Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 91

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
སྣ་ཚོགས་ཀྱིས་གང་བའི་དཔེ་བསྟན་པ་ནི་ཞིང་པ་འབྲུའི་རྒྱུས་ལ་མཁས་པ། འབྲུ་སྣ་

ཚོགས་ལ་མངོན་དུ་ལྟ་ཞིང་། འབྲུའི་བྱེ་བྲག་ཕྱེད་པ་དེ་བཞིན་དུ། བསམ་གཏན་པ་ལུས་མི་གཙང་བར་བསྒོམ་པ་ཡང་ལུས་མི་གཙང་བ་སྣ་ཚོགས་ཀྱིས་གང་བ་མངོན་སུམ་དུ་གྱུར་པར་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ན་ཡོད་པའི་གཟུགས་སྣ་ཚོགས་དུར་ཁྲོད་དུ་བོར་བ་རོའི་མལ་དུ་བསྙལ་བ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་ལུས་ལ་དམིགས་པའི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་
པ་བསྟན་པ་སྟེ། ཕྱིའི་ལུས་དུར་ཁྲོད་ན་འདུག་པ་གསར་རྙིང་མི་སྡུག་པ་གསར་རྙིང་སྣ་ཚོགས་དང་ལྡན་པ་མཐོང་ནས་བདག་གི་ལུས་ཀྱང་དེ་ལྟ་བུའི་རང་བཞིན་ཅན་ཡིན་པར་བརྟགས་ནས་ལུས་ལ་མ་ཆགས་པར་བྱ་བ་ལ་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མཇུག་བསྡུས་ནས་བསྟན་
པ་སྟེ། ནང་དང་ཕྱི་དང་ཕྱི་ནང་གི་ལུས་ནི་སྔར་བཤད་པ་བཞིན་ནོ། །ནང་གི་ཚོར་བ་ལ་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་
བསྒོམས་པ་བསྟན་པ་སྟེ། དེ་དག་གི་དོན་ཀྱང་སྔ་མ་བཞིན་ནོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་འདི་ཡང་བྱང་ཆུབ་
སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་པར་བྱས་ནས་དེ་མི་དམིགས་པའི་ཚུལ་གྱིས་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་

པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཡང་དག་པར་སྤོང་བ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྤོང་བ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བརྩོན་འགྲུས་ཀྱིས་སྡིག་པ་མི་
དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། སྐྱེས་པ་རྣམས་སྤངས་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འཕེལ་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པ་ལ་ཡང་དག་པར་སྤོང་བ་ཞེས་
བྱའོ། །དེ་ལ་བརྩོན་འགྲུས་ལ་ཡང་རྣམ་པ་བཞི་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་མི་སྐྱོ་བའི་བརྩོན་འགྲུས་དང་། ཐབས་ཀྱི་བརྩོན་འགྲུས་སོ། །དེ་ལ་མོས་པ་བསྐྱེད་ཅིང་ཞེས་བྱ་བ་ནི་དང་པོ་འདི་ལྟར་བྱའོ་ཞེས་སེམས་མོས་ཤིང་འདུན་པ་བསྐྱེད་པ་
སྟེ། གོ་ཆའི་བརྩོན་འགྲུས་སོ། །རྩོལ་ལོ་ཞེས་བྱ་བ་ནི་དེ་ལྟར་གོ་ཆ་བགོས་པའི་བརྩོན་འགྲུས་དང་མཐུན་པར་སྡིག་པའི་ཆོས་སྤང་བ་དང་། དགེ་བའི་ཆོས་སྐྱེད་པ་ལ་སྦྱོར་བས་སྦྱོར་བའི་བརྩོན་འགྲུས་ཞེས་བྱའོ། །བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་ནི་མི་སྐྱོ་བའི་བརྩོན་འགྲུས་ཏེ།
བྱ་དཀའ་ཞིང་ཚེགས་ཆེ་བ་བྱུང་དུ་ཟིན་ཀྱང་སེམས་མི་སྐྱོ་བའི་བརྩོན་འགྲུས་རྩོམ་པས་ན་མི་སྐྱོ་བའི་བརྩོན་འགྲུས་ཞེས་བྱའོ། །སེམས་ཀྱི་མཐུ་སྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་ཏེ་ཞེས་བྱ་བ་ནི་ཐབས་ཀྱི་བརྩོན་འགྲུས་ཏེ། བསམ་གཏན་དང་ཏིང་ངེ་འཛིན་སྒོམ་
པའི་ཚེ་སེམས་བྱིང་བར་གྱུར་ན་ཐབས་ཀྱིས་སེམས་ཀྱི་མཐུ་སྐྱེད་ཅིང་གསལ་བར་བྱེད་པ་དང་། སེམས་རྒོད་པར་གྱུར་ན་ཐབས་ཀྱིས་སེམས་རྩེ་གཅིག་ཏུ་འཇོག་པ་ལ་ཐབས་ཀྱི་བརྩོན་འགྲུས་ཞེས་བྱའོ། །ཡང་དག་པར་སྨོན་ལམ་འདེབས་ཞེས་བྱ་བ་ནི་སྐབས་འདིར་སེམས་
ལེགས་པར་འཇོག་ཅིང་མི་གཡེངས་པར་འཛིན་པ་ལ་བྱའོ། །ཐེག་པ་ཆེན་པོའི་དོན་ནི་སྔར་བཤད་པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་

པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་རྣམས་ཐོབ་པར་བྱེད་པའི་རྒྱུའམ། གཞིའམ་རྟེན་ཡིན་པའི་ཕྱིར་ཏིང་ངེ་འཛིན་རྣམ་པ་བཞི་
ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་རྣམ་པ་བཞི་ནི་མོས་པ་དང་སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་མོས་པའི་ཏིང་ངེ་འཛིན་ནི་དགེ་བའི་ཆོས་སྒོམ་པ་ལ་མོས་པ་ཆེར་སྐྱེས་ནས་མོས་པའི་དབང་གིས་སེམས་
མཉམ་པར་གཞག་ཅིང་རྩེ་གཅིག་ཏུ་གྱུར་པ་ལ་མོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །སྤོང་བའི་འདུ་ཤེས་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟར་ཏིང་ངེ་འཛིན་བསྒོམས་པའི་མཐུས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདུན་པ་དང་། བརྩོན་
འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་དང་བརྒྱད་དེ། ཆོས་འདི་བརྒྱད་ཀྱིས་ཉོན་མོངས་པ་སྤོང་བར་བྱེད་པའི་ཕྱིར་སྤོང་བའི་འདུ་བྱེད་ཅེས་བྱའོ། །དེ་ལ་འདུན་པ་ནི་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་འདོད་པའོ། །བརྩོན་འགྲུས་ནི་མི་དགེ་བའི་ཆོས་ཐམས་ཅད་ངེས་པར་སེལ་བར་རྩོལ་ཞིང་འབད་པའོ། །དད་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་
དང་། ས་བཅུ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཐོབ་པར་འདོད་པའོ། །ཤིན་ཏུ་སྦྱངས་པའི་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། ལུས་དང་སེམས་ལས་སུ་རུང་བའོ། །དྲན་པ་ནི་བསམ་གཏན་དང་
ཏིང་ངེ་འཛིན་ལ་སེམས་མ་རྨོངས་པའོ། །ཤེས་བཞིན་ནི་ཤེས་རབ་ཀྱི་དབང་གིས་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་མི་འབྱུང་བར་བག་བྱེད་པའོ། །སེམས་པ་ནི་སེམས་ཡོངས་སུ་སྦྱོང་བའི་མཚན་ཉིད་སེམས་མངོན་པར་འདུ་བྱེད་པའོ། །བཏང་སྙོམས་ནི་སེམས་བྱིང་བ་

དང་། རྒོད་པ་མེད་ཅིང་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། ཆོས་དེ་བརྒྱད་དང་ལྡན་ན་ཉོན་མོངས་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་སྤོང་བར་བྱེད་པའི་ཕྱིར་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱའོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་མོས་པའི་
ཏིང་ངེ་འཛིན་དེ་ཕྱི་དང་ནང་གི་འདུ་འཛི་དང་བྲལ་བར་གནས་པ་ལ་བྱའོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་བྲལ་བ་ལ་གནས་པའོ། །འགོག་པ་ལ་གནས་པ་ཞེས་བྱ་བ་ནི་སྡུག་བསྔལ་རྣམས་འགོག་པར་གྱུར་
པའོ། །རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡོངས་སུ་སྤངས་པར་གྱུར་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་མི་དགེ་བའི་ཆོས་སྤོང་བ་ལ་བརྩོན་པ་དང་། དགེ་བའི་ཆོས་སྤེལ་བ་ལ་བརྩོན་པའི་བརྩོན་འགྲུས་ལྷུར་
བླངས་པའི་དབང་གིས་སེམས་མཉམ་པར་གཞག་ཅིང་རྩེ་གཅིག་ཏུ་གྱུར་པའོ། །སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་སེམས་སྦྱོང་བ་ལྷུར་བླངས་ནས་མཉམ་པར་འཇོག་ཅིང་སེམས་རྩེ་གཅིག་ཏུ་གྱུར་ཏོ། །དཔྱོད་པའི་ཏིང་
ངེ་འཛིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་དཔྱད་པ་ལྷུར་བླངས་ནས་མཉམ་པར་གཞག་ཅིང་སེམས་རྩེ་གཅིག་ཏུ་གྱུར་པ་ལ་བྱ་སྟེ། སྤོང་བའི་འདུ་བྱེད་དང་ལྡན་པ་དང་། དབེན་པ་ལ་གནས་པ་ལ་སོགས་པ་ནི་གོང་དུ་བཤད་
པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དབང་པོ་ལྔ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་
འཛིན་དང་། ཤེས་རབ་དང་ཆོས་འདི་ལྔ་དང་ལྡན་པའི་དབང་གིས་འཇིག་རྟེན་ལས་འདས་པའི་ཆོས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་། ས་དང་པོ་ལ་སོགས་པ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དབང་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སྟོབས་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སྟོབས་ལྔ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དད་པ་ལ་སོགས་པའི་དབང་པོ་ལྔ་པོ་དེ་དག་ཉིད་ཡང་དང་ཡང་དུ་བསྒོམས་པའི་མཐུས་བརྟན་ཞིང་མཐུ་དང་
ལྡན་པར་གྱུར་པ་ན་ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མི་ཚུགས་ཤིང་ཟིལ་གྱིས་མི་ནོན་པའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །དབང་པོ་ལྔ་དང་སྟོབས་ལྔ་པོ་དེ་དག་བསྒོམས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་དང་ལྡན་པར་
འགྱུར་ཏེ། བཞི་གང་ཞེ་ན་དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ། །དེ་ལ་དྲོ་བར་གྱུར་པ་དང་། རྩེ་མོར་གྱུར་པའི་ཚེ་ན་དད་པ་ལ་སོགས་པ་ལ་དབང་པོ་ལྔ་ཞེས་བྱའོ། །བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་དང་ལྡན་པའི་ཚེ་
ནི་སྟོབས་ལྔ་ཞེས་བྱའོ། །དེ་ལ་ངེས་པར་འབྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ངེས་པར་རྟོགས་ཤིང་བྱེ་བྲག་ཕྱེད་པས་ན་ངེས་པར་འབྱེད་པ་ཞེས་བྱའོ། །དབང་པོ་ལྔ་དང་སྟོབས་ལྔ་བསྒོམས་ཏེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་།
བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་དང་ལྡན་པར་གྱུར་ན་ངེས་པར་འབྱེད་པ་ཞེས་བྱ་བ་ས་དང་པོའི་ཆ་དང་མཐུན་ཞིང་། ས་དང་པོ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་བྱའོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་བྱང་ཆུབ་ཅེས་བྱ་བ་ནི་ས་དང་པོ་ལ་བྱང་ཆུབ་ཀྱི་རང་བཞིན་ཆོས་
ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པ་ལ་བྱའོ། །དྲན་པ་ལ་སོགས་པ་ཆོས་བདུན་པོ་འདི་དག་བྱང་ཆུབ་ཀྱི་རང་བཞིན་དེ་རྟོགས་པར་བྱ་བའི་གྲོགས་སུ་གྱུར་པའམ། རྒྱུའམ་ཡན་ལག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་ཡང་དྲན་པ་དང་། ཆོས་རྣམ་

པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །དེ་ལ་དྲན་པ་ནི་དམིགས་པའི་དངོས་པོ་མ་བརྗེད་ཅིང་སེམས་གསལ་བའོ། །བརྩོན་འགྲུས་ནི་ཆོས་
ཀྱི་དབྱིངས་ཉིད་རྟོགས་པར་བྱ་བ་ལ་སེམས་སྤྲོ་ཞིང་སྒྲིམ་པ་དང་། ལྷོད་པར་མ་གྱུར་པའོ། །དགའ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྔོན་མ་མཐོང་ཞིང་ཉམས་སུ་མ་མྱོང་བ། ས་དང་པོ་ཐོབ་པའི་ཚེ་མཐོང་ཞིང་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་བ་ལ་བྱའོ། །ཤིན་ཏུ་
སྦྱངས་པ་ནི་དེ་ལྟར་ཆོས་ཀྱི་དབྱིངས་རྟོགས་ཤིང་། ཆོས་ཀྱི་དགའ་བའི་ཉམས་སུ་མྱོང་བའི་ཚེ་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་བསམ་གཏན་ལ་ལས་སུ་རུང་བའོ། །ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་སུ་སེམས་རྩེ་གཅིག་ཏུ་གནས་པའོ། །བཏང་སྙོམས་ནི་མི་མཐུན་པའི་ཕྱོགས་
ཀྱིས་ཟིལ་གྱིས་མི་ནོན་པར་ཆོས་ཀྱི་དབྱིངས་རྟོགས་པ་ལ་སེམས་ལྷུན་གྱིས་གྲུབ་པ་སྟེ། ཆོས་བདུན་པོ་དེ་དག་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་རང་བཞིན་དེ་རྟོགས་པར་བྱ་བའི་ཡན་ལག་ཡང་དག་པ་ཡིན་པའི་ཕྱིར་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དབེན་པ་ལ་གནས་པ་
དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་ནི། རྫུ་འཕྲུལ་གྱི་རྐང་པའི་སྐབས་སུ་བཤད་པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་
ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། འཕགས་པ་ཉན་ཐོས་རྒྱུན་དུ་ཞུགས་པ་ཡན་ཆད་དང་། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་འཕགས་པ་
རྣམས་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་ཕྲ་མོ་རྣམས་སྤང་བར་བྱ་བ་དང་། རྣམ་པར་གྲོལ་བའི་ས་ཐོབ་པར་བྱ་བའི་ཕྱིར་ཡང་དག་པའི་ལྟ་བ་ལ་སོགས་པ་འདི་བརྒྱད་བསྒོམ་སྟེ། འདི་རྣམས་བསྒོམས་པས་ཉོན་མོངས་པ་ཕྲ་མོ་རྣམས་སྤངས་ཤིང་

རྣམ་པར་གྲོལ་བའི་འབྲས་བུ་འཐོབ་པའི་རྒྱུའམ། ལམ་ཡིན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་འཇིག་རྟེན་པའི་ལོག་པར་ལྟ་བ་སྤངས་ནས། ཤེས་རབ་ཀྱི་མིག་གིས་ཆོས་ཀྱི་དབྱིངས་
ཕྱིན་ཅི་མ་ལོག་པར་མཐོང་བའོ། །ཡང་དག་པའི་རྟོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་གཏན་ལ་འབེབས་པའོ། །ཡང་དག་པའི་ངག་ནི་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུས་བརྫུན་དུ་སྨྲ་བ་ལ་སོགས་པ་ལོག་པའི་ཚིག་རྣམས་མི་འབྱུང་ཞིང་ཆོས་ཉིད་
དང་མི་འགལ་བའི་ཚིག་གིས་གཞན་ལ་ཆོས་སྟོན་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་ལ་སྐྱོན་མེད་པས་མི་བྱ་བའི་ལས་རྣམས་མི་བྱེད་པའོ། །ཡང་དག་པའི་འཚོ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཙམ་སྒྱུ་ལ་སོགས་པ་ལོག་པས་འཚོ་བ་མེད་པའོ། །ཡང་
དག་པའི་རྩོལ་བའི་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་དང་དེའི་གཉེན་པོ་སྒོམ་པ་ལ་བརྩོན་པའོ། །ཡང་དག་པའི་དྲན་པ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉེ་བའི་ཉོན་མོངས་པ་བྱིང་བ་དང་། རྒོད་པ་གཉིས་ཀྱི་དབང་དུ་མི་འགྱུར་བར་
དྲན་པ་ཉེ་བར་འཇོག་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཉིད་ལ་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་འཇོག་པ་དེའི་དབང་གིས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་འཐོབ་པར་བྱེད་པའོ། །དབེན་པ་ལ་གནས་པ་དང་། འདོད་ཆགས་
དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤང་བས་ཡོངས་སུ་གྲུབ་པ་རྣམས་ནི་སྔ་མ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཏིང་ངེ་འཛིན་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་
ཐར་པའི་སྒོ་གསུམ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ལ་ཏིང་ངེ་འཛིན་གསུམ་ཞེས་ཀྱང་བྱ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་བསྒོམས་ན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་

ལས་གྲོལ་ཞིང་ཐར་པའི་མཚན་ཉིད་མྱ་ངན་ལས་འདས་པར་འཇུག་པའི་སྒོར་འགྱུར་བའི་ཕྱིར་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་པའི་ཚེ་སེམས་གནས་པ་དེ་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་
སྒོ་སྟེ་ཞེས་བྱ་བ་ནི་བྱིས་པ་སོ་སོ་སྐྱེ་བོའི་སྤྱོད་ཡུལ་དུ་གྱུར་པ་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བ། ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་དུ་མེད་ཅིང་སྟོང་པའི་རང་བཞིན་དུ་རྟོགས་ཤིང་སྒོམ་པའི་ཚེ། སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་
ཞེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་ཚེ་སེམས་གནས་པ་དེ་ནི་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ་ཞེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་ཀུན་བརྟགས་པའི་
ཆོས་རྣམས་ལ་མཚན་མར་མི་འཛིན་ཅིང་། རྣམ་པར་མི་རྟོག་པར་གྱུར་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་དོ་ཞེས་མངོན་པར་འདུ་མི་བྱེད་པའི་ཚེ།
སེམས་གནས་པ་དེ་ནི་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་དང་། མཚན་མ་མེད་པར་རྟོགས་པས་ཅི་ལ་ཡང་མ་ཆགས་ཤིང་མི་སྨོན་ཏེ། ཚེ་ཕྱི་མ་ལ་ཁམས་གསུམ་དུ་སྐྱེ་ཞིང་ཁམས་གསུམ་
གྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཁམས་གསུམ་དུ་སྐྱེ་བའི་རྒྱུར་འགྱུར་བའི་ལས་ཉོན་མོངས་པ་དང་བཅས་པ་རྣམས་མངོན་པར་འདུ་མི་བྱེད་ཅིང་སེམས་རྩེ་གཅིག་ཏུ་གནས་པར་སྒོམ་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཡེ་ཤེས་བཅུ་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་བཅུ་གཅིག་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པའོ་ཞེས་བྱ་བ་

ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའི་རང་བཞིན་ཅན་དོན་དམ་པར་སྐྱེ་བ་མེད་པར་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན་ཀུན་འབྱུང་བ་སྤང་བར་ཤེས་པའོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བའི་རྒྱུ་
ལས་དང་ཉོན་མོངས་པ་རྣམས་རང་བཞིན་མེད་པར་རྟོགས་པས་ཕྱིས་མི་འབྱུང་བར་ཤེས་པ་ཉིད་ལ་ཀུན་འབྱུང་བ་སྤང་བར་ཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་
པར་འགྱུར་བའི་ཚེ་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་པ་ཤེས་པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ་ཞེས་བྱ་བ་ནི་འགོག་པ་མཐོང་བའི་རྒྱུར་གྱུར་པ་འཕགས་པའི་ལམ་ཡན་ལག་བརྒྱད་
པ་དོན་དམ་པར་དངོས་པོ་མེད་པར་ཤེས་པའོ། །ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་དང་ལམ་ཡིན་པར་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པའོ་ཞེས་བྱ་བ་ནི་ཉན་ཐོས་དགྲ་
བཅོམ་པའི་ས་དང་བྱང་ཆུབ་སེམས་དཔའ་ས་བརྒྱད་འཐོབ་པ་ཡན་ཆད་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཟད་པར་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མེད་པར་ཤེས་པའོ་ཞེས་བྱ་བ་ནི་འཕགས་པ་དགྲ་བཅོམ་
པ་དང་། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ་གནས་པ་དེ་དག་ཉིད་དེ་ལྟར་ཉོན་མོངས་པ་ཟད་པར་གྱུར་པས་ཕྱིས་ཉོན་མོངས་པའི་དབང་གིས་སྲིད་པ་ཕྱི་མ་མི་ལེན་པར་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་
པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའི་ཚེ་ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་ལས་སྣང་བ་ནི་སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེས་མངོན་སུམ་དུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན་ཞེས་བྱ་བ་

