Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 84
Văn bản gốc(Tây Tạng)
Trang 22 / 22 (50.000 ký tự/trang)
ས་པའི་ལམ་ཡན་ལག་བརྒྱད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་མི་རྒྱའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་ པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་ རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་འདི་དག་ཐམས་ཅད་ཀྱང་འདུས་བྱས་པ། མངོན་པར་ འདུས་བྱས་པ་སྟེ། འདུས་བྱས་པ་དང་། མངོན་པར་འདུས་བྱས་པའི་ཆོས་ཀྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་ནི་ཐམས་ཅད་ཀྱང་ལམ་བསྒྲུབས་པ་དང་། ལམ་བསྐྱེད་པའི་རྒྱུར་འགྱུར་བ་སྟེ། འབྲས་བུ་ཐོབ་པའི་ ཕྱིར་ན་མ་ཡིན་ནོ། །ཆོས་དེ་དག་གི་མི་སྐྱེ་བ་དང་། མི་འབྱུང་བ་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་ཡང་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། འཕགས་ པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་བརྒྱད་དམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་ མེད་པ་དང་། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། དགེ་བའི་ཆོས་གང་དང་གང་བརྩམས་ཡང་དེ་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་ རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་མ་ བྱས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ནི་གནས་མེད་དོ། །དེའི་ཕྱིར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དགེ་བའི་ཆོས་ གང་དང་གང་བརྩམས་པ་དེ་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་ པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྙིང་རྗེ་ ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་རྨི་ལམ་ལ་སྤྱོད་དོ་ ཞེས་བྱ་བར་ཤེས་སོ། །སྒྲ་བརྙན་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བཟུང་དུ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བཟུང་དུ་མེད་དོ། །ནང་ སྟོང་པ་ཉིད་ཀྱང་བཟུང་དུ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་བཟུང་དུ་མེད་དོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་བཟུང་དུ་ མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་བཟུང་དུ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་བཟུང་དུ་མེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་ཐམས་ཅད་བཟུང་དུ་མེད་པར་ཤེས་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་བཟུང་དུ་མེད་ཅིང་དངོས་པོ་མེད་པ་སྟེ། རྨི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་སྟེ། སེམས་ཅན་རྣམས་ཀྱིས་ཆོས་དེ་དག་མ་ཤེས་མ་མཐོང་མ་རྟོགས་པར་བཟུང་དུ་མེད་པའི་ཆོས་གང་ཡང་འཐོབ་པར་མི་ནུས་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ དག་པར་འཇུག་སྟེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་གང་ཅི་གཏོང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏོང་ངོ་། །ཚུལ་ཁྲིམས་གང་ཅི་སྲུང་བ་དང་། བཟོད་པ་གང་ཅི་སྒོམ་པ་དང་། བརྩོན་འགྲུས་གང་ཅི་རྩོམ་པ་དང་། བསམ་གཏན་གང་ཅི་ལ་མཉམ་པར་གཞོག་པ་དང་། ཤེས་ རབ་གང་ཅི་སྒོམ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོམ་སྟེ། བདག་གི་དོན་དུ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གང་སེམས་ཅན་མེད་པ་ལ་སེམས་ཅན་གྱི་འདུ་ཤེས་སུ་གནས་པ་དང་། བདག་མེད་པ་ལ་བདག་གི་འདུ་ཤེས་སུ་གནས་པ་དང་། སྲོག་མེད་པ་ལ་སྲོག་གི་འདུ་ཤེས་སུ་གནས་པ་དང་། འགྲོ་བ་མེད་པ་ལ་འགྲོ་བའི་འདུ་ཤེས་སུ་གནས་པ་དང་། གསོ་བ་མེད་པ་ལ་གསོ་བའི་འདུ་ཤེས་སུ་གནས་ པ་དང་། སྐྱེས་བུ་མེད་པ་ལ་སྐྱེས་བུའི་འདུ་ཤེས་སུ་གནས་པ་དང་། གང་ཟག་མེད་པ་ལ་གང་ཟག་གི་འདུ་ཤེས་སུ་གནས་པ་དང་། ཤེད་ཅན་མེད་པ་ལ་ཤེད་ཅན་གྱི་འདུ་ཤེས་སུ་གནས་པ་དང་། ཤེད་བདག་མེད་པ་ལ་ཤེད་བདག་གི་འདུ་ཤེས་སུ་གནས་པ་དང་། བྱེད་པ་པོ་མེད་པ་ལ་བྱེད་པ་པོའི་འདུ་ ཤེས་སུ་གནས་པ་དང་། བྱེད་དུ་འཇུག་པ་པོ་མེད་པ་ལ་བྱེད་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། སློང་བ་པོ་མེད་པ་ལ་སློང་བ་པོའི་འདུ་ཤེས་སུ་གནས་པ་དང་། སློང་དུ་འཇུག་པ་པོ་མེད་པ་ལ་སློང་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། ཚོར་བ་པོ་ མེད་པ་ལ་ཚོར་བ་པོའི་འདུ་ཤེས་སུ་གནས་པ་དང་། ཚོར་དུ་འཇུག་པ་པོ་མེད་པ་ལ་ཚོར་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང་། ཤེས་པ་པོ་མེད་པ་ལ་ཤེས་པ་པོའི་འདུ་ཤེས་སུ་གནས་པ་དང་། མཐོང་བ་པོ་མེད་པ་ལ་མཐོང་བ་པོའི་འདུ་ཤེས་སུ་གནས་པ་དེ་དག་ཕྱིན་ཅི་ལོག་ལས་རྣམ་པར་འགྲོལ་ཏེ་ཕྱིན་ ཅི་ལོག་ལས་རྣམ་པར་བཀྲོལ་ཞིང་། འཆི་བ་མེད་པའི་དབྱིངས་སུ་འགོད་དོ། །དེ་ལ་བཀོད་ནས་རྒྱུ་བ་འདི་དག་ཡོངས་སུ་མི་རྒྱུ་སྟེ། བདག་གི་འདུ་ཤེས་སམ། སེམས་ཅན་གྱི་འདུ་ཤེས་སམ། སྲོག་གི་འདུ་ཤེས་སམ། འགྲོ་བའི་འདུ་ཤེས་སམ། གསོ་བའི་འདུ་ཤེས་སམ། སྐྱེས་བུའི་འདུ་ཤེས་སམ། གང་ ཟག་གི་འདུ་ཤེས་སམ། ཤེད་ཅན་གྱི་འདུ་ཤེས་སམ། ཤེད་བདག་གི་འདུ་ཤེས་སམ། བྱེད་པ་པོའི་འདུ་ཤེས་སམ། བྱེད་དུ་འཇུག་པ་པོའི་འདུ་ཤེས་སམ། སློང་བ་པོའི་འདུ་ཤེས་སམ། སློང་དུ་འཇུག་པ་པོའི་འདུ་ཤེས་སམ། ཚོར་བ་པོའི་འདུ་ཤེས་སམ། ཚོར་དུ་འཇུག་པ་པོའི་འདུ་ཤེས་ སམ། ཤེས་པ་པོའི་འདུ་ཤེས་སམ། མཐོང་བ་པོའི་འདུ་ཤེས་སམ། མཐོང་བ་པོའི་འདུ་ཤེས་ཡོངས་སུ་མི་རྒྱུ་སྟེ། དེ་གཡོ་བ་དང་། རློམ་སེམས་དང་འབར་བ་དང་སྤྲོས་པ་འདི་དག་བཏང་ནས་སྤྲོས་པ་མེད་པའི་སེམས་ཀྱིས་ཉེ་བར་བསྒྲུབས་ཤིང་མང་དུ་སྤྱད་པ་སྤྱོད་དེ། རབ་འབྱོར་རྣམ་གྲངས་ དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཉིད་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ལ། སེམས་ཅན་ཐམས་ཅད་ཀྱང་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་འགོད་དེ། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་འཇིག་རྟེན་གྱི་ཐ་སྙད་དུ་མངོན་པར་རྫོགས་པར་སངས་རྒྱས་སམ། མ་ལགས་ཀྱི་དོན་དམ་པར་མངོན་པར་རྫོགས་པར་སངས་རྒྱས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་ ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་སྟེ། དེ་ལ་ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དེ་ལྟ་བུ་གང་ཡང་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་ པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་དམིགས་པ་སྟེ། གཉིས་ཀྱིས་ནི་གང་ཡང་ཐོབ་པའམ་མངོན་པར་རྟོགས་པར་འགྱུར་བ་མེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ་གཉིས་ཀྱིས་ཐོབ་པ་དང་མངོན་པར་རྟོགས་པར་འགྱུར་བ་མ་མཆིས་ན་གཉིས་སུ་མ་མཆིས་པས་ཐོབ་པ་དང་། མངོན་པར་ རྟོགས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་ཀྱང་ཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་མེད། གཉིས་སུ་མེད་པས་ཀྱང་ཐོབ་པ་དང་མངོན་པར་རྟོགས་པར་འགྱུར་བ་མེད་དེ། གང་ལ་གཉིས་ཀྱང་མེད་ལ་མི་གཉིས་པ་ཡང་མེད་པ་ནི་ཐོབ་པ་དང་མངོན་པར་རྟོགས་ པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་ཐོབ་པའོ། །འདི་ནི་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་སྤྲོས་པ་སྟེ། ཆོས་མཉམ་པ་ཉིད་ལ་སྤྲོས་པ་མེད་དེ། སྤྲོས་པ་མེད་པ་ནི་ཆོས་མཉམ་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རྣམས་ལ་ཆོས་མཉམ་པ་ཉིད་ ཅེས་བགྱི་བ་ཡང་གང་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དངོས་པོ་མེད་པ་དང་། དངོས་པོ་མེད་པ་ཡང་མ་ཡིན་པ་དང་། ངོ་བོ་ཉིད་མེད་པ་དང་། ཡོངས་སུ་བརྗོད་དུ་མེད་པ་འདི་ནི་ཆོས་མཉམ་པ་ཉིད་དེ། ཆོས་མཉམ་པ་ཉིད་དེ་ནི་བརྗོད་དུ་མེད་པའོ། །ཆོས་མཉམ་པ་ཉིད་མ་གཏོགས་ པར་ཡང་དམིགས་པར་འགྱུར་བའི་ཆོས་གང་ཡང་མེད་དེ། ཆོས་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ལས་རྣམ་པར་འདས་པའོ། །ཆོས་མཉམ་པ་ཉིད་ནི་བྱིས་པའམ། འཕགས་པའམ། ཆོས་གང་གིས་ཀྱང་ཤེས་པར་མི་རུང་ཞིང་ཡུལ་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་མཉམ་པ་ ཉིད་དོ་དེ་བཞིན་གཤེགས་པའི་ཡུལ་ཡང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་མཉམ་པ་ཉིད་ནི་འཕགས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་བྱང་ཆུབ་བམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པའི་ཡུལ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་བསྒྱུར་བ་ལགས་སམ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་མཉམ་པ་ཉིད་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཞན་ཞིག་ཡིན་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་ བསྒྱུར་བར་ཡང་འགྱུར་ན། རབ་འབྱོར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་ རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ནི་མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་དང་མི་མཉམ་པ་ཉིད་ལ་བྱེ་བྲག་གང་ཡང་མེད་དོ། །དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ ཡིན་པ་དང་། འཕགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་གཅིག་པ་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའོ། ། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་གཉིས་སུ་བྱ་བ་མེད་དེ། རྣམ་པར་རྟོག་པ་དེ་དག་ནི་མཉམ་པ་ཉིད་ལ་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་དུ་ ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བའི་རྣམ་པར་རྟོག་པ་དེ་དག་མི་དམིགས་སོ། །དེས་ སོ་སོའི་སྐྱེ་བོ་རྣམས་དང་། དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་ དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཁྱད་པར་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང་། དད་པས་རྗེས་ སུ་འབྲང་བ་རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱད་པར་མེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང་། དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་ རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ལ་ཁྱད་པར་མ་མཆིས་ན། བཅོམ་ལྡན་འདས་ཅིའི་སླད་དུ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་དང་། དཀོན་མཆོག་གསུམ་པོ་དེ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ་ཆོས་དཀོན་མཆོག་ཀྱང་གཞན་ཏེ། དགེ་འདུན་དཀོན་མཆོག་ཀྱང་གཞན་ཞིག་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ བ་ལྟར་ན་སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ་ཆོས་དཀོན་མཆོག་ཀྱང་གཞན་ཏེ། དགེ་འདུན་དཀོན་མཆོག་ཀྱང་གཞན་ཞིག་ལ་ཆོས་མཉམ་པ་ཉིད་ཀྱང་གཞན་མ་ལགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་དཀོན་མཆོག་གང་ལགས་པ་དང་། ཆོས་དཀོན་མཆོག་ གང་ལགས་པ་དང་། དགེ་འདུན་དཀོན་མཆོག་གང་ལགས་པ་དེ་ཉིད་ཆོས་མཉམ་པ་ཉིད་དེ། ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། ཐོགས་པ་མ་མཆིས་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ ཉིད་མ་མཆིས་པའོ། །དེ་ལྟར་ཆོས་རྣམས་མཚན་ཉིད་མ་མཆིས་པ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་དད་པས་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱིས་རྗེས་སུ་འབྲང་བའོ། །འདི་ནི་བརྒྱད་པའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་ སངས་རྒྱས་དང་། བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་རྣམ་པར་འགོད་པར་བགྱི་བ་དེ་ནི་བཅོམ་ལྡན་འདས་གྱི་ཡུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ ཉིད་མེད་པའི་ཆོས་རྣམས་རྣམ་པར་དགོད་པ་དེ་ནི་དེ་བཞིན་གཤེགས་པའི་ཡུལ། དེ་བཞིན་གཤེགས་པའི་མཐུའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ་མངོན་པར་ རྫོགས་པར་སངས་རྒྱས་པའི་ཕྱིར་ཆོས་རྣམ་པར་དགོད་པར་མཛད་ན། སེམས་ཅན་དམྱལ་བ་ཡོད་པར་མངོན་ནམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དང་། མི་ཡོད་པར་མངོན་ནམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཡོད་པར་མངོན་ནམ། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ ནམས་སྐྱེས་དང་། འབྲས་བུ་ཆེ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་སྤོང་བ་དང་། མི་གདུང་བ་དང་། ལེགས་མཐོང་དང་། རབ་ལྟ་དང་། འོག་མིན་གྱི་ལྷ་ཡོད་པར་མངོན་ནམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོད་པར་མངོན་ནམ། བྱང་ཆུབ་སེམས་དཔའི་ས་བཅུ་ཡོད་པར་མངོན་ནམ། ནང་སྟོང་པ་ཉིད་ཡོད་པར་མངོན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོད་པར་མངོན་ནམ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་ དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པར་མངོན་ནམ། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡོད་པར་མངོན་ནམ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་པར་མངོན་ནམ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོད་པར་མངོན་ནམ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ཡོད་པར་མངོན་ནམ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཡོད་པར་མངོན་ནམ། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དང་། བརྒྱད་པ་ཡོད་པར་མངོན་ནམ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་པར་མངོན་ནམ། གསོལ་པ། བཅོམ་ལྡན་འདས་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པར་མངོན་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ལྟ་བས་ན་དེ་ལྟར་ཆོས་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ། ཆོས་རྣམས་རྣམ་པར་དགོད་པར་མཛད་པ་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཆོས་མཉམ་ པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ཡང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མི་གཡོའོ། ཆོས་མཉམ་པ་ཉིད་ལས་མི་འདའོ། །རབ་འབྱོར་དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་ པའི་མཐའ་གང་ཡིན་པ་དེ་ཉིད་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་སྟེ། དེ་ཉིད་ནི་དད་པས་རྗེས་སུ་འབྲང་བ་ རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་སྟེ། དེ་དག་ཐམས་ཅད་ནི་ཆོས་མཉམ་པ་ཉིད་དེ། དེ་ལས་རྣམ་པར་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཆོས་ཉིད་ དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་ཡིན་ཏེ། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི་རྣམ་པར་བྱང་ བའི་ཚོགས་ལ་དགོད་པའི་ཕྲིན་ལས་ཡིན་ནོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ལགས་པ་དེ་ཉིད་དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་རྣམས་ དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་མཉམ་པ་ཉིད་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ ཆོས་མཉམ་པ་ཉིད་ལགས་ན། བཅོམ་ལྡན་འདས་མཚན་ཉིད་མི་འདྲ་བའི་ཆོས་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་ བཟང་པོ་བརྒྱད་ཅུ་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཏེ། བཅོམ་ལྡན་འདས་ཆོས་དེ་དག་ནི་ཀུན་ཀྱང་གཅིག་དང་གཅིག་ཏུ་མི་འདྲ་བ་གཅིག་ལས་གཅིག་འདས་པའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱང་གཞན། འདོད་ཆགས་ཀྱི་ཆོས་ཉིད་ཀྱང་གཞན། ཞེ་སྡང་གི་ཆོས་ཉིད་ཀྱང་གཞན། གཏི་མུག་གི་ཆོས་ཉིད་ཀྱང་གཞན། ལྟ་བའི་ རྣམ་པའི་ཆོས་ཉིད་ཀྱང་གཞན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ ཀྱང་གཞན། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཆོས་ཉིད་ཀྱང་གཞན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་ཀྱང་གཞན། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་ རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཆོས་ཉིད་ཀྱང་གཞན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ཆོས་ཉིད་ཀྱང་གཞན། འདུས་བྱས་ ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། བཅོམ་ལྡན་འདས་ཇི་ལྟར་མཚན་ཉིད་མི་འདྲ་བའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་འགྱུར་བ་ལགས། ཆོས་རྣམ་པར་དགོད་པ་ནི་ཇི་ལྟར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གང་ལ་གནས་ཤིང་ཆོས་རྣམས་ཐ་དད་དུ་བགྱིད་པ་ལགས། ཆོས་རྣམས་ཐ་དད་དུ་མ་བགྱིས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ས་ནས་སར་འཕར་ཞིང་སྐྱོན་མེད་པར་འཇུག་པ་ལགས། ཇི་ལྟར་སྐྱོན་མེད་པར་ཞུགས་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཇི་ལྟར་མངོན་པར་ ཤེས་པས་རྣམ་པར་རྩེ་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བགྱིད་པ་དང་། དེ་དག་ལ་རྣམ་པར་རྩེ་བས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས། དེ་དག་ཏུ་ཡང་དགེ་བའི་རྩ་བ་བསྐྱེད་པ་ལགས། དགེ་བའི་ རྩ་བ་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་འདི་སྐད་དུ་དེ་སྟེ་ཆོས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་ པ་ཉིད་དེ། དེ་ཉིད་དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད་ཡིན་ན། མཚན་ཉིད་མི་འདྲ་བའི་ཆོས་རྣམས་ཀྱི་མཉམ་པ་ཉིད་ཇི་ལྟར་གཅིག་པར་འགྱུར་ཞེས་ཟེར་བ་འདི་རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཆོས་ ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་ དག་པར་རིག་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་ བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སྟོང་པ་ཉིད་ལ་གཟུགས་ཀྱི་མཚན་ཉིད་དམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་དམ། སྐྱེ་ མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་མཚན་ཉིད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་དམ། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་ འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་དམ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་དམ། རྒྱུན་དུ་ཞུགས་པའི་ འབྲས་བུའི་མཚན་ཉིད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཚན་ཉིད་དམ། རྒྱུན་དུ་ཞུགས་པའི་མཚན་ཉིད་དམ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་མཚན་ཉིད་དམ། ཆོས་ཀྱི་མཚན་ཉིད་ཐ་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམིགས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ཡང་སོ་སོའི་སྐྱེ་བོ་མེད། སོ་སོའི་སྐྱེ་བོ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་དད་པས་རྗེས་སུ་འབྲང་བ་མེད། དད་པས་ རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་ཆོས་ཀྱིས་རྗེས་སུ་འབྲང་བ་མེད། ཆོས་ཀྱིས་རྗེས་སུ་འབྲང་བ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་བརྒྱད་པ་མེད། བརྒྱད་པ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་རྒྱུན་དུ་ཞུགས་པ་མེད། རྒྱུན་དུ་ཞུགས་པ་ལས་གུད་ ན་ཡང་དེ་མེད། དེ་ལ་ཡང་ལན་ཅིག་ཕྱིར་འོང་བ་མེད། ལན་ཅིག་ཕྱིར་འོང་བ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་ཕྱིར་མི་འོང་བ་མེད། ཕྱིར་མི་འོང་བ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་དགྲ་བཅོམ་པ་མེད། དགྲ་བཅོམ་པ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་རང་སངས་རྒྱས་མེད། རང་ སངས་རྒྱས་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་བྱང་ཆུབ་སེམས་དཔའ་མེད། བྱང་ཆུབ་སེམས་དཔའ་ལས་གུད་ན་ཡང་དེ་མེད། དེ་ལ་ཡང་དེ་བཞིན་གཤེགས་པ་མེད། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་མེད་པར་རིག་པར་བྱའོ། །གསོལ་པ། ཆོས་ཉིད་དེ་འདུས་བགྱིས་ པ་ལགས་སམ། འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འདུས་བྱས་ཀྱང་ཡིན། འདུས་མ་བྱས་ཀྱང་ཡིན་ཏེ། འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་དམིགས་སུ་མེད་དོ། །འདུས་མ་བྱས་ལས་གུད་ན་ཡང་འདུས་བྱས་དམིགས་སུ་ མེད་དོ། །རབ་འབྱོར་དེ་ལྟར་འདུས་བྱས་ཀྱི་ཁམས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་གང་ཡིན་པའི་ཆོས་དེ་གཉིས་ཀ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་ མཚན་ཉིད་མེད་པའོ། །དེ་ཡང་དེ་བཞིན་གཤེགས་པའི་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་ཀྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པ་ལ་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། ཡིད་ཀྱི་འདུ་བྱེད་མེད་དེ། ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། ཡིད་ཀྱི་འདུ་བྱེད་ ལས་གུད་ན་ཡང་དོན་དམ་པ་དམིགས་སུ་མེད་དོ། །འོན་ཀྱང་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོན་དམ་པ་ ལས་ཀྱང་མི་གཡོ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་རང་བཞིན་སྟོང་པ་སྟེ། དེའི་སླད་དུ་ཆོས་གང་ལ་ཡང་གང་ཅི་ཡང་བགྱིད་པ་ མ་མཆིས་ན། དེ་ལྟར་ཆོས་ཐམས་ཅད་ཅི་ཡང་བགྱིད་པ་མ་མཆིས་ཤིང་ཅི་ཡང་མ་ལགས་པ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོན་དམ་པ་ལས་ཀྱང་མི་གཡོ་ལ་སྦྱིན་པ་དང་ཚིག་སྙན་པ་དང་། དོན་བགྱི་བ་ དང་། དོན་མཐུན་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་གང་ལ་ཡང་ཅི་ཡང་ བྱེད་པ་མེད་ཅི་ཡང་མི་བྱེད་པ་ཡང་མེད་དེ། གལ་ཏེ་སེམས་ཅན་འདི་དག་བདག་ཅག་ཉིད་ཀྱིས་སྟོང་པ་ཉིད་ཤེས་ན་ནི་དེ་ལྟར་སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། སེམས་ཅན་རྣམས་ཀྱང་བདག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང་བདག་གི་འདུ་ཤེས་དང་བྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་ འགྲེལ་པ་དང་། སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་། འགྲོ་བའི་འདུ་ཤེས་དང་། གསོ་བའི་འདུ་ཤེས་དང་། སྐྱེས་བུའི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། ཤེད་ཅན་གྱི་འདུ་ཤེས་དང་། ཤེད་བདག་གི་འདུ་ཤེས་དང་། བྱེད་པ་པོའི་འདུ་ཤེས་དང་། ཚོར་བ་པོའི་འདུ་ཤེས་དང་། ཤེས་པ་པོའི་འདུ་ཤེས་དང་། མཐོང་བ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་མཐོང་བ་པོའི་འདུ་ཤེས་དང་བྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། གཟུགས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། གཟུགས་ཀྱི་འདུ་ཤེས་དང་བྲལ་ནས་སྟོང་པ་ཉིད་ ཀྱིས་འཁོར་བ་ལས་འགྲེལ་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། རྣམ་པར་ཤེས་པའི་འདུ་ཤེས་དང་བྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་ འབྲེལ་པར་འབྱུང་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་ཤེས་དང་བྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་དང་བྲལ་ནས་འདུས་མ་བྱས་ཀྱི་དབྱིངས་ སྟོང་པ་ཡིན་ཡང་འདུས་མ་བྱས་ཀྱི་དབྱིངས་སུ་འགོད་པ་ཡང་དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུར་མི་འགྱུར་རོ་ཞེས་བྱ་བ་ནི་འདུས་བྱས་དང་། འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་དེ་ཅིས་སྟོང་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། རབ་འབྱོར་ལ་ལ་ཞིག་གིས་སྤྲུལ་པ་ཞིག་སྤྲུལ་ན། དེ་ལ་གང་སྟོང་པ་ཉིད་མ་ཡིན་པ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། སྤྲུལ་པ་དེ་ལ་གང་སྟོང་པ་ཉིད་མ་ལགས་པ་དེ་ལྟ་བུའི་དངོས་པོ་གང་ཡང་མ་མཆིས་ཏེ། སྟོང་པ་ཉིད་གང་ལགས་པ་དང་། སྤྲུལ་པ་གང་ལགས་པའི་ཆོས་དེ་གཉིས་ཀ་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས་ཏེ། དེ་གཉིས་ག་ཡང་སྟོང་པ་ཉིད་ཀྱིས་སྟོང་ན་དེ་ཅིའི་ སླད་དུ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྤྲུལ་པའོ་ཞེས་བགྱི་བར་རྣམ་པར་བཅབ་པར་མཛད། དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟ་སྟེ། སྟོང་པ་ཉིད་དང་། སྤྲུལ་པ་གཉིས་ཀ་ཡང་སྟོང་པ་ཉིད་ལ་དམིགས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་གང་སྤྲུལ་པ་མ་ཡིན་པ་དེ་ལྟ་བུ་ཡོད་དམ། གང་སྤྲུལ་པ་དེ་ནི་སྟོང་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་པའི་ཆོས་སྤྲུལ་པ་ལགས་ཀྱང་འཇིག་རྟེན་ལས་འདས་པའི་ ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། སྟོང་པ་ཉིད་ཐམས་ཅད་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་ པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། དེ་དག་གི་འབྲས་བུ་གང་གིས་གང་ཟག་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་ བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་གང་ཟག་རྣམ་པར་དགོད་པའི་ཆོས་འདི་དག་ཀྱང་སྤྲུལ་པ་ལྟ་བུ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། དེ་ལ་ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ལས་ཀྱིས་སྤྲུལ་པའོ། ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་སྤངས་པ་ཞེས་བགྱི་བ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་ཀྱི་ སའམ། སངས་རྒྱས་ཀྱི་སའམ། བག་ཆགས་ཀྱི་མཚམས་སྦྱར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེ་བའམ། འགག་པའི་ཆོས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལ་པ། དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་མཉམ་པའི་རྨོངས་པ་མེད་པའི་ ཆོས་ཅན་གྱི་མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི་མ་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། གཉིས་སུ་ཡང་མི་དམིགས་ཏེ། ཆོས་གང་ཡང་སྟོང་པ་ཉིད་མ་ཡིན་པ་དེ་ལྟ་བུ་མེད་དོ་ཞེས་བཀའ་སྩལ་པ་དེ་ལྟར་ན། བཅོམ་ལྡན་འདས་རྨོངས་པ་མེད་པའི་ཆོས་ཅན་ཡང་སྤྲུལ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། དེ་དག་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་བྱས་ཏེ། ངོ་བོ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ ལས་དང་པོ་པའི་གང་ཟག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཚལ་བར་བགྱི་ན་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་སྔོན་དངོས་པོ་ཡོད་པར་འགྱུར་ལ་ཕྱིས་དངོས་པོ་མེད་པར་གྱུར་པ་ཡོད་དམ། རབ་འབྱོར་འདི་ལ་དངོས་པོ་ཡོད་པ་ཡང་མེད། དངོས་པོ་མེད་པ་ཡང་མེད། ངོ་བོ་ཉིད་ཀྱང་མེད། གཞན་གྱི་དངོས་པོ་ཡང་མེད་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན་ཞེས་བྱ་བ་ནི་མྱ་ངན་ལས་འདས་ པ་ལ་དགོད་པའི་ཕྲིན་ལས་ཡིན་ཏེ། འདི་དག་གིས་ནི་ཕྲིན་ལས་རྣམས་གསུངས་སོ། །ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་ རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། ཆོས་ཀྱི་སྐུའི་དབང་དུ་བྱས་པ་བསླབ་པའི་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བྱམས་པ་ལ་སོགས་པ་གྲངས་མེད་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ ཡ་ན་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་རེ་བ་ཏ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། འཁོར་རྣམ་པ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།ཕུན་སུམ་ཚོགས་གཉིས་འབྱུང་བ་བདེ་བའི་གོ་འཕང་འཇིག་རྟེན་རྣམས་ཀྱིས་ཐོབ་བྱའི་ཕྱིར། །སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་གང་ཞིག་རབ་ཏུ་ གསལ་མཛད་པ། །མ་ལུས་ཆོས་ཀྱི་དེ་ཉིད་གནས་གྱུར་མདོ་འདི་དོན་དུ་གཉེར་བས་ཐོས་གྱུར་ནས། །རང་གི་གནས་སུ་སོང་ལ་ཉིན་དང་མཚན་དུ་མཉམ་པར་གཞག་པས་བསྒོམ་པར་གྱིས། །ལྟ་བ་མང་པོས་ཀུན་དུ་དཀྲུགས་པས་ད་ལྟར་རྩོད་པའི་དུས་འདིར་ཀློག་ པའང་ཤིན་ཏུ་ཉུང་། །གླེགས་བམ་དུ་མའི་ཚིག་རྣམས་མི་མཐུན་ཐ་དད་གྱུར་པ་མཐོང་ནས་དད་པས་འདིར། །རྒོལ་བའི་གླང་པོའི་དབང་པོ་ཁྲོས་པས་འོང་བའི་ཀླད་འགེམས་སེང་གེ་བཟང་པོ་བདག །གང་གིས་དག་པར་གཏུགས་པ་འཇིག་རྟེན་དོན་དུ་མཉམ་པར་གཞག་ པ་མཁས་པས་བླང་བར་གྱིས། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུམ། ཆོས་ཀྱི་ཕྱག་རྒྱ། ཆོས་ཀྱི་སྣང་བ། ཆོས་ཀྱི་སྙིང་པོ། །ཆོས་ཀྱི་རྔ་བོ་ཆེ། ཆོས་རིན་པོ་ཆེ་མི་ཟད་པའི་གཏེར། ཆོས་རྣམས་ཀྱི་མཛོད། ཆོས་ རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་མིག་ཏུ་གྱུར་པ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པས་ཕྱག་བྱས་པ་བདེ་བ་ཐམས་ཅད་ཀྱི་རྒྱུད་རྫོགས་སོ།། །།བལ་ཡུལ་ཡམ་བུའི་བསོད་ནམས་རྒྱུན་འབྱུང་གི་གཙུག་ལག་ཁང་དུ་པཎྜི་ཏ་ཞི་བ་བཟང་པོ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།