Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 84

Văn bản gốc(Tây Tạng)

Trang 1 / 22 (50.000 ký tự/trang)
༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ལྔ་བཅུ་གཅིག་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་བྲལ་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་འདུག་ཅིང་རྒྱུན་དུ་ཞུགས་པ་ལ་ཡོན་ཕུལ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡོན་ཕུལ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་
དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཆེན་པོའི་འབྲིང་ཡིན་ནོ།། །།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱེད་ན་དེའི་བསོད་

ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་
ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཆུང་ངུའི་འབྲིང་ཡིན་ནོ།། །།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས།
བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་གཞག །ཤེས་རབ་བསྒོམས་ན་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་
གཤེགས་པ་མང་ངོ་། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཆེན་པོའི་ཆུང་ངུ་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཇི་ལྟར་བསྟན་

པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཏེ། ཉི་མ་འགའ་ཞིག་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བཟོད་པ་བསྒྲུབས་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་གཏན་ལ་མཉམ་པར་གཞག་པ་དང་། ཤེས་རབ་བསྒོམས་
པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་སྟེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐྱེད་བྱེད་དེ།
འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱའོ། །ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཆུང་ངུའི་ཆེན་པོ་ཡིན་ནོ།། །།རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ་ཆོས་ཀྱི་སྦྱིན་
པ་བྱིན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་འབྲིང་གི་ཆེན་པོ་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྐད་བསྟན་པ་བཞིན་དུ་གནས་ཏེ་ཉི་མ་འགའ་ཞིག་ཆོས་ཀྱི་སྦྱིན་པ་བྱིན་ན། དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ནི་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་མ་བྲལ་བ་སྟེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། །
ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་འབྲིང་གི་ཆུང་ངུ་ཡིན་ནོ།། །།རབ་འབྱོར་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། དྲན་པ་ཉེ་བར་
གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་
བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བརྩོན་པར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །ཞེས་བྱ་བ་
ནི་མི་མཐུན་པའི་ཕྱོགས་འབྲིང་གི་འབྲིང་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཏེ་ཉི་མ་འགའ་ཞིག་དྲན་པ་ཉེ་བར་གཞག་
པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་

དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བརྩོན་པར་བྱས་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་གང་ཡིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པ་
དེ་ནི་གནས་མེད་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ། །རབ་འབྱོར་འདི་ནི་གནས་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཡིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པའི་གནས་སྐབས་ཡོད་དེ། དེ་
ནི་གནས་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་འབྲིང་གི་འབྲིང་ཡིན་ནོ།། །།རབ་འབྱོར་དེ་ཇི་སྙམ་དུ་སེམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཟང་ཟིང་གི་སྦྱིན་པ་དེ་དང་། ཆོས་ཀྱི་སྦྱིན་པ་དེ་དང་། ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ཡོངས་སུ་བསྔོས་ན། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་འབྲིང་གི་ཆུང་ངུ་ཡིན་ནོ།། །།བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྐད་བསྟན་པ་བཞིན་དུ་གནས་ཏེ། ཉི་མ་འགའ་ཟང་ཟིང་གི་སྦྱིན་པ་དེ་དང་ཆོས་ཀྱི་སྦྱིན་པ་དེ་དང་ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་

ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ནི་བསྔོ་བ་མཆོག་ཡིན་ཏེ། འདི་
ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་ཡོངས་སུ་བསྔོ་བ་དེ་ནི་ཡོངས་སུ་བསྔོ་བ་མ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་འབྲིང་གི་ཆེན་པོ་ཡིན་ནོ།། །།རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་བྲལ་བ་གང་ལ་ལས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས། ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་
པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་
ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཆུང་ངུའི་ཆེན་པོ་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་གནས་ཏེ། ཉི་མ་འགའི་དགེ་བའི་རྩ་བ་
དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསྔོ་བ་འདི་ནི་མཆོག་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔོ་བའོ། །

རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཆེན་པོའི་ཆུང་
ངུ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་མངོན་པར་འདུས་བགྱིས་པ་ཐམས་ཅད་ནི་ཡོངས་སུ་བརྟགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་ཇི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་ལགས། བཅོམ་
ལྡན་འདས་མངོན་པར་འདུས་བགྱིས་པས་ནི་ཡང་དག་པའི་ལྟ་བ་བསྐྱེད་པའམ་སྐྱོན་མ་མཆིས་པར་འཇུག་པར་ཡང་མི་ནུས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་ཐོབ་
པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཡང་མི་ནུས་སོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཆུང་ངུའི་འབྲིང་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་
ཏེ། མངོན་པར་འདུ་བྱེད་པས་ནི་ཡང་དག་པའི་ལྟ་བ་བསྐྱེད་པའམ་སྐྱོན་མེད་པར་འཇུག་པའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་ཐོབ་པའམ། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་ཏེ། རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མངོན་པར་འདུ་བྱ་བ་དེ་ཡང་དེ་ལྟར་སྟོང་པ་ཉིད་དུ་སྣང་ངོ་། །གསོག་
ཉིད་དུ་སྣང་ངོ་། །གསོབ་ཉིད་དུ་སྣང་ངོ་། །སྙིང་པོ་མེད་པ་ཉིད་དུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཤིན་ཏུ་

བསླབས་པའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཆེན་པོའི་འབྲིང་ཡིན་ནོ།། །།རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་དེ་དག་ལ་གནས་ཤིང་ཇི་ལྟ་ཇི་ལྟར་མངོན་པར་འདུ་བྱེད་པ་དེ་དག་ལ་རབ་ཏུ་རྟོགས་པ་དེ་ལྟ་དེ་ལྟར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ལྟ་དེ་ལྟར་གྲངས་མེད་གཞལ་དུ་མེད་ཚད་མེད་པའི་བསོད་ནམས་འཕེལ་བར་
འགྱུར་རོ་ཞེས་བྱ་བ་ནི་དོན་གྱི་ཤུགས་ཀྱིས་འཕངས་པའི་མི་མཐུན་པའི་ཕྱོགས་ཆུང་ངུའི་ཆུང་ངུ་གཉེན་པོའི་ཕྱོགས་ཆེན་པོའི་ཆེན་པོ་ཡིན་ཏེ། འདི་ནི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བསྟན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་
པ་དང་། གཞལ་དུ་མ་མཆིས་པ་དང་། ཚད་དུ་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཐ་དད་དུ་བགྱི་བ་ནི་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཉེ་
བར་མི་འགྲོའོ། །རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་མི་དམིགས་པའོ། །རབ་འབྱོར་ཚད་མེད་པ་ཞེས་བྱ་བ་ནི་གང་ཞིག་རྣམ་པ་གཞན་གང་གིས་ཀྱང་ཚད་གཟུང་བར་མི་ནུས་པའོ། །གསོལ་པ། བཅོམ་
ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་གཞལ་དུ་མ་མཆིས་ཚད་མ་མཆིས་པར་འགྱུར་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་གཞལ་དུ་མ་མཆིས་ཚད་མ་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་
བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མེད་གཞལ་དུ་མེད་ཚད་མེད་པར་འགྱུར་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གྲངས་མེད་གཞལ་དུ་