ནས་རྒ་ཤི་མི་རྟག་ཅེས་བྱ་བར་ཤེས་པའོ་ཞེས་བྱ་བའི་བར་དུ་ནི་རྗེས་སུ་རྟོགས་པ་ཤེས་པ་བསྟན་པ་སྟེ། རྗེས་སུ་དཔག་པའི་ཤེས་པས་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་
པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་རྣམས་མི་རྟོག་པར་ཤེས་པ་ལ་རྗེས་སུ་རྟོགས་པ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ཏུ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པའོ་ཞེས་བྱ་བ་ནི་ཤེས་པ་
གཞན་ཡང་ཀུན་རྫོབ་ཏུ་ཤེས་པ་ཡིན་མོད་ཀྱི། དོན་དམ་པར་དམིགས་སུ་མེད་པར་ཡང་ཤེས་པར་འགྱུར་བས། སོ་སོའི་དམིགས་པའི་ཡུལ་གང་ཡིན་པ་ལས་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ལ་སོགས་པ་མིང་གཞན་དུ་བཏགས་སོ། །གཞན་གྱི་སེམས་ཤེས་པ་
ནི་སེམས་ཅན་ཕ་རོལ་པོ་ཅི་སེམས་པ་ལ་དམིགས་ནས་འདོད་ཆགས་དང་ལྡན་པའམ། མི་ལྡན་པ་ལ་སོགས་པ་ཤེས་པ་སྟེ། གཅིག་ཁོ་ནར་ཀུན་བརྟགས་པའི་རང་བཞིན་ལ་དམིགས་པའི་ཕྱིར་ཀུན་རྫོབ་ཤེས་པ་ཞེས་བྱའོ། །དེ་ལ་འདྲིས་པ་ཤེས་པ་གང་
ཞེ་ན། གང་གིས་ལམ་ཤེས་པ་དང་། ཡོངས་སུ་བྱང་བ་ཤེས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འཕགས་པའི་ལམ་སྒོམ་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་ལ་སོགས་པ་སྒོམ་པའི་ཚེ། ཉན་ཐོས་ལྟར་མྱ་ངན་ལས་འདའ་བ་མངོན་སུམ་དུ་བྱ་བའི་
ཕྱིར་ནི་མི་སྒོམ་གྱི་སེམས་ཅན་གྱི་དོན་དུ་ཆོས་རྣམས་ལ་འདྲིས་ཤིང་ཡོངས་སུ་བྱང་བར་བྱ་བའི་ཕྱིར་སྒོམ་ཞིང་སྦྱོར་བ་ལ་འདྲིས་པ་ཤེས་པ་ཞེས་བྱའོ། །སྒྲ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ་ཞེས་
བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམ་པ་སྣ་ཚོགས་ཇི་ལྟ་བ་བཞིན་དུ་མཁྱེན་པ་ལ་སྒྲ་ཇི་བཞིན་ཤེས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་

གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དབང་པོ་གསུམ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དབང་པོ་གང་ཞེ་ན། སློབ་མའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་
དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་རྒྱུན་དུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ལ་སློབ་མའི་གང་ཟག་ཅེས་བྱ་སྟེ། གང་ཟག་དེ་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ས་དང་པོ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་
སློབ་ཅིང་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ས་དང་པོའི་ཆོས་ཉིད་དང་། ཡོན་ཏན་སྔོན་མི་ཤེས་པ་ལས་ཤེས་ཤིང་མངོན་སུམ་དུ་བྱ་བའི་ཕྱིར་སྒོམ་ཞིང་སྦྱོང་བ་ན་དད་པ་ལ་སོགས་པའི་དབང་པོ་ལྔ་རྣམས་ལ་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དབང་པོ་
ཞེས་བྱའོ། །ཡོངས་སུ་སྣང་བར་མ་གྱུར་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་ས་དང་པོ་ལ་འཇུག་པའི་ཚེ། གཟུང་བ་དང་འཛིན་པ་ལ་སོགས་པ་ཀུན་བརྟགས་པའི་ཆོས་རྣམས་དམིགས་ཤིང་སྣང་བར་མི་འགྱུར་བ་ལ་བྱའོ། །དེ་ལ་ཡོངས་སུ་ཤེས་པའི་དབང་
པོ་གང་ཞེ་ན། གང་ཟག་སློབ་པ་ཡོངས་སུ་ཤེས་པར་གྱུར་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ཡན་ཆད་དང་། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་དགྲ་བཅོམ་པའི་འབྲས་བུ་དང་། སངས་རྒྱས་
ཀྱི་ས་ཐོབ་པར་བྱ་བའི་ཕྱིར་སྒོམ་ཞིང་སྦྱོང་བས་ན་གང་ཟག་དེ་དག་ལ་ཡང་སློབ་པ་ཞེས་བྱའོ། །ཡོངས་སུ་ཤེས་པར་གྱུར་པ་ཞེས་བྱ་བ་ནི་འཕགས་པའི་ས་ཐོབ་ཅིང་ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་ས་དང་པོ་ཡན་ཆད་རྟོགས་པར་གྱུར་པ་ལ་བྱ་སྟེ། དེ་དག་གི་ས་ལ་སོགས་
པའི་དབང་པོ་ལྔ་ལ་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་གང་ཞེ་ན། གང་ཟག་མི་སློབ་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་

ལ་སོགས་པ་ནི་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་པར་བྱ་བ་དང་། ཐོབ་པར་བྱ་བའི་ཆོས་དང་། ཡོན་ཏན་ཐམས་
ཅད་ཡོངས་སུ་རྫོགས་པར་མཁྱེན་ཅིང་མཐར་ཕྱིན་པས་དེ་ཡན་ཆད་བསླབ་མི་དགོས་པའི་ཕྱིར་མི་སློབ་པ་ཞེས་བྱ་སྟེ། དེ་དག་གི་དད་པ་ལ་སོགས་པ་དབང་པོ་ལྔ་ལ་ཡོངས་སུ་ཤེས་པར་རྟོགས་པའི་དབང་པོ་ཞེས་བྱའོ། །འཕགས་པ་དེ་དག་ལ་སློབ་པ་
དང་། མི་སློབ་པའི་གང་ཟག་ཅེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱིས་གང་ཞིག་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། མི་དགེ་བའི་ཆོས་རྣམས་ཟག་ཅིང་བྱང་སྟེ། མེད་པར་འགྱུར་བའི་ཕྱིར་གང་ཟག་
ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཏིང་ངེ་འཛིན་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་
དང་། འགོག་པའི་སྙོམས་པར་འཇུག་པ་རྣམས་སེམས་ཀྱི་རྒྱུ་བ་རགས་པ་དང་། འབྲིང་དང་ཕྲ་མོའི་ཁྱད་པར་ལས་ཏིང་ངེ་འཛིན་གསུམ་དུ་བཏགས་ཏེ། དེ་ལ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་
རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་པའི་ཚེ། སེམས་ཀྱི་རྟོག་པ་དང་རྒྱུ་བ་རགས་པར་འབྱུང་བའི་ཕྱིར་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཞེས་བྱའོ། །འདོད་པས་དབེན་པ་དང་སྡིག་

ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་དང་། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་ལ་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་
གཉིས་པའི་བར་ཏེ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལས་འདས་ནས། བསམ་གཏན་གཉིས་པ་ལ་འཇུག་པའི་བར་ལ་བྱ་སྟེ། བསམ་གཏན་དེ་ལ་མཉམ་པར་གཞག་པའི་ཚེ། སེམས་ཀྱི་རྟོག་པ་རགས་པ་ནི་སྤངས། རྟོག་པ་ཕྲ་མོ་དཔྱོད་པ་ཙམ་ཞིག་ཡོད་པ་ལ་
རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་འགོག་པའི་སྙོམས་པར་འཇུག་པ་མན་ཆད་ལ་
རྟོག་པ་དང་དཔྱོད་པ་མེད་ཅིང་སེམས་ཀྱི་རྒྱུ་བ་ཕྲ་བར་འདྲ་བས་རྟོག་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གཅིག་ཏུ་བསྡུས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་རྣམས་འཇིག་རྟེན་པའི་ཡིན་དུ་ཟིན་གྱིས་ཀྱང་བྱང་
ཆུབ་སེམས་དཔའ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་མི་དམིགས་པའི་ཚུལ་གྱིས་བསྒོམས་ན་ཐེག་པ་ཆེན་པོར་འགྱུར་བའི་ཕྱིར་ཏིང་ངེ་འཛིན་གསུམ་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྗེས་སུ་དྲན་པ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་དྲན་པ་བཅུ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཀུན་རྫོབ་དང་། དོན་དམ་པའི་ཚུལ་དུ་རྗེས་སུ་དྲན་པ་སྟེ། དེ་ལ་ཀུན་རྫོབ་ཏུ་རྗེས་
སུ་དྲན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་རིག་པ་དང་ཞབས་སུ་ལྡན་ཞིང་སྐྱེས་བུ་འདུལ་བ་དང་། ཁ་ལོ་སྒྱུར་བ་ལ་སོགས་པའི་ཡོན་ཏན་རྣམས་རྗེས་སུ་དྲན་པར་བྱས་ནས་དེ་ལ་དད་ཅིང་གུས་པ་བསྐྱེད་པའོ། །

