Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 80

Văn bản gốc(Tây Tạng)

Trang 9 / 13 (50.000 ký tự/trang)
སོགས་དང་རྒྱ་ཆེ་དང་། །ཆེན་པོར་གྱུར་དང་ཚད་མེད་དང་། །རྣམ་ཤེས་བསྟན་དུ་མེད་པ་དང་། །སེམས་ལྟར་མེད་
དང་ཤེས་པ་སྟེ། །གཡོ་བ་ལ་སོགས་ཤེས་བྱ་དང་། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་
བསྡུས་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་འབྱུང་བ་ཞེས་པ་ནི་སྟོབས་ལ་སོགས་པ་རྣམ་པ་ཐམས་ཅད་མཚན་ཉིད་ཀྱི་བར་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་བསྐྱེད་པ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་
བསྐྱེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །འཇིག་རྟེན་འཇིག་པ་མེད་པ་ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པ་ནི་འཇིག་པ་མ་ཡིན་པའི་དོན་གྱིས་ན་ཕུང་པོ་ལ་སོགས་པ་རྣམས་ཀྱིས་འཇིག་པ་མ་ཡིན་རབ་ཏུ་འཇིག་པ་མ་ཡིན་པ་ལ་སོགས་པའི་ཆོས་ཉིད་ངེས་པར་སྟོན་པར་བྱེད་པ་ཉིད་ཀྱིས་
འཇིག་རྟེན་སྟོང་པ་ཉིད་དོ་ཞེས་གང་གསུངས་པ་ཡིན་ནོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མཁྱེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པའི་ཕྱིར་དང་། དེ་ལ་སེམས་ཅན་དང་དེར་གདགས་པའི་རྒྱུ་ཕུང་པོ་ལ་སོགས་པ་ནས།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པ་ཉིད་ཀྱིས་འཇིག་རྟེན་སྟོང་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ལ་རེ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་དམིགས་སུ་མེད་པ་ནི་ཡིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ལྟ་ག་ལ་ཡོད་ཅེས་བྱ་

བའི་འཐད་པས་གང་གསུངས་པ་ཡིན་ནོ། །སེམས་ཅན་བསྡུས་པ་ཤེས་པ་དང་དེ་དག་ཉིད་གཡེངས་པ་ཤེས་པ་ནི་གང་ལ་རེ་ཞིག་ཆོས་རྣམས་ཀྱི་ཆོས་ཉིད་མ་དམིགས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང་། སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
མཁྱེན་པ་གསུངས་པ་ཡིན་ནོ། །སེམས་མི་ཟད་པའི་རྣམ་པ་ནི་ཡང་དེ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། སྤོང་བ་རྣམས་ཀྱི་མི་ཟད་པའི་རྣམ་པ་རབ་ཏུ་མཁྱེན་པར་གང་གསུངས་པ་ཡིན་ནོ། །སེམས་དང་འདོད་ཆགས་དང་བཅས་པ་ལ་སོགས་པ་ཤེས་
པ་དང་། སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཤེས་པ་ནི། སེམས་འདོད་ཆགས་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པའི་སེམས་ནི་དམིགས་སུ་མེད་
ཅིང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམིགས་སུ་མེད་དོ་ཞེས་བྱ་བས་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་གང་གསུངས་པ་ཡིན་ནོ། །སེམས་རྒྱ་ཆེན་པོ་ཤེས་པ་ནི་སེམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པས་རྒྱ་
ཆེར་མི་བྱེད་པའི་ཕྱིར་སེམས་རྒྱ་ཆེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པར་གང་གསུངས་པ་ཡིན་ནོ། །སེམས་ཆེན་པོར་གྱུར་པ་ཤེས་པ་ནི། དེ་བཞིན་དུ་སེམས་ཆེན་པོར་གྱུར་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་གང་གསུངས་པའོ། །
སེམས་ཚད་མེད་པ་ཤེས་པ་ནི། སེམས་ཀྱི་རྒྱུན་ནི་རྟེན་མེད་ཅིང་ཚད་མེད་པ་སྟེ། གང་ལ་གནས་པར་འགྱུར་བ་དེ་རྣམས་ལ་དེ་རྣམས་ཀྱི་རྟེན་ཡོད་པ་མ་ཡིན་ནོ་ཞེས་སྔ་མ་བཞིན་དུ་གང་གསུངས་པ་ཡིན་ནོ། །སེམས་བསྟན་དུ་མེད་པར་ཤེས་པ་ནི། རང་གི་མཚན་ཉིད་སྟོང་པ་
ཉིད་ཀྱི་ཕྱིར་མཚན་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སེམས་བལྟར་མེད་པ་ཤེས་པ་ནི། དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་སེམས་དེ་དག་སྣང་བར་མི་འགྱུར་ཏེ་ཞེས་བྱ་བ་སྔ་མ་བཞིན་དུ་གང་གསུངས་པ་ཡིན་ནོ། །སེམས་གཡོ་བ་ལ་སོགས་པ་

ཤེས་པ་ནི་སེམས་འཕྲོ་བ་དང་འདུ་བ་ལ་སོགས་པ་ཕུང་པོ་ལྔ་ལ་བརྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་བ་ཉིད་དུ་སྔ་མ་བཞིན་དུ་གང་གསུངས་པ་ཡིན་ནོ། །དེ་ལ་སྒྲུབ་པའི་སྒོ་ནས་གཡོ་བ་ལ་སོགས་པ་ནི། བདག་གང་དང་འཇིག་རྟེན་རྟག་ཅེས་བྱ་བ་དེ་ཉིད་
བདེན་གྱི་གཞན་ནི་གཏི་མུག་པའོ། །ཞེས་བྱ་བ་ནས་བརྩམས་ཏེ་སྲོག་གང་ཡིན་པ་འདི་ནི་ལུས་སོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་བརྟེན་པའོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། རང་གི་ཡུལ་ལ་སེམས་འཇུག་པ་གང་ཡིན་པ་དེ་ནི་གཡོ་བ་ཞེས་བྱའོ། །བཙུམ་
པ་ལ་སོགས་པ་བཀག་པའི་སྒོ་ནས་སེམས་ཡུལ་གཞན་དུ་མི་འཇུག་པ་ནི། བདག་དང་འཇིག་རྟེན་མི་རྟེན་ཅེས་བྱ་བ་ནས་བརྩམས་ཏེ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་བརྟེན་པའོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །
དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་ནི་ཡང་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྔ་མཁྱེན་པས་གཡོ་བ་ལ་སོགས་པ་ཡོངས་སུ་མཁྱེན་པ་ཉིད་དུ་གང་གསུངས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པ་དེ་གཞན་ལ་ཡང་དག་པར་སྟོན་
ཞིང་འདོགས་པ་ཤེས་པ་ནི། རབ་འབྱོར་དེ་ལྟར་ན་སེམས་འཕྲོ་བ་ལ་སོགས་པའི་དེ་བཞིན་ཉིད་གང་ཡིན་པས་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་
རྒྱས་ནས་བཤད་པ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །ད་ནི་ཇི་ལྟར་ལམ་ཤེས་པ་ཉིད་ཀྱི་ཤེས་པ་རྣམ་པ་བཅུ་དྲུག་གིས་དེ་བཞིན་གཤེགས་པ་བསྐྱེད་པ་གང་ཡིན་པ་དེའི་དབང་དུ་མཛད་ནས། སྟོང་ཉིད་མཚན་མ་མེད་བཅས་དང་། །སྨོན་པ་རྣམ་པར་སྤངས་པ་དང་། །སྐྱེ་
མེད་འགག་པ་མེད་སོགས་དང་། །ཆོས་ཉིད་རྣམ་པར་འཁྲུག་མེད་དང་། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཞེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་བྱ་བ་གསུངས་སོ། །དེ་ལ་སྟོང་པ་ཉིད་

དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤེས་པ་ནི། དེ་ལ་སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་དུ་གང་གསུངས་པ་ཡིན་ནོ། །སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པ་ཤེས་པ་ནི་དེ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་མཚན་ཉིད་
དུ་གང་གསུངས་པ་ཡིན་ནོ། །སོགས་པ་སྨོས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་ཤེས་པ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་ཤེས་པ་དང་། རྟེན་མེད་པ་ཤེས་པ་དང་། ནམ་མཁའི་མཚན་ཉིད་ཤེས་པ་བསྡུ་སྟེ། ཇི་སྐད་དུ། དེ་ལ་
ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོགས་པའི་མཚན་ཉིད་མེད་དོ་ཞེས་བྱ་བར་གང་གསུངས་པ་ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུགས་པ་མེད་པ་ཤེས་པ་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཚན་ཉིད་དེ་ཡིན་པའི་ཕྱིར་དེས་མཚན་ཉིད་དེ་དོར་བ་མི་
ནུས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མངོན་པར་འདུ་མི་བྱེད་པ་ཤེས་པ་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཚན་ཉིད་དེ་མངོན་པར་འདུས་བྱས་པ་མ་ཡིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །རྣམ་པར་མི་རྟོག་པ་ཤེས་པ་ནི་དེ་དག་གིས་
མཚན་ཉིད་ཟག་པ་དང་བཅས་པ་དང་། འཇིག་རྟེན་པ་དང་འདུས་བྱས་ཀྱི་དངོས་པོ་བཟློག་ཟླ་དང་བཅས་པ་བཀག་པས་ནམ་མཁའི་དཔེས་ལམ་ཤེས་པའི་དབང་དུ་བྱས་པ་ཡང་དག་པར་སྟོན་པར་བྱེད་པས་གང་གསུངས་པ་ཡིན་ནོ། །རབ་ཏུ་དབྱེ་བ་ཤེས་པ་ནི་དེ་བཞིན་
གཤེགས་པ་བྱུང་ཡང་རུང་ཞེས་བྱ་བ་ནས་བརྩམས་ཏེ་གང་ལ་དཔྱད་པས་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་ཉིད་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་བསྟན་པས་རྣམ་པར་འགྱུར་བ་མེད་པར་སེམས་
ཅན་གྱི་དོན་བྱེད་པའི་འབྲས་བུ་སྟོན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མཚན་ཉིད་མེད་པར་ཤེས་པ་ཡང་། གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་ཡོངས་སུ་གཏོང་

