Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 83
Văn bản gốc(Tây Tạng)
Trang 11 / 21 (50.000 ký tự/trang)
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་ པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་ པའི་ལམ་ཡན་ལག་བརྒྱད་པ་རྣམས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་སྦྱོར་བ་ཡིན་ནོ། །གལ་ཏེ་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་བདེ་ཞེས་བྱ་ བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཤེས་པ་སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་ པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་བཞིན་དུ་གཟུགས་དེ་ནི་མེད་དོ། ། གང་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ནི་མེད་དོ། །དེ་བཞིན་དུ་གང་རྟག་པའམ་མི་རྟག་པའམ། བདེ་ བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། འཕགས་ པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་ནི་མེད་དོ་ ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་སྦྱོར་བ་ཡིན་ནོ།། །།བམ་པོ་སུམ་ཅུ་དགུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་ པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གང་ཡིན་པ་དེ་གཟུགས་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་བར་དུ་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མ་རྫོགས་པ་དང་རྫོགས་པའི་སྦྱོར་བ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། གཟུགས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དོ། །མིག་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་ དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་ ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ རྣམས་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ གཟུགས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་ མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་སྦྱོར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ་མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་ཡོངས་སུ་མི་འཕེལ། མ་བསྟན་ཀྱང་ཡོངས་སུ་མི་འཕེལ་བ་ངོ་མཚར་ཆེའོ། །དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ། མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་ཡོངས་སུ་མི་འཕེལ། མ་བསྟན་ཀྱང་ཡོངས་ སུ་མི་འཕེལ་ལོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་འཚོའི་བར་དུ་བཞུགས་ཤིང་ནམ་མཁའི་བསྔགས་པའམ། བསྔགས་པ་མ་ཡིན་པ་བརྗོད་ཀྱང་། ནམ་མཁའ་ལ་ནི་བསྔགས་པ་བརྗོད་པས་ཡོངས་སུ་འཕེལ་བ་མེད་ དོ། །བསྔགས་པ་མ་ཡིན་པ་བརྗོད་པས་ཡོངས་སུ་འགྲིབ་པ་མེད་དོ། །ནམ་མཁའ་ནི་བསྔགས་པ་བརྗོད་ཀྱང་མི་འཕེལ་བ་མེད་དོ། །བསྔགས་པ་མ་ཡིན་པ་བརྗོད་ཀྱང་མི་འགྲིབ་པ་མེད་དོ་ཞེས་བྱ་བ་ནི་གཞན་དུ་མི་འགྱུར་བའི་སྦྱོར་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ནི་ བསྔགས་པ་བརྗོད་ཀྱང་འཕེལ་བ་མེད་དོ། །བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཡོངས་སུ་འགྲིབ་པ་མེད་དོ། །བསྔགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་མེད་དོ། །བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ བསྟན་ཀྱང་དེ་བཞིན། མ་བསྟན་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ན་སེམས་ཞུམ་པ་དང་། གཡེངས་པར་མི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བརྩོན་པར་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པ་ན་དཀའ་བ་བགྱིད་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པའི་སླད་དུ་སྟེ། ནམ་མཁའ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་མཆིས་སོ། །བཟོད་པའི་ཕ་ རོལ་ཏུ་ཕྱིན་པར་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་གཟུགས་སུ་བཏགས་པ་མ་མཆིས་སོ། །ཚོར་བར་མ་མཆིས་སོ། །འདུ་ཤེས་སུ་མ་མཆིས། འདུ་བྱེད་རྣམས་སུ་མ་ མཆིས། ནམ་མཁའ་ལ་ནི་རྣམ་པར་ཤེས་པར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ནང་སྟོང་པ་ཉིད་དུ་བཏགས་པ་མ་མཆིས་སོ། །ཕྱི་སྟོང་པ་ཉིད་དུ་བཏགས་པ་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་དུ་བཏགས་པ་མ་མཆིས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་འཕགས་པའི་བདེན་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་རྣམ་ པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ཞི་གནས་དང་ལྷག་མཐོང་དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞིར་ བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ ལན་ཅིག་ཕྱིར་མི་འོང་བའི་འབྲས་བུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་དགྲ་བཅོམ་པ་ཉིད་དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་རང་བྱང་ཆུབ་ཏུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཏགས་པ་མ་མཆིས་སོ། ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གིས་གོ་ཆ་འདི་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གང་གིས་གོ་ཆ་འདི་བགོས་པ་དེ་དག་ནི་ནམ་མཁའི་དོན་དུ་སྦྱོར་བར་འཚལ། བསྐུལ་བར་འཚལ། ཁྱབ་པར་འཚལ་བ་ དག་སྟེ། བཅོམ་ལྡན་འདས་གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོས་པ་དེ་དག་ནི་ནམ་མཁའ་ཡོངས་སུ་དགྲོལ་བར་འཚལ་ལོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོས་པ་དེ་དག་ནི་གོ་ཆ་ཆེན་པོ་བགོས་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་དང་མཉམ་པའི་ཆོས་རྣམས་ཀྱི་སླད་དུ་གོ་ཆ་བགོས་པའོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བ་ཡིན་ནོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཆལ་བ་དེ་དག་ནི་ནམ་མཁའ་བར་སྣང་ལ་ལྡེག་པར་འཚལ་བའོ་ཞེས་བྱ་བ་ནི་སྦྱོར་བ་དཀའ་བ་ ཉིད་ཀྱི་སྦྱོར་བ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚལ་བ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འབྲས་ཀྱི་ཞིང་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པའམ། བསྐལ་པ་ལས་ ལྷག་པར་ཆོས་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས། གྲངས་མ་མཆིས། གཞལ་དུ་མ་མཆིས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ལ་འབྲི་བའམ་གང་བར་བཏགས་པ་མི་གདའོ། །དེ་ཅིའི་ སླད་དུ་ཞེ་ན། སེམས་ཅན་མ་མཆིས་པའི་སླད་དུ་དང་། སེམས་ཅན་དབེན་པའི་སླད་དུའོ། །དེ་བཞིན་དུ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འབྲས་ཀྱི་ཞིང་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཆོས་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས་པ་གྲངས་མ་མཆིས་པ། གཞལ་དུ་མ་མཆིས་པ་ ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གྱི་ཁམས་ལ་འབྲི་བའམ་གང་བར་བཏགས་པ་མི་གདའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་མ་མཆིས་པའི་སླད་དུ་དང་སེམས་ཅན་དབེན་པའི་སླད་དུ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་དགྲོལ་བར་འཚལ་བ་ལགས་ཞེས་མཆིའོ་ཞེས་བྱ་བ་ནི་ལས་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ཡིན་ནོ། །དེ་ནས་དགེ་སློང་གཞན་ཞིག་གིས་འདི་སྙམ་དུ་གྱུར་ཏེ། གང་ལ་ཆོས་གང་ཡང་སྐྱེ་བའམ་འགག་ པ་ཡང་མེད་ལ། ཚུལ་ཁྲིམས་ཀྱི་ཕུང་པོར་གདགས་སུ་ཡོད། ཏིང་ངེ་འཛིན་གྱི་ཕུང་པོར་གདགས་སུ་ཡོད། ཤེས་རབ་ཀྱི་ཕུང་པོར་གདགས་སུ་ཡོད། རྣམ་པར་གྲོལ་བའི་ཕུང་པོར་གདགས་སུ་ཡོད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོར་གདགས་སུ་ཡོད། རྒྱུན་དུ་ཞུགས་པའི་ འབྲས་བུར་གདགས་སུ་ཡོད། ལན་ཅིག་ཕྱིར་འོང་བའི་འབྲས་བུར་གདགས་སུ་ཡོད། ཕྱིར་མི་འོང་བའི་འབྲས་བུར་གདགས་སུ་ཡོད། དགྲ་བཅོམ་པ་ཉིད་དུ་གདགས་སུ་ཡོད། རང་བྱང་ཆུབ་ཏུ་གདགས་སུ་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ གདགས་སུ་ཡོད། དཀོན་མཆོག་གསུམ་དུ་གདགས་སུ་ཡོད། ཆོས་ཀྱི་འཁོར་ལོ་བསྐོར་བར་གདགས་སུ་ཡོད་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་པ་དང་ཞེས་བྱ་བ་ནི་དོན་ཡོད་པའི་སྦྱོར་བ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་པ་ཞིག་ཡོད་ན་དེ་གང་ལ་བརྩོན་པར་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ བསླབ་པར་བྱ་བར་སེམས་པ་དེ་དག་ནི་ནམ་མཁའ་ལ་བརྩོན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་དག་ལ་བཅོམ་ལྡན་འདས་བདག་གིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་ཇི་ལྟ་བུ་ཞིག་ཏུ་བགྱི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཁྱོད་ཀྱིས་གང་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མཐོང་ངམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་བདག་གིས་གང་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བ་དེ་ལྟ་བུའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་ མོ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་དེ་ཉིད་དེའི་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་འགྱུར་རོ། །གལ་ཏེ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་གྱུར་ན་དེ་ལ་མིའམ་མི་མ་ཡིན་པ་གླགས་ཚོལ་བ་རྣམས་ཀྱིས་གླགས་རྙེད་པར་འགྱུར་རོ། །ཀཽ་ཤི་ཀ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་སེམས་པ་དེ་དག་ནི་ནམ་མཁའ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་སེམས་པའོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་གང་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་གང་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་ བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་ བར་གང་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བ་ཡིན། རབ་འབྱོར་གྱིས་སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་པ་དེའི་ཚེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་ཡོངས་སུ་ཤེས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་བདུན་དུ་སྣང་བའི་ཤེས་པའི་སྦྱོར་བ་ཡིན་ཏེ། འདི་དག་གིས་ནི་སྦྱོར་བ་གསུངས་སོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་ བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པས་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་རློམ་སེམས་སུ་མི་ བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་ བྱེད། དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་ པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རློམ་སེམས་སུ་ མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །ཞེས་བྱ་བ་ནི་སྦྱོར་བའི་མཉམ་པ་ཉིད་ཡིན་ནོ། ། དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། ཚངས་འཁོར་བ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་མས་བཅོམ་ལྡན་འདས་ལ་མངོན་པར་འཐོར་ཞིང་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་དང་། ཚངས་པ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱིས་སངས་རྒྱས་ཀྱི་མཐུས། སངས་རྒྱས་སྟོང་ཡི་གེ་འདི་ ཉིད་དང་། མིང་འདི་ཉིད་དང་། རབ་འབྱོར་ཞེས་བྱ་བའི་དགེ་སློང་ཁོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བ་བྱས་ཤིང་སྟོན་པར་བྱེད་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བར་བྱེད་ཅིང་ཆོས་སྟོན་པར་མཛད་པ་སེམས་ཀྱིས་མཐོང་ བར་གྱུར་ཏོ། །དེ་བཞིན་དུ་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་གི་ཕྱོགས་རྣམས་དང་། མཚམས་རྣམས་ཐམས་ཅད་ན་སངས་རྒྱས་སྟོང་ཡི་གེ་འདི་ཉིད་དང་། མིང་འདི་ཉིད་དང་། རབ་འབྱོར་ཞེས་བྱ་བའི་དགེ་སློང་ཁོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ ཞུ་བ་བྱས་ཤིང་སྟོན་པར་བྱེད་པ་དང་། ཐམས་ཅད་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཞུ་བར་བྱེད་ཅིང་ཆོས་སྟོན་པར་མཛད་པ་རྣམས་སེམས་ཀྱིས་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་སའི་ཕྱོགས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་རོ། །གང་ཡང་བསྐལ་པ་བཟང་པོ་འདི་ལ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་འབྱུང་བ་དེ་དག་ཀྱང་སའི་ཕྱོགས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་རོ་ཞེས་བྱ་བ་ནི་ མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་པོ་དབང་དུ་གྱུར་པར་ཤེས་པར་བྱེད་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་ པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་ ཅེས་བྱ་བའམ། སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བཅིངས་ཞེས་བྱ་བའམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་ བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། སྡུག་ཅེས་བྱ་བའམ་མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་བཅིངས་ཞེས་བྱ་བའམ། གྲོལ་ཞེས་བྱ་བར་ ཆོས་སྟོན་པར་མི་འགྱུར་རོ། །གཟུགས་འདས་ཞེས་བྱ་བའམ། མ་འོངས་པ་ཞེས་བྱ་བའམ། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་ཞེས་བྱ་བའམ། མ་འོངས་པ་ཞེས་བྱ་བའམ། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་ སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདས་པ་ཞེས་བྱ་བ་དང་། མ་འོངས་པ་ཞེས་བྱ་བ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཆོས་སྟོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ། །ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་དང་། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ ལྟར་ན་གཟུགས་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། དེ་བཞིན་དུ་ཕུང་པོ་ དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་ རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྣམ་པར་ ཤེས་པ་ཡོངས་སུ་དག་པའོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་ པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ནམ་མཁའ་ལྟར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་ནམ་མཁའ་གོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་ མཁའ་གོས་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གོས་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་ འབྱུང་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ནམ་མཁའ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་གཟུང་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལྟར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །གང་རབ་འབྱོར་ནམ་མཁའ་ལ་ཐ་ སྙད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་ཐ་སྙད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ ན། ནམ་མཁའ་ལ་བྲག་ཅ་གཉིས་ཀྱི་སྒྲ་ཇི་ལྟ་བ་དེ་བཞིན་དུ་རབ་འབྱོར་ནམ་མཁའ་ལྟར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐ་སྙད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ནོ། །གང་རབ་འབྱོར་ནམ་མཁའ་བརྗོད་དུ་མེད་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་བརྗོད་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་གང་ཡང་ བརྗོད་དུ་མེད་པའོ། །རབ་འབྱོར་དེ་བཞིན་དུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བརྗོད་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །གང་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་དམིགས་སུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་གང་ཡང་དམིགས་སུ་མེད་དོ། །རབ་ འབྱོར་དེ་བཞིན་དུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་ མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་ མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་ པའི་བཟོད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། བཅོམ་ལྡན་ འདས་དེ་ལ་མིག་གི་ནད་འབྱུང་བར་མི་འགྱུར་རོ། །རྣ་བའི་ནད་དང་། སྣའི་ནད་དང་། ལྕེའི་ནད་དང་། ལུས་ཀྱི་ནད་དང་། ཡིད་ཀྱི་ནད་འབྱུང་བར་མི་འགྱུར་རོ། །ཡན་ལག་མ་ཚང་བར་མི་འགྱུར་རོ། །ལུས་རྒས་པ་དང་། འཁོགས་པར་མི་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ ནི་མི་བདེ་བ་སྤངས་ནས་དུས་བྱེད་པར་འགྱུར་རོ། །ཆོས་མཉན་པའི་ཕྱིར་ལྷའི་བུ་སྟོང་ཕྲག་མང་པོ་ཡང་དེའི་སླད་བཞིན་དུ་འབྲང་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱང་སླད་བཞིན་དུ་འབྲང་བར་འགྱུར་རོ། །གང་ན་ ཆོས་སྨྲ་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པ་དེར་ཡང་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དག་ལ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པའི་ཚེ་བསོད་ནམས་མང་དུ་ འཕེལ་བར་འགྱུར་ཏེ། བསོད་ནམས་ཚད་མ་མཆིས་པ་གྲངས་མ་མཆིས་པ་གཞལ་དུ་མ་མཆིས་པ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མ་མཆིས་པ་རབ་ཏུ་འཕེལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་གང་ཚེས་བརྒྱད་དམ། བཅུ་བཞི་དང་། བཅོ་ལྔ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྷའི་འཁོར་གྱི་མདུན་དུ་སྟོན་པ་དེའི་བསོད་ནམས་ཚད་མེད་པ། གྲངས་མེད་པ། གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ་རབ་ཏུ་འཕེལ་བར་འགྱུར་རོ། །རབ་འབྱོར་དེ་ཅིའི་ཕྱིར་ ཞེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེ་ཆེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པ་ཡིན་ནོ། །རབ་འབྱོར་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཆེན་པོ་འདི་སྟོན་པར་གྱུར་ན་དམྱལ་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ལས་ ཡོངས་སུ་གྲོལ་བར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དབུལ་པོ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །རྒྱལ་རིགས་སཱ་ལ་ཆེན་པོར་སྐྱེ་བར་འགྱུར་རོ། །བྲམ་ཟེའི་རིགས་སཱ་ལ་ཆེན་པོར་སྐྱེ་བར་འགྱུར་རོ། །ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོར་སྐྱེ་བར་ འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་བྱེད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་སྦྱིན་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་ བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་སྦྱིན་པར་བྱེད་དོ། །དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་པའི་ཕྱིར་ཏེ། དེ་ལ་བསླབས་པས་རྒྱལ་རིགས་སཱ་ལ་ཆེན་ པོ་རྣམས་ཡོད་དོ། །བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་ཡོད་དོ། །ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་ རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །ཚངས་འཁོར་གྱི་ལྷ་རྣམས་ཡོད་དོ། །ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཡོད་དོ། །ཚངས་ཆེན་གྱི་ལྷ་རྣམས་ཡོད་དོ། །འོད་ཆུང་གི་ལྷ་རྣམས་ཡོད་དོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཡོད་དོ། །འོད་གསལ་གྱི་ལྷ་ རྣམས་ཡོད་དོ། །དགེ་ཆུང་གི་ལྷ་རྣམས་ཡོད་དོ། །ཚད་མེད་དགེ་བའི་ལྷ་རྣམས་ཡོད་དོ། །དགེ་རྒྱས་ཀྱི་ལྷ་རྣམས་ཡོད་དོ། །སྤྲིན་མེད་ཀྱི་ལྷ་རྣམས་ཡོད་དོ། །བསོད་ནམས་འཕེལ་གྱི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །གནས་གཙང་མའི་ལྷ་རྣམས་ཡོད་དོ། ། མི་ཆེ་བའི་ལྷ་རྣམས་ཡོད་དོ། །མི་གདུང་བའི་ལྷ་རྣམས་ཡོད་དོ། །རབ་ལྟའི་ལྷ་རྣམས་ཡོད་དོ། །ལེགས་མཐོང་གི་ལྷ་རྣམས་ཡོད་དོ། །འོག་མིན་གྱི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ན། བསམ་གཏན་བཞི་རྣམས་ཡོད་དོ། །ཚད་མེད་པ་བཞི་རྣམས་ཡོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ ཡོད་དོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་དོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཡོད་དོ། ། ནང་སྟོང་པ་ཉིད་ཡོད་དོ། །ཕྱི་སྟོང་པ་ཉིད་ཡོད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོད་དོ། །འཕགས་པའི་བདེན་པ་བཞི་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་རྣམས་ཡོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཡོད་དོ། ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ཡོད་དོ། །མངོན་པར་ཤེས་པ་དྲུག་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ཡོད་དོ། །མི་འཇིགས་ པ་བཞི་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་རྣམས་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དཀོན་མཆོག་གསུམ་རྣམས་ཡོད་དོ། ། སངས་རྒྱས་དཀོན་མཆོག་ཡོད་དོ། །ཆོས་དཀོན་མཆོག་ཡོད་དོ། །དགེ་འདུན་དཀོན་མཆོག་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་དེ་དག་ཐམས་ཅད་རྒྱ་ཆེར་བསྟན་ཏོ། །དེ་བས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བརྗོད་དོ་ཞེས་བྱ་བ་ནི་ ལམ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་གཟུང་བའམ། དོར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་གཟུང་བའམ། དོར་བར་བྱ་བའི་ཆོས་རྣམས་མེད་དོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་སྐྱེ་བའམ། འགག་པའམ། དགེ་བའམ། མི་དགེ་བའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། ཁ་ན་མ་ཐོ་བ་དང་ བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཀུན་ནས་ཉོན་མོངས་པའམ། ཀུན་ནས་ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་པའམ། འདུས་མ་བྱས་ཀྱི་ཆོས་གང་ཡང་མེད་དེ། རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའོ་ཞེས་བྱ་བ་ནི་ལམ་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་འདི་ལ་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་ཆོས་གང་གིས་ཀྱང་གོས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གོས་པར་འགྱུར་བའི་ཆོས་དེ་དག་དམིགས་སུ་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ནི་གོས་པ་མེད་པའོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་རྣམ་པར་རྟོག་པར་མི་བྱེད། དེ་ལྟར་ མི་དམིགས་ཏེ། དེ་ལྟར་འཕྲོ་བར་ཡང་མི་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བླ་མར་བྱ་བ་དང་། བསྟི་ སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། བཀུར་སྟིར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ འགྲོའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ཡིན་ཏེ། འདི་དག་གིས་ནི་མཐོང་བའི་ལམ་བསྟན་པ་ཡིན་ནོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་མཐོང་བར་བྱེད་པ་མ་ཡིན། མི་མཐོང་བར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན། མི་སྟོན་པར་བྱེད་པ་མ་ཡིན། སྟེར་བར་བྱེད་པ་མ་ཡིན། འཕྲོག་པར་བྱེད་པ་མ་ཡིན། སྐྱེ་བར་བྱེད་པ་མ་ཡིན། འགག་པར་བྱེད་པ་མ་ཡིན། འཆད་པར་བྱེད་པ་མ་ཡིན། རྟག་པར་བྱེད་པ་མ་ཡིན། དོན་གཅིག་པར་བྱེད་པ་མ་ཡིན། དོན་སྣ་ཚོགས་པ་ མ་ཡིན། འོང་བར་བྱེད་པ་མ་ཡིན། འགྲོ་བར་བྱེད་པ་མ་ཡིན། ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན། རྣམ་པར་བྱང་བར་བྱེད་པ་མ་ཡིན། འགྲིབ་པར་བྱེད་པ་མ་ཡིན། འཕེལ་བར་བྱེད་པ་མ་ཡིན། འདས་པར་མ་ཡིན། མ་འོངས་པར་མ་ཡིན། ད་ལྟར་བྱུང་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་ ཤེས་པ་ཉིད་ཀྱི་དབང་དུ་བྱས་པ་ཡོངས་སུ་རྫོགས་པར་བསྟན་པ་སྟེ་དང་པོའོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་པའི་ཁམས་ལས་ཤིན་ཏུ་འདའ་བར་བྱེད་པའམ། གནས་པར་བྱེད་པ་མ་ཡིན། གཟུགས་ཀྱི་ཁམས་ལས་འདའ་བར་བྱེད་པའམ། གནས་པར་བྱེད་པ་མ་ཡིན། གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པའམ། གནས་པར་བྱེད་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་དང་། སྨོན་ ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། ནང་སྟོང་པ་ཉིད་སྟེར་བར་བྱེད་པ་མ་ཡིན། འཕྲོག་པར་བྱེད་པ་མ་ཡིན། ཕྱི་སྟོང་པ་ཉིད་སྟེར་བར་བྱེད་པ་མ་ཡིན། འཕྲོག་པར་བྱེད་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་སྟེར་བར་བྱེད་པ་མ་ཡིན། འཕྲོག་པར་བྱེད་པ་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟེར་བའམ། འཕྲོག་པར་བྱེད་པ་མ་ཡིན། འཕགས་པའི་བདེན་པ་བཞི་ རྣམས་དང་། རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། མངོན་པར་ཤེས་པ་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་ མ་ཡིན། བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། དེ་བཞིན་དུ་ཡང་དག་པར་ སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན་ཞེས་བྱ་བ་ནི་ལམ་ཤེས་པའི་དབང་དུ་བྱས་པ་ཡོངས་སུ་རྫོགས་པར་བསྟན་པ་སྟེ། གཉིས་ པའོ།། །།བམ་པོ་བཞི་བཅུ་པ། རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་སྟེར་བའམ། འཕྲོག་པར་བྱེད་པ་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་ སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། འདུས་བྱས་ཀྱི་ཁམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་ གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དེ་དག་ནི་དེ་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་ཏེ། དེ་ནི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་ཐུགས་སུ་ཆུད་དོ། །མངོན་པར་ རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་ཐུགས་སུ་ཆུད་ནས་ཀྱང་གསུང་ངོ་། །སྟོན་ཏོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་མཛད་དོ། །ཡང་དག་པར་སྟོན་ཏོ། །དེ་ནས་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་སྟེང་གི་བར་སྣང་ལ་འཁོད་དེ་ག་ཞ་ཕྱུང་ ནས་ཀྱང་ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། མན་དཱ་ར་བ་རྣམས་འཐོར་ཞིང་འདི་སྐད་ཀྱི་ཚིག་བརྗོད་པར་གྱུར་ཏོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པས་ལྷའི་བུ་སྟོང་ཕྲག་དུ་མ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། འཛམ་བུའི་གླིང་དུ་ཆོས་ ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་བར་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་འདི་ནི་ཆོས་ཀྱི་འཁོར་ལོ་གཉིས་སུ་བསྐོར་བ་ཡང་མ་ཡིན། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ ཡང་འཁོར་བའམ་མི་འཁོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་འཁོར་བར་བགྱི་བའམ། མི་འཁོར་བར་བགྱི་བའི་ སླད་དུ་ཉེ་བར་མི་གནས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལམ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཚད་མེད་པ་དང་། བསམ་ གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རྣམ་པར་ཐར་པ་བརྒྱད་རྣམས་རྣམ་པར་ ཐར་པ་བརྒྱད་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སྟོང་པ་ཉིད་དང་། མཚན་མ་མེད་ པ་དང་། སྨོན་པ་མེད་པའི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། ། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མི་འཇིགས་པ་བཞི་རྣམས་མི་འཇིགས་པ་བཞི་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རྒྱུན་དུ་ཞུགས་པའི་འབྲས་བུ་རྒྱུན་དུ་ཞུགས་པའི་འབྲས་བུའི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །ཆོས་ཐམས་ ཅད་ཀྱི་རང་བཞིན་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཡང་ཆོས་གང་ཡང་མངོན་པར་རྫོགས་པར་ འཚང་རྒྱ་བ་མ་མཆིས། ཆོས་ཀྱི་འཁོར་ལོ་ཡང་བསྐོར་ལ་ཆོས་གང་ཡང་བསྐོར་བའམ་མི་བསྐོར་བ་ཡང་མ་མཆིས་ཏེ། དེ་དག་གིས་ཆོས་གང་ཡང་ཡོངས་སུ་མཐོང་བ་ཡང་མ་མཆིས་ཡོངས་སུ་མི་མཐོང་བ་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་བསྐོར་བར་ བགྱི་བའམ། མི་བསྐོར་བར་བགྱི་བའི་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མངོན་པར་མ་གྲུབ་པ་སྟེ། སྟོང་པ་ཉིད་བསྐོར་བར་བགྱི་བའམ་མི་བསྐོར་བར་བགྱི་བ་མ་ལགས། མཚན་མ་མ་མཆིས་པ་བསྐོར་བར་བགྱི་བའམ། མི་ བསྐོར་བར་བགྱི་བ་མ་ལགས་སོ། །སྨོན་པ་མ་མཆིས་པ་བསྐོར་བར་བགྱི་བའམ། མི་བསྐོར་བར་བགྱི་བ་མ་ལགས་སོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། རབ་ཏུ་གསལ་བར་བྱས་པ་དང་། བརྗོད་པ་དང་། བཏགས་པ་དང་། རབ་ཏུ་བཀོད་པ་དང་། རྣམ་པར་དབྱེ་བ་དང་། རྣམ་པར་དགྲོལ་བ་དང་། མཚོན་པ་དང་། ཡང་དག་པར་རབ་ཏུ་གསལ་བར་བགྱིད་པ་དང་། ཡང་དག་པར་བསྟན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་ཡང་སུས་ཀྱང་མ་བསྟན། སུས་ཀྱང་མ་བཟུང་། གང་སུས་ཀྱང་མ་ བཟུང་བ་དེ་ནི་སུས་ཀྱང་མངོན་དུ་མ་བགྱིས་སོ། །གང་སུས་ཀྱང་མངོན་དུ་མ་བགྱིས་པ་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་མཆིས་ཏེ། ཆོས་བསྟན་པ་འདི་ལ་ནི་གང་སུས་ཀྱང་སྦྱིན་པའི་གནས་སུ་གྱུར་པ་མ་མཆིས་སོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་ཡོངས་སུ་རྫོགས་པར་ བསྟན་པ་སྟེ་གསུམ་པའོ། །འདི་དག་གིས་ནི་ཐམས་ཅད་ཤེས་པ་ཉིད་གསུངས་སོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས་ཐམས་ཅད་ཤེས་པས་དབང་དུ་བྱས་པ་སྤྱོད་ པའི་ཁྱད་པར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་ནམ་མཁའ་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མི་དམིགས་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་ གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་དབེན་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ནི་བརྫི་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་དང་ལུས་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབུགས་ཕྱི་ནང་དུ་རྒྱུ་བ་དམིགས་སུ་མེད་ པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྗོད་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་ པ། བཅོམ་ལྡན་འདས་འདི་ལྟ་སྟེ