད་པའི་ཕྱིར། །ཁྱེད་ཅོ་འདྲི་བ་ཉིད་ཡིན་ནོ། །འདིར་བཤད་པ། གལ་ཏེ་དེ་ཁོ་ནའི་མཚན་ཉིད་བརྗོད་པར་བྱ་བ་
ཞིག་ཡིན་ན་ནི། བསྟན་པར་བྱ་དགོས་པ་ཡང་བདེན་པ་ཞིག་ན། དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །འོན་ཀྱང་སྐྱེ་བོ་ལས་དང་པོ་པ་དག་ཡང་དག་པར་དབུགས་དབྱུང་བའི་ཕྱིར། སོ་སོར་རྟོག་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པས་དེ་ལྟར་རྣམ་པར་ངེས་པས་འདིར་བཤད་པར་བྱ་སྟེ། གཞན་ལས་ཤེས་
མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །དེ་ལ་གཞན་ལས་ཤེས་མིན་ཞེས་བྱ་བ་ནི་འདི་ལ་གཞན་ལས་ཤེས་པ་མེད་པ་སྟེ། ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་བདག་ཉིད་ཀྱིས་རང་རིག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །
ཞི་བ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། དངོས་པོའི་ངོ་བོ་ཉིད་དང་། ཁྱད་པར་གྱི་ཡུལ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཞེས་བྱ་བ་ནི་མངོན་པར་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་
ནི་སྣང་བ་མེད་པ་ཉིད་ཀྱིས་འདི་དང་། འདིའོ་ཞེས་རྣམ་པར་མ་བརྟགས་པའི་ཕྱིར་རོ། །དོན་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཉིད་རོ་གཅིག་པའི་ཕྱིར་དོན་དབྱེར་མེད་པ་སྟེ། དེ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །དེ་ལ་གང་གི་ཕྱིར་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ། །གང་གི་
ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་དེའི་ཕྱིར་ཞི་བའོ། །གང་གི་ཕྱིར་ཞི་བ་དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །གང་གི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཕྱིར། གཞན་ལ་ཤེས་པ་མ་ཡིན་ནོ། །གང་གཞན་ལས་ཤེས་པ་མ་ཡིན་པ་དེ་ལ་ཚིག་མི་འཇུག་པས། དེའི་
ཕྱིར་དེ་ཁོ་ནའི་ངོ་བོ་ཉིད་ནི་ཚིག་གིས་སྒྲོ་བཏགས་པ་ལས་ཡང་དག་པར་འདས་པ་ཡིན་ནོ། །དེ་ནི་བརྗོད་པར་མི་ནུས་མོད་ཀྱི། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། ཁྱད་པར་དགག་པ་སྟོན་པའི་ཕྱིར་བཤད་པ། དེ་ཁོ་ནའི་ངོ་བོ་ཉིད་རྟོགས་པར་ནུས་པ། རྣམ་པར་མི་རྟོག་པའི་ཤེས་པ་སྐྱེ་བ་མེད་པའི་

ཚུལ་གྱིས་སྐྱེ་བ་དང་རྗེས་སུ་མཐུན་པར་ཡི་གེར་སྒྲོ་བཏགས་པ་ལས་འབྱུང་བར་འགྱུར་ཏེ། དེ་ལྟར་དེ་ཁོ་ན་རང་རིག་པར་བྱ་བ་ཐབས་ཀྱི་སྒོ་ནས་བསྟན་པས། མཚན་ཉིད་མ་བསྟན་པ་མ་ཡིན་པའི་ཕྱིར། ཅོ་འདྲི་བ་ཉིད་མ་ཡིན་པས་སྐྱོན་གདགས་སུ་མེད་དོ། །དེ་ལྟར་རེ་ཞིག་དོན་དམ་པའི་དེ་ཁོ་ན་བསྟན་པའོ། །
ད་ནི་ཀུན་རྫོབ་བཤད་པར་བྱ་སྟེ། གང་ལ་བརྟེན་ཏེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་བྱུང་བ་དེ་ནི་རེ་ཞིག་དེ་ཉིད་མ་ཡིན་ཏེ། རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་ཤེས་
པར་བྱར་ནུས་ཏེ། བློ་ཐ་དད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་རྟོགས་པ་དང་། རྟོགས་པར་བྱ་བ་བཞིན་ནོ། །ཡང་ན་རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་བྱུང་བ་དེ་ནི་རེ་ཞིག་དེ་ཉིད་མ་ཡིན་ཏེ། རྒྱུའི་བདག་ཉིད་ལས་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་གཞན་པའང་མ་ཡིན་ཕྱིར། །གང་ལ་
བརྟེན་ཏེ་གང་འབྱུང་བ། །དེ་ནི་དེ་ལས་གཞན་པའང་མ་ཡིན་ཏེ། ཞེས་ཤེས་པར་བྱར་ནུས་ཏེ། རྒྱུ་མ་ཡིན་པ་ལས་མི་སྐྱེ་བ་བཞིན་དུ་རྒྱུ་ལས་ཀྱང་འབྲས་བུ་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་རྒྱུ་ལས་འབྲས་བུ་གཞན་པའང་མ་ཡིན་ཏེ། ཞེས་བྱ་བར་ཤེས་པར་བྱ་སྟེ། རྒྱུ་དང་འབྲས་བུར་འབྲེལ་ན་བརྟེན་
ཏེ་བྱུང་བའི་ཕྱིར། རྒྱུའི་རང་གི་བདག་ཉིད་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་རོ། །གཏན་ཚིགས་ཀྱི་སྦྱོར་བ་ཁྱད་པར་དང་བཅས་པ་ཡིན་པའི་ཕྱིར། དེ་ལས་གཞན་པ་ལ་བརྟེན་ཏེ་བྱུང་བའི་འབྲས་བུ་དག་གིས་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །ཕྱིར་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ། གང་གི་ཕྱིར་དེ་
ལྟར་རྒྱུ་ལས་འབྲས་བུ་དེ་ཉིད་ཀྱང་མ་ཡིན་ལ། གཞན་པ་ཡང་མ་ཡིན་པའི་ཕྱིར། དེ་ཕྱིར་ཆད་མིན་རྟག་མ་ཡིན། །འདི་ལ་གང་གི་ཕྱིར་རྒྱུ་ཞིག་ཀྱང་འབྲས་བུ་སྐྱེ་བས་རྒྱུན་གྱིས་ངེས་པར་གནས་ཤིང་རྒྱུ་ཞིག་ཀྱང་འབྲས་བུ་དེ་མི་འཇིག་པ་དེའི་ཕྱིར་གཞན་ཉིད་མ་ཡིན་པས་ཆད་པ་མ་ཡིན་ལ། གང་གི་ཕྱིར་འབྲས་བུའི་དུས་ན་རྒྱུ་
འཇིག་ཅིང་རྒྱུ་དེ་ཞིག་ཀྱང་འབྲས་བུ་ནམ་ཡང་མི་འཇིག་པ་དེའི་ཕྱིར་དེ་ཉིད་མ་ཡིན་པས་རྟག་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་དངོས་པོ་འཇིག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་རོ། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །ཞེས་བཤད་པ་ལྟ་བུའོ། །ཡང་ན་