བ་ལ་སོགས་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་མི་འཁྲུགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་མཚན་ཉིད་ཀྱི་ངེས་པར་འབྱིན་པར་བྱེད་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་མཚན་ཉིད་མངོན་སུམ་དུ་བྱེད་པ་རྣམས་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །དེ་ལ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་བརྟེན་ནས་
འཕགས་པའི་ལམ་བསྐྱེད་པའི་ཕྱིར་ན་དེ་རྣམས་ནི་འཁྲུགས་པ་མེད་པའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །འདི་ཕན་ཆད་ནི་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་པ་རྣམ་པ་བཅུ་དྲུག་གིས་དེ་བཞིན་གཤེགས་པ་བསྐྱེད་པ་དེ་ལས་བརྩམས་པ་ནི། དེ་ནི་ཉིད་ཀྱི་
ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང་། །བླ་མ་ཉིད་དང་མཉེས་པ་དང་། །དེ་ལ་མཆོད་དང་བྱེད་མེད་དང་། །ཀུན་འཇུག་མཁྱེན་པ་གང་ཡིན་དང་། །མ་མཐོང་སྟོན་པར་མཛད་པ་དང་། །འཇིག་རྟེན་སྟོང་ཉིད་རྣམ་པ་དང་། །བརྗོད་དང་ཤེས་མཛད་མངོན་
སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་ཆོས་ལ་བརྟེན་
ནས་གནས་པ་ཤེས་པ་ནི། རབ་འབྱོར་གང་གིས་དེ་ལྟར་བསྐྱེད་པ་དང་། སྟོན་པ་ཉིད་ཡིན་པའི་རྒྱུ་དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་འདི་ལ་བརྟེན་ཅིང་གནས་སོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་གུས་པར་བྱ་བ་དང་། བླ་མར་བྱ་བ་དང་། མཉེས་
པར་བྱ་བ་དང་། མཆོད་པར་ཤེས་པ་དང་། ཆོས་དེ་ལ་རིམ་གྲོར་མཛད་པ་དང་། བཀུར་སྟིར་མཛད་པ་དང་། བསྟི་སྟང་མཛད་པ་དང་། མཆོད་པ་མཛད་པ་ནི་བྱས་པ་མཁྱེན་ཞིང་བྱས་པ་ཚོར་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །བྱེད་པ་མེད་པ་ཉིད་ཤེས་པ་ནི། བྱེད་

པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གང་གསུངས་པ་ཡིན་ནོ། །ཐམས་ཅད་དུ་འགྲོ་བ་ཤེས་པ་ནི། ཡང་ཡེ་ཤེས་བྱས་པ་མེད་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ་ཞེས་གང་གསུངས་པ་ཡིན་ནོ། །མ་
མཐོང་བའི་དོན་སྟོན་པ་ནི། གཟུགས་ལ་དམིགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་བར་གྱི་རྣམ་པར་ཤེས་པ་མ་སྐྱེས་པའི་དོན་གྱིས་མ་མཐོང་བའི་གཟུགས་མཐོང་བའི་ཕྱིར་དེ་ནི་འཇིག་རྟེན་སྟོན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་རྣམ་པ་
བརྗོད་པ་དང་། ཤེས་པར་མཛད་པ་དང་། མཐོང་བར་མཛད་པ་ཤེས་པ་ནི་གོ་རིམས་བཞིན་དུ་ཡང་དག་པར་བསྡུས་པ་དང་། ཡོངས་སུ་སྨིན་པར་གྱུར་པ་དང་། རྣམ་པར་གྲོལ་བར་འགྱུར་བའི་གདུལ་བྱ་རྣམས་ལ་ཡིན་ཏེ། ཇི་སྐད་དུ་དེ་ནི་འཇིག་རྟེན་སྟོང་པ་ཉིད་དོ་ཞེས་བྱ་བར་
བརྗོད་པ་དང་། ཤེས་པར་མཛད་པ་དང་། སྟོན་པར་མཛད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་དགོངས་ནས་འཕགས་པའི་གང་ཟག་རྣམ་པ་གསུམ་གྱི་དབང་དུ་མཛད་དེ། གོ་རིམས་བཞིན་དུ་ཕྱོགས་གཅིག་ཏུ་འཇུག་པ་དང་།
ཆེད་དུ་བྱ་བའི་འཇུག་པ་དང་། མངོན་སུམ་དུ་བྱེད་པའི་འཇུག་པའི་དབང་དུ་མཛད་ནས་ཤེས་པ་གསུམ་ཡིན་པར་ཤེས་པར་བྱའོ། །བསམ་གྱིས་མི་ཁྱབ་པ་དང་ཞི་བ་ཤེས་པ་ནི། གཞན་ཡང་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏོ་ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་
འགོག་པ་ཤེས་པ་ནི་ཡང་ཆོས་རྣམས་མེད་པ་ཉིད་ཀྱིས་ཅི་ནས་ཀྱང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་ཀྱང་མི་འབྱུང་བ་དེ་ལྟར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་བསྐྱེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཤེས་པའི་མཚན་ཉིད་བཤད་
ཟིན་ཏོ།། །།ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། བདེན་པའི་སྤྱོད་

ཡུལ་ཅན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞིའི་ཡུལ་གྱིས་སོ། །ཁྱད་ཞུགས་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའོ། །སྐད་ཅིག་མ་ནི་བཅུ་དྲུག་གིས་ཞེས་བྱ་བ་ནི་བདེན་པ་རེ་རེ་ཞིང་ཆོས་དང་རྗེས་སུ་ཤེས་པའི་
བཟོད་པ་དང་ཤེས་པས་བསྡུས་པས་སོ། །ཇི་ལྟར་ཞེ་ན། བསམ་གྱིས་མི་ཁྱབ་པའི་ཁྱད་པར་སྡུག་བསྔལ་གྱི་སྐད་ཅིག་མ་དང་པོས་བསྡུས་པ་ནི། དེ་བཞིན་གཤེགས་པའི་ཆོས་བསམ་གྱིས་མི་ཁྱབ་པ། ཞེས་བྱ་བ་བསམ་པ་ལས་ཡང་དག་པར་འདའ་བའི་དོན་གྱིས་
དང་། རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པས་ཡུལ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལྟར་བྱས་པས་རྒྱུན་ཏུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་
དང་སྤངས་པ་གང་ཡིན་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་འཆད་པར་འགྱུར་རོ། །མི་མཉམ་པ་ཉིད་ཀྱི་ཁྱད་པར་སྐད་ཅིག་མ་གཉིས་པས་བསྡུས་པ་ནི། མི་མཉམ་པ་ཞེས་བྱ་བ་མཉམ་པ་ལས་ཡང་དག་པར་འདས་པའི་དོན་གྱིས་དང་། རབ་འབྱོར་གཟུགས་
ཀྱང་མི་མཉམ་པའོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གཞལ་དུ་མེད་པ་ཉིད་ཀྱི་ཁྱད་པར་སྐད་ཅིག་མ་གསུམ་པས་བསྡུས་པ་ནི། གཞལ་དུ་མེད་པ་ཞེས་བྱ་བ་ཚད་མ་ལ་ཡང་དག་པར་འདས་པའི་དོན་གྱིས་དང་། རབ་འབྱོར་གཟུགས་ཀྱང་
གཞལ་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གྲངས་མེད་པ་ཉིད་ཀྱི་ཁྱད་པར་སྡུག་བསྔལ་གྱི་སྐད་ཅིག་མ་བཞི་པས་བསྡུས་པ་ནི། གྲངས་མེད་པ་ཞེས་བྱ་བ་གྲངས་ལས་ཡང་དག་པར་འདས་པའི་དོན་གྱིས་དང་། རབ་འབྱོར་གཟུགས་ཀྱང་
གྲངས་མེད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་རྣམས་ནི་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་མི་མཉམ་པ་དང་མཉམ་པ་ཉིད་ཀྱི་ཁྱད་པར་ཆེད་དུ་བྱེད་པར་གྱུར་པའི་ཕྱིར་ན་ཐམས་ཅད་རྒྱུའི་ཁྱད་པར་གྱི་སྒོ་ནས་ཉེ་བར་དགོངས་པ་