མེད་ཚད་མེད་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་ཡོད་དོ་ཞེས་བྱ་བ་ནི་གྲངས་མེད་པ་ལ་སོགས་པ་ཉེ་བར་མཚོན་པའི་མཚན་ཉིད་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་གྲངས་གང་གིས་ན་གཟུགས་ཀྱང་གྲངས་མ་མཆིས་གཞལ་དུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་
ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་གཞལ་དུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱང་སྟོང་པ་སྟེ་གྲངས་མེད་གཞལ་དུ་
མེད་ཚད་མེད་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྟོང་པ་སྟེ་གྲངས་མེད་གཞལ་དུ་མེད་ཚད་མེད་པའོ། །གསོལ་པ། བཅོམ་ལྡན་འདས་གཟུགས་འབའ་ཞིག་སྟོང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་འབའ་ཞིག་སྟོང་དུ་བས་ཀྱི་ཆོས་ཐམས་ཅད་སྟོང་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་དམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་
ཐམས་ཅད་སྟོང་པའོ་ཞེས་གསུངས་ཏེ། སྟོང་པ་ཉིད་གང་ལགས་པ་དེ་ནི་མི་བས་པ་སྟེ། གྲངས་མ་མཆིས་པ་ཡང་དེ་ལགས། གཞལ་དུ་མ་མཆིས་པ་ཡང་དེ་ལགས། ཚད་མ་མཆིས་པ་ཡང་དེ་ལགས་ཏེ། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་ཟད་པ་མི་དམིགས། གྲངས་ཀྱང་མི་
དམིགས། གཞལ་བ་ཡང་མི་དམིགས། ཚད་ཀྱང་མི་དམིགས་ཏེ། བཅོམ་ལྡན་འདས་དེ་བས་ན་ཆོས་དེ་དག་ལ་དོན་ནམ་ཡི་གེས་ཐ་དད་དུ་བགྱི་བ་མི་དམིགས་སོ་ཞེས་བྱ་བ་ནི་གྲངས་མེད་པ་ལ་སོགས་པ་བསྟན་པ་ལ་བརྩད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་དེ་དག་ལ་དོན་ནམ་ཡི་གེས་ཐ་དད་དུ་བྱ་བ་མི་དམིགས་སོ། །རབ་འབྱོར་འོན་ཀྱང་བརྗོད་དུ་མེད་པའི་དོན་ལ་དེ་བཞིན་གཤེགས་པས་མི་ཟད་པ་ཞེས་བྱ་བའམ། གྲངས་མེད་པ་ཞེས་བྱ་བའམ། གཞལ་དུ་མེད་པ་ཞེས་བྱ་བའམ། ཚད་མེད་

པ་ཞེས་བྱ་བའམ། སྟོང་པ་ཞེས་བྱ་བའམ། མཚན་མ་མེད་པ་ཞེས་བྱ་བ་འམ། སྨོན་པ་མེད་པ་ཞེས་བྱ་བའམ། མངོན་པར་འདུ་བྱ་བ་མེད་པ་ཞེས་བྱ་བའམ། སྐྱེ་བ་མེད་པ་ཞེས་བྱ་བའམ། འདོད་ཆགས་དང་བྲལ་བ་ཞེས་བྱ་བའམ། འགག་པ་མེད་པ་
ཞེས་བྱ་བའམ། མྱ་ངན་འདས་པ་ཞེས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་གྱིས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྩོད་པ་ཁས་བླངས་པ་སྔོན་དུ་འགྲོ་བའི་ལན་བཏབ་པའོ།། །།གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་
ཆོས་ཉིད་དེ་བཞིན་གཤེགས་པས་བསྟན་ལ་ཆོས་ཉིད་དེ་ཡང་བརྗོད་དུ་མ་མཆིས་པ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ་སྟོང་པ་ཉིད་ལ་ནི་བརྗོད་པ་གང་ཡང་མེད་དེ་སྟོང་པ་ཉིད་ནི་བརྗོད་པར་མི་ནུས་པའོ། །གསོལ་
པ། བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །
གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མ་མཆིས་ན། བཅོམ་ལྡན་འདས་དེས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བའམ། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ནང་

སྟོང་པ་ཉིད་ལ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དྲན་པ་
ཉེ་བར་གཞག་པ་བཞི་ཡང་འཕེལ་བ་དང་འགྲིབ་པ་མ་མཆིས་པར་འགྱུར་རོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་འཕེལ་བ་དང་འགྲིབ་པ་མ་
མཆིས་པར་འགྱུར་རོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་
དང་། སྨོན་པ་མེད་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།
མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན་ཕ་རོལ་ཏུ་ཕྱིན་པ་
དྲུག་མ་མཆིས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མ་མཆིས་པར་འགྱུར་རོ། །ཆོས་དེ་དག་མ་མཆིས་པས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་མཆིས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཆིས་ན་སུ་ཞིག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནི་བརྗོད་དུ་མེད་པ་ལ་ཉམས་པ་དང་འཕེལ་བ་མེད་པར་བརྒལ་བ་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བརྗོད་དུ་མེད་པའི་

དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར་གལ་ཏེ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམས་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པའི་ཚེ་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ལོ་སྙམ་དུ་མི་སེམས་ཤིང་། འོན་ཀྱང་དེ་འདི་སྙམ་དུ་འདི་ནི་མིང་ཙམ་ཡིན་ཏེ། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། འདི་ལྟ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ་སྙམ་ཞིང་། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡིད་ལ་བྱེད་པ་དེ་དག་དང་། སེམས་བསྐྱེད་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ནི་ལན་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་<པའི་

,པའི་དེ་>བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་
དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་
ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱ་ངན་ལས་འདས་པའི་དེ་བཞིན་ཉིད་
ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ནི་འཕེལ་བ་ཡང་མེད་དོ། །ཡོངས་སུ་འགྲིབ་པ་ཡང་མེད་དོ། །རབ་འབྱོར་དེ་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་རྣམ་
པར་སྤྱོད་པས་ཆོས་གང་ལ་ཡང་འཕེལ་བའམ་ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་

འཕེལ་བའམ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་དེ་ལྟར་ན་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་པ་མེད་པ་སྟེ། རབ་འབྱོར་དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་
ཡང་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །
ནང་སྟོང་པ་ཉིད་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །ཡང་དག་པར་སྤོང་བ་
རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །འཕགས་པའི་བདེན་པ་དང་། བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་
དང་། གཟུངས་ཀྱི་སྒོ་ལ་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་
འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕེལ་བ་མེད་པ་དང་། ཡོངས་སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་གཙོར་གྱུར་པ་

ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་སེམས་སླད་མ་བསྐྱེད་པས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་རེ་ཞིག་གལ་ཏེ་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་འཚང་རྒྱ་ན་ནི་སེམས་དང་པོ་བསྐྱེད་པ་ཡང་སེམས་སླད་མ་བསྐྱེད་པ་དང་མི་འགྲོགས། སེམས་སླད་མ་བསྐྱེད་པ་ཡང་སེམས་དང་པོ་བསྐྱེད་པ་དང་མི་འགྲོགས་ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འགྲོགས་ན་ཇི་ལྟར་དགེ་བའི་རྩ་བ་རྣམས་
ཚོགས་སུ་འགྱུར། དགེ་བའི་རྩ་བ་མ་བསགས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བ་ནི་སེམས་ཕྲད་པ་མེད་པར་རྒལ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེས་ན་དོན་
འདི་ཉིད་ཤེས་པར་བྱ་བའི་དོན་དུ་ཁྱོད་ལ་དཔེ་བསྟན་པར་བྱ་སྟེ། འདི་ན་སྐྱེས་བུ་མཁས་པ་ལ་བཤད་པའི་དོན་དཔེས་ཡོངས་སུ་ཤེས་པར་འགྱུར་རོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མེ་འབར་བས་སྙིང་པོ་ཚིག་པར་གྱུར་ན། མེ་ལྕེ་དང་པོ་ཕྲད་པས་
སྙིང་པོ་དེ་ཚིག་གམ། དེ་ཏེ་མེ་ལྕེ་ཕྱི་མ་དང་ཕྲད་པས་སྙིང་པོ་དེ་ཚིག །གསོལ་པ། བཅོམ་ལྡན་འདས་མེ་ལྕེ་དང་པོ་དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས། མེ་ལྕེ་དང་པོ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས། བཅོམ་ལྡན་འདས་མེ་ལྕེ་སླད་མ་དང་མཇལ་
བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས། མེ་ལྕེ་སླད་མ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་སྙིང་པོ་དེ་ཚིག་མོད། གསོལ་པ། བཅོམ་ལྡན་འདས་དེ་ནི་ཚིག་གོ། །