དོན་དམ་པར་རྗེས་སུ་དྲན་པ་ནི་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་དབྱིངས་ལ་བསམ་གཏན་དུ་བྱེད་ཅིང་སེམས་རྩེ་གཅིག་ཏུ་གནས་པའོ། །ཆོས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཆོས་ལ་རྣམ་པ་གཉིས་ཏེ། ལུང་གི་ཆོས་དང་། ཐོབ་པར་བྱ་བའི་ཆོས་སོ། །དེ་ལ་ལུང་གི་ཆོས་ནི་
ཞལ་ནས་གསུངས་པའི་མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱ་སྟེ། དེ་དག་གི་ཡོན་ཏན་དང་། དོན་རྗེས་སུ་དྲན་པའོ། །ཐོབ་པར་བྱ་བའི་ཆོས་ནི། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་། ས་བཅུ་དང་མི་འཇིགས་པ་བཞི་ལ་
སོགས་པ་ལས་འཕགས་པའི་ཡོན་ཏན་རྣམས་ཐོས་པར་བྱ་བའི་ཕྱིར་དེ་དག་གི་དོན་དང་ཡོན་ཏན་རྗེས་སུ་དྲན་ཞིང་གོམས་པར་བྱེད་པའོ། །དགེ་འདུན་རྗེས་སུ་དྲན་པ་ཞེས་བྱ་བ་ནི་དགེ་འདུན་ལ་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རྒྱུན་དུ་ཞུགས་
པ་ལ་སོགས་པ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་། སོ་སོའི་སྐྱེ་བོའི་དགེ་འདུན་ཏེ། དགེ་འདུན་དེ་དག་བསོད་ནམས་ཀྱི་ཞིང་ཡིན་པ་དང་། སྦྱིན་གནས་ཡིན་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་ཞུགས་པ་ཡིན་པ་དང་། ཚོགས་
ཤིང་འདུས་པའི་ནང་ན་མཆོག་ཡིན་པར་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན་པའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་ལ་སོགས་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱ་བའི་ཚུལ་ཁྲིམས་སོ། །
དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ཆོས་སྤྱོད་པ་ལས་ལྡོག་པའོ། །དགེ་བའི་ཆོས་ལ་སོགས་པའི་ཚུལ་ཁྲིམས་ནི་དམ་པའི་ཆོས་ཉན་པ་དང་། སེམས་པ་དང་སྒོམ་པ་ལ་སོགས་པ་ལ་འཇུག་པའོ། །སེམས་ཅན་གྱི་དོན་
བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་སྨིན་པར་བྱེད་པ་དང་། རྣམ་པར་མ་གྲོལ་བ་རྣམས་གྲོལ་བར་བྱེད་པ་སྟེ། དེ་ལྟ་བུའི་ཚུལ་ཁྲིམས་ནི་མཐོ་རིས་དང་། མྱ་ངན་ལས་འདའ་བ་འཐོབ་པའི་རྒྱུ་ཡིན་པར་ཡོན་ཏན་དུ་ལྟ་ཞིང་། རྗེས་སུ་དྲན་པར་བྱེད་པའོ། །

གཏོང་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་གཏོང་བ་ལ་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང་ཆོས་སྦྱིན་པའོ། །དེ་ལྟ་བུའི་སྦྱིན་པ་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུར་གྱུར་པ་
ཡིན་པར་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན་པར་བྱེད་པ་ལ་གཏོང་བ་རྗེས་སུ་དྲན་པ་ཞེས་བྱའོ། །ལྷ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་སྔོན་ལས་བཟང་པོ་སྤྱོད་སྤྱོད་པའི་འབྲས་བུ་ཡིན་པ་དང་། ལྷ་དེ་དག་དང་མཐུན་པར་སྤྱད་ཅིང་
མཉེས་པར་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འཐོབ་པར་འགྱུར་བའི་རྒྱུ་ཡིན་པར་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན་པའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་བསམ་གཏན་དང་ཏིང་ངེ་འཛིན་སྒོམ་པ་ལ་སེམས་མི་གཡེང་ཞིང་
ལས་སུ་རུང་བར་བྱ་བའི་ཕྱིར་དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པར་བྱ་བ་ལ་ཡོན་ཏན་དུ་ལྟ་བ་སྟེ། དབུགས་ཕྱི་ནང་དུ་རྒྱུ་བ་ནི་སྔར་བཤད་པ་བཞིན་ནོ། །སྐྱོ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འཁོར་བ་ལ་མ་ཆགས་ཤིང་སྐྱོ་བར་བྱ་བ་ལ་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན་པའོ། །
འཆི་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ལུས་མི་རྟག་པར་སེམས་ཤིང་། ལུས་དང་ལོངས་སྤྱོད་ལ་མ་ཆགས་པར་བྱ་བ་རྗེས་སུ་དྲན་པའོ། །ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ལུས་ཀྱི་མགོ་ནས་རྟིང་གི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་སེམས་ཀྱང་ལུས་
ལ་མ་ཆགས་པར་བྱེད་པ་རྗེས་སུ་དྲན་པའོ། །རྗེས་སུ་དྲན་པ་འདི་རྣམས་ཐེག་པ་ཆུང་ངུ་པ་ཡང་སྒོམ་མོད་ཀྱི། བྱང་ཆུབ་སེམས་དཔས་དོན་དམ་པར་མི་དམིགས་པར་ཐུགས་སུ་ཆུད་པར་བྱས་ནས་ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ། སེམས་ལ་དབང་དུ་
གྱུར་པར་བྱ་བའི་ཕྱིར་བསྒོམས་ན་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བསམ་གཏན་བཞི་དང་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་།

གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་
སྙོམས་པར་འཇུག་པ་བཞི་རྣམས་ཀྱི་མཚན་ཉིད་དང་། ཡོན་ཏན་ནི་གོ་ཆ་ཆེན་པོ་བགོས་པའི་སྐབས་སུ་སྔར་བཤད་ཟིན་ཏོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱི་གཟུགས་རྣམས་མཐོང་བ་འདི་རྣམ་པར་ཐར་པ་དང་པོའོ་ཞེས་བྱ་བ་ནི་བསམ་གཏན་པ་བདག་
གི་ལུས་ཀྱི་ཁ་དོག་ལ་སོགས་པ་ལ་ཆགས་པ་སྤང་བའི་གཉེན་པོར་བདག་གི་ལུས་ལ་ཀླད་པའི་རྒྱས་ནས་རྟིང་བའི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང་བའི་གཟུགས་ཅན་དུ་ལྟ་ཞིང་བསམ་གཏན་བྱེད་པ་ལ་གཟུགས་ཅན་ཞེས་བྱའོ། །གཟུགས་རྣམས་མཐོང་བ་ཞེས་བྱ་
བ་ནི་དེ་ལྟར་ནང་གི་གཟུགས་ལ་མི་གཙང་བར་ལྟ་བའི་ཏིང་ངེ་འཛིན་གྲུབ་པའི་འོག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་བམ་པ་དང་། རྣམ་པར་བསྔོས་པ་ལ་སོགས་པར་ལྟ་ཞིང་མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་གྲུབ་པ་ལ་གཟུགས་རྣམས་མཐོང་བ་ཞེས་བྱའོ། །ནང་
གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ་ཞེས་བྱ་བ་ནི་བསམ་གཏན་པ་ལ་ལ་བདག་གི་ལུས་ལ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་འདུ་ཤེས་པའི་བསམ་གཏན་མི་བྱེད་པར་ཕྱི་རོལ་གྱི་གཟུགས་རྣམས་
ལ་རྣམ་པར་དམ་པ་དང་། རྣམ་པར་བསྔོས་པ་ལ་སོགས་པར་འདུ་ཤེས་ཤིང་བསམ་གཏན་སྒོམ་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ་ཞེས་བྱ་བ་ནི་བསམ་གཏན་པ་ལ་ཕྱི་ནང་གི་གཟུགས་མི་སྡུག་པར་སྒོམ་བསྒོམས་པས་སེམས་སྤ་གོང་
ཞིང་ཞུམ་པར་གྱུར་པ་སེམས་རྩ་གསོ་ཞིང་གཟེངས་བསྟོད་པའི་ཕྱིར་གཟུགས་བཟང་པོ་ལ་དམིགས་པའམ་མི་སྡུག་པ་སྒོམ་བསྒོམས་པ་ལས་གཟུགས་བཟང་པོ་ལ་མོས་ཤིང་བལྟས་ནས་ཁ་དོག་ལ་སོགས་པ་ལ་ཆགས་ཤིང་སེམས་གཞན་དུ་འགྱུར་རམ་མི་འགྱུར་སད་

པའི་ཕྱིར་ཁ་དོག་བཟང་པོ་ལ་སོགས་པ་ལ་ལྟ་ཞིང་བསམ་གཏན་སྒོམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་སྔ་མ་བཞིན་ནོ། །འདུ་ཤེས་དང་ཚོར་བ་འགོག་པའོ་ཞེས་བྱ་བ་
ནི་འགོག་པའི་སྙོམས་པར་འཇུག་པ་ལ་བྱ་སྟེ། འཕགས་པ་ཉན་ཐོས་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པར་བྱ་བའི་ཕྱིར་འདུ་ཤེས་དང་ཚོར་བ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་
མི་འབྱུང་བར་བཀག་སྟེ། ལུས་དང་སེམས་མཉམ་པར་འཇོག་པ་ལ་བྱ་སྟེ། དེ་ལྟར་རྣམ་པར་ཐར་པ་དང་པོ་གསུམ་དང་། གཟུགས་མེད་པའི་སྙོམ་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་དང་། བརྒྱད་པོ་འདི་རྣམས་བསྒོམས་ན་མྱ་
ངན་ལས་འདས་པ་རྣམ་པར་ཐར་པའི་རང་བཞིན་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དམིགས་པ་དང་བཅས་པར་བསྒོམ། བྱང་ཆུབ་སེམས་དཔས་དེ་དག་མི་དམིགས་པའི་
ཚུལ་གྱིས་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་ལ་ཉེ་བར་བསྒྲུབས་ཤིང་གནས་ཞེས་བྱ་བ་ནི་རྫོགས་པར་བྱས་ཤིང་སྒོམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་
གང་ཞེ་ན་ཞེས་བྱ་བ་ནས། དེ་དག་གི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ་ཞེས་བྱ་བའི་བར་དུ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་སྦྱང་བའི་ཕྱིར་བསམ་
གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་དགུ་ལ་མཐར་གྱིས་གནས་ཤིང་རིམ་གྱིས་བསྒོམ་པ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་སྟེ། དེ་དག་གི་མཚན་ཉིད་དང་

ཐེག་པ་ཆེན་པོའི་དོན་ནི་སྔ་མ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐེག་པ་ཆེན་པོ་ཡིན་
པར་བསྟན་པ་སྟེ། གནས་དང་གནས་མ་ཡིན་པ་ལ་ཡང་གནས་དང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ལས་དགེ་བ་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་བདེ་བ་མྱོང་བར་འགྱུར་བ་ནི་གནས་ཡིན་ནོ། །ལས་དགེ་བ་སྤྱད་
པའི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་ནི་གནས་མ་ཡིན་ནོ། །ལས་མི་དགེ་བ་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་ནི་གནས་མ་ཡིན་ནོ། །ལས་མི་དགེ་བ་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་བདེ་བ་མྱོང་བར་
འགྱུར་བ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་མཐུན་ཞིང་རིགས་པ་དང་མི་མཐུན་ཞིང་མི་རིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པས་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་གནས་དང་གནས་མ་ཡིན་པ་
མཁྱེན་པའི་སྟོབས་ཞེས་བྱའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ལས་དང་། ལས་ཡོངས་སུ་ལེན་པའི་རྣམ་པར་སྨིན་པ་གནས་པ་དང་། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ལུས་
དང་ངག་དང་། ཡིད་ཀྱི་སྒོ་ནས་ལས་ལེགས་ཉེས་སྔོན་ཅི་བྱས་པ་དང་། ད་ལྟར་ཅི་བྱེད་པ་དང་། ཕྱིས་ཅི་བྱེད་པར་འགྱུར་བ་རྣམས་ཀྱང་མཁྱེན་ཅིང་ལས་དེ་དག་གི་རྣམ་པར་སྨིན་པ་ཅིར་འགྱུར་བ་ཡང་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ། ལས་ཀྱི་རྣམ་པར་
སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ་སྟེ། ལས་ཡོངས་སུ་ལེན་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ན་བདེ་ལ། ཕྱིས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ལེན་པའམ། ད་ལྟར་གྱི་དུས་ན་མི་བདེ་ལ་ཕྱིས་བདེ་བ་མྱོང་བར་འགྱུར་བ་ལེན་པ་ལ་སོགས་པ་མཁྱེན་པའོ། །

གནས་ཀྱི་རྣམ་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ལས་ས་ཕྱོགས་དང་། ཡུལ་གང་དུ་བྱས་པ་དང་། ས་ཕྱོགས་དང་ཡུལ་གང་དུ་རྣམ་པར་སྨིན་པར་འགྱུར་བ་ལ་གནས་ཀྱི་རྣམ་པ་ཞེས་བྱའོ། །རྒྱུའི་རྣམ་པ་ཞེས་བྱ་བ་ནི་ལས་བྱེད་
པའི་རྒྱུ་དགེ་བའི་རྩ་བ་དང་ལྡན་པའི་སེམས་སམ། མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ལ་རྒྱུའི་རྣམ་པ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་ཅན་ཏེ། འཇིག་རྟེན་གྱི་ཁམས་དུ་མ་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་
བ་ནི་འཇིག་རྟེན་མི་རྟག་པ་ལ་གནས་ཤིང་བརྟེན་པའི་ཕྱིར་སེམས་ཅན་ལ་འཇིག་རྟེན་ཞེས་བྱའོ། །ཁམས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་བསམ་པའམ། རང་བཞིན་ལ་བྱ་སྟེ་སེམས་ཅན་རྣམས་ཀྱི་བསམ་པའམ། རང་བཞིན་རྣམ་པ་མང་པོ་སྣ་ཚོགས་
བསམ་གྱིས་མི་ཁྱབ་པ་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པས་མི་མཁྱེན་པ་རྣམས་དེ་བཞིན་གཤེགས་པས་སོ་སོའི་བསམ་པ་དང་། བག་ལ་ཉལ་བ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དེ་དང་མཐུན་པར་ཆོས་སྟོན་པ་མཛད་པ་ལ་ཁམས་
སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་མོས་པ་སྣ་ཚོགས་པ་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དད་པ་དང་མོས་པ་རབ་དང་། འབྲིང་དང་། ཐ་མ་ཐ་
དད་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དེ་དང་མཐུན་པར་ཆོས་སྟོན་པ་མཛད་པ་ལ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང་། ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་
ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དབང་པོ་རྣོ་རྟུལ་རབ་འབྲིང་གསུམ་དང་། དད་པ་ལ་སོགས་པ་དབང་པོ་ལྔ་རྣམས་ཀྱི་ཤས་ཆེ་ཆུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དེ་དང་རྗེས་སུ་མཐུན་པར་ཆོས་སྟོན་པ་མཛད་པ་ནི་དབང་པོ་རབ་དང་ཐ་མ་མཁྱེན་པའི་སྟོབས་ཞེས་བྱའོ། །

ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་ཡང་དག་པར་ངེས་པ་དང་། ལོག་པར་ངེས་པ་དང་། མ་ངེས་པ་དང་ལྡན་པ་ལས་སོ་སོའི་རིགས་དང་མཐུན་པར་ལམ་ལ་འཇུག་ཅིང་འབྲས་བུ་ཐོབ་པར་འགྱུར་བ་ལ་ཀུན་ཏུ་འགྲོ་བའི་
ལམ་ཞེས་བྱ་སྟེ། དེ་ལ་ཡང་དག་པར་ངེས་པ་ནི་འཕགས་པའི་ལམ་ལ་འཇུག་པའི་རིགས་དང་ལྡན་པའོ། །ལོག་པར་ངེས་པ་ནི་འཇིག་རྟེན་པའི་ལྟ་བ་ལ་འཇུག་པའི་རིགས་དང་ལྡན་པའོ། །མ་ངེས་པ་ནི་གཅིག་ཏུ་ཆད་པ་མེད་དེ། གར་ཡང་དྲང་དུ་རུང་བ་སྟེ། དེ་ལྟ་
བུ་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་བྱའོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་
ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་དགོད་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་དང་། སྟོབས་ལྔ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་
དང་། བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་དང་། གཟུགས་ཅན་གྱི་གཟུགས་རྣམས་མཐོང་བ་ལ་སོགས་པ་རྣམ་པར་ཐར་པ་བརྒྱད་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གསུམ་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་བཞི་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་མཚན་ཉིད་དང་། ཡོན་ཏན་ཤེས་པ་དང་། དེ་དག་གི་ཉོན་མོངས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བསམ་གཏན་ལ་སོགས་པ་བསྒོམས་པའི་
འབྲས་བུ་འཁོར་བའི་ལོངས་སྤྱོད་ཐོབ་པར་བསྔོ་བ་དང་། བསམ་གཏན་ལ་སོགས་པའི་རོ་ལ་ཆགས་པ་དང་། དམིགས་པ་ཅན་དུ་ལྟ་བ་ལ་སོགས་པའི་སྐྱོན་ཤེས་པ་དང་། བསམ་གཏན་ལ་སོགས་པའི་རྣམ་པར་བྱང་བ་ལྷག་མཐོང་གིས་སེམས་ཅན་ཡོངས་སུ་སྨིན་པར་

བྱ་བའི་ཕྱིར་སྒོམ་པ་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང་། མི་དམིགས་པ་ཡིད་ལ་བྱེད་པ་རྣམས་ཀྱི་ཡོན་ཏན་རྣམས་སོ་སོར་བྱེ་བྲག་ཏུ་འབྱེད་ཅིང་རྣམ་པར་དགོད་པ་རྣམས་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་བསམ་གཏན་
དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་མཁྱེན་པའི་སྟོབས་ཞེས་བྱའོ། །དེ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་གཏན་
ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་དུ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་བསྟན་པ་སྟེ་རང་ལོག་ཏུ་ཟད་དོ། །ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་དང་སྐྱེ་བ་དག་ཀྱང་མཐོང་ངོ་ཞེས་བྱ་བ་ནས།
དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷའི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་ནི་ཚེ་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་བསྟན་པ་སྟེ། རང་ལོག་ཏུ་ཟད་དོ། །ཟག་པ་རྣམས་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཟག་
པ་མེད་པ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱ་སྟེ་ཉེ་བར་བསྒྲུབས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་བསྟན་པ་སྟེ། ཟག་པ་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཟག་པ་
མེད་པ་རང་གིས་མངོན་པར་ཤེས་པས་མངོན་དུ་བྱ་སྟེ། ཉེ་བར་བསྒྲུབས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཟག་པ་རྣམས་སྤངས་པས་སེམས་དང་ཤེས་རབ་རྣམ་པར་གྲོལ་བའི་མཚན་ཉིད་ཟག་པ་མེད་པ་མྱ་ངན་ལས་འདས་པའི་
དབྱིངས་ཐོབ་པར་བྱས་ནས་གནས་སོ་ཞེས་བྱ་བའི་དོན་ཏོ། །བདག་གི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པའི་རྗེས་ལས་བྱུང་བའི་ཡེ་ཤེས་ཀྱིས་ཕྱིན་ཆད་འཁོར་བར་མི་སྐྱེ་བར་ཤེས་པའོ། །བདག་གིས་ཚངས་པར་སྤྱོད་པ་

ནི་སྤྱད་དོ་ཞེས་བྱ་བ་ནི་ཚངས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་ཚུལ་ཁྲིམས་བསྲུངས་པ་ལ་སོགས་པ་མཐར་ཕྱིན་པར་བསྲུངས་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །བྱ་བ་བྱས་སོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་སོགས་པ་དོན་དུ་སྒྲུབ་
པ་རྣམས་བསྒྲུབས་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་འདི་ལྟ་བུ་གཞན་ནི་མེད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཕུང་པོ་འདི་ལྟ་བུ་ཕྱིས་ལེན་པར་མི་འགྱུར་རོ་ཞེས་བྱ་བར་རྗེས་སུ་དཔག་པ་ལས་བྱུང་བའི་ཡེ་ཤེས་ཀྱིས་མཁྱེན་པ་ལ་བྱ་སྟེ། མཁྱེན་པ་འདི་
རྣམས་ལ་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་ཟིལ་གྱིས་གནོན་པ་དང་། བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་
རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྟོབས་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་མི་འཇིགས་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མི་འཇིགས་པ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་
ལ་བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན་ཞེས་བྱ་བ་ནས། ཆོས་དང་ལྡན་པར་སུས་ཀྱང་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ལ་མི་འཇིགས་པ་བསྟན་པ་
སྟེ། དེ་བཞིན་གཤེགས་པས་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་འཇིག་རྟེན་ན་ཤེས་རབ་རྣོ་ཞིང་མཐུ་དང་རྫུ་འཕྲུལ་དུ་ལྡན་པ་རྣམས་ཀྱིས་མངོན་པར་
རྫོགས་པར་སངས་རྒྱས་སོ་ཞེས་རྒོལ་བ་འབྱུང་བར་དོགས་པ་མི་འབྱུང་ཞིང་བསྙེངས་པ་མི་མངའ་བ་མངོན་པར་རྫོགས་པའི་བྱང་ཆུབ་པ་ལ་མི་འཇིགས་པ་ཞེས་བྱའོ། །དམ་བཅས་ན་ཞེས་བྱ་བ་ནི་དེ་ལྟར་མངོན་པར་སངས་རྒྱས་པར་གྱུར་པ་ལ་བདག་སངས་རྒྱས་ཡིན་ནོ་