ཡིན་པར་བྱ་བའམ། ཆོས་དང་རྗེས་སུ་ཤེས་པ་ཁྱད་པར་གྱི་མཐར་ཐུག་པ་ལ་བརྟེན་པ་འདི་དག་ཉིད་ཀྱིས་མི་མཉམ་པའི་སངས་རྒྱས་རྣམས་དང་མཉམ་པར་འགྱུར་རོ་ཞེས་གང་གསུངས་པ་ནི་མཉམ་པ་ལས་ཡང་དག་པར་འདའ་བའི་དོན་གྱིས་ན། རབ་འབྱོར་གཟུགས་ཀྱང་མི་མཉམ་པ་དང་མཉམ་
པའོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་མི་མཉམ་པ་དང་མཉམ་པའི་བྱ་བས་ཉེ་བར་གནས་པའོ་ཞེས་གང་གསུངས་པ་ཡིན་ནོ། །འཕགས་པའི་གང་ཟག་ཐམས་ཅད་སྡུད་པར་བྱེད་པའི་ཁྱད་པར་ཀུན་འབྱུང་གི་སྐད་ཅིག་མ་དང་པོས་བསྡུས་པ་ནི།
བློན་པོའི་དཔེས་འཕགས་པའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱིས་འདི་ནི་བྱ་བ་ཆེན་པོ་ལ་སོགས་པས་ཉེ་བར་གནས་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཞེན་པ་མེད་པ་ཉིད་
དུ་གསུངས་པ་ཡིན་ནོ། །ཇི་སྐད་དུ། གཟུགས་ལ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་དེ་བཞིན་གཤེགས་པ་ཉིད་ལས་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱ་ཞེས་
གསུངས་པ་ནི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ཐུན་མོང་མ་ཡིན་པའི་འཐད་པ་ཡིན་ནོ། །སྐྱེས་བུའི་ཁྱད་པར་གྱིས་རིག་པར་བྱ་བ་ཉིད་ཀྱི་ཁྱད་པར་སྐད་ཅིག་མ་གཉིས་པས་བསྡུས་པ་ནི། དེ་ནི་ཕྲ་བ་མཛངས་པ་མཁས་པ་རྣམ་པར་ཤེས་པས་རིག་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ཡིན་
ནོ། །དེ་ལ་ཕྲ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་ཕྱིར་རོ། །མཛངས་པ་ནི་མ་ནུས་པའི་དོན་ལ་འཇུག་པའི་ཕྱིར་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་ཉེ་བར་གཟུང་བ་ཡིན་ནོ། །དེ་དག་ཀྱང་རྣམ་པ་གཉིས་ཏེ། གང་དག་སྔར་བློ་ཡོངས་སུ་སྨིན་པར་བྱས་པ་སོ་སོའི་སྐྱེ་བོ་སྐྱེ་བས་འཐོབ་
པའི་ཤེས་རབ་དོན་དེ་དག་གཉི་ག་ལ་འཇུག་པར་ནུས་པ་དང་ལྡན་པ་མཁས་པ་དང་བདེན་པ་མཐོང་བས་རྣམ་པར་ཤེས་པ་སྟེ། དེ་དག་ནི་དོན་དེ་གཉི་ག་ལ་ཞུགས་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཉིད་ཀྱི་ཁྱད་པར་སྐད་ཅིག་མ་གསུམ་པས་བསྡུས་པ་ནི་སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་གྲངས་སྙེད་དད་པས་རྗེས་སུ་འབྲང་བ་ནས། རང་སངས་རྒྱས་ཀྱི་བར་དུ་གྱུར་པའི་ཤེས་པ་དང་སྤངས་པས་འདི་ཉིད་ལ་མོས་པ་ལ་སོགས་པ་མཆོག་ཉིད་དུ་གང་གསུངས་པ་ཡིན་ནོ། །མངོན་
པར་ཤེས་པ་མྱུར་བའི་ཁྱད་པར་ཀུན་འབྱུང་གི་སྐད་ཅིག་མ་བཞི་པས་བསྡུས་པ་ནི་འདི་ནི་ཕུལ་དུ་བྱུང་བའི་ཆོས་རྒྱ་ཆེར་འཆད་པ་ཡིན་པས་ཐེག་པ་གཞན་པས་འདི་ལ་མངོན་པར་བརྩོན་པ་རྣམས་མྱུར་དུ་མྱ་ངན་ལས་འདའ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །འགྲིབ་པ་དང་
འཕེལ་བ་མེད་པའི་ཁྱད་པར་འགོག་པའི་སྐད་ཅིག་མ་དང་པོས་བསྡུས་པ་ནི། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་དུ་ཟིན་ཀྱང་འདི་ལ་འགྲིབ་པའམ་འཕེལ་བ་མེད་པའི་ཆེ་བ་ཉིད་ཀྱིས་
གང་གསུངས་པ་ཡིན་ནོ། །དྲག་ཏུ་ཡང་དག་པར་སྒྲུབ་པའི་ཁྱད་པར་སྐད་ཅིག་མ་གཉིས་པས་བསྡུས་པ་ནི། བ་དྲུས་མ་བེའུ་གཞོན་ནུ་མི་འདོར་བའི་དཔེས་མོས་པ་ལ་སོགས་པ་དང་ལྷན་ཅིག་ལྡན་པའི་ཐོས་པ་དང་ལྡན་པ་ནི་སྔོན་གྱི་ཐོས་པ་ལ་སོགས་པ་ལ་འཇུག་པ་
ཉིད་དུ་གང་གསུངས་པ་ཡིན་ནོ། །ཡང་དག་པར་འགྲུབ་པའི་ཁྱད་པར་སྐད་ཅིག་མ་གསུམ་པས་བསྡུས་པ་ནི་ཡང་དེ་ཉིད་སངས་རྒྱས་མང་པོ་ལ་བརྟེན་པས་དགའ་ལྡན་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཉིད་དང་བཟློག་པས་འཕགས་པའི་ས་གཞན་གཉིས་པོར་ལྷུང་བ་ཉིད་དུ་གང་
གསུངས་པ་ཡིན་ནོ། །དམིགས་པའི་ཁྱད་པར་འགོག་པའི་སྐད་ཅིག་མ་བཞི་པས་བསྡུས་པ་ནི་ཡང་རྒྱ་མཚོར་གྲུ་ཞིག་པའི་དཔེས་བར་ཆད་དང་བཅས་པ་དང་བར་ཆད་མེད་པར་བྱེད་པ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་མཚན་མ་ལ་གནས་པའི་དབང་དུ་བྱས་
ཏེ། འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་དོན་གྱིས་གང་གསུངས་པ་ཡིན་ནོ། །རྟེན་གྱི་ཁྱད་པར་ལམ་གྱི་སྐད་ཅིག་མ་དང་པོས་བསྡུས་པ་ནི་ཡང་བུམ་པ་སོ་མ་བཏང་བ་དང་བཏང་བའི་དཔེས་སྒྲུབ་པའི་ཆོས་ཀྱི་རྟེན་མ་ཡིན་པ་དང་རྟེན་ཡིན་པའི་ངོ་བོར་བསྟན་པའི་དོན་གྱིས་གང་

གསུངས་པ་ཡིན་ནོ། །མ་ཚང་བ་མེད་པའི་ཁྱད་པར་སྐད་ཅིག་མ་གཉིས་པས་བསྡུས་པ་ནི། ཡང་རྒྱ་མཚོའི་གྲུ་ཟག་ལྷན་མ་བྱས་པ་དང་བྱས་པའི་དཔེས་སྒྲུབ་པ་མ་ཚང་བ་དང་ཚང་བ་དང་སྟོན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡོངས་སུ་འཛིན་པའི་ཁྱད་པར་སྐད་ཅིག་
མ་གསུམ་པས་བསྡུས་པ་ནི། ཡང་སྐྱེས་བུ་རྒས་ཤིང་ཉམ་ཆུང་བའི་དཔེས་ལྷན་ཅིག་བྱེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་དང་ཡོངས་སུ་མ་བཟུང་བར་བསྟན་པས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཅིག་ཏུ་ལྟུང་བ་
དང་མི་ལྟུང་བར་སྟོན་པའི་དོན་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རོ་མྱང་བ་མེད་པའི་ཁྱད་པར་ལམ་གྱི་སྐད་ཅིག་མ་བཞི་པས་བསྡུས་པ་ནི་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་མཆོག་ཏུ་འཛིན་པ་མེད་པ་དང་། འདོད་པ་མེད་པ་ཉིད་ཀྱིས་དགེ་བའི་རྩ་
བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་བརྟེན་པར་བྱ་བ་ལ་སོགས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཤད་མ་ཐག་པའི་ཚིག་ལྷུག་པས་གསུངས་པའི་དོན་གང་ཡིན་པ་དེ་ཚིགས་སུ་བཅད་པས་བསྡུས་པ་ནི་འདི་ཡིན་ཏེ། བསམ་མི་ཁྱབ་དང་
མི་མཉམ་དང་། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང་། །སྒྲུབ་དང་ཡང་དག་འགྲུབ་པ་དང་། །དམིགས་པ་རྟེན་དང་བཅས་པ་དང་། །མཐའ་དག་
པ་དང་ཡོངས་འཛིན་དང་། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ། །གང་གིས་ལམ་འདི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་བྱའོ། །ཁྱད་པར་གྱི་མཚན་ཉིད་བཤད་ཟིན་ཏོ།། །།བྱེད་པའི་མཚན་ཉིད་
བརྗོད་པར་བྱ་བ་ཡིན་པས། ཕན་དང་བདེ་དང་སྐྱོབ་པ་དང་། །མི་རྣམས་ཀྱི་ནི་སྐྱབས་དག་དང་། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང་། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་དུ་མི་བྱེད་བདག །ཐ་མ་རྟེན་གྱི་མཛད་

པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་ཕན་པའི་བྱེད་པ་ནི་སེམས་ཅན་རྣམས་འགྲོ་བ་རྒྱུད་ལྔ་ལས་ཡོངས་སུ་བཏོན་ཅིང་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་པའི་ཕྱིར་འཇིག་རྟེན་ལ་ཕན་པར་ཞུགས་པས་
མ་འོངས་པའི་ཕན་པས་བསྡུས་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །བདེ་བའི་བྱེད་པ་ནི་སེམས་ཅན་རྣམས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་ལས་ཡོངས་སུ་བཀྲོལ་ཞིང་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་པའི་ཕྱིར་འཇིག་རྟེན་ལ་བདེ་བར་ཡང་
དག་པར་ཞུགས་པས་ཚེ་འདིའི་བདེ་བས་བསྡུས་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྐྱོབ་པའི་བྱེད་པ་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་ཡོད་པའི་སྡུག་བསྔལ་གང་ཅི་ཡང་རུང་བ་ལས་སྐྱོབ་ཅིང་ཡང་མི་སྐྱེ་བར་བྱེད་པའི་ཆོས་སྟོན་པའི་ཕྱིར་འཇིག་རྟེན་གྱི་སྐྱོབ་པ་ཡིན་པ་ཉིད་ཀྱིས་
རྣམ་པར་སྨིན་པ་མེད་པའི་ཆོས་ལ་འཇོག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྐྱབས་ཀྱི་བྱེད་པ་ནི་སེམས་ཅན་སྐྱེ་བ་ལ་སོགས་པའི་ཆོས་ཅན་རྣམས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་འགོད་པའི་ཕྱིར་འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཉིད་ཀྱིས་
གཏན་དུ་ཕན་པ་ལ་ཞུགས་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །གནས་ཀྱི་བྱེད་པ་ནི་ཆོས་ཐམས་ཅད་འདྲེ་བ་མེད་པ་དང་། འབྲེལ་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་སྟོན་པའི་ཕྱིར་གནས་སུ་གྱུར་པ་ཉིད་ཀྱིས་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པའི་དོན་
གྱིས་གང་གསུངས་པ་ཡིན་ནོ། །དཔུང་གཉེན་གྱི་བྱེད་པ་ནི་གང་ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕ་རོལ་ན་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡང་མེད་
དོ་ཞེས་ཆོས་སྟོན་པའི་ཕྱིར། དཔུང་གཉེན་དུ་གྱུར་པ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་ཉེ་བར་བསྒྲུབ་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །གླིང་གི་བྱེད་པ་ནི་གཟུགས་ལ་སོགས་པའི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་

པས་ཆུས་ཡོངས་སུ་བསྐོར་བའི་སྐམས་དང་ཆོས་མཐུན་པར་སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་སྟོན་པའི་ཕྱིར་གླིང་དུ་གྱུར་པ་ཉིད་ཀྱིས་རང་དང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོར་གྱུར་པ་ཉེ་བར་བསྒྲུབ་པའི་དོན་གྱིས་
གང་གསུངས་པ་ཡིན་ནོ། །ཡོངས་སུ་འདྲེན་པའི་བྱེད་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་ཡང་དག་པར་སྟོན་པ་ལས་ཡོངས་སུ་འདྲེན་
པར་གྱུར་པ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པ་ལ་འཇུག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ལྷུན་གྱིས་གྲུབ་པའི་བྱེད་པ་ནི། རབ་འབྱོར་གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བ་ལ་སོགས་པ་དང་། གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་
མི་འོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ་ཞེས་བྱ་བའི་བར་གྱིས་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཀྱང་སེམས་ཅན་
གྱི་དོན་ལ་ལྷུན་གྱིས་གྲུབ་པར་འཇུག་པ་ཉེ་བར་བསྒྲུབ་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཐམས་ཅད་ཤེས་པའི་དབང་དུ་མཛད་པའི་བྱེད་པ་ཐམས་ཅད་མྱ་ངན་ལས་འདས་པར་སྟོན་པའི་དོན་གྱིས་གང་གསུངས་པ་ཡིན་པར་ཤེས་པར་བྱའོ། །ཐེག་པ་གསུམ་གྱི་ངེས་
པར་འབྱུང་ཞིང་དེའི་འབྲས་བུ་མངོན་དུ་མི་བྱེད་པ་ནི། རབ་འབྱོར་ཆོས་ཐམས་ཅད་མི་སྐྱེ་མི་འགག་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་མི་གཡོ་བའི་ངང་
ཚུལ་ཅན་ཏེ་ཞེས་བྱ་བའི་བར་གྱིས་ལམ་ཤེས་པའི་ཆོས་སྟོན་པ་ཉིད་ཀྱིས་ཐེག་པ་ཇི་ལྟ་བ་བཞིན་ངེས་པར་འབྱུང་བ་དང་དེ་མངོན་དུ་མི་བྱེད་པ་ཉེ་བར་བསྒྲུབ་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །རྟེན་གྱི་བྱེད་པ་ནི། རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་

བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངང་ཚུལ་ཅན་ཞེས་བྱ་བ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྟོན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་དོན་དུ་གང་
གསུངས་པ་ཡིན་ནོ། །བྱེད་པའི་མཚན་ཉིད་བཤད་ཟིན་ཏོ།། །།ངོ་བོ་ཉིད་ཀྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས། ཉོན་མོངས་རྟགས་དང་མཚན་མ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང་། །ཆེད་དུ་བྱ་དང་མི་དམིགས་དང་། །
མངོན་པར་ཞེན་པ་བཀག་པ་དང་། །དམིགས་པ་ཞེས་བྱ་གང་ཡིན་དང་། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང་། །དེ་བཞིན་ཉིད་ནི་མི་དམིགས་དང་། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་
བཞེད་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །བཅུ་དྲུག་གི་བདག་ཉིད་ཡིན་ཞེས་ཇི་ལྟར་བརྗོད་ཅེ་ན། ཉོན་མོངས་པ་ལས་དབེན་པའི་ངོ་བོ་ཉིད་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་གྱུར་པ་ཉིད་དུ་གང་གསུངས་པ་
ཡིན་ནོ། །དེའི་རྟགས་ཀྱིས་དབེན་པའི་ངོ་བོ་ཉིད་ནི་འདོད་ཆགས་ལ་སོགས་པའི་རྟགས་ཀྱིས་དབེན་པར་གང་གསུངས་པ་ཡིན་ནོ། །དེའི་མཚན་མས་དབེན་པའི་ངོ་བོ་ཉིད་ནི་ཉོན་མོངས་པའི་མཚན་མས་དབེན་པའི་རང་བཞིན་དུ་གང་གསུངས་པ་ཡིན་ནོ། །དེ་ལ་རྟགས་ནི་ལུས་ལ་སོགས་
པའི་གནས་ངན་ལེན་ནོ། །མཚན་མ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའོ། །མི་མཐུན་པ་དང་གཉེན་པོའི་ཕྱོགས་དག་གིས་དབེན་པའི་ངོ་བོ་ཉིད་ནི། དེ་བཞིན་དུ་འདོད་ཆགས་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་།
གཏི་མུག་མེད་པས་དབེན་པའི་ངོ་བོ་ཉིད་ཅེས་བྱ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་ཉིད་དང་། ལྷག་པར་མོས་པར་བྱེད་པ་རྣམས་ལ་བསྒོམ་པའི་ལམ་ཉེ་བར་བཀོད་པས་གང་གསུངས་པ་ཡིན་ནོ། །བྱ་དཀའ་བ་ཉིད་ཀྱི་ངོ་བོ་ཉིད་ནི། ཆོས་ཐམས་ཅད་ཤིན་ཏུ་མེད་

པའི་ཕྱིར་དེ་དང་འབྲེལ་པ་མེད་པ་ཉིད་ཉེ་བར་བཟུང་ནས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་གོ་ཆ་བྱ་དཀའ་བ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པ་བྱ་དཀའ་བའི་དོན་དུ་སྟོན་པས་གང་གསུངས་པ་ཡིན་ནོ། །ངེས་པའི་ངོ་བོ་ཉིད་ནི་དེ་ལྟར་གོ་ཆ་
བགོས་པ་ནི་ཉན་ཐོས་ལ་སོགས་པར་ལྷུང་བའི་གནས་ཀྱི་གོ་སྐབས་མེད་པ་ཉིད་ཀྱིས་སྒོམ་པ་མཐའ་གཅིག་ཏུ་ངེས་པར་སྟོན་པའི་དོན་དུ་གང་གསུངས་པ་ཡིན་ནོ། །ཆེད་དུ་བྱ་བའི་དོན་ངོ་བོ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་<ཡ་‚ཡེ་>ཤེས་ཀྱི་དོན་དུ་བྱང་
ཆུབ་སེམས་དཔའི་གོ་ཆ་བགོས་པས་ནི་ཆེད་དུ་བྱ་བ་ལ་མི་འཁྲུལ་བར་བསྟན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མི་དམིགས་པའི་ངོ་བོ་ཉིད་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་བགྱི་བ་མ་ལགས་
སོ་ཞེས་བྱ་བས་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་། བསྒོམ་པ་མི་དམིགས་པའི་རྣམ་པར་བསྒོམ་པ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་རྣམ་པར་བསྒོམ་པ་མ་ལགས་སོ་ཞེས་
བྱ་བས་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པར་བསྒོམ་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མངོན་པར་ཞེན་པ་མེད་པའི་ངོ་བོ་ཉིད་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བརྟག་
པར་བྱའོ་ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་མ་ཞེན་པར་ཡོངས་སུ་རྟོག་པ་ནས་བརྩམས་ཏེ། འདི་བཤད་པ་ལ་མི་དངང་བ་ལ་སོགས་པ་རྣམས་ཀྱིས་ལམ་ཤེས་པའི་རྣམ་པ་བསྒོམ་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །དམིགས་པའི་ངོ་བོ་ཉིད་ནི། བཅོམ་
ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་ལགས་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་རྨི་ལམ་དང་སྤྲུལ་པ་ལ་གཞོལ་བའི་བསམ་པས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པར་བསྒོམ་པ་ཉེ་བར་དགོད་པ་དང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་རྟོག་
པར་བྱེད་དམ་ཞེས་བྱ་བ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྐབས་སུ་གསུངས་པའི་དམིགས་པ་བསྒོམ་པའི་ཁྱད་པར་གྱི་ཞར་ལ་རྣམ་པ་ཐམས་ཅད་མཁྱེན་པའི་དམིགས་པའི་ཁྱད་པར་བསྒོམ་པའི་དོན་དྲིས་པ་དང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཁྱད་པར་ཤེས་པར་བྱེད་པའི་དོན་གྱིས་ལན་བསྟན་པས་གང་གསུངས་པ་ཡིན་ནོ། །དེ་ལ་རྟོག་པ་ནི་ལྷག་མཐོང་གི་ཡེ་ཤེས་སོ། །འོ་ན། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་བྱ་བ་
ལ་སོགས་པ་གང་ཡིན་པ་དེ་ཇི་ལྟར་ཡིན་ཞེ་ན། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས་སོ་ཞེས་བྱ་བས་དེ་དག་ཕན་ཚུན་གྱི་ངོ་བོའི་ཟབ་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དེ་བཞིན་ཉིད་དག་གཉིས་སུ་
བྱར་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན། འོ་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་ཇི་ལྟར་འཐད་ཅེ་ན། སངས་རྒྱས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་
དོན་དུ་ཐུགས་ལས་ཆུང་བ་ཉིད་ཀྱི་རྒྱུ་ཉིད་ཡིན་པར་གསུངས་ཏེ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དབྱེ་བ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ངོ་བོ་ཉིད་ནི། ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ་

ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཟུང་བའི་སླད་དུ་བསྟན་པ་མ་ལགས། མི་བཟུང་བའི་སླད་དུ་བསྟན་པ་མ་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་ནི་འཛིན་པ་ལ་སྤྱོད་དོ་ཞེས་བྱ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་
ཉིད་ཀྱིས་ནི་འཛིན་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་མ་ཡིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཐོགས་པ་མེད་པའི་ངོ་བོ་ཉིད་ནི་དེ་ལྟར་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་རྣམ་པ་ལེགས་པར་རྫོགས་པའི་མངོན་པར་རྟོགས་པ་ཉིད་དང་རྗེས་སུ་མཐུན་པའི་ཕྱིར་
གཟུགས་ལ་སོགས་པ་ཐམས་ཅད་ལ་ཡེ་ཤེས་ཀྱི་ཆོས་ཐོགས་པ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །གཞི་མེད་པའི་ངོ་བོ་ཉིད་ནི་གཟུགས་ལ་སོགས་པའི་རྟེན་མི་དམིགས་པ་ནས་བརྩམས་ཏེ། ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་ཀྱི་དོན་གྱིས་གང་གསུངས་པ་ཡིན་ནོ། །འགྲོ་
བ་མེད་པའི་ངོ་བོ་ཉིད་ནི། ཐམས་ཅད་མཁྱེན་པ་གསུམ་པོ་མཐའ་དག་ཀྱང་སྐྱེད་པར་བྱེད་པའི་དབང་དུ་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལས་གནས་བརྟན་རབ་འབྱོར་དཔེར་བྱས་ཏེ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་འོངས་མ་
སོང་བ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བས་ན། གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆོས་རྣམས་ཀྱི་དེ་བཞིན་ཉིད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་རྫས་
སུ་འདོད་པ་གཟུགས་ལ་སོགས་པ་རྣམས་ཀྱི་སྤྱིའི་ཆོས་ཉིད་དོ། །གནས་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་རྒྱུན་གྱི་ཆོས་ཉིད་དོ། །མི་འགྱུར་ཞིང་རྣམ་པར་རྟོག་པ་མེད་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སྒྲུབ་པའི་ཆོས་ཁྱད་པར་དུ་འགྲོ་བ་དང་དེ་ལ་རྣམ་པར་རྟོག་པ་མེད་པའི་ཆོས་ཉིད་
དོ། །དབྱེར་མེད་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐེག་པ་གསུམ་གྱི་དབྱེ་བ་དམིགས་སུ་མེད་པའི་ཆོས་ཉིད་དོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐེག་པ་གསུམ་ལས་དེ་བཞིན་ཉིད་དུ་ཚོལ་བ་མེད་པའི་ཆོས་ཉིད་དོ། །དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་རང་

བཞིན་གྱིས་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་ཕུང་པོ་རྣམས་ཀྱི་དེ་བཞིན་ཉིད་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་དེ་བཞིན་ཉིད་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དེ་བཞིན་ཉིད་ནས་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་ཉིད་དུ་རྟོགས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐོབ་པར་གྱུར་པ་དང་མིང་དེའི་མཚན་མ་དབང་པོར་གྱུར་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་སུ་གཏོགས་པ་མཐོ་བ་དང་དམའ་བར་གྱུར་པ་ཡིན་པས། མདོ་ལས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པར་འགྱུར་བ་དྲུག་དང་མཚན་མ་ཆེན་པོ་བཅོ་བརྒྱད་དུ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་
ལོ། །རབ་ཏུ་འགུལ་ལོ། །ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག་གོ། །རབ་ཏུ་ལྡེག་གོ། །ཀུན་ཏུ་རབ་ཏུ་ལྡེག་གོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུག་གོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་
རབ་ཏུ་འུར་འུར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་རྣམ་པ་དྲུག་ནི་གཡོ་བ་དང་། མཐོ་བ་དང་། དམའ་བ་དང་། སྟེང་དུ་འགྲོ་བ་དང་། འོག་ཏུ་འགྲོ་བ་དང་། སྒྲ་རྗེས་སུ་སྒྲོགས་པའོ། །ལྟས་ཆེན་པོ་བཅོ་བརྒྱད་ནི་གཡོ་བ་ལ་སོགས་པའི་འགྱུར་བ་རྣམ་པ་དྲུག་པོ་དེ་རྣམས་ཉིད་གོ་
རིམས་བཞིན་དུ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ཤེས་པར་བྱའོ། །སྣོད་ཀྱི་འཇིག་རྟེན་གྱིས་མངོན་པར་འདུས་བྱས་པ་དང་འདུས་མ་བྱས་པའི་དབང་དུ་བྱས་པ་དང་འཇིག་རྟེན་ཐམས་ཅད་ན་སེམས་ཅན་གྱི་རིས་བཞི་པོ་མི་དགེ་བ་ལ་སྤྱོད་པ་དང་ལྷ་སྣ་ཚོགས་ལ་མོས་པ་དང་། ང་རྒྱལ་ཅན་
དང་། རིགས་པ་དང་ལྡན་པའི་དབང་དུ་བྱས་ཏེ། བྱ་བ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་གཡོས་སོ་ཞེས་བྱ་བ་ནས་ཀུན་ཏུ་རབ་ཏུ་འུར་འུར་རོ་ཞེས་བྱ་བའི་བར་ཚིག་བཅོ་བརྒྱད་ཀྱི་དོན་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་

སྐྱེས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །སྐྱེ་བ་མེད་པའི་ངོ་བོ་ཉིད་ནི། དེ་ལྟར་ན་ལྷའི་བུ་དག་གནས་བརྟན་རབ་འབྱོར་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་སོ། །ཞེས་བྱ་བ་ནས་བརྩམས་ཏེ། གང་ཞིག་གང་རྗེས་སུ་སྐྱེ་བར་འགྱུར་བའི་
ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས། དེ་ལྟར་ལམ་ཤེས་པ་ཉིད་ཀྱི་རྣམ་པའི་རྗེས་སུ་སྐྱེས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་ཀྱང་བཅོམ་ལྡན་འདས་དེ་བཞིན་ཉིད་འདི་ནི་ཟབ་པོ་ཞེས་བྱ་བ་ལ་སོགས་
པ་སྟེ། རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བ་དང་། ཕྱིན་ཅི་མ་ལོག་པའི་དོན་གྱིས་མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་དང་། ཆོས་རྣམས་ཉིད་ལས་ཆོས་ཉིད་བཙལ་བའི་དོན་གྱིས་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་དང་། དབྱེ་བ་མེད་པའི་མཚན་
ཉིད་ཀྱི་དོན་གྱིས་ཆོས་ཉིད་ཅེས་བྱ་བ་དང་། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་དོན་གྱི་ཆོས་ཀྱི་དབྱིངས་ཞེས་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་མཛད་པའི་དོན་གྱིས་ཆོས་གནས་པ་ཉིད་ཅེས་བྱ་བ་དང་། རྒྱུ་དང་རྐྱེན་མི་འཁྲུལ་བའི་ཆོས་ངེས་པ་ཉིད་ཅེས་བྱ་བ་
དང་། ཕྱིན་ཅི་མ་ལོག་པའི་མཐར་ཐུག་པའི་དོན་གྱིས་ན་ཡང་དག་པའི་མཐའ་ཞེས་བྱ་བ་ནས། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དམིགས་སུ་མེད་ན། དེའི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། འདབ་ཆགས་བྱ་ལུས་ཆེན་པོར་གྱུར་པའི་དཔེས་སྦྱིན་པ་ལ་སོགས་པ་
དང་རབ་ཏུ་ལྡན་དུ་ཟིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་དོན་གྱིས་དེའི་ཚེ་མང་པོ་ཞིག་བསྟན་པ་རྟོགས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་མཚན་ཉིད་བཤད་ཟིན་ཏོ།། །།
ཐར་པའི་ཆ་དང་མཐུན་པ་བརྗོད་པར་བྱ་བ་ཡིན་པས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། ཐོག་མར་སེམས་བསྐྱེད་པ་ནས་ཉེ་བར་

བཟུང་སྟེ། ཐབས་མཁས་པ་དང་མ་བྲལ་བར་སྦྱིན་པ་གཏོང་བ་མཚན་མར་མི་འཛིན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་ཞིང་མཚན་མར་མི་འཛིན་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །དེའང་དད་པ་དང་། བརྩོན་
འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བདག་ཉིད་ཅན་གྱིས་རྣམ་པ་ལྔའོ། །དེ་ལ། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་དང་། དེ་རྣམས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་དང་
མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡིད་ལ་སེམས་ཀྱང་མཚན་མར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་འདི་ནི་མ་སྣད་ཅིང་མ་སྨས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སྣད་
པ་ནི་ཉན་ཐོས་ལ་སོགས་པར་ལྟུང་བའོ། །སྨས་པ་ནི་བྱང་ཆུབ་ཆེན་པོ་ལ་ཉམས་པའོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །ཞེས་བྱ་བ་ནི། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དེས་ཐོག་མར་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་པ་ན། ཤེས་
རབ་སྒོམ་པའི་བར་དུ་མཚན་མར་མི་འཛིན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བསམ་པ་ཕུན་ཚོགས་དྲན་པ་དང་། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བའི་བསམ་པ་ཅན་གང་ཡིན་པ་དེའི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ་ཞེས་གང་གསུངས་པ་ཡིན་ནོ། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་དེས། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་
བའི་གཟུགས་སམ་ཚོར་བའམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ། ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པར་ཡང་བྱ་བ་དང་། ཆོས་དེ་དག་ཀྱང་

མ་མཆིས་ཤིང་མི་དམིགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་རྣམ་ལྔ། ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་དེ་ལྟར་རྣམ་པ་ལྔར་འགྱུར་བའོ། །དད་པ་ལ་
སོགས་པ་འདི་དག་ལ་དབང་པོར་བརྗོད་པར་མི་བྱ་སྟེ། དབང་པོའི་དོན་མེད་པའི་ཕྱིར་རོ། །དད་པ་ལ་སོགས་པ་དེ་དག་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་གསུམ་ཡིན་ཏེ། གང་གི་ཕྱིར། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ། ཞེས་བྱ་བ་
གསུངས་ཏེ། ཆེན་པོས་ཞེས་བྱ་བའི་ཐ་ཚིག་གོ། །དེའང་བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས་པའི་ཆོས་དེ་ལྟ་བུ་མ་མཆིས་ཏེ། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ཆོས་གང་འཕེལ་བར་བགྱི་བའམ་
ཡོངས་སུ་འགྲིབ་པར་བགྱི་བའི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རྟུལ་པོས་རྟོགས་དཀར་བཞེད། ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བསྟན་པས་དེ་མངོན་
པར་འཚང་རྒྱ་བར་དཀའ་བ་ཡིན་པ་དང་། གཟུགས་ལ་སོགས་པ་དང་། དེ་ལས་གཞན་པ་དང་། དེའི་དེ་བཞིན་ཉིད་དང་། དེ་ལས་གཞན་པ་ཞེས་བྱ་བ་རྣམ་པ་བཞིར་ལྡོག་པའི་ཆོས་ཀྱི་མཚན་མ་ཉེ་བར་མི་དམིགས་པས་མཚན་མ་མེད་པའི་འདུ་ཤེས་ཅན་མངོན་པར་བྱང་ཆུབ་
པར་བསྟན་པ་ཡིན་ནོ། །དེ་ལྟ་ན་འོ་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་མེད་པ་ཉིད་ཀྱིས་མི་འདོད་པ་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཐལ་བར་འགྱུར་བས། ཁྱོད་བྱང་ཆུབ་སེམས་དཔའ་གཅིག་འདོད་དམ་ཞེས་བྱ་བ་ནས་བརྩམས་ཏེ།
བདེན་པ་དང་གནས་པས་བྱང་ཆུབ་སེམས་དཔའ་གཅིག་དང་དུ་མར་ཁས་མི་ལེན་པའི་ཆ་དང་འཐད་པས་འབྲིང་ཡིན་པར་བཤད་པར་འགྱུར་རོ། །དེ་ལ་བདེན་པས་ཞེས་བྱ་བ་ནི་དོན་དམ་པའི་བདེན་པས་སོ། །གནས་པ་ཞེས་བྱ་བ་ནི་བཏགས་པའི་གནས་སྐབས་སུ་རྣམ་པར་གནས་པའོ། །

གང་གིས་དེ་མཚོན་པར་བྱེད་པ་ཐར་པའི་ཆ་དང་མཐུན་པ་འདིའི་རྟགས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སེམས་མི་ཞུམ་པ་མི་དངང་བའི་མཚན་ཉིད་དང་། མི་འགོང་བ་མི་སྐྲག་པའི་མཚན་ཉིད་དང་། ཡིད་ལ་འགྱོད་པ་མེད་པ་སྐྲག་པར་མི་
འགྱུར་བའི་མཚན་ཉིད་ནི་གང་གི་ཕྱིར་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རབ་ཏུ་ཕྱེ་བ་རྣམས་ལ་བྱེ་བྲག་མེད་པར་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་རྣམ་པ་གསུམ་མི་དམིགས་པས་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་
འགོང་ཡིད་ཕྱིར་ཕྱོགས་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པ་མཚན་མར་མི་བྱེད་པར་ཡང་དག་པར་བསྒྲུབ་པས་ནི་ཆུང་ངུ་གསུངས་པ་
ཡིན་ནོ། །ཆོས་ཐམས་ཅད་སྟོང་པའི་རྣམ་པར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་འབྲིང་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་དང་། དེ་རྣམས་ལས་གཞན་དུ་དང་། དེའི་དེ་བཞིན་ཉིད་དང་། དེ་ལས་གཞན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཆེན་པོ་གསུངས་
པ་ཡིན་ནོ། །འདི་དག་ཐམས་ཅད་ཀྱང་ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱ་སྟེ། དེ་ཐོག་མ་ཁོ་ནར་བསྟན་པ་ལ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འདིར་ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ། དེའི་ཆ་ལ་ཕན་པས་ན་ཐར་པའི་ཆ་དང་མཐུན་པ་ཡིན་ནོ། །
ཐར་པའི་ཆ་དང་མཐུན་པ་བཤད་ཟིན་ཏོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱ་བ་ཡིན་པས། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བརྗོད། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །
ཞེས་བྱ་བ་གསུངས་པ་ཡིན་ཏེ། འདིར་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་དབང་དུ་བྱས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་བརྗོད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་ཁྱད་པར་དུ་རྟོགས་པར་བྱ་བའི་དོན་དུ་ཡིན་ཏེ། དེ་ནི་མངོན་པར་