བདེ་བར་གཤེགས་པ་དེ་ནི་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་སེམས་དང་པོ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
མི་རྒྱ། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་ཕྱི་མ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།
ས་བཅུ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ས་བཅུ་པོ་གང་དང་གང་ཡོངས་སུ་རྫོགས་པར་བགྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རང་སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱའོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པོ་འདི་ལ་སློབ་པ་ནི་སེམས་དང་པོ་བསྐྱེད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཕྱི་མ་བསྐྱེད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་མོད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་མར་
མེའི་དཔེས་ལན་བཏབ་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སེམས་དང་པོ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ། སེམས་དང་པོ་བསྐྱེད་པ་
ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་པ་དང་། སེམས་སླད་མ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ། སེམས་སླད་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་
ཤིང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པ་དེ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་
སྙམ་དུ་སེམས། ཅི་སེམས་གང་འགགས་པ་དེ་ཕྱིར་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་སྐྱེ་བ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་སེམས་གང་སྐྱེས་པ་དེ་
འགག་པའི་ཆོས་ཅན་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་ལགས་སོ། །བདེ་བར་གཤེགས་པ་འགག་པའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འགག་པའི་ཆོས་
ཅན་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་འགག་པ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་ལྟར་གནས་པར་འགྱུར་
རམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་ལྟར་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་ལྟར་གནས་པར་འགྱུར་བ་དེ་རྟག་པར་འགྱུར་རམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཟབ་བམ། གསོལ་པ། བཅོམ་ལྡན་འདས་ཟབ་བོ། །བདེ་བར་གཤེགས་པ་ཟབ་པོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཟབ་པ་ཡིན་ནོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་སེམས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལས་གཞན་ན་སེམས་ཡོད་དམ།
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ཤེས་བྱ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་
བྱ་བ་ནི་ཤེས་པ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་མོ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་
ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དེ་བཞིན་ཉིད་ལ་གནས་པ་ལ་ནི་ཀུན་ཏུ་སྦྱོར་བ་འདི་དག་མི་འབྱུང་ཞིང་མི་རྒྱུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་ཉིད་ནི་གང་ལ་ཡང་ཀུན་ཏུ་སྦྱོར་བ་མ་མཆིས་ཤིང་དེ་ལ་ཡང་ཀུན་
ཏུ་སྤྱོད་པ་འགའ་ཡང་མ་མཆིས་སོ་ཞེས་བྱ་བ་ནི་སྤྱོད་པ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་དེ་གང་ལ་སྤྱོད་པ་ཡིན། གསོལ་པ། དེ་ནི་གང་ལ་གཉིས་
ཀྱིས་ཡོངས་སུ་རྒྱུ་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དོན་དམ་པ་ལ་སྤྱོད་པ་དེ་ཀུན་ཏུ་སྤྱོད་པ་ལ་སྤྱོད་པའམ་མཚན་མ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེས་མཚན་མར་འདུ་ཤེས་པའམ་མཚན་མ་མེད་པར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་
གཉིས་སུ་མེད་པ་ཟབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའམ་མཚན་མ་མེད་པའི་འདུ་ཤེས་རྣམ་པར་བཤིག་པ་ཡིན། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་ལྟར་མཚན་མ་རྣམ་པར་བཤིག་པར་བྱའོ་ཞེའམ། མཚན་མ་མེད་པ་རྣམ་པར་གཞིག་པར་བྱའོ་སྙམ་དུ་མི་སྦྱོར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མ་བགྱིས་པར་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་སྟེ། ཐབས་མཁས་པ་དེས་ཆོས་གང་ཡང་དངོས་པོར་ཡང་མི་བགྱིད། དངོས་པོ་མ་མཆིས་
པར་ཡང་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པའི་སླད་དུ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་གནས་ནས་སེམས་ཅན་རྣམས་ཀྱི་དོན་དུ་
ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་པ་སྟེ། ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་ཅིང་

ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་གང་རྣམ་པར་རྟོག་པའི་འདུ་
ཤེས་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི་མཚན་མ་མེད་པ་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་སྨོན་པ་ལ་སྤྱོད་པ་དེ་དག་ནི་སྨོན་པ་མེད་པ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཏེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་ཟབ་པ་ཡིན་ཏེ། འདི་དག་གིས་ནི་ཕྱིར་མི་ལྡོག་པའི་དགེ་འདུན་གསུངས་སོ། །དེ་ནས་ཡང་ཚེ་དང་ལྡན་པ་ཤཱ་རིའི་
བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པས་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན་རྨི་ལམ་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་
མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡོད་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྒོམ་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་སྲིད་པ་དང་ཞི་བར་མི་རྟོག་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་

ལས་གང་ཞིག་བྱས་པའི་ལས་དེ་དག་ལ་སོགས་པའམ་འབྲི་བར་འགྱུར་བ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་དེ་ལ་སོགས་པའམ་འབྲི་བར་
འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ལ་ཡང་སོགས་པའམ་འབྲི་བ་མི་དམིགས་པའི་ཕྱིར་རོ། །འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལ་སོགས་པའམ་འབྲི་བར་ཡང་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང་རྨི་ལམ་ན་སྲོག་
བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ། །དེ་བདག་གིས་བསད་པ་ལགས་སོ་ཞེས་སད་དེ་རྣམ་པར་རྟོག་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཇི་སྐད་ཟེར། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དམིགས་པ་མེད་པར་ལས་མི་སྐྱེ་སྟེ། ལས་ནི་དམིགས་པ་དང་
བཅས་པ་ཁོ་ནར་སྐྱེ། དམིགས་པ་མེད་པར་སེམས་པ་མི་འབྱུང་སྟེ། སེམས་པ་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། དམིགས་པ་མེད་པར་ལས་མི་སྐྱེའོ། །དམིགས་པ་མེད་པར་སེམས་པ་མི་
འབྱུང་ངོ་། །དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །མཐོང་བ་དང་ཐོས་པ་དང་བསམ་པ་དང་རྣམ་པར་རིག་པའི་ཆོས་རྣམས་ལ་བློ་འཇུག་སྟེ། མ་མཐོང་
མ་ཐོས་མ་བསམས་རྣམ་པར་མ་རིག་པའི་ཆོས་ལ་ནི་བློ་མི་འཇུག་གོ། །དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །དེ་བས་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་
པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ཇི་ལྟར་དམིགས་པ་དང་བཅས་པར་ལས་

སྐྱེ་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་པར་མ་
ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་རྨི་ལམ་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་གཞག །ཤེས་རབ་བསྒོམས་ཏེ་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་
ན། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ། བཅོམ་ལྡན་འདས་ཀྱིས་ཕྱིར་
མི་ལྡོག་པར་ལུང་བསྟན་པ་འདི་མངོན་དུ་གྱུར་ན་འདི་ལ་དྲིས་ཤིག་དང་འདིས་ལ་ན་ལྡོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གནས་བརྟན་རབ་འབྱོར་འདི་ནི་འདི་སྐད་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་མངོན་དུ་གྱུར་པ་སྐྱེ་བ་གཅིག་གིས་ཐོགས་པ། ཕྱིར་མི་ལྡོག་པར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་སྟེ། འདི་ལ་དྲིས་ཤིག་དང་འདིས་ལན་ལྡོན་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྱམས་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མིང་འདི་ལན་ལྡོན་ནམ། འོན་ཏེ་གཟུགས་ལན་ལྡོན་ནམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་

པ་ལན་ལྡོན་པར་འགྱུར། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་ལྡོན་པར་འགྱུར་རམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་ལྡོན་པར་འགྱུར། འོན་ཏེ་གཟུགས་ཀྱི་དེ་བཞིན་ཉིད་
གང་ཡིན་པ་དེ་ལན་ལྡོན་པར་འགྱུར་རམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་ལྡོན་པར་འགྱུར། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་ལྡོན་པའི་མཐུ་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་ལྡོན་པའི་མཐུ་མེད་དོ། །བདག་གིས་ནི་གང་
ལན་ལྡོན་པ་དང་། བདག་གིས་ལན་གླན་པ་དང་། གང་གི་ལན་གླན་པ་དང་། གང་ལ་ལན་གླན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་། གང་ལ་ལུང་
བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །ཤཱ་རིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་དུ་བྱས་སམ། བྱམས་པས་སྨྲས་པ།
ཆོས་དེ་དག་ཇི་སྐད་ཁོ་བོས་བཤད་པ་དེ་ལྟར་ཆོས་དེ་དག་བདག་གིས་མངོན་དུ་བྱས་པ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། མ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ། འདི་ནི་ཡུན་རིང་པོར་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མི་དམིགས་པར་སྤྱད་པས་མི་དམིགས་