ཁ་ཅིག་ན་རེ་ཆོས་ཉིད་རྗེས་སུ་འཇུག་པའི་ཕྱིར་ཆད་པ་མ་ཡིན་ལ། ཆོས་རྣམ་པར་ལྡོག་པའི་ཕྱིར་རྟག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་དེ་ལྟར། དོན་གཅིག་མིན་དོན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མིན་པ། །དེ་ནི་སངས་རྒྱས་འཇིག་རྟེན་གྱི། །མགོན་པོའི་བསྟན་པ་
བདུད་རྩི་ཡིན། །བདུད་རྩི་ཞེས་བྱ་བ་ནི་བདུད་རྩིའི་གོ་འཕང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱིས་དེ་རྟོགས་ནས། འགྲོ་བ་མཐའ་དག་ལ་ཕན་པ་བསྐྱེད་པའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པ་ན་ཡང་དག་པར་རྫོགས་
པའི་སངས་རྒྱས་ཉི་མ་དག་ཏུ་གྱུར་ནས་གསུང་གི་འོད་ཟེར་དག་གིས་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་བློ་གྲོས་ཀྱི་པད་མ་དག་ཁ་འབྱེད་པར་མཛད་པ་དང་། ཉན་ཐོས་རྣམས་ཀྱིས་ཀྱང་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པ་ཡོངས་སུ་འདྲིས་པར་བྱས་པས། ཚེ་འདི་ཉིད་
ལ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་ཕྱིར། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ནི་བདུད་རྩི་ཉིད་ཡིན་ནོ། །གང་གི་ཚེ་འགའ་ཞིག་བརྒྱ་ལ་ཚེ་འདི་ལ་ཚོགས་མ་བསགས་པ་ཉིད་ཀྱིས་ཐར་པ་ཐོབ་པར་མ་གྱུར་ན། དེ་ལྟ་ན་ཡང་ཚེ་རབས་གཞན་དག་ལ་དེ་ལ་ངེས་པར་འགྲུབ་སྟེ། ཇི་སྐད་དུ། དེ་ཉིད་ཤེས་
པས་འདི་ལ་ནི། །འདོད་ཆགས་བྲལ་བ་མ་ཐོབ་པ། །ཚེ་རབས་གཞན་ལ་འབད་མེད་པར། །ངེས་པར་འཐོབ་སྟེ་ལས་བཞིན་ནོ། །ཞེས་བཤད་པ་ལྟ་བུའོ། །ཅི་སྟེ་ཡང་བརྒྱ་ལ། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང་། །དེ་ཁོ་ན་ཤེས་པ་སྐྱེ་བའི་རྐྱེན་དང་
མི་ལྡན་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི། ཚེ་རབས་གཞན་ལ་རབ་ཏུ་དབེན་པའི་ཤེས་པ་གོམས་པར་བྱས་པའི་བག་ཆགས་བསགས་པས་བློ་གྲོས་སྦྱངས་པ་རྣམས་ལ་གཞན་གྱི་རྐྱེན་མེད་པར། རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བསྟེན་པ་མེད་ལས་རབ་ཏུ་སྐྱེ། །བསྟེན་པ་མེད་པ་ནི་ལུས་དང་སེམས་རབ་ཏུ་དབེན་
པ་སྟེ། དེའི་ཕྱིར་བསྟེན་པ་མེད་པའི་རྒྱུ་དེ་ལས་རབ་ཏུ་སྐྱེ་སྟེ། འདུ་འཛི་མེད་པའི་རྒྱུ་ལས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བསྟན་པ་བདུད་རྩི་དེ་ནི་སྒྲུབ་པ་རྣམས་ལ་ཚེ་འདི་དང་། ཚེ་ཕྱི་མ་དག་ལ་བདུད་རྩིའི་གོ་འཕང་འཐོབ་པར་བྱེད་པ་ཡིན་པས། བདག་ལ་ལེགས་པར་འདོད་པ་རྣམས་ཀྱིས་

བསམ་པ་ཐག་པས་དེ་བསྒྲུབ་པར་བྱའོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་དང་། བདག་ཉིད་ཀྱི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པར་བསྟན་པས། འདུ་བྱེད་རྣམས་བདག་དང་། བདག་གིས་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་
པ། གཟུགས་ནི་བདག་གམ་བདག་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བདག་གམ་བདག་མེད་པ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ་བདག་
མེད་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། འདི་ལ་བདག་མེད་སེམས་ཅན་མེད། །སྲོག་ཀྱང་ཡོད་མིན་གང་ཟག་མེད། །ལུས་འདི་ཁམས་རྣམས་འདུས་ཙམ་དུ། །བདག་ལ་དེ་ལྟར་རབ་ཏུ་སྣང་། །ཞེས་བྱ་བ་ལ་སོགས་པ་དང་། དེ་
བཞིན་དུ། འདི་ལ་བདག་དང་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་སྲིང་མོ་གཞན་ཡང་། ཁྱོད་ཀྱི་ལུས་འདི་ལ་བདག་མེད། སེམས་ཅན་མེད། སྲོག་མེད། སྐྱེས་བུ་མེད། གང་ཟག་མེད། ཤེད་བུ་མེད། ཚོར་བ་པོ་མེད། བྱེད་པ་པོ་
མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།། །།དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་
མ། བམ་པོ་བཅུ་བཞི་པ། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་ཕྱོགས་ཀྱི་ཁྱད་པར་དགག་པས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དགུ་པ་བརྩམ་མོ། །འདིར་སྨྲས་པ། དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་
ན་མར་མེ་བཞིན་ནོ། །གང་ཡོད་པ་མ་ཡིན་པ་དེ་ནི་གསལ་བའི་རྒྱུ་མ་ཡིན་ཏེ། དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དུས་གསུམ་གསལ་བར་བྱེད་པའི་རྒྱུ་ཡིན་པས་དེའི་ཕྱིར་དེ་ནི་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། ཐ་སྙད་ཀྱི་ཁོངས་སུ་གཏོགས་པའི་འདུ་བྱེད་