རྟོགས་པ་དང་ལྡན་པ་ཡིན་ལ་འདི་སྦྱོར་བ་དང་ལྡན་པ་ཡིན་ནོ། །གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པ་དང་། དེ་ལ་དམིགས་པས་གནས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་བྱམས་པའི་སེམས་བསྐྱེད་པ་དང་དེ་ལ་དམིགས་པ་ཉིད་དང་།
ང་རྒྱལ་བཅོམ་པ་བསྐྱེད་ཅིང་གཡོ་བ་མེད་པ་ལ་དམིགས་པ་ཉིད་དང་། དེ་བཞིན་དུ་ཕན་པའི་སེམས་བསྐྱེད་པ་ཉིད་དང་། གནོད་པ་མེད་པའི་སེམས་བསྐྱེད་པ་ཉིད་དང་། མི་འཚེ་བའི་སེམས་བསྐྱེད་པ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་མ་དང་། ཕ་དང་། སྤུན་དང་། སྲིང་མོ་
དང་། བུ་དང་། བུ་མོ་དང་། གྲོགས་པོ་དང་། ཡིད་བརྟན་པ་དང་། གཉེན་དང་། སྣག་གི་གཉེན་མཚམས་ཀྱི་སེམས་བསྐྱེད་པ་ཉིད་དང་། དེ་ལ་དམིགས་པ་ཉིད་ཀྱིས་སོ། །དེ་ལ་མ་དང་ཕ་ལ་སོགས་པ་གཉིས་གཉིས་གཅིག་ཏུ་བྱས་ནས་རྣམ་པ་བཅུར་འགྱུར་རོ། །
བདག་ཉིད་སྡིག་པ་ལས་ལྡོག་ཅིང་། །སྦྱིན་ལ་སོགས་ལ་གནས་པ་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར། ཞེས་བྱ་བ་ལ། དེ་དག་ལ་ནི་ཞེས་བྱ་བ་སྡིག་པ་ལས་ལྡོག་པ་དང་སྦྱིན་པ་ལ་སོགས་པ་ལ་གནས་པ་དག་དང་།
བདག་ཀྱང་སྲོག་གཅོད་པ་ལས་ལྡོག་པར་བྱ་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པ་ལ་མཉམ་པར་གཞག་པར་བྱ་བ་དང་། དེ་ལ་གཞན་ཡང་དག་པར་བསྐུལ་བ་དང་དེའི་བསྔགས་པ་བརྗོད་པ་དང་། དེ་ལ་སྙོམས་པར་འཇུག་པ་
གཞན་དག་ལ་མཐུན་པར་དགའ་བར་བྱ་བ་ཉིད་ཀྱིས་དེའི་དམིགས་པ་དང་། རྣམ་པའི་ཁྱད་པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་བཞིན་བཟོད་པ་ནི། རང་བཞིན་རྟེན་ཅན་བདེན་ཤེས་པ། །ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་རྩེ་མོ་རྣམས་སུ་རང་བཞིན་
ལ་བརྟེན་པའི་དབྱེ་བས་དམིགས་པ་དང་རྣམ་པའི་དབྱེ་བ་བརྗོད་པ་བཞིན་དུ་སྟེ། ཇི་སྐད་དུ། བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཉིད་ཀྱང་སྐྱོན་མེད་པ་ལ་འཇུག་ཅིང་དེ་ལ་གཞན་འགོད་པ་ལ་སོགས་པ་རྣམས་ཀྱིས་གསུངས་པ་ཡིན་ནོ། །

ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི། རང་དང་གཞན་ལ་བརྟེན་པ་ཉིད་ཀྱིས་སོ། །འདི་དག་གི་དམིགས་པ་དང་རྣམ་པའི་ཁྱད་པར་ནི་སེམས་ཅན་རྣམས་སྨིན་པར་བྱེད་པ་
ལ་སོགས་པ་སྟེ། ཇི་སྐད་དུ་བདག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནས་བརྩམས་ཏེ། དེ་ལྟར་སློབ་པ་དེ་ནི་གཟུགས་ནས་དམ་པའི་ཆོས་གནས་པའི་བར་ལ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྔོན་ཁོ་ནར་གཟུགས་ལ་སོགས་པ་ཡོངས་སུ་མ་
བཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡོངས་སུ་གཟུང་དུ་མེད་པ་ནི་དེའི་ངོ་བོ་ཉིད་དགག་པར་འཐད་པ་ཉིད་ཀྱིས་ཏེ། འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་དུ་མེད་པ་དེ་ནི་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གང་གསུངས་པ་བཞིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིགས་ཀྱི་དབྱེ་བས་རེ་རེ་ཞིང་གསུམ་གསུམ་དུ་འགྱུར་རོ། །དེ་ལ་དྲོ་བར་གཏོགས་པ་ཆུང་ངུ་ནི། སེམས་
ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པ་དང་དེ་ལ་དམིགས་པར་གནས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། དེའི་ཚེ་ན་གཞན་ལ་མི་འཚེ་བ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པ་དང་དེ་ལ་སོགས་པས་གང་
གསུངས་པ་ཡིན་ཏེ། ཕྱི་མ་ལ་གཞན་ལ་ཕན་པའི་བསམ་པ་ཉིད་ཡིན་པའི་ཕྱིར་རོ། །ཆེན་པོ་ནི། མ་དང་། ཕ་དང་། སྲིང་མོ་ལ་སོགས་པའི་སེམས་བསྐྱེད་པ་དང་དེ་ལ་དམིགས་པ་ཉིད་ཀྱིས་གང་གསུངས་པ་ཡིན་ཏེ། དེའི་ཚེ་དང་ཕྱི་མ་ལ་གཞན་ལ་འདོད་པ་སྒྲུབ་པར་འདོད་
པ་ཉིད་ཡིན་པའི་ཕྱིར་རོ། །རྩེ་མོར་གཏོགས་པ་ཆུང་ངུ་ནི་བདག་ཉིད་ཀྱང་སྲོག་གཅོད་པ་ལས་ལྡོག་པར་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གཞན་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་ནི་བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ཡོངས་སུ་རྫོགས་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་བདེ་བའི་རྒྱུ་ལ་ཡང་དག་པར་སྦྱོར་བར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །ཆེན་པོ་ནི་བདག་གིས་ཀྱང་ནང་སྟོང་པ་ཉིད་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གཞན་དག་
སྡུག་བསྔལ་དང་བདེ་བར་ཕྱིན་ཅི་ལོག་པ་སྤོང་བར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །བཟོད་པ་ཆུང་ངུ་ནི་བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གཞན་དག་འཕགས་པའི་ལམ་ལ་ངེས་པར་སྦྱོར་བར་འདོད་པ་ཉིད་
ཡིན་པའི་ཕྱིར་རོ། །འབྲིང་ནི་བདག་གིས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ་ཡང་དག་པའི་མཐའ་ཡང་མངོན་དུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གཞན་དག་འབྲས་བུ་ལ་ངེས་པར་སྦྱོར་བར་འདོད་པ་ཉིད་ཡིན་
པའི་ཕྱིར་རོ། །ཆེན་པོ་ནི་བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་བྱང་ཆུབ་པར་བྱ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གཞན་དག་སངས་རྒྱས་ཉིད་ལས་ཡང་དག་པར་སྦྱོར་བར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་སྐད་ཅིག་མ་གཅིག་པའི་བཟོད་པ་
ཡིན་པར་ཤེས་པར་བྱའོ། །ཆོས་ཀྱི་མཆོག་ཆུང་ངུ་ནི། བདག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ཁྱད་པར་མེད་པར་ཐེག་པ་གསུམ་གྱིས་དེ་ཡོངས་སུ་སྨིན་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་ནི། བདག་གིས་ཀྱང་བྱང་
ཆུབ་སེམས་དཔའ་མངོན་པར་ཤེས་པ་བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སེམས་ཅན་རྣམས་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་ལ་ངེས་པར་སྦྱོར་བར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །ཆེན་པོ་ནི། བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་
ཡེ་ཤེས་བསྐྱེད་པར་བྱ་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། གཞན་དག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་པ་ལ་འཇོག་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་བཟོད་པ་ཆེན་པོ་སྐད་ཅིག་མ་གཅིག་ཡིན་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཡིན་ནོ་ཞེས་གསུངས་པ་དེ་ནི་རང་

གི་དོན་གྱི་དབང་དུ་བྱས་པ་ཡིན་ལ། འདི་ནི་གཞན་ལ་བརྟེན་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་འདི་དབྱེ་བ་བཤད་པ་ཡིན་ཏེ། གཞན་གྱི་དོན་ལ་ནི་རིམ་གྱིས་གནས་སྐབས་ཡོད་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །སྦྱོར་བའི་ལམ་གྱི་ངེས་པར་འབྱེད་པའི་
ཆ་དང་མཐུན་པ་རྣམས་བཤད་ཟིན་ཏོ།། །།ཅི་སྟེ་འདི་ཉན་ཐོས་ཀྱི་དགེ་འདུན་ནམ་བྱང་ཆུབ་སེམས་དཔའི་དགེ་འདུན་གང་ཡིན་པ་བརྗོད་པར་བྱའོ། །དེ་ལ་ཉན་ཐོས་ཀྱི་དགེ་འདུན་ནི་ལམ་གྱི་འབྲས་བུ་དང་འབྲས་བུའི་ལམ་གྱི་དབྱེ་བས་སྐྱེས་བུ་ཟུང་བཞི་ཡིན་པར་ཤེས་པར་ཟད་དོ། །
བྱང་ཆུབ་སེམས་དཔའི་དགེ་འདུན་བརྗོད་པར་བྱ་བ་ནི་གནས་སྐབས་གསུམ་དུ་འགྱུར་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་སྦྱོར་བའི་ལམ་གྱི་གནས་སྐབས་དང་། བཟོད་པ་དང་ཤེས་པས་བསྡུས་པ་མཐོང་བའི་ལམ་གྱི་གནས་སྐབས་དང་། རྒྱུན་དང་ལྡན་པ་བསྒོམ་
པའི་ལམ་གནས་སྐབས་དེ་གང་གི་ཕྱིར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལགས། །བྱང་ཆུབ་སེམས་དཔའི་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་གསུངས་ཏེ། དགེ་འདུན་ཞེས་བྱ་བའི་ཐ་ཚིག་གོ། །
ཉན་ཐོས་ལ་སོགས་པ་ལས་དེའི་ཁྱད་པར་བརྗོད་པར་བྱ་བ་ཡིན་པས། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་བྱ་བ་གསུངས་སོ། །དེ་ལ་
གཟུགས་ལ་སོགས་པ་ལས་ལྡོག་པ་ནི། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། རྟགས་མེད་པ། མཚན་མ་མེད་པ་ཞེས་བྱ་བ་རིག་པར་བྱ་བ་དང་། རིག་པ་པོའི་འབྲེལ་པ་བཀག་པས་གཟུགས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལས་ཕྱིར་ལྡོག་པ་འདི་
ནི་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་ཉིད་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དེ་ལ་རྣམ་པ་ནི་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའོ། །རྟགས་ནི་རང་ལ་བརྟེན་པའི་མཚན་མས་བསྡུས་པའོ། །