ཞེས་ཞལ་གྱིས་འཆེས་པ་ལ་བྱའོ། །ཆོས་དང་ལྡན་པར་རྒོལ་བ་ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་སོ་སོའི་ཆོས་དང་གཞུང་ལུགས་གང་ཡིན་པ་ལ་བརྟེན་ནས་ཆོས་དེ་དང་ལྡན་པར་རྒོལ་བའོ། །རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་དགེ་སྦྱོང་
དང་བྲམ་ཟེ་ལ་སོགས་པས་བརྒལ་བའི་དམིགས་སམ། སྐྱོན་ནམ་འགལ་བའི་རྒྱུའམ་མཚན་མ་ཙམ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདག་བདེ་བ་ཐོབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མི་དམིགས་པའི་ཡོན་ཏན་བསྟན་པ་སྟེ། བདེ་བ་ཐོབ་པ་ནི་སྐུའི་ཕྲིན་ལས་རྣམ་
པར་དག་པའི་ཕྱིར། སྐུ་བག་འཁུམས་པ་ལ་སོགས་པ་མི་མངའ་བའི་བདེ་བ་དང་ལྡན་པའོ། །བག་ཚ་བ་མེད་པ་འཐོབ་པ་དང་ཞེས་བྱ་བ་ནི་གསུང་གི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་ཚིག་གི་སྐྱོན་འབྱུང་བར་བག་ཚ་བ་མེད་པའོ། །མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དོ་ཞེས་བྱ་བ་ནི་
ཐུགས་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཐུགས་ཞུམ་པ་ལ་སོགས་པའི་སྐྱོན་མེད་པ་བསྟན་པའོ། །ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ་ཞེས་བྱ་བ་ནི་བདེ་བ་ཐོབ་པའི་འབྲས་བུ་བསྟན་པ་སྟེ། ཇི་ལྟར་གླང་ཁྱུ་མཆོག་ལྕེ་འབབ་པ་དང་། སེར་བ་ལ་སོགས་པས་མི་འཇིགས་པ་
བཞིན་བདེ་བ་ཐོས་པས་སྙེམས་པ་དང་བཅས་པར་བསྟན་པའོ། །འཁོར་གྱི་ནང་ན་སེང་གེའི་སྒྲ་སྒྲོག་གོ་ཞེས་བྱ་བ་ནི་བག་ཚ་བ་མེད་པ་ཐོབ་པའི་འབྲས་བུ་བསྟན་པ་སྟེ། གསུང་བ་ལ་སྐྱོན་ནི་མངའ་བས་ཇི་ལྟར་གཅན་གཟན་གྱི་རྒྱལ་པོ་སེང་གེའི་སྒྲ་ཐོས་པ་ཙམ་གྱིས་གཅན་གཟན་དང་། རི་དགས་
ཐམས་ཅད་སྤ་གོང་ཞིང་ཟིལ་གྱིས་ནོན་པ་བཞིན་དུ། བཅོམ་ལྡན་འདས་ཀྱི་གསུང་ཐོས་པ་ཙམ་གྱིས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས་ཅད་སྤ་གོང་ཞིང་ཟིལ་གྱིས་གནོན་པའི་སྒྲ་སྒྲོག་གོ་ཞེས་བྱ་བའི་དོན་ཏོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་འམ།
བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་ནི་མི་འཇིགས་པ་ཐོབ་པའི་འབྲས་བུ་བསྟན་པ་སྟེ། ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སུས་ཀྱང་

བསྐོར་བར་མི་ནུས་པ་བསྐོར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན་ཞེས་བྱ་བ་ནས་ཚངས་པའི་འཁོར་ལོ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བའི་བར་དུ་ཟག་པ་ཟད་པ་ལ་མི་འཇིགས་པ་བསྟན་པ་སྟེ། དེ་བཞིན་གཤེགས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་
པའི་ཟག་པ་རྣམས་བག་ཆགས་ཡན་ཆད་མ་ལུས་པར་སྤངས་ཏེ། ཟག་པར་བྱས་པ་ལ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པས་ཟག་པ་རྣམས་ཟད་པར་མ་གྱུར་ཏོ་ཞེས་རྒོལ་དུ་དོགས་པ་མི་འབྱུང་ཞིང་བསྙེངས་པ་མི་མངའ་བ་སྟེ། རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོགས་པའི་ཚིག་གི་དོན་གཞན་
ནི་སྔ་མ་བཞིན་ནོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་བརྟེན་ན། བར་ཆད་ཀྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ་ཞེས་བྱ་བ་ནས། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བར་བྱ་བའོ་ཞེས་བྱ་བའི་བར་དུ་ནི་བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་
པའི་མི་འཇིགས་པ་བསྟན་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མྱ་ངན་ལས་འདས་པའི་བར་དུ་གཅོད་པར་འགྱུར་རོ་ཞེས་བཤད་པ་ལ། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ཕས་རྒོལ་བ་རྣམས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཆོས་ལ་བརྟེན་ཀྱང་
བར་དུ་གཅོད་པར་མི་འགྱུར་རོ་ཞེས་རྒོལ་བ་དོགས་པ་མི་འབྱུང་ཞིང་བསྙེངས་པ་མི་མངའ་བ་བསྟན་པ་སྟེ། ཚིག་གཞན་ནི་སྔ་མ་བཞིན་ནོ། །གང་ཡང་བདག་གིས་འཕགས་པའི་ལམ་འབྱུང་བ་རྟོགས་པར་འགྱུར་བ་ཞེས་བྱ་བ་ནས། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་
ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་བསྟན་པ་སྟེ། དེ་བཞིན་གཤེགས་པས་འཕགས་པའི་ལམ་རྣམས་བསྟན་པ་དེ་དག་ལ་
ནན་ཏན་བྱས་ན། སྡུག་བསྔལ་ཟད་པར་གྱུར་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ལ། དགེ་སྦྱོང་ངམ་བྲམ་ཟེ་ལ་སོགས་པ་ཕས་རྒོལ་བ་རྣམས་འཕགས་པའི་ལམ་དེ་ལ་ནན་ཏན་བྱས་ཀྱང་སྡུག་བསྔལ་ཟད་ཅིང་མྱ་ངན་ལས་འདའ་བ་ཐོབ་པར་མི་འགྱུར་རོ་ཞེས་

རྒོལ་བར་དོགས་པ་མི་འབྱུང་ཞིང་བསྙེངས་པ་མི་མངའ་བ་བསྟན་པ་སྟེ། འཕགས་པའི་ལམ་འབྱུང་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་འཁོར་བ་ལས་ཐར་ཞིང་མྱ་ངན་ལས་འདའ་བར་འབྱུང་བར་འགྱུར་བའི་ཕྱིར་འབྱུང་བ་ཞེས་བྱའོ། །རྟོགས་པར་
འགྱུར་བ་ཞེས་བྱ་བ་ནི་འཕགས་པའི་ལམ་དེ་བསྒོམས་ན་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་ཞེས་བྱ་བ་ནི་འཕགས་པའི་ལམ་དེ་བསྒོམས་ན། ལམ་སྒོམ་པར་བྱེད་པའི་མིའི་སྡུག་བསྔལ་ཡང་དག་པར་
ཟད་པར་འབྱུང་བའི་ཕྱིར་ཚིག་གཞན་ནི་སྔ་མ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་
སྟེ། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྟན་པར་བྱ་བའི་དོན་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔས་སྒྲུབ་ཅིང་ཐོབ་པར་བྱ་བའི་དོན་རྣམ་པ་སྣ་ཚོགས་རྣམས་ཕྱིན་ཅི་
མ་ལོག་པར་མཁྱེན་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ལུང་གི་ཆོས་སུ་གཏོགས་པ་དེ་བཞིན་གཤེགས་པའི་གསུང་རབ་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་
ཞེས་བྱ་བ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་སྐད་རྣམ་པ་སྣ་ཚོགས་རྣམས་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ངེས་པའི་ཚིག་སྣ་ཚོགས་མཁྱེན་པ་དེ་ཉིད་
ཀྱིས་སེམས་ཅན་རྣམས་སོ་སོའི་བསམ་པ་དང་། བག་ལ་ཉལ་བ་དང་། མཐུན་པར་སྐད་སྣ་ཚོགས་ཀྱིས་ཚིག་དང་དོན་དུ་ལྡན་པར་ཆོས་སྟོན་པ་ལ་ཐོགས་པ་མེད་ཅིང་སྤོབས་པ་རྒྱུན་མི་འཆད་ལ། ཤེས་རབ་གསལ་བ་གཞན་གྱིས་ཟིལ་གྱིས་མི་ནོན་པ་མཁྱེན་པ་ལ།

སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐེག་པ་
ཆེན་པོ་ཡིན་པར་བསྟན་པ་སྟེ། གང་གིས་ནམ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གིས་ནམ་ལ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་།
བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་
འཁྲུལ་པ་མི་མངའོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་ནས་མཐའ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པ་བསྟན་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ་ཞེས་བྱ་བ་ནི་
སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་མཛད་པ་ལ་འཁྲུལ་པ་མི་མངའ་སྟེ། ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་སྔོན་གྱི་བག་ཆགས་མ་བྱང་བའི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་འཁྲུལ་པ་དང་མི་མཛེས་པ་འབྱུང་བ་དེ་ལྟ་བུ་མི་འབྱུང་བ་ལ་འཁྲུལ་པ་མི་མངའ་བ་
ཞེས་བྱའོ། །ཅ་ཅོ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ནགས་དགོན་པ་ན་ལམ་སྟོར་ནས་སྔོན་གྱི་བག་ཆགས་ཀྱི་དབང་གིས་ཀུ་ཅོའི་སྒྲ་ཆེན་པོ་འབྱིན་ཅིང་གཅིག་ལ་གཅིག་འབོད་པ་དེ་ལྟ་བུའི་ཅ་ཅོ་དེ་བཞིན་གཤེགས་པ་ལ་མི་མངའ་བའོ། །དགོངས་པ་
ཉམས་པ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ཆེད་དུ་མ་དགོངས་པ་བསྙེལ་ཞིང་དོན་བསྒྲུབ་པ་རྣམས་ལུས་ཏེ། མ་བྱས་པ་དང་དུས་ལས་ཡོལ་བ་ལ་སོགས་པ་འབྱུང་བ་དེ་ལྟ་བུའི་བསྙེལ་བ་དེ་བཞིན་གཤེགས་པ་ལ་མི་མངའོ། །འདུ་ཤེས་སྣ་ཚོགས་

མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཐ་དད་པར་ལྟ་བ་དང་། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་སོགས་པ་ལ་ཐ་དད་དུ་ལྟ་ཞིང་། འདུ་ཤེས་སྣ་ཚོགས་འབྱུང་བ་དེ་ལྟ་བུ་
དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་མཉམ་པ་ཉིད་དང་། ཆོས་མཉམ་པ་ཉིད་ཐུགས་སུ་ཆུད་པས་སེམས་ཅན་ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་དང་མི་ལྡན་པའམ། གནོད་པར་བྱེད་པའམ། ཕན་འདོགས་པ་
ལ་སོགས་ལ་འདུ་ཤེས་སྣ་ཚོགས་མི་འབྱུང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པའམ། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་སོགས་པ་ལ་ཐ་དད་དུ་གཟིགས་པ་མི་འབྱུང་བའི་ཕྱིར་འདུ་ཤེས་སྣ་ཚོགས་མི་མངའ་བ་ཞེས་བྱའོ། །ཐུགས་མཉམ་པར་མ་བཞག་
པ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དག་ནམ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ཉིད་ཀྱི་ཚེ་སེམས་མཉམ་པར་བཞག་པར་འགྱུར་གྱི་སྙོམས་པར་མ་ཞུགས་པའི་ཚེ་སེམས་མཉམ་པར་གཞག་པར་མི་འགྱུར་བ་དེ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་
ནི་སྙོམས་པར་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང་། དུས་ཐམས་ཅད་དུ་མཉམ་པར་བཞག་པ་ཉིད་ཡིན་པའི་ཕྱིར་ཐུགས་མཉམ་པར་མ་བཞག་པ་མི་མངའ་ཞེས་བྱའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་
རྣམས་ཤེས་རབ་ཀྱིས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་བ་དེ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་དོན་མཛད་པ་ལ། སེམས་ཅན་སྐལ་བ་ཡོད་པ་དང་། སྐལ་བ་མེད་པ་དང་། དུས་ལ་འབབ་པ་དང་། དུས་ལ་མི་འབབ་པ་
སོ་སོར་བརྟགས་ནས་སྐལ་བ་མེད་ཅིང་དུས་ལ་མི་འབབ་ན། གདོད་བཏང་སྙོམས་མཛད་ཅིང་ཡལ་བར་འདོར་གྱི་སྐལ་བ་ཡོད་ཅིང་དུས་ལ་བབ་ན་བཏང་སྙོམས་སུ་མི་འཇོག་པ་ལ་མ་བརྟགས་པའི་བཏང་སྙོམས་མི་མངའ་ཞེས་བྱའོ། །མོས་པ་ཡོངས་སུ་ཉམས་པ་མི་

མངའོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་རང་གི་ས་ཐོབ་པ་ལས་གོང་དུ་སངས་རྒྱས་ཀྱི་ས་དང་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེན་པོ་ལ་མོས་པ་མི་སྐྱེ་བ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ནི་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་
མཛད་པ་ལ་སོགས་པ་ལ་མོས་ཤིང་འདུན་པ་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བ་ལ་མོས་པ་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་དུ་སྐུ་དང་། གསུང་
དང་། ཐུགས་ཀྱི་ཕྲིན་ལས་མཛད་པ་ལ། བསྙེལ་བ་མི་མངའ་སྟེ། སེམས་ཅན་གཅིག་གི་དོན་དུ་ཡང་བསྐལ་པ་དུ་མར་བརྩོན་འགྲུས་མི་གཏོང་བ་ལ། བརྩོན་འགྲུས་ཉམས་པ་མི་མངའ་ཞེས་བྱའོ། །དགོངས་པ་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱ་བ་ནི། དེ་བཞིན་
གཤེགས་པའི་དྲན་པའི་དབང་པོ་ཡོངས་སུ་དག་པའི་མཐུས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་སྤྱོད་པ་དང་། བསམ་པ་དང་། བག་ལ་ཉལ་བ་ལ་སོགས་པ་གསལ་བར་དགོངས་ཤིང་དེ་དག་དང་མཐུན་པར་དོན་མཛད་པའི་ཐབས་རྣམ་པ་སྣ་ཚོགས་
ལ་བསྙེལ་བ་མི་མངའ་བ་ལ་དགོངས་པ་ཡོངས་སུ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ་སྙོམས་པར་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང་། དེ་བཞིན་ཉིད་ལ་སེམས་རྩེ་
གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་ལས་ཉམས་པར་མི་འགྱུར་བ་ལ། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་དབང་པོ་ཡོངས་སུ་དག་པས་སེམས་ཅན་གྱི་སྤྱོད་པ་མཁྱེན་པ་
མི་ཟད་པ་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་སོགས་པ་དང་ལྡན་པ་ལ། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་ཞེས་བྱའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་

པར་གྲོལ་བ་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་ཀ་བག་ཆགས་ཡན་ཆད་བྱང་སྟེ། སྒྲིབ་པ་ཅུང་ཟད་ཀྱང་མི་མངའ་ཞིང་རྣམ་པ་ཐམས་ཅད་དུ་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་
བ་ཞེས་བྱའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱ་བ་ནི། དེ་ལྟར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཚེ་རྣམ་པར་མི་རྟོག་པའི་རྗེས་ལས་བྱུང་བ་དག་པ་
འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་མཁྱེན་ཅིང་གཟིགས་པ་ལྷུན་གྱིས་གྲུབ་པར་འབྱུང་ཞིང་སྒྲིབ་པ་མེད་པ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ་ཞེས་བྱའོ། །རྣམ་པར་གྲོལ་བ་དང་།
རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་གཉིས་རྣམ་པར་གྲོལ་བའི་རང་བཞིན་དུ་ཐ་མི་དད་པའི་ཕྱིར་གཅིག་ཏུ་བགྲང་ངོ་། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་དགྲ་བཅོམ་པ་དག་སྔོན་གྱི་བག་ཆགས་མ་
བྱང་བའི་དབང་གིས་སེམས་དང་མི་ལྡན་པར་མ་ཚོར་བཞིན་དུ་བྱ་བ་དག་བྱེད་པ་དེ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཐམས་ཅད་ལ་ཡེངས་པ་དང་། མ་ཚོར་བར་མཛད་པ་མི་འབྱུང་གི །མཁྱེན་བཞིན་དུ་མཛད་པ་ལ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་
ཀྱི་རྗེས་སུ་འབྲང་ཞེས་བྱ་སྟེ། དེ་ལ་ཡེ་ཤེས་སྔོན་དུ་འགྲོ་ཞེས་བྱ་བ་ནི་མཁྱེན་པ་སྔར་གཏང་བའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འབྲང་ཞེས་བྱ་བ་ནི་མཁྱེན་པ་དང་མ་བྲལ་ཏེ། མཁྱེན་བཞིན་དུ་མཛད་ཅེས་བྱ་བའི་དོན་ཏོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་
ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་ཀྱང་དོན་མེད་པར་མི་གསུང་ཞིང་། སེམས་ཅན་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། རྗེས་སུ་མཐུན་པར་ཆོས་སྟོན་པ་དང་། དོན་སྣ་ཚོགས་སྒྲུབ་

པ་ཤ་སྟག་འབྱུང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ཀྱང་སྒྲིབ་པའི་བག་ཆགས་ཐམས་ཅད་དང་བྲལ་བས་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོའི་
ངང་དུ་གྱུར་པ་སེམས་ཅན་གྱི་དོན་སྒྲུབ་པ་འབའ་ཞིག་འབྱུང་ངོ་། །ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་སྔ་མ་བཞིན་ནོ། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་
གཤེགས་པའི་ཡེ་ཤེས་དུས་གསུམ་ལ་སྒྲིབ་པ་མེད་པ་བསྟན་པ་སྟེ། འཕགས་པ་ཉན་ཐོས་དགྲ་བཅོམ་པ་དག་འདས་པའི་དུས་ཡུན་རིང་པོ་ན་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་དངོས་པོ་ཅིར་གྱུར་པ་རྣམས་མི་མཁྱེན་པ་དང་། མ་འོངས་པའི་དུས་ཡུན་རིང་
པོ་ན་ཅིར་འགྱུར་བ་རྣམས་མི་མཁྱེན་པ་དང་། ད་ལྟའི་དུས་ན་ཡང་གང་ལ་དགོངས་ཤིང་དམིགས་པ་ཉི་ཚེ་མཁྱེན་གྱི་ཆེད་དུ་མ་དགོངས་པ་རྣམས་ལ་ལྷུན་གྱིས་གྲུབ་པའི་མཁྱེན་པ་མི་འབྱུང་བ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་འདས་པ་དང་། མ་འོངས་པའི་དུས་ཡུན་
རིང་པོ་དང་། ད་ལྟར་བྱུང་བའི་དངོས་པོ་བརྟག་དཀའ་བ་དང་། ཡུལ་ཐག་རིང་པོ་ན་གནས་པ་རྣམས་ལ་སྒྲིབ་པ་དང་ཐོགས་པ་མེད་པར་མཁྱེན་པ་གསལ་ཞིང་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བ་ལ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་
པའི་ཡེ་ཤེས་གཟིགས་པ་འཇུག་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་སྒོ་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་གཟུངས་
ཞེས་བྱ་བ་ནི་ཡང་དག་པ་ཉིད་ཀྱི་དོན་དང་། ཚིག་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མི་བརྗེད་པར་འཛིན་པ་ལ་གཟུངས་ཞེས་བྱ་སྟེ། ཤེས་རབ་ཀྱིས་ཡང་དག་པའི་དོན་དང་ཚིག་ཕྱིན་ཅི་མ་ལོག་པར་རྟོགས་ནས་དྲན་པས་གཟུངས་སུ་གཟུང་སྟེ་མ་བརྗེད་པར་བྱེད་པའི་ཕྱིར་དངོས་སུ་