དེ་དག་གི་སྐྱེ་བ་གང་ཡིན་པ་དེ་བྱ་བ་ཞེས་བྱ་སྟེ། དེ་ཡང་དངོས་པོའི་བདག་ཉིད་སྐྱེ་བ་ཡིན་པས། དངོས་པོ་དེ་དག་ཉིད་རྒྱུ་དང་འབྲས་བུ་སྤྱད་པ་དང་། མ་སྤྱད་པ་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་ཞེས་བརྗོད་དེ། དེའི་ཕྱིར་ཐ་སྙད་དུ་བྱ་བ་གཞན་ཡོངས་སུ་དཔྱོད་པའི་
བྱ་བ་ཉིད་ལ་དུས་ཞེས་ཁས་ལན་ཏེ། དཔེར་ན་བ་འཇོས་ཙམ་གྱིས་འོངས་ནས་གཟོད་བེའུ་བླགས་སོ་ཞེས་བྱ་བ་བཞིན་ནོ། །དོན་དམ་པར་ནི་ཇི་ལྟར་དེ་མི་འཐད་པ་དེ་ལྟར་དཔྱད་པར་བྱ་སྟེ། འདི་ལ་དུས་ཡོད་པར་སྨྲ་བ་དག་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དུས་གཞན་པ་དང་། རྟག་པར་སྨྲ་སྟེ། དེ་ལ་དོན་དམ་
པར་དུས་ནི་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དོན་གཞན་དུ་གྱུར་པ་མ་ཡིན་པར་གཟུང་བར་བྱ་སྟེ། དངོས་པོ་ཡིན་པའི་ཕྱིར་འདུས་བྱས་ཀྱི་དངོས་པོའི་བདག་ཉིད་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་དུས་ནི་རྟག་པ་མ་ཡིན་ཏེ། མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །གལ་ཏེ་
ནམ་མཁའ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། དེ་དག་ཀྱང་དེ་བཞིན་དུ་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་ནི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་ཏེ། ཡིད་
ཆེས་པ་སྐྱེ་བའི་ཕྱིར་དཔེར་ན་དབྱུག་པ་ཅན་མང་པོ་དང་ཉུང་ངུ་དག་ལ་དབྱུག་པ་ཅན་དབྱུག་པ་ཅན་སྙམ་དུ་ཡིད་ཆེས་པ་སྐྱེ་བའི་བློ་དེ་ལ་ལྷས་བྱིན་ལ་སོགས་པའི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དབྱུག་པ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཡོད་པར་མཐོང་བ་བཞིན་ནོ། །དེ་བཞིན་དུ་འདིར་ཡང་
གཟུགས་ལ་ད་ལྟར་ད་ལྟར་རོ་སྙམ་དུ་ཡིད་ཆེས་པ་སྐྱེ་བ་ཡོད་པས། དེའི་ཕྱིར་ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་འདི་ལ་ཡང་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཡོད་དེ། གཟུགས་ལས་གཞན་པའི་ཚིག་གི་དོན་གང་ཡིན་པ་དེ་ནི་དུས་ཡིན་པས་དེའི་ཕྱིར་
དེ་ནི་གཞན་ཡིན་ནོ། །དེ་ལ་འདིར་ཡིད་ཆེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དང་འབྲེལ་པའི་ཚིག་གི་དོན་ལ་དུས་མ་ཡིན་པ་དང་། མི་རྟག་པའི་མཚན་ཉིད་ཀྱི་ཚིག་གི་དོན་མཐོང་བའི་ཕྱིར་ཡིད་ཆེས་པ་སྐྱེ་བར་རྗེས་སུ་དཔོགས་པས་དུས་མ་ཡིན་

པ་ཉིད་དང་། རྟག་པ་མ་ཡིན་པ་ཉིད་ཀྱིས་དེ་དག་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་དང་། ཁྱད་པར་བསལ་བའི་སྐྱོན་ཡོད་དོ། །དཔེ་ཡང་མེད་དོ། དོན་དམ་པར་དབྱུག་པ་དང་། དབྱུག་པ་ཅན་དེ་འབྲེལ་པ་མ་གྲུབ་པའི་ཕྱིར། དེ་ནི་རིགས་པ་མ་ཡིན་ནོ། །ཡང་ན་གལ་ཏེ་ད་ལྟར་གྱི་
གཟུགས་སོ་སྙམ་པའི་བློ་དེ་ཁྱད་པར་གཞན་གང་ཡང་རུང་འགའ་ཞིག་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་དང་། རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཅི་སྟེ་བློ་དེ་གཟུགས་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་པར་བསྒྲུབས་ན་
ནི་དཔེ་མེད་དེ། བློ་དེ་གཟུགས་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་པར་བསྟན་པར་མི་ནུས་པའི་ཕྱིར་རོ། །དཔྱད་པ་རྒྱས་པ་ནི་ཡོད་པ་ཉིད་བཞིན་ནོ། །དུས་ཀྱི་དབྱེ་བ་འགྲུབ་ན་ཡང་ལྟོས་པ་ཅན་ནམ། འོན་ཏེ་མ་ལྟོས་པ་བཞིན་དུ་འགྱུར་གྲང་ན། དེ་ལ་གལ་ཏེ་ལྟོས་པ་ཅན་དུ་དམ་འཆའ་
ན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་དུས་བཞིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་ན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་
གྱུར་ན། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་ནི་ལན་འགའ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །འདི་ལ་གང་དག་ལྟོས་པ་དང་བཅས་པ་དེ་དག་ནི་དུས་གཅིག་ཉིད་དུ་ཡང་འགྱུར་ཏེ། ལན་འགའ་མི་མཐུན་པ་ཉིད་མེད་ན་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན། ཕ་དང་
བུ་དག་བཞིན་ནོ། །ཅི་སྟེ་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་ཀྱང་། ད་ལྟར་བྱུང་བ་དང་། མ་འོངས་པ་དག་འདས་པའི་དུས་ན་ཡོད་པར་མི་འདོད་ན། དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ནི་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་
དེ་ལ་ལྟོས་པར་འགྱུར། །ལྟོས་པ་དང་བཅས་པ་ཉིད་ཡིན་ན། ད་ལྟར་བྱུང་བ་དང་། མ་འོངས་པ་དག་འདས་པའི་དུས་ལ་ལྟོས་ནས་ད་ལྟར་བྱུང་བ་དང་། མ་འོངས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ཁ་ཅིག་ན་རེ། དེ་ལྟ་ན་དོན་དམ་པར་ད་ལྟར་དང་། མ་འོངས་པའི་དུས་དག་ལ་ད་ལྟར་དང་། མ་འོངས་པའི་ངོ་བོ་

