Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 83
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་ཁྱོད་ཀྱི་སྤོབས་པ་དེ་ནི་སངས་རྒྱས་ཀྱི་ མཐུས་སྐྱེས་སོ་ཞེས་བྱ་བ་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་ལྟར་ཡོངས་སུ་བཟུང་བ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་། མིའི་སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྡུ་བའི་དངོས་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་བཞིས་སེམས་ཅན་བརྒྱ་ཕྲག་དུ་མ་དང་། སེམས་ཅན་སྟོང་ཕྲག་དུ་མ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྗེས་སུ་འཛིན་པར་འགྱུར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་ལེན་དུ་འཇུག་གོ། །བསམ་གཏན་བཞི་རྣམས་དང་། ཚད་མེད་པ་བཞི་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཡང་དག་པར་ལེན་དུ་འཇུག་གོ། །བདག་ཉིད་ཀྱང་ཆོས་དེ་རྣམས་ལ་གནས་པར་འགྱུར་རོ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འགོད་དོ། །བདག་ཀྱང་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྤྱོད་ཅིང་གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འགོད་དོ། །བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཞན་ཡང་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །དེ་ དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཐབས་མཁས་པས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་ཀྱང་བདག་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་མི་བྱེད་དོ། །དེ་བཞིན་དུ་སེམས་ཅན་རྣམས་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ལ་རབ་ཏུ་ འགོད་ཀྱང་བདག་ཉིད་དགྲ་བཅོམ་པའི་བར་མངོན་དུ་མི་བྱེད་དོ། །སེམས་ཅན་རྣམས་རང་སངས་རྒྱས་ལ་རབ་ཏུ་འགོད་ཀྱང་བདག་ཉིད་རང་བྱང་ཆུབ་མངོན་དུ་མི་བྱེད་དོ། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་གནོན་ལ། གཞན་ཡང་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་འགོད་དོ། །བདག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ བྱེད་ཅིང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ལ། གཞན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ ཤེས་པ་བསྐྱེད་ལ། གཞན་ཡང་མངོན་པར་ཤེས་པ་ཐོབ་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་གཟུངས་ཀྱི་སྒོ་ཡོངས་སུ་སྦྱོང་ལ། གཞན་ཡང་གཟུངས་ཀྱི་སྒོ་ཡོངས་སུ་སྦྱོང་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་སྤོབས་པ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་ལ། གཞན་ཡང་ སྤོབས་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་ལ། གཞན་ཡང་གཟུགས་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་མཚན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་ལ། གཞན་ཡང་མཚན་ཕུན་སུམ་ ཚོགས་པ་ཐོབ་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་གཞོན་ནུའི་ས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་ལ། གཞན་ཡང་གཞོན་ནུའི་ས་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་ལ། གཞན་ ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་འཕགས་པའི་བདེན་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། གཟུངས་ཀྱི་སྒོ་ སྐྱེད་པར་བྱེད་ལ། གཞན་དག་ཀྱང་དེ་རྣམས་ལ་འགོད་པར་བྱེད་དོ། །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་སྐྱེད་པར་བྱེད་ལ། གཞན་ཡང་མི་འཇིགས་པ་བཞི་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་སྐྱེད་པར་བྱེད་ལ། གཞན་ ཡང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོ་སྒོམ་པར་བྱེད་ལ། གཞན་ཡང་ཚད་མེད་པ་བཞི་བསྒོམ་པ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་སྒྲུབ་ལ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་ལ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་དག་པར་བསྐུལ་ལོ། །བདག་ ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤོང་ལ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤོང་བ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་ལ། གཞན་ཡང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ལ། གཞན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུལ་ལོ་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་སྦྱོར་བ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་མང་པོ་དང་ལྡན་པ་དེ་དག་སེམས་ཅན་ཐམས་ཅད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་བཅོམ་ལྡན་ འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་དྲུག་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་བཞི་རྣམས་དང་། སོ་སོ་ ཡང་དག་པར་རིག་པ་བཞི་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་གཟུགས་ཀྱི་འགྲིབ་པ་ཡང་དག་པར་རྗེས་སུ་མ་མཐོང་བ་དང་། ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འགྲིབ་པ་ཡོངས་སུ་མ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་ འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་ཡང་དག་པར་རྗེས་སུ་མ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་འཕེལ་ འགྲིབ་མེད་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་མ་ཡིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། འདས་ཞེས་བྱ་བར་ཡང་དག་པར་ རྗེས་སུ་མི་མཐོང་། མ་འོངས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ད་ལྟར་བྱུང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། དགེ་ཞེས་བྱ་བ་དང་། མི་དགེ་ཞེས་བྱ་བ་དང་། ལུང་སྟོན་ཞེས་བྱ་བ་དང་། ལུང་མི་སྟོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། འདུས་བྱས་ཞེས་བྱ་བར་ ཡང་དག་པར་རྗེས་སུ་མི་མཐོང་། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། འདོད་པའི་ཁམས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཀྱི་ཁམས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་མེད་པའི་ཁམས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ནི་ཕྱིར་མི་ལྡོག་པ་མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། དབང་དུ་གྱུར་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པ་མི་ དམིགས་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་ གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་ མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པའི་འདུ་ཤེས་འགོག་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་སུ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྔོན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་གྱུར་པ། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་གྱུར་ པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་ བསྐྱེད་པར་གྱུར་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མི་རྟོག་རྣམ་པར་མི་རྟོག་གོ། །གཟུགས་ཀྱི་མཚན་མར་མི་རྟོག་རྣམ་པར་མི་རྟོག་གོ། །གཟུགས་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་མི་རྟོག་རྣམ་པར་མི་རྟོག་གོ། །རྣམ་པར་ཤེས་པའི་མཚན་མར་མི་རྟོག་རྣམ་ པར་མི་རྟོག་གོ། །རྣམ་པར་ཤེས་པའི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་རྟོག་རྣམ་པར་མི་རྟོག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མར་མི་རྟོག་རྣམ་པར་མི་རྟོག་གོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་གྱུར་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཟབ་པའི་ཕྱིར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་ མེད་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་པོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་ འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་སྦྱིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་བྱ་བ་ནི་འབྲས་བུ་རིན་པོ་ཆེ་སྦྱིན་ པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཕུང་པོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྣམ་པར་དག་པའི་ཕྱིར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་དག་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ཙམ་དུ་ཟབ་པ་འདི་བསྟན་པའི་ཚེ་བར་ཆད་མང་དུ་འབྱུང་བ་ནི་ངོ་མཚར་ ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་བར་ཆད་མང་ངོ་། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་བྱ་བ་དང་། བསྟན་པ་དང་། བཅངས་པ་དང་། བཀླགས་པ་ དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བ་ལ་བར་ཆད་མེད་པར་གྱུར་ཅིག་ཅེས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་ན་ཡང་མྱུར་དུ་བྲི་བར་བྱའོ། །བསྟན་པ་དང་། བཅངས་པ་དང་། བཀླགས་པ་དང་། ཁ་ཏོན་དུ་བྱ་བ་ དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། སྒོམ་ན་ཡང་མྱུར་དུ་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟླ་བ་གཅིག་གིས་བྲི་བར་བྱ་ན་ཡང་དེས་བྲི་བར་བྱས་པར་འགྱུར་བ་ཡིན་པའི་ཕྱིར་ རོ། །གལ་ཏེ་གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། བརྒྱད་དམ། ལོའི་བར་གྱིས་བྲི་བར་བྱ་བར་གྱུར་ན་ཡང་དེས་བྲི་བར་བྱ་བ་ཉིད་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཟླ་བ་གཅིག་གིས་བསྟན་པར་བྱ་བ་དང་། བཅང་བར་བྱ་བ་དང་། བཀླག་པར་བྱ་བ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་ན་ཡང་དེས་དེ་བཞིན་དུ་བསྒོམ་པར་བྱ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །ལོའི་བར་གྱིས་བསྒོམ་པར་བྱ་ན་ཡང་དེས་དེ་བསྒོམ་པར་བྱ་བར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རིན་པོ་ཆེ་ཆེན་པོ་ལ་བར་ཆད་མང་དུ་ འབྱུང་བའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་མི་འདྲི་བ་དང་། མི་བསྟན་པ་དང་། མི་བཅང་བ་དང་། མི་ཀླག་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བགྱིད་བ་དང་། མི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་ཅན་དག་བར་ཆད་བྱེད་ པའི་སྦྱོར་བ་ལ་མི་འཇུག་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་མི་བྲི་བར་བྱ་བ་ནས་མི་བསྒོམ་པར་བྱ་བའི་བར་གྱི་ཕྱིར་བདུད་སྡིག་ཏོ་ཅན་དག་བར་ཆད་བྱེད་པའི་སྦྱོར་བ་ལ་མི་འཇུག་པ་མ་ཡིན་མོད་ཀྱི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་རྣམས་ལ་བར་ཆད་བྱ་བར་མི་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་ས་མཚམས་ལ་སྦྱོར་བ་ཡིན་ཏེ། འདི་ དག་གིས་སྦྱོར་བ་གསུངས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སུའི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། བསྒོམ་པ་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བགྱིད་པར་མི་ནུས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ འདྲི་བ་དང་། སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་དག་ལ་བདུད་སྡིག་ཅན་གྱིས་བར་ཆད་བྱ་བར་མི་ནུས་པ་ཡིན་ནོ། །ཤཱ་རིའི་བུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་ བའི་སངས་རྒྱས་དེ་སྙེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་དགོངས་པར་འགྱུར། རྗེས་སུ་འཛིན་པར་འགྱུར་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རྗེས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་མཐུས་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་ གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ཅིག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་ལ་དགོངས་པ་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་བྱ་བ་ནི་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ཡིན་ནོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་དེས་བདག་ནི་སངས་རྒྱས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །འཆང་ངོ་། །ཀློག་གོ། །སྟོན་ཏོ། །ཁ་ཏོན་བྱེད་དོ། ། ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །སྒོམ་མོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། སྟོན་པར་འགྱུར། ཁ་ཏོན་དུ་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར། སྒོམ་པར་འགྱུར་བ་ཐམས་ཅད་ཀྱང་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་ལགས་སམ། ཐམས་ཅད་ཀྱང་སངས་རྒྱས་ཀྱིས་གཟུང་བར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། སྟོན་པར་འགྱུར། ཁ་ཏོན་བགྱིད་པར་འགྱུར། ཚུལ་བཞིན་དུ་ ཡིད་ལ་བྱེད་པར་འགྱུར། སྒོམ་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱིས་གཟུང་བར་གྱུར་པར་རིག་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། སྟོན་པར་འགྱུར། ཁ་ཏོན་དུ་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར། སྒོམ་པར་འགྱུར། དེ་ཁོ་ན་བཞིན་དུ་སྒྲུབ་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དེ་དག་ནི་ཤར་ཕྱོགས་ཀྱི་ཆ་ནས་ཕྱོགས་བཅུའི་བར་གྱི་འཇིག་རྟེན་གྱི་ཁམས་ཚད་མ་མཆིས་གྲངས་མ་མཆིས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མ་མཆིས་གྲངས་མ་མཆིས་པ་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ དག་གི་ཡེ་ཤེས་ཀྱིས་མཁྱེན་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤའི་སྤྱན་གྱིས་གཟིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། སྟོན་པར་འགྱུར། ཁ་ཏོན་དུ་བགྱིད་པར་འགྱུར། སྒོམ་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། དེ་ཁོ་ན་བཞིན་དུ་སྒྲུབ་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤར་ཕྱོགས་ནས་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡེ་ཤེས་ཀྱིས་མཁྱེན་ཏོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ དག་ནི་ཤའི་སྤྱན་གྱིས་གཟིགས་སོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་མངོན་དུ་མཛད་པའི་ཡོན་ཏན་ཡིན་ནོ།། །།བམ་པོ་བཞི་བཅུ་གཉིས་པ། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ་ ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ཡིན་ནོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བར་འགྱུར་བའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཡང་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་མང་བར་འགྱུར་རོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཅིང་ གཟིགས་པར་འགྱུར་ལ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་འཆང་བར་འགྱུར་བ་དེ་དག་ཀྱང་དོན་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། འབྲས་བུ་ཆེ་བ་དང་། རྣམ་པར་སྨིན་པ་ཆེ་བར་ འགྱུར་རོ། །དེ་དག་ནི་དགེ་བའི་རྩ་བ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཏེ། དེ་ངན་སོང་དུ་སྐྱེ་བར་མི་འགྱུར་བར་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འབྲལ་བར་མི་འགྱུར་ཞིང་ཕྱིར་མི་ལྡོག་ པའི་ས་ནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་འབྲལ་ བར་མི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་དང་འབྲལ་བར་མི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་འབྲལ་བར་མི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མངོན་ པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་འབྲལ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་བཞི་རྣམས་དང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་འབྲལ་བར་མི་འགྱུར་རོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ཡིན་ནོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་ཏེ། དེ་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ དང་། དགེ་བསྙེན་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ངན་སོང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་བར་དེ་ དག་གིས་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པར་བྱེད་ཅིང་ཐེག་པ་གསུམ་གྱིས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་བ་ནི་འདི་ལྟ་སྟེ། ཉན་ ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའོ། །ཤཱ་རིའི་བུ་དེ་ནས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ནས་བར་ཏ་ནིར་དར་བར་གྱུར་ཏོ། །དེར་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་། མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་ དང་། བ་དན་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ངན་སོང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་བར་དེ་དག་གིས་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ཏེ། སངས་ རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པར་བྱེད་ཅིང་ཐེག་པ་གསུམ་གྱིས་རིམ་གྱིས་མྱ་ངན་ལས་འདའ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའོ། །ཤཱ་རིའི་བུ་དེ་ནས་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་ཏེ། དེར་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་ པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ངན་སོང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་བར་དེ་དག་གིས་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པར་བྱེད་ཅིང་ཐེག་པ་གསུམ་གྱིས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའོ། །ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་སངས་ རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་དང་འདུལ་བ་དར་ལ་བབ་པའི་ཚེ་དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་ འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། དེ་བཞིན་ཉིད་དུ་བསྒྲུབ་པར་འགྱུར་བ་དེ་དག་ལ་ནི་ངས་དགོངས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར་ཞིང་བྲིས་ནས་ཀྱང་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་དགེ་ བའི་རྩ་བ་དེས་ངན་སོང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་བར་དེ་དག་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །མངོན་པར་འཕགས་པར་གྱུར་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱེད་པ་དང་། བླ་མར་བྱེད་པ་དང་། བསྟི་ སྟང་དུ་བྱེད་པ་དང་། མཆོད་པར་བྱེད་ཅིང་ཐེག་པ་གསུམ་གྱིས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་ སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཕྱིར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བསྟོད་པའི་ཕྱིར་རོ། །དེ་དག་ནི་དེ་བཞིན་གཤེགས་པས་བསྔགས་པའི་ཕྱིར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ བཅོམ་ལྡན་འདས་བཞུགས་ཤིང་འཚོ་ལ་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཕྱིར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བསྟོད་པའི་ཕྱིར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ ནི་བསྔགས་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱི་མའི་དུས་ཕྱི་མའི་ཚེ་ན་བྱང་ཕྱོགས་སུ་རྒྱས་པར་འགྱུར་ཏེ། དེར་ཤཱ་རིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཏེ། ཐོས་ནས་ཀྱང་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་རོ། །དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བའོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་ཐོས་ནས་ཀྱང་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། དེ་བཞིན་དུ་སྒྲུབ་པར་འགྱུར་བ་དེ་དག་ནི་ཡུན་རིང་པོ་ ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་ན་བྱང་ཕྱོགས་ཀྱི་ཆ་དེར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་བ་ཇི་སྙེད་ཅིག་འབྱུང་བར་འགྱུར་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན་བྱང་གི་ཕྱོགས་ཀྱི་ཆ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་འབྱུང་མོད་ཀྱི། ཤཱ་རིའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་བ་ནི་ཉུང་བར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་སྤྱད་པའི་ཡོན་ཏན་ ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ཐོས་ནས་དངང་བར་མི་འགྱུར། ཀུན་ཏུ་སྐྲག་པར་མི་འགྱུར། ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྗེས་སུ་འབྲེལ་བར་ཡོངས་སུ་ཞུས། ཡོངས་སུ་འདྲི་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་ དང་རིགས་ཀྱི་བུ་མོ་དེ་དག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་ གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པར་འགྱུར་ རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་འཕགས་པའི་བདེན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྟོབས་བཅུ་དང་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །ཤཱ་རིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་མང་པོ་དང་ལྡན་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། སྐྱེ་བོ་མང་པོའི་དོན་བྱེད་ པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི་ངས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་པའི་ཕྱིར་རོ། །འདས་པའི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་པའི་ཕྱིར་ཏེ། དེ་དག་ཚེ་འདས་ནས་ཀྱང་དེ་ཉིད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་བརྩམས་ནས་སྤྱོད་པར་འགྱུར་ལ། དེ་དག་གཞན་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ་ཞེས་བྱ་བ་ནི་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནོ། །ཤཱ་རིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཉམ་པར་གཞག་པར་ འགྱུར་ཏེ། དེ་དག་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་ནུས་ན། སྡིག་ཏོ་ལ་མོས་པ་དང་། སྡིག་ཏོའི་སྤྱོད་པ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བ་གཞན་གྱིས་ལྟ་ཅི་སྨོས་ཞེས་བྱ་བ་ནི་མི་ ཕྱེད་པའི་ཡོན་ཏན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་དགའ་བ་དང་། དང་བ་དང་། རབ་ཏུ་མགུ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་བརྩམས་པའི་དགེ་བའི་ཆོས་ལ་སྐྱེ་བོ་མང་པོ་འགོད་པར་འགྱུར་རོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་བསྐྱེད་པའི་ཡོན་ཏན་ནོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མདུན་དུ་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ བརྩམས་པའི་དགེ་བའི་རྩ་བ་ལ་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བྱང་ཆུབ་ལ་རབ་ཏུ་འགོད་པར་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །ཡང་དག་པར་ལེན་དུ་གཞུག་ པར་བགྱིའོ། །ཡང་དག་པར་གཟེངས་བསྟོད་པར་བགྱིའོ། །ཡང་དག་པར་རབ་ཏུ་དགའ་བར་བགྱིའོ། །ཕྱིར་མི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་ཚིག་སྨྲས་པ་ནི་ སེམས་ལ་སེམས་ཀྱིས་རྣམ་པར་བལྟས་ཏེ་ངས་རྗེས་སུ་དགྱེས་པ་མཛད་དོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་འདི་སྐད་དུ་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ལ་འགོད་པར་བགྱིའོ། །ཡང་དག་པར་ལེན་དུ་གཞུག་པར་བགྱིའོ། །ཡང་དག་པར་གཟེངས་བསྟོད་པར་བགྱིའོ། ། ཡང་དག་པར་རབ་ཏུ་དགའ་བར་བགྱིའོ། །ཕྱིར་མི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ ཀྱི་བུ་མོ་དེ་དག་གི་ཚིག་སྨྲས་པ་ནི་སེམས་ལ་ཐུགས་ཀྱིས་རྣམ་པར་གཟིགས་ཏེ་རྗེས་སུ་དགྱེས་པར་མཛད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་ཏུ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་ དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་འགོད་པར་འགྱུར། ཡང་དག་པར་སྟོན་པར་འགྱུར། ཡང་དག་པར་ལེན་དུ་འཇུག་པར་འགྱུར། ཡང་དག་པར་གཟེངས་བསྟོད་པར་ འགྱུར། ཡང་དག་པར་རབ་ཏུ་དགའ་བར་བྱེད་པར་འགྱུར། ཕྱིར་མི་ལྡོག་པར་ལུང་སྟོན་པར་འགྱུར་བ་དེ་དག་ལ་ངས་རྗེས་སུ་ཡི་རང་བར་མཛད་དོ་ཞེས་བྱ་བ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་ཡོན་ཏན་ཡིན་ནོ། །ཤཱ་རིའི་བུ་དེས་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་མོས་པ་རླབས་པོ་ཆེར་འགྱུར་རོ། །དེ་དག་སྦྱིན་པ་རླབས་པོ་ཆེ་གཏོང་བར་འགྱུར་རོ། །སྦྱིན་པ་རླབས་པོ་ཆེ་གཏོང་ཞིང་དགེ་བའི་རྩ་བ་རླབས་པོ་ཆེ་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་རླབས་པོ་ཆེ་མངོན་པར་འདུ་བྱས་ནས་རྣམ་པར་སྨིན་པ་ རླབས་པོ་ཆེ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ཡིན་ནོ། །དེ་ལྟར་ཕྱིའམ་ནང་གི་དངོས་པོ་ཐམས་ཅད་སེམས་ཅན་དེ་དག་ཉིད་ལ་ཡོངས་སུ་གཏོང་བར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་གང་དག་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་མངོན་དུ་གྱུར་པར་བརྟེན་པར་འགྱུར་ཏེ། དེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཡང་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་ སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་བརྒྱ་སྟོང་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འགོད་པར་འགྱུར་རོ། །ཡང་དག་པར་ལེན་དུ་འཇུག་པར་འགྱུར་རོ། །ཡང་དག་པར་གཟེངས་བསྟོད་པར་འགྱུར་རོ། །ཡང་དག་པར་རབ་ཏུ་དགའ་བར་བྱེད་ པར་འགྱུར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་གང་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་ལ། དེ་བཞིན་ཉིད་དང་ཆོས་ཉིད་གང་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་ཤིང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་པ་ངོ་མཚར་ཆེ་སྟེ། འདི་ལྟར་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །མ་བྱོན་པའི་དེ་བཞིན་ གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །དེ་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་དང་། ཉན་ཐོས་རྣམས་ཀྱང་ཡོངས་སུ་ མཁྱེན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་ལ་གཞེས་པ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་ སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་ཡིན་ནོ། །བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་ པར་བགྱིད་པ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བར་འགྱུར་བ་དང་། ཡོངས་སུ་ཚོལ་བར་འགྱུར་བའི་ཚེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་ཡོངས་སུ་ཚོལ་བར་འགྱུར་བ་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་ལས་རྙེད་པར་ འགྱུར། ལ་ལས་རྙེད་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཕལ་ཆེར་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་རྙེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ ཀྱི་བུ་མོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། ཅི་ལགས་བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་རྙེད་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་རྙེད་པར་འགྱུར་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་གིས་ རྙེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདིའི་ཕྱིར་ལུས་དང་། སྲོག་ལ་མི་ལྟོས་པར་དང་བའི་དད་པ་དྲག་པོས་བརྩོན་པ་ལ་འཇུག་པར་འགྱུར་བ་དེ་ དག་གིས་རྙེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་འགོད་ཅིང་ཡང་དག་པར་སྟོན་པ་དང་། ཡང་དག་པར་ལེན་དུ་འཇུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་དགའ་བར་བྱེད་པ་ དང་། ངེས་པར་འཇུག་པས་དེ་འདི་ལྟར་འགྱུར་བ་ཡིན་ནོ། །ཤཱ་རིའི་བུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་སྐྱེ་བ་བརྗེས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྙེད་པར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར། དེ་སྲིད་ཇི་སྐད་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་འཇུག་པ་ལས་བརྩོན་འགྲུས་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་རྙེད་པ་དང་། མ་ཚང་བ་རྙེད་པ་ ལས་བཟློག་པ་ཚང་བ་རྙེད་པའི་ཡོན་ཏན་ཡིན་ཏེ། འདི་དག་གིས་ནི་ཡོན་ཏན་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གནས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་སྤྱོད་པར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པར་འགྱུར་བ་དེ་དག་གི་ཡོན་ཏན་ཡོངས་སུ་བརྗོད་པ་ནི་འདི་དག་ལགས་ ན། བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་བར་དུ་གཅོད་པའི་རྣམ་པ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚེགས་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བྱེད། ཚེགས་ཆེན་པོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་ བར་འགྱུར་བ་ཡིན་ཏེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཚེགས་ཆེན་པོས་འཐོབ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་ལ། དེས་ཀྱང་ང་རྒྱལ་དུ་བྱེད་ན་འདི་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་བ་བདུད་ཀྱི་ལས་སུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་ཧ་ཅང་མྱུར་བར་སྤོབས་པ་སྐྱེ་ལ་དེས་ཀྱང་རློམ་སེམས་སུ་བྱེད་ན། རབ་འབྱོར་རྣམ་གྲངས་དེས་ སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སྤོབས་པ་ཧ་ཅང་མྱུར་ཆེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་གླལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དགོད་ཅིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ཕན་ཚུན་སྟེག་ཅིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་འགྱུར་བའི་གནས་ངན་ལེན་རྣམ་པ་གསུམ་ཡིན་ནོ། །རབ་འབྱོར་གཞན་ཡང་སེམས་གཡེངས་ཞིང་འདྲི་བར་གྱུར་ན། རབ་ འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་རྣམ་པར་ཤེས་པ་ཆགས་ཤིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་བདག་གིས་འདིའི་རོ་མ་རྙེད་དོ་ཞེས་ཟེར་ཞིང་སྟན་ལས་ལངས་ནས་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སེམས་ཀྱི་གནས་ངན་ལེན་གསུམ་ཡིན་ནོ། ། རབ་འབྱོར་གཞན་ཡང་གླལ་ཞིང་སྟན་ལས་ལངས་ནས་འགྲོ་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གླལ་ཞིང་ཁ་ཏོན་བྱེད་པར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། སྟོན་ པར་འགྱུར། གླལ་ཞིང་ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་དགོད་ཅིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་ པར་འགྱུར། ཕན་ཚུན་དགོད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་སྟེག་ཅིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་སེམས་རྣམ་པར་གཡེང་བས་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་ པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་གཞན་ལ་ཆགས་ཤིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ལ་སོགས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བདག་གིས་འདིའི་རོ་མ་རྙེད་དོ་ཞེས་ཟེར་ཞིང་སྟན་ལས་ལངས་ཏེ་འགྲོ་བར་འགྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཅིའི་སླད་དུ་འདིའི་རོ་མ་རྙེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་ལ། རབ་འབྱོར་འདི་ལྟར་སྔོན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་དེ། རབ་འབྱོར་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། རོ་མ་རྙེད་དེ་སྟན་ལས་ལངས་ནས་འགྲོ་བར་འགྱུར་རོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ལུང་མ་བསྟན་ཏོ་སྙམ་དུ་སེམས་པར་འགྱུར་ཞིང་། མ་དད་པའི་སེམས་ཀྱིས་སྟན་ལས་ལངས་ནས་འགྲོ་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུང་མ་བསྟན་པར་སྟན་ལས་ལངས་ཤིང་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྐྱོན་མེད་པར་མ་ཆུད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བདག་གིས་མིང་ཡང་ཡོངས་སུ་མ་བརྗོད་དོ་ཞེས་དད་པས་རྙེད་པར་མ་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་ཡོངས་སུ་མ་བརྗོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མིང་ཡོངས་སུ་མ་བརྗོད་པས་འདི་ལས་བདག་གང་དུ་སྐྱེས་པའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། རྒྱལ་པོའི་ཕོ་བྲང་འཁོར་རམ། ཡུལ་འཁོར་གྱི་མིང་ཡང་མ་བརྗོད་དོ་ཞེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་མི་བྱའོ་ སྙམ་དུ་སེམས་ཤིང་། དེ་འཁོར་དེ་ནས་འགྲོ་བར་བྱ་བར་སེམས་ན། ཇི་ལྟ་ཇི་ལྟར་འགྲོ་བར་བྱ་བར་སེམས་པར་གྱུར་པ་དེ་ལྟ་དེ་ལྟར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལས་རིང་དུ་འགྱུར་ལ། ཇི་སྲིད་འགྲོ་བར་སེམས་བསྐྱེད་པ་ལོག་པར་མ་གྱུར་ན་དེ་ཉིད་ཀྱི་བསྐལ་པ་ ཡོངས་སུ་འཛིན་པར་འགྱུར་ཏེ། དེ་དག་ལ་གཟོད་བརྩོན་པར་བྱ་དགོས་སོ་ཞེས་བྱ་བ་ནི་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་སྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་མདོ་སྡེ་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ ཡོངས་སུ་མི་སྒྲུབ་པ་དེ་དག་བཙལ་བར་བྱ་བར་སེམས་ཤིང་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པར་གྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟོགས་པའི་རྩ་བ་སྤངས་ཏེ། ཡལ་ག་དང་། འདབ་མ་ དང་། ལོ་མ་གཟུང་བར་བྱ་བར་སེམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་སྒྲུབ་པར་མི་འགྱུར་བའི་ མདོ་སྡེ་ཀུན་ཆུབ་པར་བགྱི་བར་སེམས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་གང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་དག་སྟེ་འདི་ལྟར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་ དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། དེ་ལ་གནས་ཤིང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་ འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་དེ་ལ་མི་འཇུག་པར་བོར་ནས། ཀུན་ཆུབ་པར་བྱ་བར་སེམས་པའི་མདོ་སྡེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་ལྡན་པ་ནི་དེ་དག་གོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལས་བྱུང་བའི་ཆོས་ཀྱི་མཐར་ཐུག་པར་འགྱུར་བའི་ཕྱིར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་ལས་ཉམས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ཇོ་བོ་ལས་ཟན་ནར་མ་བོར་ཏེ་ལས་མི་ལས་ཟན་བཙལ་བར་སེམས་པ་དང་འདྲ་བར་དེ་བཞིན་དུ་རབ་འབྱོར་མ་ འོངས་པའི་དུས་ན་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་འདི་བོར་ཏེ་ཡལ་ག་དང་། ལོ་མ་དང་། འདབ་མ་ལྟ་བུའི་མདོ་སྡེ་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ དང་ལྡན་པ་དག་ཀུན་ཆུབ་པར་བྱ་བར་སེམས་པ་འབྱུང་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས་ཁེ་དང་བཀུར་སྟིའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་