ན་ཤེས་རབ་དང་དྲན་པ་གཉིས་ལ་གཟུངས་ཤེས་བྱའོ། །ཤེས་རབ་དང་དྲན་པ་གཉིས་ཀྱིས་ཤེས་ཤིང་དྲན་པར་བྱ་བའི་དམིགས་པའི་ཡུལ་སྔགས་ཀྱི་ཚིག །ཨ་ར་པ་ཙ་ཞེས་བྱ་བ་ལ་སོགས་པ་ཡང་གཟུངས་ཞེས་བྱ་སྟེ། གཟུངས་དེ་དག་གིས་གཟུངས་འདིའི་
དོན་སྟོན་པའི་གཞིའི་ཡི་གེ་ཨ་ལ་སོགས་པ་ལ་བརྟེན་ནས་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པའི་དོན་རྟོགས་པར་བྱེད་ཅིང་། ཤེས་རབ་དང་དྲན་པ་སྐྱེ་བར་བྱེད་པའི་སྒོ་ཡིན་པའི་ཕྱིར་ཡི་གེ་རྣམས་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །ཡི་གེ་མཉམ་པ་ཉིད་དང་བརྗོད་པ་མཉམ་པ་ཉིད་ཅེས་བྱ་བ་ནི་ཡི་གེ་ཨ་ལ་
སོགས་པ་ལ་བརྟེན་ནས་མ་སྐྱེས་པ་ལ་སོགས་པའི་དོན་རྟོགས་པར་གྱུར་པའི་ཚེ་དོན་སྟོན་པར་བྱེད་པའི་ཡི་གེ་དང་། བརྗོད་ཅིང་བསྟན་པར་བྱ་བའི་ཆོས་རྣམས་མ་སྐྱེས་པ་ལ་སོགས་པར་རྟོགས་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང་མཉམ་པ་ཉིད་དུ་གྱུར་པ་ལ། ཡི་གེ་མཉམ་
པ་ཉིད་དང་བརྗོད་པ་མཉམ་པ་ཉིད་ཅེས་བྱའོ། །ཡི་གེའི་སྒོ་དང་ཡི་གེ་འཇུག་པ་སྟེ་ཞེས་བྱ་བ་ནི་ཡི་གེ་ཨ་ལ་སོགས་པའི་སྒོ་ནས་མ་སྐྱེས་པ་ལ་སོགས་པ་མཉམ་པ་ཉིད་ཀྱི་དོན་རྟོགས་པར་འགྱུར་ཏེ། དེ་ལྟ་བུའི་དོན་ལ་འཇུག་པའི་སྒོ་ཡི་གེ་རྣམས་ཡིན་པའི་ཕྱིར་ཡི་གེའི་སྒོ་དང་ཡི་གེ་ལ་འཇུག་
པ་ཞེས་བྱའོ། །དེ་བས་ན་དོན་དེ་གཉིས་གསལ་བར་བྱ་བའི་ཕྱིར། དེ་ལ་ཡི་གེའི་སྒོ་དང་། ཡི་གེ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པ་ལ་རྒྱ་གར་གྱི་སྐད་དུ་ཨ་ནུཏྤན་ཞེས་བྱ་སྟེ། དེ་ལྟར་མ་སྐྱེས་
པའི་དོན་ཡི་གེ་ཨའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པའི་སྒོ་ཡིན་ནོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་རྡུལ་དང་བྲལ་བ་ལ་རྒྱ་གར་གྱི་སྐད་དུ་ར་ཛ་ཨ་པ་ག་ཏ་ཞེས་བྱ་སྟེ། ཡི་གེ་རའི་སྒོ་ནས་ཆོས་ཐམས་
ཅད་རྡུལ་དང་བྲལ་བར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་སྟོན་པའི་སྒོ་ཡིན་ནོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དོན་དམ་པ་ལ། རྒྱ་གར་སྐད་དུ་པ་ར་མཱརྠ་ཞེས་བྱ་བ་སྟེ། ཡི་གེ་པའི་སྒོ་ནས་དོན་དམ་པ་རྟོགས་

པར་འགྱུར་བའི་ཕྱིར། ཡི་གེ་པ་ནི་དོན་དམ་པར་ཆོས་ཐམས་ཅད་རོ་གཅིག་པར་རྟོགས་པར་བྱེད་པའི་སྒོ་ཡིན་ནོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཚེ་འཕོ་བ་དང་སྐྱེ་བ་
ལ་རྒྱ་གར་གྱི་སྐད་དུ་ཙྱ་པ་ནོ་པ་པཏྟི་ཞེས་བྱ་སྟེ། ཡི་གེ་ཙའི་སྒོ་ནས་ཆོས་ཐམས་ཅད་ཚེ་འཕོ་བ་དང་། སྐྱེ་བ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཙ་ནི་ཆོས་ཐམས་ཅད་ཚེ་འཕོ་བ་དང་། སྐྱེ་བ་མེད་པར་སྟོན་པའི་སྒོ་ཡིན་ནོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་
བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་མིང་དང་བྲལ་བ་ལ་རྒྱ་གར་གྱི་སྐད་དུ་ནཱ་མ་ཨ་པ་ག་ཏ་ཞེས་བྱ་སྟེ། ཆོས་ཐམས་ཅད་མིང་དང་བྲལ་ཞིང་མིང་གི་རང་བཞིན་མེད་པར་ཡི་གེ་ནའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ན་ནི་དོན་དམ་པར་ཆོས་ཐམས་
ཅད་མིང་དང་བྲལ་བ་སྟོན་པའི་སྒོ་ཡིན་ནོ། །མིང་གི་རང་བཞིན་མ་ཐོས་མ་སྟོར་ཞེས་བྱ་བ་ནི་མིང་དུ་གདགས་པར་བྱ་བའི་ཆོས་དང་། མིང་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། མིང་དུ་གདགས་སུ་ཡང་མེད་པས་མ་ཐོབ་ཅེས་བྱའོ། །མིང་དོར་དུ་ཡང་མེད་
པས་མ་སྟོར་ཞེས་བྱའོ། །དེ་ལྟར་སྔགས་ཀྱི་ཚིག་ཡི་གེ་འབྲུ་ལྔའོ། །ཨ་ར་པ་ཙ་ན་ཞེས་བྱ་བ་ཡི་གེ་འབྲུ་རེ་རེའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་རྟོགས་པར་འགྱུར་བའི་ཤེས་རབ་དང་ངན་པའི་གཟུངས་སྐྱེ་བར་འགྱུར་བའི་སྒོ་ཡིན་པར་བསྟན་
ནས། དེ་བཞིན་དུ་གཟུངས་སྔགས་ཀྱི་ཚིག་གཞན་རྣམས་ཀྱང་ཡི་གེ་རེ་རེའི་སྒོ་ནས་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་སྟོན་པའི་སྒོ་ཡིན་པར་བསྟན་པའི་ཕྱིར། ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་
ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལས་འདས་པ་ལ། རྒྱ་གར་གྱི་སྐད་དུ་ལོ་ཀོཏྟ་ར་ཞེས་བྱ་སྟེ། དོན་དམ་པར་རང་བཞིན་དེ་བཞིན་ཉིད་ནི་ཡོངས་སུ་དག་པ་ཡིན་པས་འཇིག་རྟེན་ལས་འདས་པ་ཡིན་པར་ཡི་གེ་ལའི་སྒོ་ནས་རྟོགས་

པར་འགྱུར་བ་དང་སྲེད་པའི་འཁྲི་ཤིང་ཞེས་བྱ་བ་ལ་རྒྱ་གར་གྱི་སྐད་དུ། ཏྲྀཥྞ་ལ་ཏ་ཞེས་བྱ་སྟེ། ཡི་གེ་ལའི་སྒོ་ནས་ཆོས་ཐམས་ཅད་དོན་དམ་པར་སྲེད་པའི་འཆིང་བ་དང་བྲལ་བར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ལ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་
ནོ། །ད་ཅེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དུལ་བ་ལ་རྒྱ་གར་གྱི་སྐད་དུ་དཱན་ཏ་ཞེས་བྱ་སྟེ། མ་དུལ་བར་བྱེད་པའི་ཉོན་མོངས་པ་དང་། ལས་རྣམས་དོན་དམ་པར་དངོས་པོ་མེད་པར་ཡི་གེ་དའི་སྒོ་ནས་
རྟོགས་པར་འགྱུར་ཏེ། དེ་ལྟར་མ་དུལ་བ་དངོས་པོ་མེད་པར་རྟོགས་ན་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པར་འགྱུར་བའི་ཕྱིར། ཡི་གེ་ད་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བ་ཞེས་བྱ་བ་ནི་བཅིངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་བཅིངས་
པ་ལ་རྒྱ་གར་གྱི་སྐད་དུ་བན་དྷ་ན་ཞེས་བྱ་སྟེ། ཡི་གེ་པའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་བཅིངས་པ་དང་བྲལ་བར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཌ་ཞེས་བྱ་བ་ནི་དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བ་
ནི་དཀྲུགས་མ་ལ་རྒྱ་གར་གྱི་སྐད་དུ་ཌ་མ་ཞེས་བྱ་སྟེ། ཡི་གེ་ཌའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དཀྲུགས་མའམ། འཁྲུག་པ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཌ་ནི་ཆོས་ཐམས་ཅད་དཀྲུགས་མ་མེད་པར་རྟོགས་པའི་སྒོ་ཡིན་ནོ། །ས་ཞེས་བྱ་བ་ནི་ཆགས་
པ་མི་དམིགས་པར་ཆགས་པར་མི་འགྱུར། འཆིང་བར་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཆགས་པ་ལ་རྒྱ་གར་གྱི་སྐད་དུ་སང་ག་ཞེས་བྱ་སྟེ་ཡི་གེ་སའི་སྒོ་ནས་ཆོས་ཐམས་ཅད་ཆགས་པ་མེད་པར་རྟོགས་པར་འགྱུར་ཏེ། ཆགས་པ་མེད་ན་ཉོན་མོངས་པའི་
འཆིང་བ་ཡང་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ས་ནི་ཆོས་ཐམས་ཅད་ཆགས་པ་མེད་པ་དང་། འཆིང་བ་མེད་པར་འགྱུར་བའི་སྒོ་ཡིན་ནོ། །བ་ཞེས་བྱ་བ་ནི་ངག་གི་ལམ་དང་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ངག་གི་ལམ་

ལ་རྒྱ་གར་གྱི་སྐད་དུ་བཱག་པ་ཐཱ་ཞེས་བྱ་སྟེ། ཡི་གེ་བའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་ངག་གི་ལམ་དང་བྲལ་ཞིང་། སྒྲར་བརྗོད་དུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་བ་ནི་ཆོས་ཐམས་ཅད་ངག་གི་ལམ་དང་བྲལ་བར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །གོང་དུ་
བཅིངས་པ་དང་བྲལ་བའི་སྐབས་སུ་ཡི་གེ་བ་སྨོས་པ་ནི་ཡི་གེ་བའི་རིས་ཀྱི་བ་ཡིན་ནོ། །ངག་གི་ལམ་དང་བྲལ་བའི་སྐབས་སུ་སྨོས་པའི་ཡི་གེ་བ་འདི་ནི་ཡི་གེ་བའི་རིས་སུ་གཏོགས་པའི་ཡི་གེ་པ་ཡིན་པས་ལན་གཉིས་སུ་ཟློས་པར་ཡང་མི་འགྱུར་ལ་ཡི་གེ་པ་འོག་མ་ནི་ཡི་གེ་ཝའི་
ཡང་སྦྱར་