ཉིད་དག་མེད་དེ། དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་འདས་པའི་དུས་བཞིན་ནོ་ཞེའོ། །གཞན་དག་ན་རེ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་ནི། དུས་མཉམ་པ་རྣམས་ལ་ལྟོས་པ་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་
དག་ན་རེ། དེ་ནི་རིགས་པ་མ་ཡིན་ཏེ། དུས་ཐ་དད་པ་ཡིན་ཡང་སྤུན་དག་ལ་ལྟོས་པ་ཡོད་པས་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་ལྟོས་པ་མེད་ལ། འདས་པ་དང་། མ་འོངས་པ་དག་ཡོད་པ་ཉིད་ཡིན་ན་ནི་གསུམ་ཆར་ཡང་ད་ལྟར་
ཉིད་དུ་འགྱུར་རོ་ཞེའོ། །ཁ་ཅིག་ན་རེ། དེ་ཡང་རིགས་པ་མ་ཡིན་ཏེ། ད་ལྟར་གྱི་ཚ་བོ་ལ་ལྟོས་ནས་མེས་པོ་མེད་པ་ལ་ཡང་། སྒྲ་བརྗོད་པ་ཁྱད་པར་ཅན་འཇུག་པའི་ཕྱིར་དང་། དུས་དགག་པ་སྨྲ་བ་དག་གིས། འདས་པ་དང་། མ་འོངས་པ་དག་ད་ལྟ་ཉིད་དུ་བསྟན་པས། ཕྱོགས་སྔ་མ་ལ་གནོད་
པའི་ཕྱིར་རོ་ཞེའོ། །གཞན་དག་གིས་སྨྲས་པ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །དེ་དང་འབྲེལ་པའི་ཕྱིར་འདས་པའི་དུས་བཞིན་ཏེ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་གསུངས་པས་འབྲེལ་པའི་གཏན་ཚིགས་བསྟན་པའི་
ཕྱིར་རོ་ཞེའོ། །གཞན་མ་ཡིན་པ་ན་རེ། འབྲེལ་པའི་གཏན་ཚིགས་ཀྱང་རིགས་པ་མ་ཡིན་ཏེ། ལྟོས་པ་དང་། འབྲེལ་པ་ཉིད་ཡིན་ཡང་དབྱུག་པ་ཅན་དབྱུག་པ་ཉིད་དུ་མི་འགྱུར་བས། མ་ངེས་པ་ཉིད་ཡིན་པའི་ཕྱིར་དང་། དུས་ཐ་དད་པ་དག་ལ་ཡང་འབྲེལ་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟར་རེ་
ཞིག་ལྟོས་པ་ཅན་གྱི་དུས་མ་གྲུབ་བོ། །འོན་ཏེ་མ་ལྟོས་པར་དམ་འཆའ་ན་དེའི་ཕྱིར། འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །ད་ལྟར་དང་མ་འོངས་པ་ཉིད་ཀྱི་རྒྱུ་འདས་པ་ལ་མ་ལྟོས་པར། ད་ལྟར་དང་མ་འོངས་པ་དེ་གཉིས་རྒྱུ་མེད་པར་འགྲུབ་པ་ཡོད་པ་མ་ཡིན་ནོ། །གང་གི་
ཕྱིར་དེ་ལྟར་ལྟོས་པ་མེད་པར་ད་ལྟར་བྱུང་བ་དང་། མ་འོངས་པ་དག་མ་གྲུབ་པ། །དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་སྒྲར་བརྗོད་པའི་དུས་དག་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རིམ་པའི་ཚུལ་ནི་འདི་ཉིད་ཀྱི། །ལྷག་

མ་གཉིས་པོ་བསྣོར་བ་དང་། །ཞེས་བྱ་བ་ནི་སྒྲུབ་པའི་རིམ་པའི་ཚུལ་འདི་ཉིད་ཀྱིས། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདས་པའི་དུས་ལྷག་མ་གཉིས་པོ་བསྣོར་བ་དག་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་ལྟོས་གྱུར་ན། །འདས་པ་དང་ནི་
མ་འོངས་པ། །ད་ལྟའི་དུས་ན་ཡོད་པར་འགྱུར། །འདས་པ་དང་ནི་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །འདས་པ་དང་ནི་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ད་ལྟར་ལ་ནི་མ་ལྟོས་པར། །དེ་ཉིད་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་འདས་པར་གྱུར་པ་དང་། །མ་འོངས་དུས་ཀྱང་ཡོད་མ་
ཡིན། །ཞེས་བྱ་བ་དང་དེ་བཞིན་དུ། ད་ལྟར་བྱུང་དང་འདས་པ་དག །གལ་ཏེ་མ་འོངས་ལྟོས་གྱུར་ན། །ད་ལྟར་བྱུང་དང་འདས་པ་དག །མ་འོངས་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་དང་འདས་པ་དག །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་འདས་པ་དག །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །
མ་འོངས་པ་ལ་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེའི་ཕྱིར་ད་ལྟར་བྱུང་བ་དང་། །འདས་པའི་དུས་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་དེ་ལྟར་བསྣོར་བར་བྱ་སྟེ། དེ་དག་ནི་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ་དག་ཡིན་ནོ། །དེ་དག་གིས་སྔ་མ་བཞིན་དུ་བསྒྲུབ་པ་དང་། སུན་དབྱུང་བ་དག་
ཀྱང་བསྟན་པར་བྱའོ། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །རིམ་པའི་ཚུལ་འདི་ཉིད་ཀྱིས་ཤེས་པར་སྦྱར་རོ། །དེ་ལ་མཆོག་དང་། ཐ་མ་དང་། འབྲིང་ལ་སོགས་པ་ནི་རང་གི་རིགས་ལས་མ་འདས་པར་ཡོན་ཏན་འཕེལ་བ་དང་། འགྲིབ་པ་དང་ལྡན་པའི་ཕྱིར་
རོ། །དེ་དག་ཀྱང་ལྟོས་པ་ཅན་ནམ། འོན་ཏེ་མ་ལྟོས་པར་འགྲུབ་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་དོན་དམ་པར། མཆོག་དང་། འབྲིང་གི་ངང་ཚུལ་ཅན་དག་ལ་དེ་དག་གི་ངོ་བོ་ཉིད་མེད་དེ་ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཐ་མའི་ངང་ཚུལ་ཅན་བཞིན་ནོ། །དེ་བཞིན་དུ་
ངང་ཚུལ་ཅན་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །ཅི་སྟེ་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་ཀྱང་། མཆོག་དང་། འབྲིང་དག་ཐ་མ་ལ་ཡོད་པར་མི་འདོད་ན། དེ་ལྟར་ན་མཆོག་དང་། འབྲིང་དག་ཐ་མ་ལ་ཇི་ལྟར་ལྟོས་པར་འགྱུར། ལྟོས་པ་དང་བཅས་པ་