མཚན་མ་ནི་དེ་ཡོངས་སུ་ལོངས་སྤྱོད་པའི་རྐྱེན་དུ་རྟོགས་པ་ཡིན་ནོ། །ཡང་ཐེ་ཚོམ་མེད་པ་ཉིད་ཀྱིས་ལྷ་གཞན་ལ་ཕྱག་མི་འཚལ་ཞིང་མེ་ཏོག་ལ་སོགས་པ་སྦྱིན་པར་མི་བྱེད་པ་དང་། ཡང་མི་ཁོམ་པ་བརྒྱད་དང་བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་པ་དང་སྟེ། དེ་ལ་མི་ཁོམ་
པ་བརྒྱད་ནི་འདི་ཡིན་ཏེ། ལོག་པར་ལྟ་བ་དང་། དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དང་། སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་དང་། དབང་པོ་རྣམས་བླུན་ཞིང་ལྐུགས་པ་ཉིད་དང་། ལྷ་ཚེ་རིང་པོར་
སྐྱེ་བའོ། །ཡང་དག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ཏེ། དེ་ཉིད་ལ་གཞན་ཡང་དག་པར་བསྐུལ་བ་དང་། དེའི་བསྔགས་པ་བརྗོད་པ་དང་། དེ་ལ་མཐུན་པས་དགའ་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་མི་དམིགས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་ཞིང་མདོ་ལ་
སོགས་པ་སྦྱིན་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ཆོས་ཐམས་ཅད་མཐོང་བ་མེད་པས་ཆོས་ཟབ་མོ་ལ་དོགས་པ་དང་། ཡིད་གཉིས་དང་། ཐེ་ཚོམ་མེད་པ་དང་
སྟེ། དེ་ལ་ལམ་གཞན་འདོད་པ་ནི་ཡོངས་སུ་མ་རྫོགས་པའི་ཕྱིར་དོགས་པའོ། །ལམ་དྲང་པོ་དང་མི་མཐུན་པ་ནི་ཡིད་གཉིས་སོ། །རིགས་ཀྱི་ཆོས་ལ་དགེ་བ་རྣམ་པ་སྣ་ཚོགས་ལ་འཕེལ་བར་འགྲོ་བ་མེད་པས་ན་གསོར་མི་རུང་བའི་ཕྱིར་ཐེ་ཚོམ་མོ། །བྱམས་པའི་ལུས་ཀྱི་ལས་
དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་དང་། སྒྲིབ་པ་ལྔ་དང་ལྷན་ཅིག་མི་གནས་པ་དང་སྟེ། དེ་ལ་སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མོ། །བག་ལ་ཉལ་བ་ཐམས་ཅད་
ནས་ཐམས་ཅད་དུ་མེད་པ་ནི་མ་རིག་པ་དང་ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམས་བཞིན་དུ་སྲིད་པ་ལེན་པའི་ཕྱིར་འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ། །འགྲོ་བའམ་འོང་བ་ལ་སོགས་པའི་སྤྱོད་ལམ་ལ་དྲན་པ་ཉེ་བར་

འཇོག་པ་ཉིད་དང་། གཙང་སྦྲའི་ཀུན་དུ་སྤྱོད་པ་དང་ལྡན་ཞིང་ནད་ཉུང་བ་ཉིད་ཀྱིས་ཆོས་གོས་དང་ལོངས་སྤྱོད་སྨད་དུ་བྱེད་པ་ཉིད་ཅེས་བྱ་བས་ནི་དྲོད་དུ་གྱུར་པའི་གནས་སྐབས་ཡིན་ནོ། །དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཉིད་ཡིན་
པས་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་མེད་པ་ཉིད་དང་། དགེ་བའི་རྩ་བ་རྣམ་པར་དག་པས་སེམས་གྱ་གྱུ་དང་བྲལ་བས་ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས་གོང་ནས་གོང་དུ་ལུས་དང་སེམས་ཡོངས་སུ་དག་པ་འཛིན་པའི་རྒྱུ་ཉིད་དུ་གྱུར་པ་དང་། རྙེད་པ་དང་།
བཀུར་སྟི་ལ་སོགས་པ་ལྷུར་ལེན་པ་མ་ཡིན་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་སྤྱོད་པ་དང་སྟེ། དེ་ལ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཕྱག་དར་ཁྲོད་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱིང་པ་པ་ཉིད་དང་།
བསོད་སྙོམས་པ་ཉིད་དང་། སྟན་གཅིག་པ་ཉིད་དང་། ཟས་ཕྱིར་མི་ལེན་པ་ཉིད་དང་། དགོན་པ་པ་ཉིད་དང་། ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། ཅོག་པུ་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པའི་མི་མཐུན་
པའི་ཕྱོགས་སེར་སྣ་ལ་སོགས་པའི་སེམས་མི་བསྐྱེད་པ་དང་། བློ་བརྟན་པ་ཡིན་ཞིང་ཟབ་པས་གཞན་ལ་ཆོས་མཉན་པ་ཉིད་དང་སྦྱོར་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡང་དག་པར་སྒྲུབ་པ་དང་། ཡང་བདུད་སྡིག་ཅན་གྱི་སྤྲུལ་པ་སེམས་ཅན་དམྱལ་བ་ཆེན་པོ་
བརྒྱད་དུ་ལྟུང་ཞིང་སྡུག་བསྔལ་དྲག་<པ་‚པོ་>དང་། བར་ཆད་མེད་པ་མྱོང་བས་དབང་དུ་བྱས་པ་ཕྱིར་མི་ལྡོག་པའི་སར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་པ་བསྟན་པས་ཆེར་ཟིན་ཀྱང་འཁྲུག་པ་མེད་པར་འགྲོ་བ་ཡོངས་སུ་སྐྱོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལས་སེམས་མི་ལྡོག་པ་ཉིད་ཀྱིས་ནི་རྩེ་མོར་གཏོགས་པའི་གནས་སྐབས་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ་འདི་སྐད་དུ་ཞེས་བྱ་བ་ནས་བརྩམས་ཏེ། ལམ་གཞན་སྟོན་དུ་ཟིན་ཀྱང་དགེ་སློང་དགྲ་

བཅོམ་པའི་དཔེས་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་དད་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཞེས་བྱ་བའི་འཐད་པས། གཞན་ཡང་བདུད་འཇིག་རྟེན་པའི་རྣམ་པ་རུས་པར་འདུ་
ཤེས་པ་ལ་སོགས་པ་ལམ་གྱི་གཟུགས་བརྙན་སྟོན་པ་ལ་འདི་ནི་བདུད་ཡིན་ནོ་ཞེས་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བས་ནི་བཟོད་པར་གཏོགས་པའི་གནས་སྐབས་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་ནི་དེ་བཞིན་
གཤེགས་པས་ཡང་དག་པར་གསུངས་པའི་སྤྱོད་པ་དང་རྗེས་སུ་མཐུན་པར་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་ཉམས་པའི་བསམ་པས་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་སོ། །མདོའི་དོན་
ཚིག་ལྷུག་པས་རྒྱ་ཆེར་གསུངས་པའི་ཚིག་ལེའུར་བྱས་པ་ནི་དྲུག་ཡིན་ཏེ། གཟུགས་ལ་སོགས་པ་ལྡོག་པ་དང་། །ཐེ་ཚོམ་མི་ངལ་ཟད་པ་དང་། །བདག་ཉིད་དགེ་བ་ལ་གནས་ཤིང་། །གཞན་དག་དེ་ལ་འགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་དོན་
ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་པ་དང་ནི་ཤེས་བཞིན་དང་། །གོས་ལ་སོགས་པ་གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་
པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །ཆོས་ཉིད་ལྡན་པ་འགྲོ་ཉིད་དང་། །སེམས་ཅན་དོན་དུ་དམྱལ་ཚོལ་དང་། །གཞན་གྱིས་བཀྲི་བར་མི་བཏུབ་དང་། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །
རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བཤད་ཟིན་ཏོ།། །།

ད་ནི་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་བརྗོད་པར་བྱ་སྟེ། དེའང་གང་གི་ཕྱིར། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་པ་
ཡིན་ནོ། །བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ལས་ཕྱིར་ལྡོག་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ། །དེས་ཆོས་དེའང་མི་དམིགས་ཏེ་དེས་ན་མངོན་པར་འདུ་མི་བྱེད་ཅིང་དེས་ན་སྐྱེ་བར་མི་བྱེད་པ་དེས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བ་ལ་བཟོད་
པ་དང་ལྡན་པ་ཡིན་ནོ་ཞེས་འདུ་ཤེས་དང་། མངོན་པར་འདུ་བྱེད་པ་ལས་ལྡོག་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པའི་འཐད་པས་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ཡང་། བདུད་ཉེ་བར་འོངས་ཏེ། མོས་པ་བཟློག་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
འདི་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པ་པོ་དང་རྟོགས་པ་དང་རྟོགས་པར་བྱ་བ་མི་དམིགས་པས་རྗེས་ཀྱི་ཆོས་ལ་འདུན་པ་ཟློག་པར་བྱེད་པ་ཁོང་དུ་ཆུད་པའི་ཕྱིར་སེམས་བརྟན་པ་དང་མི་གཡོ་
བ་དང་མི་འཕྲོགས་པ་ཉིད་ཀྱིས་ཡང་དག་པར་བླངས་པའི་སྦྱོར་བས་ཆེད་དུ་བྱ་བ་ལས་མི་ཉམས་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་སེམས་བརྟན་པ་ནི་རྒྱུན་མི་འཆད་པས་སོ། །མི་གཡོ་བ་ནི་མངོན་སུམ་དུ་བྱེད་པས་སོ། །མི་འཕྲོགས་པས་ནི་གཞན་རྣམས་ཀྱི་ཡུལ་མ་ཡིན་
པ་ཉིད་ཀྱིས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བཟློག་པ་དང་མི་ལྡོག་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་དང་བཟློག་པ་གཉི་ག་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་བརྟན་པས་གང་གསུངས་པ་

ཡིན་ནོ། །དེ་ལ་བདེན་པ་ལ་ཞུགས་པ་ན་ལྡོག་པ་གང་ཡིན་པ་དང་བདེན་པ་ལ་མ་ཞུགས་པ་ན། འཇུག་པ་གང་ཡིན་པ་དེ་དག་ནི་འདིར་ལྡོག་པའམ་མི་ལྡོག་པར་སྦྱར་གྱི་བཟློག་པ་ཙམ་མ་འཇུག་པ་ཙམ་ནི་མ་ཡིན་ནོ། །སྐད་ཅིག་མ་གསུམ་པ་ལ་ནི་རྗེས་སུ་ཤེས་པ་དང་འབྲེལ་པས་
ཉན་ཐོས་ལ་སོགས་པའི་སར་ལྟུང་བར་འགྱུར་བ་དག་སྲིད་དེ་དེ་ནི་ཁམས་གསུམ་པའི་གཉེན་པོ་འཇུག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་ཡང་ཡན་ལག་ཟད་པ་དང་ལྡན་པ་སྤོང་བ་ལ་ཀུན་ཏུ་དགའ་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་
ནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་དེའི་འབྲས་བུ་ཐོབ་པར་མི་བྱེད་པས་ཡན་ལག་ཟད་པར་བྱ་བའི་ཕྱིར་སེམས་ཅན་
རྣམས་དང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པར་བྱེད་པ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །ཡན་ལག་ཟད་པ་དང་ལྡན་པ་ཞེས་བྱ་བ་ནི་བསམ་གཏན་ནམ་སྙོམས་པར་འཇུག་པ་གང་ལ་ཡན་ལག་གང་དག་ཡོད་པ་དེ་སྤོང་བ་ལྷུར་ལེན་པ་ཞེས་བྱ་བའི་ཐ་
ཚིག་སྟེ། དཔེར་ན་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡན་ལག་ཟད་པ་དང་ལྡན་པར་བརྗོད་པ་ནི་རྗེས་སུ་ཤེས་པ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །རྗེས་སུ་མཐུན་པའི་བདག་
ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པས་ཞེས་བྱ་བ་ནི་སྡུག་བསྔལ་རྗེས་སུ་ཤེས་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བྲལ་བ་ཐོབ་པ་ཉིད་འདོར་བར་བྱེད་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་
བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པར་བརྟགས་པས་བསལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བ་ཉིད་བསྐྱེད་པས་གཟུགས་ལྷུར་ལེན་པ་མ་ཡིན་ཞེས་བྱ་བ་ནས། སངས་རྒྱས་ལྟ་བ་དང་དགེ་

བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་ཉིད་ཀྱི་བར་དུ་རྒྱ་ཆེར་བཀག་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞིང་དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བའི་འཐད་པ་དང་། དེ་ལྟར་
ཡིད་ལ་བྱེད་པ་ནའང་སྤྱོད་ལམ་ཐམས་ཅད་དུ་འཁྲུལ་པ་མེད་པའི་སེམས་ཀྱིས་བྱེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་ཁྱིམ་གྱི་ནང་ན་གནས་ཀྱང་ཐབས་མཁས་པས་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྟོན་པ་དང་། ཟས་ལ་སོགས་པའི་ཡོ་བྱད་མང་ཞིང་
སྣ་ཚོགས་སྟེར་བས་བདག་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་། གཞན་ཡང་དག་པར་བསྐུལ་བ་དང་། དེའི་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རྟག་ཏུ་ཚངས་
པར་སྤྱོད་པ་དང་། གཞན་མི་དགའ་བར་འགྱུར་བའི་གནོད་པ་མི་བསྐྱེད་པ་ཞེས་བྱ་བ་སྟེ། རྟག་ཏུ་ཚངས་པར་སྤྱོད་པ་ཉིད་ཀྱིས་འདིའི་འཁྲིག་པའི་འདོད་ཆགས་སྤོང་བ་དང་། གཞན་ལ་གནོད་པ་མི་བསྐྱེད་པས་འདིའི་རྒྱུད་ཞི་གནས་ཀྱིས་བརླན་པར་སྟོན་པ་དང་། འཛམ་བུའི་
གླིང་ནས་བརྩམས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་སྦྱིན་པར་གཏོང་བ་དང་། ལག་ན་རྡོ་རྗེའི་རིགས་པ་རྗེས་སུ་འབྲང་བས་དེ་བདུད་ལ་སོགས་པས་མི་བརྫི་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཀུན་
འབྱུང་ལ་རྗེས་སུ་ཤེས་པ་ནི་སེམས་མི་གཡེང་བ་ཐོབ་པའི་ཕྱིར་དང་དད་པ་ལ་སོགས་པའི་དབང་པོ་མ་ཚང་བ་མེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་རྗེད་པ་ལ་དབང་ཐོབ་པའི་དོན་གྱིས་སྐྱེས་བུ་དམ་པར་གྱུར་པ་ཉིད་དང་། བུད་མེད་དབང་དུ་འགྱུར་བའི་སྔགས་དང་། རིགས་པ་དང་། སྨན་
དང་། རྩི་ལ་སོགས་པ་དང་། བུད་མེད་དང་། སྐྱེས་པ་ལ་སོགས་པ་ཟེ་སློང་བ་ལ་སོགས་པའི་སྦྱོར་བ་མི་བྱེད་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་མཚན་མར་མི་མཐོང་བ་དང་འཚོ་བ་ཡོངས་སུ་དག་པས་གནས་པ་ཉིད་ཀྱིས་སོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་

ཡན་ལག་ཚོགས་པའི་མཚན་ཉིད་ནི་སྨན་ནོ། །ཡན་ལག་གཅིག་པ་ནི་རྩིའོ། །ཡང་ནད་སྐྱེས་པ་རྣམས་གསོ་བར་བྱེད་པའི་དོན་གྱིས་སྨན། མ་འོངས་པ་མ་བསྐྱེད་པའི་གཉེན་པོ་རྩིའོ། །ཡང་འཚམ་པའི་ལུས་ཀྱི་གནས་སྐབས་ཐོབ་པར་བྱེད་པ་ནི་སྨན་ནོ། །མི་འཚམ་
པའི་ཁྱད་པར་ཐོབ་པར་བྱེད་པ་ནི་རྩིའོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ནོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ།
ཞེས་བྱ་བ་ནས་བརྩམས་ཏེ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བར་གནས་པ་བཀག་པས་ཉན་ཐོས་ལ་སོགས་པ་ལས་བཟློག་པར་ཤེས་པར་བྱ་བའི་དོན་ཏེ། སྦྱོར་བ་དང་རྗེས་སུ་སྦྱོར་བ་སྨོས་པས་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་དང་།
འགོག་པ་དང་། ལམ་གྱི་བདེན་པ་དག་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བ་སྔོན་དང་ཕྱི་མར་ཤེས་པར་བྱེད་པའི་དོན་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ལ་གནས་པས་དེས་ཆོས་གང་ལ་ཡང་དམན་པ་དང་མཆོག་ཏུ་གྱུར་པར་ཡང་དག་པར་རྗེས་
སུ་མི་མཐོང་ངོ་ཞེས་ཕྱིན་ཅི་ལོག་ཏུ་ཤེས་པར་བྱེད་པའི་འཐད་པས་གང་གསུངས་པ་ཡིན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་རྟོགས་པའི་རྒྱུ་དང་དགེ་བའི་ཕྱོགས་དག་གི་བར་ཆད་ཀྱི་གཏམ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བས་གནས་པ་བཀག་པས་འགོག་པའི་ཤེས་པ་ལ་དེ་རྣམས་ཤིན་
ཏུ་སོ་སོར་ནུབ་པ་ཉིད་དུ་སྟོན་པའི་དོན་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་ཁྱེར་བའམ་དབྲོག་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །གཏམ་སྨོས་པའི་དངོས་
པོའི་རྣམ་པར་རྟོག་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་ཤེས་པའི་དུས་ཉིད་ན་བཅོམ་པའི་ཕྱིར། འགོག་པའི་ཤེས་པ་ནི་གཏམ་ཙམ་གྱིས་རྣམ་པར་རྟོག་པའི་གཉེན་པོར་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །འདི་ལྟ་བུའི་གནས་སྐབས་ཀྱི་དབང་དུ་བྱས་ནས་འདི་དག་ཐམས་ཅད་

མིང་ཙམ་སྟེ། འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་མ་གཏོགས་པ། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་བྱ་བ་བཤད་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་ནི་སྦྱིན་པ་ལ་སོགས་
པའི་གཏམ་རབ་ཏུ་མང་པོ་སྣ་ཚོགས་པ་ཆོས་ཀྱི་དམག་གི་གཏམ་ལ་སྔ་མ་བཞིན་ཏེ། འགོག་པའི་ཤེས་པའི་གནས་སྐབས་སུ་ཡང་དག་པར་འགྲུབ་པ་མང་པོ་ལ་ཉེ་བར་མཁོ་བའི་དོན་སྟོན་པར་བྱེད་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་གྱིས་སྟོང་པ་ཉིད་ལ་
གནས་པས་ཆོས་གང་ཡང་ཉུང་ངུ་འམ་མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་གཉེན་པོ་དང་མི་མཐོང་བའི་ཕྱོགས་དག་ནི་གནོད་པར་བྱ་བ་དང་། གནོད་པར་བྱེད་པ་གཡུལ་གྱི་གཏམ་ལ་སྔ་མ་
བཞིན་དང་། དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ལ་ཡང་རྗེས་སུ་ཆགས་པའམ་ཁོང་ཁྲོ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་གནས་སྐབས་ནི་རང་གི་དང་ཁོ་ནས་རྣམ་པར་སྨིན་པ་འགོག་པ་
རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ། དབང་པོའི་གྲོང་འགོག་པ་ནི་དེ་ཕན་ཆད་ནི་རྣམ་པར་སྨིན་པ་ཙམ་གྱི་ལྷག་མར་གྱུར་པ་དབང་པོའི་གྲོང་གི་གཏམ་ལ་སྔ་མ་བཞིན་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཚོགས་སམ་
ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དབང་པོའི་རྟེན་འབྱུང་བ་ཆེན་པོ་ལ་སོགས་པའི་གྲོང་ཁྱེར་འགོག་པ་ནི་དེ་ནས་དབང་པོའི་རྟེན་དུ་གྱུར་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་སྔ་མ་བཞིན་པ་
དང་། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་བསྡུ་བའམ་མི་བསྡུ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དབང་པོའི་ཡུལ་གྲོང་རྡལ་འགོག་པ་ནི་དེ་ནས་གཟུགས་ལ་སོགས་པའི་ཡུལ་གྱི་གྲོང་རྡལ་གྱི་

གཏམ་གྱི་སྦྱོར་བ་ལ་སྔ་མ་བཞིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་མཐའ་ལ་གནས་པས་ཆོས་གང་ལ་ཡང་འཕེལ་བའམ་འབྲི་བར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་འགོག་པ་ནི་དེ་ནས་རྣམ་པ་
ཐམས་ཅད་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་བསྒོམས་པས་དེའི་བདག་ཉིད་ཅན་དུ་གནས་ཡོངས་སུ་གྱུར་པ་ཡིན་པའི་ཕྱིར