Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 83
Văn bản gốc(Tây Tạng)
Trang 18 / 21 (50.000 ký tự/trang)
ི་སའི་ཁམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཆུའི་ཁམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་འདི་ནི་མེའི་ཁམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་རླུང་གི་ཁམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའི་ཁམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་རྣམ་པར་ཤེས་པའི་ཁམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་མ་རིག་པ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་འདུ་བྱེད་བསྒོམ་ པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་མིང་དང་། གཟུགས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་སྐྱེ་མཆེད་དྲུག་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་རེག་པ་བསྒོམ་པ་རྣམ་པར་མི་ བསྒོམ་པའོ། །འདི་ནི་ཚོར་བ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་སྲེད་པ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་ལེན་པ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་སྲིད་པ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ནི་སྐྱེ་བ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། ། འདི་ལྟ་སྟེ་རྒས་པ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་རྣམ་པར་མི་ བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་སྟོང་པ་ཉིད་ཐམས་ཅད་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྒོམ་པ་འདི་ནི་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་འཕགས་པའི་བདེན་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་ པ་མེད་པ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་བསྒོམ་པ་རྣམ་པར་མི་བསྒོམ་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་མི་བསྒོམ་པའོ་ཞེས་བྱ་བ་ནི་མི་དམིགས་པའི་ངོ་བོ་ཉིད་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བརྟག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགའ་ཞིག་གིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཞེན་པར་མི་བྱེད་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ཡོངས་སུ་བརྟག་པར་བྱའོ། །དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པར་མི་བྱེད་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོར་ཡོངས་སུ་བརྟག་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་གིས་གང་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་པར་མི་བྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མངོན་པར་ཞེན་པར་ མི་བྱེད་པ་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཞེན་པར་མི་བྱེད་པ་དང་། རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མངོན་པར་ཞེན་པར་མི་བྱེད་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། མངོན་པར་ཤེས་པ་རྣམས་ལ་མངོན་པར་ཞེན་པར་མི་བྱེད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ མངོན་པར་ཞེན་པར་མི་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་པར་མི་བྱེད་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་གིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཕ་ རོལ་གྱིས་སྨྲས་པ་དང་། ཕ་རོལ་གྱིས་བསྟན་པ་ལ་སྙིང་པོ་དང་། མཆོག་ཏུ་མི་ལྟ་བ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་གིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཕ་རོལ་གྱི་དད་པས་མི་འགྲོ་ན་ དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་གིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདོད་ཆགས་དང་བཅས་པའི་སེམས་བསྐྱེད་པས་འཕྲོག་པ་མ་ཡིན། ཞེ་སྡང་དང་གཏི་མུག་དང་བཅས་པའི་ སེམས་བསྐྱེད་པས་འཕྲོག་པ་མ་ཡིན་ན། དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགའ་ཞིག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པའི་ཚེ། མི་དངང་ཀུན་ ཏུ་མི་སྐྲག་ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་ལ། ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར་ཞིང་། དེའི་ཡིད་ཕྱིར་ཕྱོགས་པར་མི་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་བྱེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པར་དགའ་ལ་ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་དུ་ནན་ཏན་བྱེད་ན། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ལ། ཐོས་ནས་བཟུང་། བཅངས། ཀུན་ཆུབ་པར་བྱས། བཀླགས། ཚུལ་བཞིན་དུ་ཡིད་ལ་བྱས། དེ་བཞིན་ཉིད་དུ་ནན་ཏན་དུ་བྱས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པའི་ཚེ། མི་དངང་ཀུན་དུ་མི་སྐྲག །ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་ལ་ཞུམ་ པར་མི་འགྱུར་ཞིང་དེའི་ཡིད་ཕྱིར་ཕྱོགས་པར་མི་བྱེད་ཅིང་སླར་ལྡོག་པར་མི་འགྱུར་བར་ཐོས་ནས་ཀྱང་གོང་ནས་གོང་དུ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའི་ ངོ་བོ་ཉིད་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། མི་དངང་ཀུན་དུ་མི་སྐྲག །ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་ཞིང་ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར། དེའི་ ཡིད་ཕྱིར་ཕྱོགས་པར་མི་འགྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཇི་ལྟར་བརྟག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ལ་གཞོལ་བའི་བསམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་ པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་པ་ཉིད་ལ་གཞོལ་བ་དང་། སྟོང་པ་ཉིད་ལ་འབབ་པ་དང་། སྟོང་པ་ཉིད་ལ་ནུས་པའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་མཚན་མ་མེད་པ་ལ་ གཞོལ་བ་དང་། མཚན་མ་མེད་པ་ལ་འབབ་པ་དང་། མཚན་མ་མེད་པ་ལ་ནུས་པའི་བསམ་པ་དང་། རབ་འབྱོར་སྨོན་པ་མེད་པ་ལ་གཞོལ་བ་དང་། སྨོན་པ་མེད་པ་ལ་འབབ་པ་དང་། སྨོན་པ་མེད་པ་ལ་ནུས་པའི་བསམ་པ་དང་། རབ་འབྱོར་ནམ་མཁའ་ལ་གཞོལ་བ་དང་། ནམ་མཁའ་ལ་འབབ་པ་དང་། ནམ་མཁའ་ལ་ནུས་པའི་བསམ་པ་དང་། རབ་འབྱོར་ཡང་དག་པའི་མཐའི་བར་ལ་གཞོལ་བ་དང་། ཡང་དག་པའི་མཐའ་ལ་འབབ་པ་དང་། ཡང་དག་པའི་མཐའ་ལ་ནུས་པའི་བསམ་པ་དང་། རབ་འབྱོར་མངོན་པར་འདུ་བྱ་བ་མེད་པ་ལ་གཞོལ་བ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་འབབ་ པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་ནུས་པའི་བསམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་རྨི་ལམ་ལ་གཞོལ་བའི་བསམ་པ་དང་། སྤྲུལ་པ་ལ་གཞོལ་བའི་བསམ་པ་དང་། སྒྱུ་མ་ལ་གཞོལ་བའི་བསམ་པ་དང་། སྨིག་རྒྱུ་ལ་གཞོལ་བའི་བསམ་པ་དང་། སྒྲ་བརྙན་ལ་ གཞོལ་བའི་བསམ་པ་དང་། མིག་ཡོར་ལ་གཞོལ་བའི་བསམ་པ་དང་། གཟུགས་བརྙན་ལ་གཞོལ་བའི་བསམ་པ་དང་། དྲི་ཟའི་གྲོང་ཁྱེར་ལ་གཞོལ་བའི་བསམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན་ནོ།། །།བམ་པོ་བཞི་བཅུ་བརྒྱད་པ། རབ་འབྱོར་གྱིས་ གསོལ་པ། བཅོམ་ལྡན་འདས་དེ་ལྟར་སྟོང་པ་ཉིད་ལ་གཞོལ་བ་དང་། སྟོང་པ་ཉིད་ལ་འབབ་པ་དང་། སྟོང་པ་ཉིད་ལ་ནུས་པའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར་ཞིང་དེ་བཞིན་དུ་མཚན་མ་མ་མཆིས་པ་དང་། སྨོན་པ་ མ་མཆིས་པ་དང་། ནམ་མཁའ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ ཉིད་དང་། བསམ་གྱིས་མི་ཁྱབ་པ་དང་། ཡང་དག་པའི་མཐའ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། རྨི་ལམ་དང་། སྤྲུལ་པ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་ལ་གཞོལ་བ་དང་། འབབ་པ་དང་། ནུས་པའི་བསམ་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་ཡང་རྟོག་པ་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ལ་རྟོག་པ་ལགས་སམ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། རྣམ་པར་ཐར་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་རྟོག་པ་ལགས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་རྣམས་ལ་རྟོག་པ་ལགས་སམ། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་རྟོག་པ་ལགས་སམ། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་ དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་ལགས་སམ། ཅི་ཡང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་རྟོག་པ་མ་ ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ལ་རྟོག་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ ཐམས་ཅད་ལ་རྟོག་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་རྟོག་པ་མ་ཡིན་ནོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་རྟོག་པ་མ་ཡིན་ནོ། །སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་མ་བྱས། གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་། གང་ན་ཡང་མི་གནས། ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས་ཏེ། དེ་ལ་གྲངས་མི་དམིགས་སོ། །འགྲོ་བ་དང་འོང་བ་མི་ དམིགས་སོ། །གང་ལ་གྲངས་མི་དམིགས་ཤིང་། འགྲོ་བ་དང་འོང་བ་མི་དམིགས་པ་དེ་ནི་གང་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། གཟུགས་ཀྱིས་མ་ཡིན། ཚོར་བས་མ་ཡིན། འདུ་ཤེས་ཀྱིས་མ་ཡིན། འདུ་བྱེད་རྣམས་ཀྱིས་མ་ཡིན། རྣམ་པར་ཤེས་པས་མ་ཡིན། ཕུང་པོས་ མ་ཡིན། ཁམས་ཀྱིས་མ་ཡིན། སྐྱེ་མཆེད་རྣམས་ཀྱིས་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བས་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གིས་མ་ཡིན་ནོ། །སྦྱིན་པས་མ་ཡིན། ཚུལ་ཁྲིམས་ཀྱིས་མ་ཡིན། བཟོད་པས་མ་ཡིན། བརྩོན་འགྲུས་ཀྱིས་མ་ཡིན། བསམ་གཏན་གྱིས་མ་ ཡིན། ཤེས་རབ་ཀྱིས་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཉིད་དང་། རྣམ་པར་ཤེས་པ་ ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་ བྱར་མེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པར་ཐར་པའི་དེ་བཞིན་ཉིད་གང་ཡིན་པ་དང་། མངོན་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་ རིག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་ གཉིས་སུ་བྱར་མེད་དོ། །དེ་ནས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མ་དང་། ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། སཽ་གནྡྷི་ཀ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་མང་པོ་ཐོགས་ཏེ་བཅོམ་ལྡན་འདས་ག་ལ་ བ་དེར་གཏོར་ཏོ། །གཏོར་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་བལྟ་དཀའ་བ། རྟོགས་པར་དཀའ་བ། བརྟག་ཏུ་མ་མཆིས་པ། རྟོག་གེའི་སྤྱོད་ཡུལ་མ་ལགས་པ། ཞི་བ། ཕྲ་བ། མཛངས་པ། མཁས་པ། རྣམ་པར་ཤེས་པས་རིག་པར་བགྱི་བ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འདི་ལྟ་སྟེ། དེ་ བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཅེས་བགྱི་བ་གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་ཕྲ་བ་བསྟན་པ་ནི་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མ་ མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ་ཞེས་ བགྱི་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱང་གཟུགས་སོ། །ལྷའི་བུ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དང་། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པར་ཤེས་པའི་དེ་བཞིན་ ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ནང་སྟོང་ པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་ ཞེ་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དྲན་པ་ཉེ་བར་གཞག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་སྤོང་བ་ དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་ གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་ པར་འཇུག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་ མེད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་ དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ དང་། སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་དོན་གྱི་དབང་འདི་གཟིགས་པས་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་བ་ལ་གཞོལ་བ་སྟེ། ཆོས་བསྟན་པ་ལ་གཞོལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བྱང་ཆུབ་འདི་ནི་ཟབ་ཅིང་བལྟ་ དཀའ་ལ་ཁོང་དུ་ཆུད་པར་དཀའ་ཞིང་བརྟག་ཏུ་མེད་ལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། ཞི་བ། ཕྲ་བ། མཁས་པ་རྣམ་པར་ཤེས་པས་རིག་པར་བྱ་བ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་སྟེ། དེ་ནི་སུས་ཀྱང་མངོན་པར་སངས་མ་རྒྱས། ནམ་ཡང་མངོན་པར་སངས་མ་རྒྱས། གང་ཡང་མངོན་པར་ སངས་མ་རྒྱས་པ་སྟེ། གང་ལ་གཉིས་སུ་ཀུན་ནས་སྤྱོད་པ་ཡང་མེད་ལ་གཉིས་སུ་མེད་པར་ཀུན་ནས་སྤྱོད་པ་ཡང་མེད་པ་དེ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ཉིད་དོ་ཞེས་བྱ་བ་འདི་ནི་དམིགས་པའི་ངོ་བོ་ཉིད་ཡིན་ནོ། །ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་ དེ་བཞིན་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ཆོས་ཀྱི་དབྱིངས་ཟབ་པའི་ཕྱིར་དང་། ཡང་དག་པའི་མཐའ་ཟབ་པའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་ནམ་མཁའ་མཐའ་ཡས་མུ་མེད་པའི་ཕྱིར་དང་། འོང་བ་དང་འགྲོ་བ་མེད་པའི་ ཕྱིར་དང་། མི་སྐྱེ་མི་འགག་པར་མཉམ་པ་ཉིད་ཀྱི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་མཉམ་པ་ཉིད་ཀྱི་ཕྱིར་དང་། མངོན་པར་འདུ་བྱེད་པ་མེད་པར་མཉམ་པ་ཉིད་ཀྱི་ཕྱིར་དང་། བདག་ཟབ་པའི་ཕྱིར་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ པའི་ཕྱིར་ཆོས་འདི་ཟབ་པོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ ཟབ་པོ། །ལྷའི་བུ་དག་ནང་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་དྲན་པ་ཉེ་བར་གཞག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །ལྷའི་བུ་དག་འཕགས་པའི་བདེན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ཟབ་པའི་ཕྱིར་དང་། མངོན་པར་ཤེས་པ་རྣམས་ཟབ་པའི་ཕྱིར་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཟབ་པའི་ཕྱིར་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་ རྣམས་ཟབ་པའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཟབ་པའི་ཕྱིར་དང་། ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཆོས་བསྟན་པ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་དེ་ནི་གཟུགས་གཟུང་བའམ་མི་གཟུང་བའི་སླད་དུ་ཆོས་བསྟན་པ་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་བའམ་མི་གཟུང་ བའི་སླད་དུ་ཆོས་བསྟན་པ་མ་ལགས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གཟུང་བའམ་མི་གཟུང་བའི་སླད་དུ་ཆོས་བསྟན་པ་མ་ལགས། དེ་བཞིན་དུ་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ སུམ་ཅུ་རྩ་བདུན་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་གཟུང་བའམ་མི་གཟུང་བའི་སླད་དུ་བསྟན་པ་མ་ལགས། ཆོས་ཐམས་ཅད་གཟུང་བའམ་མི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བཅོམ་ལྡན་ འདས་ཆོས་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་གཟུང་བའམ་མི་གཟུང་བའི་སླད་དུ་བསྟན་པ་མ་ལགས། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་བའམ་ མི་གཟུང་བའི་སླད་དུ་བསྟན་པ་མ་ལགས། བཅོམ་ལྡན་འདས་འཇིག་རྟེན་ནི་བདག་གི་གཟུགས་སོ། །བདག་གི་ཚོར་བའོ། །བདག་གི་འདུ་ཤེས་སོ། །བདག་གི་འདུ་བྱེད་རྣམས་སོ། །བདག་གི་རྣམ་པར་ཤེས་པའོ། །བདག་གི་ཕུང་པོ་རྣམས་སོ། །བདག་གི་ཁམས་རྣམས་སོ། །བདག་ གི་སྐྱེ་མཆེད་རྣམས་སོ། །བདག་གི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །བདག་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གོ། །བདག་གི་སྦྱིན་པའོ། །བདག་ནི་སྦྱིན་བདག་གོ། །བདག་གི་ཚུལ་ཁྲིམས་རྣམས་སོ། །བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །བདག་གི་བཟོད་པའོ། །བདག་ནི་ བཟོད་པ་དང་ལྡན་པའོ། །བདག་གི་བརྩོན་འགྲུས་སོ། །བདག་ནི་བརྩོན་འགྲུས་དང་ལྡན་པའོ། །བདག་གི་བསམ་གཏན་ནོ། །བདག་ནི་བསམ་གཏན་དང་ལྡན་པའོ། །བདག་གི་ཤེས་རབ་པོ། །བདག་ནི་ཤེས་རབ་དང་ལྡན་པའོ། །བདག་གི་ནང་སྟོང་པ་ཉིད་དོ། །བདག་ནི་ནང་སྟོང་པ་ཉིད་ སྒོམ་པའོ། །བདག་གི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རོ། །བདག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་སྒོམ་པའོ། །བདག་གི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །བདག་གི་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ ཡན་ལག་དང་། ལམ་རྣམས་སོ། །བདག་གི་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། བདག་གི་འཕགས་པའི་བདེན་པ་རྣམས་དང་། བདག་གི་མངོན་པར་ཤེས་པ་རྣམས་དང་། བདག་གི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ དང་། གཟུངས་ཀྱི་སྒོ་རྣམས་དང་། བདག་གི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སོ། །བདག་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་ལྡན་པའོ། །བདག་གི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་ པ་རྣམས་སོ། །བདག་གི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བདག་གི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བདག་ནི་རྒྱུན་དུ་ཞུགས་པའོ། །བདག་གི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །བདག་ནི་ལན་ཅིག་ཕྱིར་འོང་བའོ། །བདག་གི་ཕྱིར་མི་འོང་བའི་འབྲས་བུའོ། །བདག་ནི་ཕྱིར་ མི་འོང་བའོ། །བདག་གི་དགྲ་བཅོམ་པ་ཉིད་དོ། །བདག་ནི་དགྲ་བཅོམ་པའོ། །བདག་གི་རང་བྱང་ཆུབ་པོ། །བདག་ནི་རང་སངས་རྒྱས་སོ། །བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའོ་ཞེས་བྱ་བར་འཛིན་པ་ལ་སྤྱོད་དོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་བའི་ཕྱིར་མ་ཡིན། མི་ གཟུང་བའི་ཕྱིར་མ་ཡིན་ཏེ། ལྷའི་བུ་དག་གང་ཡང་གཟུགས་གཟུང་བའི་ཕྱིར་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། གང་རྣམ་པར་ཤེས་པ་གཟུང་བའི་ཕྱིར་སྤྱོད་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་སྐལ་བ་དང་ལྡན་བ་མ་ཡིན་ནོ། །གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ཡིན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ ཡིན། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ཡིན། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གཟུང་བའི་ཕྱིར་བསྟན་པ་མ་ ཡིན། མི་གཟུང་བའི་ཕྱིར་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ཡིན་ནོ། །ལྷའི་བུ་དག་གང་ཡང་གཟུགས་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། གང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་ འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འཕགས་པའི་བདེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དེ་དག་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པའི་སྐལ་བ་དང་ལྡན་པ་མ་ཡིན་ནོ། །བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པར་མི་ནུས་སོ་ཞེས་བྱ་བ་ནི་འཇིག་རྟེན་ ཐམས་ཅད་དང་མི་མཐུན་པའི་ངོ་བོ་ཉིད་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་འདི་ནི་ཆོས་གཞན་ཐམས་ཅད་དང་རྗེས་སུ་མཐུན་ཏེ། བཅོམ་ལྡན་འདས་ཆོས་གཞན་གང་རྣམས་དང་རྗེས་སུ་མཐུན་པ་ལགས་ཤེ་ན། བཅོམ་ལྡན་འདས་ཆོས་འདི་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་ སུ་མཐུན་པའོ། །ཆོས་འདི་ནི་ནང་སྟོང་པ་ཉིད་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་ ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་འཕགས་པའི་བདེན་པ་རྣམས་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་ཚད་མེད་པ་དང་། བསམ་ གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་ཆོས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྗེས་ སུ་མཐུན་པའོ། །ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་ཏེ། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ལ་ཐོགས་པ་མ་མཆིས་སོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་ལ་ཐོགས་པ་མ་མཆིས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལ་ཐོགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་རྣམས་དང་། ཚད་མེད་ པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་ཐོགས་པ་མ་མཆིས་སོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་ པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐོགས་པ་མ་མཆིས་སོ། །ཆོས་འདི་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་སླད་དང་། དེ་བཞིན་ཉིད་དང་མཉམ་པ་ཉིད་ཀྱི་སླད་དང་། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་སླད་དང་། ཡང་དག་པའི་མཐའ་དང་མཉམ་པ་ཉིད་ཀྱི་སླད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་མཉམ་པ་ཉིད་ཀྱི་སླད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མཉམ་པ་ཉིད་ ཀྱི་སླད་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མཉམ་པ་ཉིད་ཀྱི་སླད་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་མཉམ་པ་ཉིད་ཀྱི་སླད་དུ་ཐོགས་པ་མ་མཆིས་པའི་མཚན་ཉིད་དོ། །ཆོས་འདི་ནི་གཟུགས་ཀྱི་སྐྱེ་བ་དང་། འགག་པ་མ་ མཆིས་པའི་སླད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་དང་འགག་པ་མ་མཆིས་པའི་སླད་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་སྐྱེ་བ་དང་འགག་པ་མ་ མཆིས་པའི་སླད་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་ཀྱི་སྐྱེ་བ་དང་འགག་པ་མ་མཆིས་པའི་སླད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འཕགས་པའི་བདེན་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་སྐྱེ་བ་དང་འགག་པ་མ་མཆིས་པའི་སླད་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བ་དང་འགག་པ་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་ཡིན་ནོ། །ཆོས་འདི་ནི་གཞི་མ་མཆིས་པ་དང་ལྡན་པ་སྟེ། གཟུགས་ཀྱི་གཞི་མི་དམིགས་པའི་སླད་དུ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་གཞི་མི་དམིགས་པའི་སླད་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་གཞི་མི་དམིགས་པའི་སླད་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་གཞི་མི་དམིགས་པའི་སླད་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་གཞི་མི་དམིགས་པའི་སླད་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོང་ པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཞི་མི་དམིགས་པའི་སླད་དང་། འཕགས་པའི་བདེན་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་གཞི་མི་དམིགས་པའི་སླད་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི་མི་དམིགས་པའི་སླད་དུ་ཆོས་འདི་ནི་གཞི་མ་མཆིས་པའོ་ཞེས་བྱ་བ་ནི་གཞི་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་ རབ་འབྱོར་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གནས་བརྟན་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་དང་དེ་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་ལས་བརྩམས་ཤིང་སྟོན་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ གྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གང་འདི་སྐད་དུ་བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ་ཞེས་ཟེར་བ་ནི་ཇི་ལྟར་རྗེས་སུ་སྐྱེས་པས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་ རྗེས་སུ་སྐྱེས་པ་ཡིན་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་མ་སོང་བ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བ་སྟེ། དེ་ལྟར་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གནས་པའི་དེ་བཞིན་ཉིད་དོ། །གནས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ མི་འགྱུར་རྣམ་པར་མི་འགྱུར་བ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མི་འགྱུར་རྣམ་པར་མི་འགྱུར་ལ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མེད་དེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ཅིང་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་པ་དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་ཏེ། གང་གིས་དེ་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་དེས་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། དེ་ལྟར་ན་གནས་ བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །གཉིས་སུ་མེད་པའི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་དུ་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐམས་ཅད་དུ་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་ ལ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མི་དད་ཅིང་དེ་བཞིན་ཉིད་དབྱེར་མེད་པ་དམིགས་སུ་མེད་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་ཅིང་དེ་བཞིན་ཉིད་དབྱེར་མེད་པ་དམིགས་སུ་མེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། ། ཇི་ལྟར་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་གཞན་མ་ཡིན་པའི་དེ་བཞིན་ཉིད་དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཞིང་། དེ་རྟག་ཏུ་དེ་བཞིན་ཉིད་ཡིན་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་ཡང་རྣམ་པ་གཞན་མ་ཡིན་པའི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཤིང་གང་གི་ཡང་རྗེས་སུ་མ་སྐྱེས་སོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་བཞིན་དུ་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་ བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་སྟེ། འདས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་འདས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །མ་འོངས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་མ་འོངས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །ད་ལྟར་བྱུང་བའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་ད་ལྟར་བྱུང་བའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་དེ་ བཞིན་ཉིད་དེ། དེ་ལྟར་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཕུང་པོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕུང་པོའི་དེ་བཞིན་ཉིད་དོ། །ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཁམས་ཀྱི་དེ་བཞིན་ཉིད་དོ། །སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ ལག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་དེ་བཞིན་ཉིད་དོ། །དེ་ལྟར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་ བའི་ཡན་ལག་གི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །དེ་ བཞིན་དུ་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་ མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། །དེ་ལྟར་ན་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་ བཞིན་ཉིད་དེ་དེ་ལྟར་ན་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ རྣམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལམ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དོ། །མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དོ། །དེ་ལྟར་ན་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པའི་དེ་བཞིན་ཉིད་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྟོང་པ་ཉིད་ དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་དོ། །འཕགས་པའི་བདེན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འཕགས་པའི་བདེན་པའི་དེ་བཞིན་ཉིད་དོ། །མངོན་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མངོན་པར་ཤེས་པ་རྣམས་ཀྱི་དེ་ བཞིན་ཉིད་དེ། དེ་ལྟར་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་དང་། འཕགས་པའི་བདེན་པའི་དེ་བཞིན་ཉིད་དང་། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། ། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་ རིག་པ་རྣམས་ཀྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདི་ནི་རབ་འབྱོར་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དེ། དེ་བཞིན་གཤེགས་པས་ཡང་དག་པའི་དེ་བཞིན་ཉིད་འདི་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་འཐོབ་པོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་རྣམ་པར་འགྱུར་བ་དྲུག་དང་ལྟས་ཆེན་པོ་བཅོ་བརྒྱད་དུ་གཡོས་ཏེ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །འགུལ་ལོ། །རབ་ཏུ་འགུལ་ལོ། །ཀུན་དུ་རབ་ཏུ་འགུལ་ལོ། །ལྡེག་གོ། རབ་ཏུ་ལྡེག་གོ། །ཀུན་དུ་རབ་ཏུ་ལྡེག་གོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། ། འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། །འཁྲུགས། རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་སོ། །ཤར་ཕྱོགས་མཐོ་ན་ནི་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ནི་ཤར་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་ནི་བྱང་ཕྱོགས་དམའ། མཐའ་ མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་བར་གྱུར་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་དང་གནས་བརྟན་རབ་འབྱོར་ལ་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་མངོན་པར་གཏོར་ནས་འདི་སྐད་དུ་བཅོམ་ལྡན་འདས་དེ་ལྟར་གནས་བརྟན་རབ་འབྱོར་འདི་ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ངོ་མཚར་ཏོ་ཞེས་ཚིག་ཏུ་བརྗོད་དོ་ཞེས་བྱ་བ་ནི་འགྲོ་བ་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་གཏམ་གྱི་རྗེས་སུ་འབྲེལ་བར་བྱས་ཏེ། དེ་ལྟར་ལྷའི་བུ་དག་གནས་བརྟན་རབ་འབྱོར་ནི་ གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྗེས་སུ་མ་སྐྱེས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྟེན་ཅིང་ འབྲེལ་བར་འབྱུང་བའི་རྗེས་སུ་མ་སྐྱེས། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་རྗེས་སུ་སྐྱེས་པ་དང་། གང་གིས་རྗེས་སུ་སྐྱེས་པ་ དང་། གང་རྗེས་སུ་སྐྱེད་པ་དང་། གང་རྗེས་སུ་སྐྱེ་བར་འགྱུར་བའམ། གང་གི་རྗེས་སུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། དེ་ལ་གཟུགས་དང་གཟུགས་ ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གང་གི་ཚེ་གཟུགས་ཉིད་མི་དམིགས་པ་དེའི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། གང་གི་ཚེ་རྣམ་ པར་ཤེས་པ་ཉིད་མི་དམིགས་པ་དེའི་ཚེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གང་གི་ཚེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཉིད་མི་དམིགས་པ་དེའི་ཚེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་དེ་བཞིན་ཉིད་མི་དམིགས་ཏེ། གང་གི་ཚེ་རྟེན་ ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ཉིད་མི་དམིགས་པ་དེའི་ཚེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་ པ་ཉིད་ཐམས་ཅད་དང་། རྣམ་པར་ཐར་པ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་ཀྱི་སྒོ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ དེ་བཞིན་ཉིད་མི་དམིགས་ཏེ། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། དེ་ལ་ གཟུགས་མི་དམིགས། གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ན་གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་དམིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་ དམིགས་ཏེ། རྣམ་པར་ཤེས་པ་ཉིད་མི་དམིགས་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ བཞིན་ཉིད་མི་དམིགས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་མི་དམིགས་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་བར་དུ་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། ཤཱ་རིའི་བུ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་ མ་ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ ཏུ་ཐོབ་པོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་མི་ཉམས་པའི་ཆོས་ཅན་དྲུག་ཅུ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་ རྣམ་པར་གྲོལ་བར་ཤེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་དེ་དག་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་དག་གིས་སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་ཏེ། ཐམས་ཅད་དུ་ཡང་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས། ཤེས་རབ་བསྒོམས་ཀྱང་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དང་། ཐབས་མཁས་པས་ ཡོངས་སུ་མ་བཟུང་བས་བདག་ནི་སྦྱིན་པ་གཏོང་བའོ། །བདག་ནི་ཚུལ་ཁྲིམས་སྲུང་བའོ། །བདག་ནི་བཟོད་པ་སྒོམ་པའོ། །བདག་ནི་བརྩོན་འགྲུས་རྩོམ་པའོ། །བདག་ནི་བསམ་གཏན་ལ་སྙོམས་པར་གཞོག་པའོ། །བདག་ནི་ཤེས་རབ་སྒོམ་པའོ་ཞེས་དེ་ལྟར་སྤྱོད་པས་དེ་དག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མི་མཁས་པས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གོམས་པར་བྱེད་ཅིང་དེ་དག་འདུ་ཤེས་སྣ་ཚོགས་ཀྱི་སྤྱོད་པས་ཐ་མི་དད་པས་མི་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་སོ། ། དེ་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོད་མོད་ཀྱི་དེ་དག་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཡང་དག་པའི་མཐའ་མངོན་དུ་བྱས་ནས་ཉན་ཐོས་སུ་གྱུར་ཏོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་བསྒོམ་དུ་ འདྲ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པ་དང་བྲལ་བ་རྣམས་ནི་ཡང་དག་པའི་མཐའ་མངོན་དུ་བགྱིས་ཤིང་ཉན་ཐོས་སུ་ཡང་འགྱུར་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལ་བརྟེན་ནས་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་ དང་། སྨོན་པ་མ་མཆིས་པ་དེ་དག་ཉིད་བསྒོམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བ་སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པའི་ཆོས་འབའ་ཞིག་བསྒོམ་པ་ནི་ཐབས་མཁས་པ་ལ་མ་བརྟེན་པས་ཉན་ཐོས་སུ་འགྱུར་རོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་