ཉིད་ཡིན་ན། མཆོག་དང་འབྲིང་དང་། ཐ་མ་ལ་ལྟོས་ནས་མཆོག་དང་འབྲིང་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ངང་ཚུལ་ཅན་གཞན་གཉིས་བསྣོར་བ་ལ་ཡར་བརྗོད་པར་བྱའོ། །དེ་བཞིན་དུ་གཅིག་ལ་སོགས་པ་དག་ཀྱང་ཤེས་པར་བྱ་སྟེ། གཅིག་ཉིད་དང་། གཉིས་
ཉིད་དང་། མང་པོ་ཉིད་ལ་སོགས་པ་དག་གོ། །འདིར་ཡང་སྔ་མ་བཞིན་དུ་བསྟན་པར་བྱ་སྟེ། དོན་དམ་པར་གྲངས་གཅིག་ཉིད་ལ་གཅིག་ཉིད་ཀྱི་ངོ་བོ་ཉིད་མེད་དེ། གྲངས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། གཉིས་ཉིད་བཞིན་ནོ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ། །གང་དག་
གྲངས་དངོས་པོ་ལས་གཞན་པར་མི་འདོད་པ་དེ་དག་གཉིས་པ་མེད་པ་ནི་གཅིག་ཡིན་ལ། དེ་དང་གཞན་ནི་གཉིས་ཡིན་ཏེ། གཉིས་དང་གཞན་ནི་གསུམ་ཡིན། དེ་ཕན་ཆད་ནི་མང་པོ་ཡིན་པར་འདོད་དོ། །དེ་དག་ལ་ཡང་སྔ་མ་བཞིན་དུ་བསྟན་པར་བྱ་སྟེ། དོན་དམ་པར་གཅིག་ལ་གཅིག་གི་ངོ་བོ་
ཉིད་མེད་དེ། བགྲང་བར་བྱ་བ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པ་བཞིན་ནོ། །དེ་བཞིན་དུ་གཉིས་ལ་གཉིས་ཀྱི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ལ་སོགས་པ་དག་ཀྱང་བརྗོད་པར་བྱ་སྟེ། དམ་བཅས་པའི་དོན་རྣམ་པར་བརྟགས་ནས་རྒྱས་པར་སྔ་མ་བཞིན་དུ་སྦྱར་རོ། །སོགས་པའི་སྒྲ་ནི་ཆུང་ངུ་དང་།
ཆེན་པོ་དང་། རིང་པོ་དང་། ཐུང་ངུ་དང་། ཐག་ཉེ་བ་དང་། ཐག་རིང་བ་དང་། སྔོན་དང་། ཕྱི་མ་དང་། རྒྱུ་དང་། འབྲས་བུ་དང་། འདུས་བྱས་དང་། འདུས་མ་བྱས་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དུས་ཡོད་པར་སྨྲ་བ་དག་ན་རེ། དོན་དམ་པར་དུས་ནི་
ཡོད་པ་ཁོ་ན་ཡིན་ཏེ། ཚད་དང་ལྡན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་ཚད་མེད་དེ། དཔེར་ན་རྟའི་རྭ་བཞིན་ནོ། །དུས་ལ་ནི་ཚད་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། དུས་ཚིགས་དང་།
ནུར་བ་དང་། ལོ་ལ་སོགས་པ་དག་ཡོད་དོ། །གང་ཚད་དང་ལྡན་པ་དེ་ནི་ཡོད་དེ། དཔེར་ན་འབྲུ་ལ་སོགས་པ་བཞིན་པས་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ། མི་གནས་དུས་སུ་འཛིན་མི་བྱེད། །འདུ་བྱེད་ཀྱི་ཚོགས་ནི་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཡིན་

པས་མི་གནས་པ་སྟེ། དེ་ལ་ནི་ཁྱེད་ཀྱང་ཐ་སྙད་དུ་ཡང་དུས་དུས་ཞེས་འཛིན་པར་མི་བྱེད་དོ། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །དངོས་པོ་ལས་གཞན་པ་གང་ཞིག་གང་གིས་དེའི་ངོ་བོ་ཉིད་དུ་གཟུང་བར་བྱ་བ་ངེས་པར་གནས་པ་ཡང་ཡོད་པ་མ་ཡིན་པས་སོ། །མ་བཟུང་དུས་
སུ་ཇི་ལྟར་གདགས། །གཟུང་དུ་ཡོད་ན་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་འདིས་ནི་ཡུད་ཙམ་ལ་སོགས་པའི་ཚད་ནི་འདུ་བྱེད་ཉི་མའི་འགྲོས་ལ་སོགས་པའི་བྱ་བ་གཞན་ཡོངས་སུ་གཅོད་པ་ཉིད་དག་གི་ཆོས་ཡིན་གྱི། དུས་ཀྱི་མ་ཡིན་པར་བསྟན་པས། གཏན་
ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་དང་དཔེ་ཡང་མེད་དོ། །མི་གནས་དུས་སུ་འཛིན་མི་བྱེད། །ཅེས་བྱ་བ་འདི་ལ་གཞན་དག་ན་རེ། འདི་ལ་དངོས་པོ་ངེས་པར་གནས་པ་རྣམས་ནི་ཚད་ལས་གཟུང་དུ་རུང་སྟེ། དཔེར་ན་ཤིང་འདི་ནི་མཐོའོ། །བ་འདི་ནི་ཆུ་རིང་ངོ་། །མི་འདི་ཐུང་ངོ་། །གླང་པོ་ཆེ་འདི་ནི་ཆེའོ་
ཞེས་བྱ་བ་ལྟ་བུ་ཡིན་ན། དུས་ནི་དེ་ལྟར་ངེས་པར་གནས་པ་མ་ཡིན་པས་དེ་ལ་ཚད་མི་འགྲུབ་བོ་ཞེས་ཟེར་རོ། །གཞན་མ་ཡིན་པ་ན་རེ། དེ་ནི་བཟང་པོ་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པ་ངེས་པར་མི་གནས་པ་ལ་ཡང་ཚད་གཟུང་དུ་རུང་བའི་ཕྱིར་རོ་ཞེའོ། །འདིར་སྨྲས་པ། དུས་ནི་རྟག་པ་ཡིན་ཏེ།
དེ་ལ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་སོགས་པ་དག་ཡོད་པ་ནི་ཉེ་བར་གནས་པ་སྣ་ཚོགས་པ་ཉིད་ཀྱི་ཁྱད་པར་ལས་ནོར་བུ་བཞིན་ནམ། སྨིན་པའི་ཁྱད་པར་ལས་སྨིན་པར་བྱ་བ་བཞིན་ནོ། །འདིར་བཤད་པ། ཁོ་བོ་
ཅག་གི་ཕྱོགས་ལ་དངོས་པོ་དངོས་པོ་གཞན་པ་བརྟེན་ཅིང་ལྟོས་པའི་དངོས་པོ་ལ་སྐད་ཅིག་ལ་སོགས་པའི་སྒྲར་བརྗོད་དེ། དེ་ལ། གལ་ཏེ་དུས་ནི་དངོས་བརྟེན་ན། །ཐ་སྙད་དུ་དེ་དངོས་པོར་བརྗོད་ན་ནི་དེ་འདོད་པ་ཉིད་དོ། །ཇི་སྟེ་དོན་དམ་པར་ན་ནི་དོན་དམ་དངོས་པོ་ཉིད་ཀྱང་མ་གྲགས་པས། དངོས་མེད་དུས་ནི་
ག་ལ་ཡོད། །དེ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་ཉམས་པ་མེད་དོ། །འདིར་སྨྲས་པ། དོན་དམ་པར་དུས་ནི་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་ཁོ་ན་ཡིན་ཏེ། རྟགས་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་རྟགས་མེད་དེ། དཔེར་ན་རི་བོང་གི་

རྭ་བཞིན་ནོ། །དུས་ལ་ནི་རྟགས་སྔ་མ་དང་ཕྱི་མ་དང་། ཅིག་ཅར་དང་། ཅིག་ཅར་མ་ཡིན་པ་དང་། ཡུན་ཐུན་རིང་པོ་དང་། མྱུར་བ་ཞེས་བྱ་བ་དག་ཡོད་པས་དེའི་ཕྱིར་དུས་ནི་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། དངོས་པོ་འགའ་ཡང་ཡོད་མིན་ན། །ཡང་
ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །ཐ་སྙད་དུ་ནི་འདུ་བྱེད་ཀྱི་རྒྱུན་ཐ་དད་པ་ལ་ལྟོས་ནས་སྔ་མ་དང་། ཕྱི་མ་ཞེས་བྱ་བར་ཤེས་པ་དེ་སྐྱེ་ཞིང་། འདུ་བྱེད་ཀྱི་སྐད་ཅིག་ཐ་མི་དད་པ་ཉེ་བར་གྱུར་པ་ལས་ཅིག་ཅར་ཞེས་བྱ་
བ་དང་། དེ་ལས་བཟློག་པས་ལས་ཅིག་ཅར་མ་ཡིན་པ་ཞེས་བྱ་བ་དང་། འདུ་བྱེད་ཀྱི་རྒྱུན་མང་པོ་འཇུག་པ་ལས་ཡུན་རིང་པོ་ཞེས་བྱ་བ་དང་། འདུ་བྱེད་ཀྱི་རྒྱུན་ཉུང་ངུ་འཇུག་པ་ལས་མྱུར་བ་ཞེས་བྱ་བར་ཤེས་པ་སྐྱེ་སྟེ། དེའི་ཕྱིར་སྔ་མ་ལ་སོགས་པར་ཤེས་པ་ནི་འདུ་བྱེད་ཀྱི་ཆོས་ཡིན་པའི་ཕྱིར་གཏན་ཚིགས་
མེད་པས། དུས་ལྟ་ཡོད་པར་ག་ལ་འགྱུར། དེ་སྒྲུབ་པའི་གཏན་ཚིགས་བསྟན་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཅི་སྟེ་སྔ་མ་ལ་སོགས་པར་ཤེས་པ་འདུ་བྱེད་ཀྱི་ཆོས་ཡིན་གྱི། དུས་ཀྱི་ཆོས་མ་ཡིན་པ་ཞེས་བྱ་བ་དེ་ག་ལས་ཤེས་ཤེ་ན། དུས་རྟག་པ་དང་། གཅིག་པུར་སྟོན་པའི་རྗེས་
སུ་དཔག་པ་མེད་པ་ལས་ཏེ། ཐ་སྙད་དུ་ཡང་སྔ་མ་ལ་སོགས་པར་ཡང་ཤེས་པ་ནི་དུས་རྟག་པ་དང་། གཅིག་པུའི་རྒྱུ་མ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པར་ཤེས་པ་བཞིན་ནོ། །གལ་ཏེ་དུས་ནི་རྫས་སུ་ཡོད་པ་ཡིན་ཏེ། བཏགས་པར་ཡོད་པའི་ཕྱིར་རོ་ཞེ་ན། ཇི་ལྟ་བུ་
ཞེས་བརྗོད་པར་བྱའོ། །གལ་ཏེ་གཟུགས་ལ་སོགས་པ་བཞིན་ནོ་ཞེ་ན། དོན་དམ་པར་ཇི་སྐད་བསྟན་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་དངོས་པོ་གྲུབ་པ་མེད་པས། དངོས་མེད་དུས་ནི་ག་ལ་ཡོད། །གཟུགས་ཀྱི་མཚན་ཉིད་ཀྱི་དངོས་པོ་མེད་པའི་ཕྱིར་དཔེ་ཉིད་དུ་བཞག་པ་དག་གི་དངོས་པོ་མེད་ན། དུས་
ག་ལ་ཡོད་དེ། དཔེ་མ་བསྟན་པས་དུས་མི་འགྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་རྟ་དང་དམག་དང་ནགས་ཚལ་ལ་སོགས་པ་རྫས་སུ་ཡོད་པ་མ་ཡིན་པ་དག་ལ་ཡང་མེད་ཀྱང་ཡོད་དོ་ཞེས་བཏགས་པར་ཡོད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱང་ཡིན་ནོ། །གལ་ཏེ་ཤིང་རྟ་ལ་སོགས་པ་ཡན་ལག་ཅན་དག་རྫས་

ཉིད་དུ་བསྟན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། ཡན་ལག་ཅན་དག་རྫས་ཉིད་དུ་བསྟན་པའི་དགག་པ་སྔར་བཤད་ཟིན་པས་སྐྱོན་མེད་པ་མ་ཡིན་ནོ། །གང་དག་དུས་ནི་དངོས་པོ་ལ་བརྟེན་ནས་གདགས་པ་ཁོ་ན་ཡིན་ཏེ། ཡུད་ཙམ་ཞིག་འདུག་པར་གྱུར་ཏོ། །ཉིན་གཅིག་འདུག་གོ། །ཟླ་བ་གཅིག་འདུག་པར་
འགྱུར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་བ་དེ་དག་ལ་ཡང་། དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །ཞེས་བརྗོད་པར་བྱ་སྟེ། དེ་ལས་གཞན་པའི་དུས་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དུས་ཡོད་པར་སྨྲ་བ་དག་ན་རེ། དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། བརྗོད་པ་ཁྱད་
པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ནི་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡིན་པར་མ་མཐོང་སྟེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །དུས་ནི་སབ་མ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡིན་པར་མཐོང་བས་དེའི་ཕྱིར་དུས་ནི་ཡོད་
པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་བཟང་པོ་མ་ཡིན་ཏེ། བྱས་པ་ལ་སོགས་པའི་བརྗོད་པ་ཁྱད་པར་ཅན་འཇུག་པ་ནི། འདུ་བྱེད་ཀྱི་ཆོས་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དོན་འགལ་བ་ཉིད་ཀྱང་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ནི་ཀུན་རྫོབ་པ་ཉིད་
ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་དུས་མ་གྲུབ་པའི་ཕྱིར་དེ་གསལ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པ་དང་། རང་གི་སྒྲུབ་པ་ཁ་ན་མ་
ཐོ་བ་མེད་པ་བསྟན་པ་དག་གིས་སྟོང་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། འཕགས་པ་ལག་བཟངས་ཀྱིས་ཞུས་པའི་མདོ་ལས། དེ་དུས་གསུམ་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་
བྱུང་བ་དག་རབ་ཏུ་ཤེས་ཏེ། དེ་ལ་འདུ་བྱེད་གང་དག་འདས་ཤིང་འགགས་པ་དེ་ནི་འདས་པའི་དུས་ཞེས་བྱའོ། །གང་དག་མ་འོངས་ཤིང་མ་བྱུང་བ་དེ་ནི་མ་འོངས་པའི་དུས་ཞེས་བྱའོ། །གང་དག་ད་ལྟར་བྱུང་ཞིང་འཇུག་པ་དེ་ནི་ད་ལྟར་བྱུང་བའི་དུས་ཞེས་བྱའོ། །དེ་ལ་ད་ལྟར་གྱི་དུས་ཀྱི་ཕུང་པོ་དང་།

ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་མི་གནས་པ་དང་ངེས་པར་མི་གནས་པར་རབ་ཏུ་ཤེས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་ནི་སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་རོ། །སྐད་ཅིག་མ་གང་ཡིན་པ་དེ་ལ་ཡང་སྐྱེ་བའི་དུས་ཀྱང་གཞན་ལ་གནས་པའི་དུས་
ཀྱང་གཞན་འགག་པའི་དུས་ཀྱང་གཞན་ནོ། །སྐད་ཅིག་མ་དེ་ཡང་མི་གནས་པ་དང་། ངེས་པར་མི་གནས་པར་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཆོས་ཉིད་ཀྱི་ཡང་ཆོས་ཉིད་གང་ཡིན་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་
དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ནི། འདས་པ་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། དུས་
བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །།ད་ནི་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས། རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་པ་བརྩམ་མོ། །རབ་ཏུ་བྱེད་པ་འདས་མ་ཐག་པར་
དུས་མ་གྲུབ་པས་གཏན་ཚིགས་ཀྱི་སྐྱོན་བསྟན་པའི་ཕྱིར་དུས་གྲུབ་ན་སྐྱོན་མེད་པས། འདོད་པའི་དོན་འགྲུབ་པར་བསྟན་པའི་ཕྱིར་འདིར་སྨྲས་པ། དོན་དམ་པར་དུས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་ས་བོན་ལ་སོགས་པ་ཚོགས་པ་ཉིད་ཡོད་ཀྱང་།
དུས་ཚིགས་མེད་ན་མྱུ་གུ་འབྱུང་བར་མི་འགྱུར་གྱི་ཡོད་ན་འགྱུར་ལ། གང་ཡོད་པ་མ་ཡིན་པ་དེ་ནི་འབྲས་བུ་འགྲུབ་པའི་རྒྱུ་ཉིད་ཡིན་པར་མ་མཐོང་བས། དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །དེ་ལ་རེ་ཞིག་གང་དག་གི་གྲུབ་པའི་མཐའ་ལ་རྒྱུ་དང་། རྐྱེན་
རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་ཡོད་པར་འདོད་པ་དེ་དག་གི་ཕྱིར་འདི་བཤད་དེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཕ་རོལ་པོའི་ཚུལ་གྱི་འབྲས་བུའོ། །དེ་ཡང་དེ་ལ་ཡོད་ན་འོ་ན་དེ་ལྟར་ན། ཚོགས་པ་ཉིད་ལ་འབྲས་བུ་ཡོད་ན་ནི། ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ།