པ་ཉིད་བསྟན་པ་ཡིན་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་ལུང་བསྟན་པའི་ཆོས་དེ་ནི་འདིའོ། །ལུང་བསྟན་པར་འགྱུར་བའི་ཆོས་དེ་
ནི་འདིའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ལ་ཐེ་ཚོམ་སྐྱེ་བ་མེད་
ཅིང་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། ཤཱ་རིའི་བུ་གང་དེ་ལྟར་སྤྱོད་པ་དེ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ཞིང་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་
ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ་ཞེས་བྱ་བ་ནི་ཀླན་ཀ་བརྒྱུད་པ་ཡིན་ཏེ། འདི་དག་གིས་ནི་སྲིད་པ་དང་ཞི་བ་མཉམ་པ་ཉིད་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང་སེམས་ཅན་སྐོམ་པ་དང་། གོས་
ངན་པ་དང་། ཟས་དང་གོས་དང་མལ་ཆས་ཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་
དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་།
ཚངས་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་
བ་དང་། མི་གདུང་བ་དང་། ལེགས་མཐོང་དང་། རབ་ལྟ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་སྐྱིད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལོངས་སྤྱོད་དང་སྐྱིད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་ཡོངས་སུ་བརྟག་
པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་སྲོག་གཅོད་པ་དག་མཐོང་ངམ་སེམས་ཅན་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་ཟེར་བ་དང་། ཞེ་གཅོད་པའི་ཚིག་དང་། ཚིག་

ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་ཅན་དང་། ལོག་པར་ལྟ་བ་ཅན་དག་མཐོང་ངམ། སེམས་ཅན་ཚེ་ཐུང་བ་དང་། ནད་མང་བ་དང་། མདོག་ངན་པ་དང་། མཐུ་ཆུང་བ་དང་། ལོངས་སྤྱོད་ཆུང་བ་དང་། རིགས་དམའ་བ་དང་།
སེམས་ཅན་ཡན་ལག་དང་ཉིང་ལག་མ་ཚང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་
ཐམས་ཅད་ཀྱི་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པར་གྱུར་པ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། སེམས་ཅན་ཕན་ཚུན་དུ་གནོད་པར་སེམས་པ་རྡོ་བ་དང་དབྱིག་པ་དང་མཚོན་གྱིས་འདེབས་ཤིང་རྡེག་པ་དང་གསོད་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་
རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་མ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕུ་ནུ་ལྟ་བུའི་
སེམས་སུ་འགྱུར་བ་དང་། སྲིང་མོ་ལྟ་བུའི་སེམས་སུ་འགྱུར་བ་དང་། བུ་དང་བུ་མོ་ལྟ་བུའི་སེམས་སུ་འགྱུར་བ་དང་། བྱམས་པའི་སེམས་སུ་འགྱུར་བ་དང་། ཕན་པའི་སེམས་སུ་འགྱུར་བ་དེ་ལྟ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་

སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བརྩོན་འགྲུས་ཞན་པ་དང་། ལེ་ལོའི་སེམས་དང་ལྡན་པ་དང་། ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་
ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་
ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་བརྩམས་ཤིང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། སེམས་ཅན་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་སྒྲིབ་པ་ལྔས་བསྒྲིབས་པ་མཐོང་ངམ། བསམ་གཏན་དང་པོ་དང་མི་ལྡན་པ་མཐོང་ངམ། བསམ་གཏན་
གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་མི་ལྡན་པ་མཐོང་ངམ། བྱམས་པ་དང་མི་ལྡན་པ་མཐོང་ངམ། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་མི་ལྡན་པ་མཐོང་ངམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་

འཇུག་པ་དང་མི་ལྡན་པ་མཐོང་ངམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མི་ལྡན་པ་དག་མཐོང་ན་འདི་ལྟར་
ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་
ཐམས་ཅད་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་
དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་འཆལ་པ་ཅན་གྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དང་བྲལ་བ། བྱ་བ་མ་ཡིན་པར་སྨྲ་བ། མེད་པར་སྨྲ་བ།
ཆད་པར་སྨྲ་བ་དང་། རྟག་པར་ལྟ་བ། སེམས་ཅན་དུ་སྨྲ་བ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་
པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ལྟ་བའི་རྣམ་པ་ཐམས་ཅད་སྤངས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་

ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཕུང་པོ་གསུམ་ལ་གནས་པ་ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་པ་
དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་སེམས་ཅན་ལོག་པར་ངེས་པའི་སྒྲ་ཡང་མི་གྲག་ཅིང་མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་
ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟ་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་
ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ། བྱོལ་
སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་ངན་སོང་
གསུམ་གྱི་སྒྲ་ཡང་མི་གྲག་ཅིང་མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟ་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་
འདི་ལ་སྡོང་དུམ་དང་། ཚེར་མ་དང་། སབ་སུབ་དང་། བྱ་སྐྱིབས་དང་། གཅོང་རོང་དང་། གཡང་ས་དང་། ལྗན་ལྗིན་དང་ལུད་ཁུང་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་དེ་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་
ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་དང་གསེར་དངུལ་དང་མི་ལྡན་པ་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་
བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ས་ཆེན་པོ་འདི་གཞི་བཻ་ཌཱུརྱ་སྔོན་པོའི་རྒྱུ་ལས་གྲུབ་པ་གསེར་གྱི་བྱེ་མ་བདལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་བདག་ཏུ་བྱ་བ་ཡོངས་སུ་འཛིན་པ་ལ་གནས་པ་དག་མཐོང་ན། འདི་ལྟར་ཡོངས་
སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་བདག་གིར་བྱ་བ་ལ་ཡོངས་སུ་འཛིན་པ་མི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་
བདག་གི་བ་མེད་པ་དང་། ཡོངས་སུ་འཛིན་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་
པའི་ཚེ། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་དང་། རིགས་བཞི་པོ་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་
སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་རིགས་བཞིའི་སྒྲ་ཡང་མི་གྲག་ཅིང་མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་
སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་

པའི་ཚེ། སེམས་ཅན་རབ་དང་། འབྲིང་དང་། ཐ་མ་མཐོང་བ་དང་། སེམས་ཅན་རིགས་མཐོ་བ་དང་། རིགས་དམའ་བ་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་
སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་མི་འབྱུང་ཞིང་མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་
དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
སྤྱོད་པའི་ཚེ། སེམས་ཅན་ཁ་དོག་ཐ་དད་པ་དག་མཐོང་བ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཁ་དོག་ཐ་དད་པ་མི་འབྱུང་ཞིང་མི་སྲིད་པ་
དང་། གཞན་དུ་ན་སེམས་ཅན་ཐམས་ཅད་གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ་དང་། ཁ་དོག་བཟང་བའི་མཆོག་རྒྱས་པ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་
ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དེ་དག་ལ་བདག་པོ་ཡོད་པར་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་བདག་པོར་གདགས་པ་མི་འབྱུང་ཞིང་མི་སྲིད་པ་དང་། གཞན་དུ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་
པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་འགྲོ་བ་ཐ་དད་པ་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ལྷ་དང་མི་དང་། སེམས་ཅན་དམྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་འགྲོ་བ་ཐ་དད་པ་མེད་ཅིང་མི་སྲིད་པ་དང་། གཞན་
དུ་ན་སེམས་ཅན་ཐམས་ཅད་ལས་གཅིག་ཏུ་འགྱུར་ཞིང་དྲན་པ་ཉེ་བར་གཞག་པ་བཞི་དང་མ་བྲལ་བ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།
འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་
པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་།