སྐྱེ་བར་མི་འགྱུར་བ་ཉིད་དེ། དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡོད་ན་ནི་ཅིའི་ཕྱིར་སྐྱེ། འོན་ཏེ་སྐྱེ་ན་ནི་ཡོད་པ་ཞེས་བྱ་བ་མ་ཡིན་ཏེ། ཡོད་པ་ཞེས་བྱ་བ་དང་། སྐྱེའོ་ཞེས་བྱ་བ་དེ་དག་མི་མཐུན་པས་བཀག་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་གལ་ཏེ་ཡོད་
ན་དེ་སྐྱེ་བར་མི་འགྱུར་ཏེ། ཡོད་པ་ཉིད་དུ་རྗེས་སུ་དཔོག་པ་ཉིད་ཀྱིས་སྐྱེ་བ་མེད་པས་དེའི་སྐྱེ་བ་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པས། ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །སྐྱེ་བར་མི་འགྱུར་བ་ཉིད་དེ། ཇི་སྐད་བསྟན་པའི་སྐྱོན་
དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་གིས་གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པར་འདོད་པ་དེ་དག་གི་ཕྱིར་འདི་བཤད་དེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཕ་རོལ་པོའི་ཚུལ་གྱི་འབྲས་བུའོ། །དེ་ཡང་
ཁྱེད་དོན་དམ་པར་མེད་པར་སྟོན་པས། འོ་ན་དེ་ལྟར་ན། ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །སྐྱེ་བར་མི་འགྱུར་བ་ཉིད་དེ། མེད་པ་ཉིད་དུ་རྗེས་སུ་དཔོག་པ་ཉིད་ཀྱིས་སྐྱེ་བ་མེད་པས། དེའི་སྐྱེ་བ་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་ལས་ཟློག་པའི་སྐྱོན་
ཡོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གང་དག་གིས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་ཡོད་པར་དམ་བཅས་པ་དེ་དག་གི་ཕྱིར་ཡང་བཤད་པ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཡོད་པའི་ཕྱིར་སྐྱེས་པ་བཞིན་
དུའོ། །ཚོགས་པ་འདི་ལ་གཟུང་དུ་མེད། །ཡིད་བཏུད་པས་ཀྱང་ངོ་། །དེ་ལྟར་ན་འདིས་ནི་ཚོགས་པ་ཉིད་ལ་འབྲས་བུའི་ཆོས་གཟུང་དུ་མེད་པ་ཉིད་ཡིན་པ་བསྟན་ཏོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་
བར་བྱ་སྟེ། དེ་ལ་གཟུང་དུ་མེད་པའི་ཕྱིར་རོ། །གང་ལ་གང་གཟུང་དུ་མེད་པ་དེ་ལ་དེ་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལས་སྣམ་བུ་བཞིན་ནོ། །ཚོགས་པ་ཉིད་ལ་མྱུ་གུ་ཡང་དེ་བཞིན་པས་དེའི་ཕྱིར་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་ན་ཡིན་པར་གཟུང་

བར་བྱའོ། །འདིར་གྲངས་ཅན་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། ཧ་ཅང་རིང་བ་དང་། ཧ་ཅང་ཉེ་བ་དང་། དབང་པོ་ཉམས་པ་དང་། ཡིད་ངེས་པར་མི་གནས་པ་དང་། ཆ་ཕྲ་བ་དང་། བསྒྲིབས་པ་དང་། ཟིལ་གྱིས་ནོན་པ་དང་། འདྲ་བ་འདྲེས་པ་ཞེས་བྱ་བ་གཟུང་
བའི་གགས་སུ་གྱུར་པ་དག་ཡོད་ན། དངོས་པོ་ཡོད་པ་རྣམས་ཀྱང་གཟུང་དུ་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་ཡོད་དོ། །གྲངས་ཅན་དག་ལས་གཞན་དག་སྐྱོན་གཞན་འདི་སྐད་ཅེས་སྨྲ་སྟེ། གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གང་ཡིན། གལ་ཏེ་མངོན་སུམ་
གྱིས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་མ་ངེས་པ་ཉིད་དེ། དབང་པོའི་དེ་ཁོ་ན་དག་མངོན་སུམ་གྱིས་གཟུང་དུ་མེད་ཀྱང་ཡོད་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་རྗེས་སུ་དཔག་པ་ལས་རྒྱུ་ནི་འབྲས་བུས་མི་སྟོང་པར་གཟུང་བར་བྱ་སྟེ། ཚད་
ཡོད་པའི་ཕྱིར་རོ། །གང་ཚད་ཡོད་པ་དེ་ནི་དེས་མི་སྟོང་སྟེ། དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ། །དེ་བཞིན་དུ་རྒྱུ་ཡང་བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གསུམ་དང་། སྒྲ་ལ་སོགས་པ་ལྔ་དང་། གཅིག་ལ་སོགས་པའི་རྒྱུའི་ཚད་ཀྱི་ཚད་ཡོད་པས་དེའི་ཕྱིར་རྒྱུ་ནི་ཚད་ཡོད་པའི་ཕྱིར་འབྲས་བུས་
མི་སྟོང་པའི་ཕྱིར་རོ། །མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དེ། མངོན་སུམ་གྱིས་གཟུང་བ་མ་ཡིན་པའི་དངོས་པོ་ཡང་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པའི་ཕྱིར་རོ། །
རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་རྟོགས་ན་ཡང་། དེ་ཉིད་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ། །འདིར་གཟུང་དུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་གཟུང་བའི་ཕྱིར། ཐ་སྙད་དུ་ཡང་ཧ་ཅང་ཐག་རིང་པོ་ན་གནས་པ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་མ་ཡིན་
ནོ། །དོན་དམ་པར་ནི་ཧ་ཅང་ཐག་རིང་པོ་ན་གནས་པ་ལ་སོགས་པའི་དངོས་པོ་དག་མ་གྲུབ་པའི་ཕྱིར་རོ། །བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གི་མཚན་ཉིད་ལ་སོགས་པ་རང་བཞིན་པའི་ཚད་དག་ཀྱང་མ་གྲུབ་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཚད་ཀྱི་གཏན་ཚིགས་

སྤྱིར་བརྗོད་ན་ནི་རྗེས་སུ་འགྲོ་བ་མེད་དེ། འབྲས་བུ་ཡང་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་དུ་ཡང་གང་ཞིག་གང་གིས་མི་སྟོང་པ་དེ་ལས་དེ་འབྱུང་བར་མི་འགྱུར་ཏེ། དེས་མི་སྟོང་པའི་ཕྱིར་དཔེར་ན་དབྱུ་གུ་གསུམ་ལས་དབྱུ་གུ་གསུམ་གྱི་བདག་ཉིད་བཞིན་པས་ཐ་སྙད་དུ་ཡང་རྒྱུ་ལས་འབྲས་བུ་སྔ་ན་ཡོད་
པ་སྐྱེ་བར་དམ་འཆའ་ན་རྗེས་སུ་དཔག་པས་གནོད་པར་འགྱུར་རོ། །མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཀྱི་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དེ་ཞེས་གོང་དུ་གཏན་ཚིགས་ཀྱི་སྦྱོར་བ་བྱས་པ་
དེར་ཡང་། མ་ངེས་པ་ཉིད་མ་ཡིན་ཏེ། ཇི་སྐད་བསྟན་པའི་ཚུལ་གྱིས་རྗེས་སུ་དཔག་པ་ལས་དེ་ཡོད་པ་ཉིད་དུ་བསྟན་པར་མི་ནུས་པའི་ཕྱིར་དང་། འབྲས་བུ་སྔ་ན་ཡོད་པའི་སྐྱེ་བ་དགག་པ་བསྟན་པའི་ཚུལ་གྱིས་སོ། །རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་
Luận tạng Tây Tạng (Tengyur) — Tập 97 | Tra cứu Kinh điển | Tàng Kinh Việt