Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 80
Văn bản gốc(Tây Tạng)
Trang 10 / 13 (50.000 ký tự/trang)
་བདག་གི་གཏམ་ལ་སོགས་པ་ལ་སྔ་མ་བཞིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བར་གནས་པའི་འཐད་པས་གང་གསུངས་པ་ཡིན་ནོ། །རྣམ་པར་སྨིན་པ་རྣམ་པ་བཞི་པོ་འདིའང་ཁམས་གསུམ་ལ་སོ་སོར་ཤེས་པར་བྱའོ། །ཇི་ལྟར་ཞེ་ན། རེ་ཞིག་དབང་པོ་འགོག་པ་ནི་བསམ་གཏན་དང་། གཟུགས་ མེད་པ་གང་ལ་དབང་པོ་གང་ཞིག་ཡོད་པ་སྟེ། ཇི་སྐད་དུ། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །གཟུགས་མེད་རྣམས་ལ་བཏང་སྙོམས་དང་། །སྲོག་ དང་ཡིད་ཀྱི་དབང་པོ་ཡིན། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་ན་དེའི་དབང་པོའི་རྟེན་འགོག་པ་ཡིན་ཞེ་ན། དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་རྟེན་པ་ཡིན། །ཞེས་བཤད་པ་ཡིན་པའི་ཕྱིར་རོ། །དབང་པོའི་ཡུལ་གྲོང་རྡལ་འགོག་པ་ཡང་། དེ་ལ་ཡིད་ཀྱི་ ཡུལ་ནི་ཆོས་རྣམས་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་ནི་ཐམས་ཅད་ན་ཡོད་པ་ཉིད་ཡིན་པས་དེ་འགོག་པ་ཡང་འཐད་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་སེར་སྣ་ལ་སོགས་པའི་སྦྱོར་བ་དང་རྗེས་སུ་སྦྱོར་བས་གནས་པ་བཀག་པའི་དོན་དང་། བཟོད་པ་ནི་བར་ཆད་མེད་པའི་ལམ་ཡིན་པ་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བའི་རྒྱུ་ཉིད་ཡིན་པར་ཤེས་པར་བྱེད་པའི་དོན་དང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཤིང་ཆོས་འདོད་པ་ཉིད་ཀྱིས་དགེ་བའི་ཆོས་ལ་འདུན་པའི་རྗེས་སུ་འཇུག་པར་ཤེས་པར་བྱེད་པའི་དོན་དང་། ཆོས་ཀྱི་དབྱིངས་ལ་ སྤྱོད་ཅིང་ཆོས་ཐམས་ཅད་མི་དད་པར་བརྗོད་པ་ཉིད་ཀྱིས་སྒྲུབ་པ་དང་འབྲས་བུའི་ཆོས་དག་ལ་འདུས་བྱས་པ་དང་འདུས་མ་བྱས་པ་མེད་པ་ཉིད་ཀྱི་ཕྱིར་གོ་རིམས་བཞིན་དུ་དོར་བ་དང་བླང་བར་ཤེས་པར་བྱ་བའི་དོན་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐད་དུ་བཤེས་ གཉེན་དུ་འདོད་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པའི་རྒྱུ་ཤེས་པར་བྱེད་པའི་དོན་དང་ཉན་ཐོས་ལ་སོགས་པའི་ཐེག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་དང་། འཛུད་པ་དང་། རབ་ཏུ་འཇོག་པ་དང་། རྟོགས་པའི་ ཁྱད་པར་ཐོབ་པར་བྱེད་པའི་ཚོགས་འདོད་ན་སངས་རྒྱས་མངོན་དུ་གྱུར་པ་སྐྱེ་ཞིང་སྐྱེ་བ་ལ་དབང་བ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་དཔེས་ཆོས་ཕྲ་རབ་ཙམ་ཡང་རྗེས་སུ་མ་དམིགས་པས་ནང་སྟོང་པ་ཉིད་ནས་ རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་བར་ལ་གནས་པ་ནི་རང་གི་ས་ལ་དོགས་པ་མེད་པ་ཉིད་དང་། རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་ཤེས་པ་བྲལ་བ་ཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། བདུད་ཀྱི་ལས་ཤེས་པ་དང་། རྣམ་པར་འཇོམས་པ་དང་། སྲབ་མོར་བྱེད་པས་བྲལ་བ་ཐོབ་པའི་བྱེད་པའི་དོན་དང་། མཚམས་མེད་པའི་ལས་བྱེད་པའི་སྐྱེས་བུའི་དཔེས་ཡང་དག་པ་ལ་གནས་ཤིང་རྣམ་པར་མི་རྟོག་པ་ཕྱིར་ མི་ལྡོག་པའི་སེམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱིར་ལྡོག་པར་མི་ནུས་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བཅས་པའི་འཇིག་རྟེན་ལས་འདས་ཏེ་སྐྱོན་མེད་པར་ཞུགས་པ་ཉིད་ཀྱིས་ལམ་ལ་ཆོས་ཤེས་པ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པར་ཤེས་པར་བྱེད་པའི་དོན་དང་། མངོན་པར་ཤེས་པ་རྣམས་ཐོབ་ནས་སངས་རྒྱས་རྣམས་ལ་ལྟ་བ་ལ་སོགས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ཁྱད་པར་ཅན་གྱི་ཡོན་ཏན་རྣམས་མངོན་པར་སྒྲུབ་པ་རྒྱུན་མི་འཆད་པ་ཉིད་དུ་ཤེས་པར་བྱེད་པའི་དོན་དང་། བདུད་ཀྱི་ལས་རྣམས་ཐབས་ལ་མཁས་ པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་པས་རང་གི་ས་ལ་ནེམ་ནུར་མེད་པ་ཉིད་དང་། སྦྱོར་བ་འདྲེན་མ་མ་ཡིན་ཞིང་རྣམ་པར་དག་པ་ཤེས་པའི་ཕྱིར་མི་ལྡོག་པར་ཤེས་པར་བྱེད་པའི་དོན་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པར་ཡང་དག་པའི་ མཐའ་ལ་གཅིག་གམ་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བས་སྐྱེ་བ་རྗེས་སུ་ཟིན་ཀྱང་ཉན་ཐོས་ལ་སོགས་པའི་སེམས་མི་སྐྱེ་བའི་སྦྱོར་བ་ཐེག་པ་གཞན་དུ་ངེས་པར་འབྱུང་བ་མེད་པས་གཅིག་ཏུ་ངེས་པ་ཉིད་ཤེས་པར་བྱེད་པའི་དོན་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ ཉིད་ཀྱིས་སྟོང་པའི་ཕྱིར་སྐྱེ་བའམ་འགག་པ་ལ་སོགས་པ་རྗེས་སུ་མི་མཐོང་བས་ཉན་ཐོས་ལ་སོགས་པའི་ས་ལས་བཟློག་པར་ཤེས་པའི་འཐད་པས་གང་གསུངས་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་པའི་ངེས་པའི་རྙེད་པས་མངོན་པར་བྱང་མི་ཆུབ་པ་དང་མ་བྲལ་བར་ཤེས་པར་བྱེད་པའི་དོན་དང་། དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་གནས་པ་ནི་ས་དེ་ ལ་གཞན་གྱི་དྲིང་མི་འཇོག་པར་གནས་ཡིན་ནོ། །རང་གི་ས་ལ་བརྫི་བ་མེད་པ་ཡིན་ནོ་ཞེས་བྱ་བ་དང་སྟེ། རང་གི་ས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ཐམས་ཅད་མཁྱེན་པ་གསུམ་ནི་རང་གི་ས་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་ དང་ལྡན་པ་ཉིད་ཀྱིས་སོ། །ཡང་བྲལ་བ་དང་བྲལ་བ་ཐོབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུན་མོང་མ་ཡིན་པ་ཉིད་ས་གསུམ་དུ་བསྟན་ཏོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །ཁྱོད་ཀྱིས་འདི་ཉིད་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །གང་གིས་ཁྱོད་ལུང་བསྟན་པར་འགྱུར་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཁྱོད་ཀྱིས་མ་ཐོབ་བོ་ཞེས་བྱ་བ་ལ་སོགས་པ་བདུད་ཀྱི་འདུན་པ་བཟློག་པའི་ཚིག་ཐོས་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོང་བ་ལ་ སོགས་པ་ནི་ལུང་བསྟན་པར་ངེས་པ་ཞེས་བྱ་བ་དང་སྟེ། འདི་ལ་གནས་པ་ནི་རྟོག་པའི་ཆོས་ཀྱི་སྐད་ཅིག་མ་གཅིག་ལུས་པ་ཡིན་པའི་ཕྱིར་ལྟུང་བའམ་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལུང་བསྟན་པར་འགྱུར་བའི་རྒྱུ་མཚན་གྱི་ཆོས་དེ་ལ་ཡོད་ པ་ཉིད་དུ་གང་གསུངས་པ་ཡིན་ཏེ། སྐྱོན་མེད་པར་ཞུགས་པ་ནི་ལུང་བསྟན་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པ་ནི་ཡང་བདུད་ཀྱིས་ཁྱོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ། གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་ པ་ཡིན་ནོ་ཞེས་ཟེར་ཞིང་རྣམ་པར་འབྱེད་པ་ནི། ཀྱེ་མ་འདི་ནི་བདུད་ཡིན་ནོ་སྙམ་དུ་རྟོགས་པས་མངོན་པར་བྱང་ཆུབ་པ་དང་ལྡན་པའི་རྙེད་པ་ཐོབ་པ་ཤེས་པར་བྱེད་པའི་དོན་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་བདག་ དང་སྲོག་ཀྱང་ཡོངས་སུ་གཏོང་བ་ཞེས་བྱ་བ་དང་སྟེ། གཉི་ག་སྨོས་པ་ནི་ཕྱོགས་གཅིག་དང་མ་ལུས་པའི་བདག་ཡོངས་སུ་གཏོང་བ་ཤེས་པར་བྱ་བའི་དོན་དུའོ། །སངས་རྒྱས་ཐམས་ཅད་དང་བདག་གིས་འདི་ཉིད་ཡིན་ནོ་ཞེས་དོན་གྱིས་དབང་འདི་མཐོང་ནས་བྲལ་བ་ཐོབ་པ་ནི་དམ་པའི་ ཆོས་ཡོངས་སུ་གཏོང་བའི་སྐལ་བ་མཉམ་པར་ཤེས་པར་བྱེད་པའི་དོན་དང་། ཡང་གཞུང་འཛིན་པའི་གཟུངས་ཐོབ་པས་སངས་རྒྱས་ཀྱིས་གསུངས་པ་འཛིན་པ་དང་། ཆུད་མི་གཟོན་པས་དེའི་ཁྱད་པར་གྱིས་ཡོན་ཏན་མངོན་པར་སྒྲུབ་པ་ཤེས་པར་བྱེད་པའི་དོན་དང་། ཡང་གཟུངས་ ཐོབ་པའི་རྒྱུ་ཉིད་ཀྱིས་ཉན་ཐོས་དང་ལྷ་ལ་སོགས་པའི་སྐད་དང་བརྡ་ལ་སོགས་པ་ལ་ངེས་པ་རྙེད་པ་ཉིད་ཀྱིས་དེའི་སེམས་ཅན་ཐམས་ཅད་སྨིན་པའི་ཐབས་ཀྱིས་བྱེད་པ་ཉིད་དང་། ཡོན་ཏན་ཆེན་པོ་དང་ལྡན་པའོ། །ཡོན་ཏན་གཞལ་དུ་མ་མཆིས་པ་དང་ལྡན་པའོ། །ཡོན་ཏན་དཔག་ཏུ་མ་ མཆིས་པ་དང་ལྡན་པའོ་ཞེས་བྱ་བའི་ཚིག་གསུམ་པོ་གོ་རིམས་བཞིན་དུ་བཟོད་པ་དང་ཤེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ཏེ་ཤེས་པར་བྱ་བ་རྣམས་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ པའི་ཡེ་ཤེས་མཐའ་ཡས་མུ་མེད་པས་རབ་ཏུ་ཐོབ་པའི་ཕྱིར་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་མཐའ་ཡས་པ་ནི་རྣམ་པ་མཐའ་ཡས་པ་ཉིད་ཀྱིས་སོ། །མུ་མེད་པ་ནི་ཐམས་ཅད་དུ་ཡུལ་མ་ཡིན་པ་ཉིད་ཀྱིས་སོ། །མདོའི་དོན་རྒྱས་པ་འདིའི་ཚིག་ལེའུར་བྱས་པ་ནི་ལྔ་ཡིན་ཏེ། གཟུགས་ སོགས་འདུ་ཤེས་ལྡོག་པ་དང་། །སེམས་བརྟེན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་པ་ཐབས་མཁས་དང་། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །ཚོར་བ་རྣམ་ པར་དག་ཉིད་དང་། །ཕུང་སོགས་བར་ཆད་བྱེད་རྣམས་དང་། །ཚོགས་དང་དབང་སོགས་བཅས་པ་ཡིན། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང་། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་ པ་ནི། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ རྟགས་ཀྱི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་སྒོམ་པའི་ལམ་ལ་གནས་པའི་རྟགས་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་གནས་ཟབ་མོ་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ་ ཞེས་བྱ་བ་གསུངས་ཏེ། བཟླས་ཏེ་བརྗོད་པ་ནི་སྒོམ་པ་ཡང་ནས་ཡང་དུ་གོམས་པར་བྱེད་པའི་དོན་ཡིན་ནོ། །གནས་ཞེས་བྱ་བ་གནས་པར་བརྗོད་པས་ནི་དེ་རྒྱུན་དང་ལྡན་པར་བསྟན་པའི་དོན་ཏོ། །གང་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་ཆེན་པོས་དྲན་པ་ཉེ་བར་གཞག་པ་བཞི་ ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པ་ཞེས་བྱ་བ་ནི་དེ་རྟོགས་པ་མ་ལུས་པ་ཡོངས་སུ་རྫོགས་པའི་རྒྱུ་ཉིད་དུ་ཤེས་པར་བྱེད་པའི་དོན་ཏོ། །ཡང་འདིའི་ཟབ་པ་གང་ཡིན་ཞེ་ན། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་གསུངས་ ཏེ། དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཞི་བ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་ནི་ ཟབ་མོའི་གནས་ཉིད་ཡིན་པར་གང་གསུངས་པ་ཡིན་ནོ། །ཅིའི་ཕྱིར་སྟོང་པ་ཉིད་ལ་སོགས་པ་ཟབ་མོ་ཡིན་ཞེ་ན། ཟབ་མོ་དེ་ནི་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་གསུངས་སོ། །དེ་ལ་སྒྲོ་བཏགས་པའི་མཐའ་ལས་གྲོལ་བ་ནི་འདི་ཡིན་ཏེ། གཟུགས་ ལས་ཀྱང་བཟློག་ཅེས་བྱ་བ་དང་། དེ་བཞིན་ཉིད་ལ་ནི་གཟུགས་མེད་པ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སྐུར་པའི་མཐའ་ལས་གྲོལ་བ་ནི་འདི་ཡིན་ཏེ། མྱ་ངན་ལས་འདས་པ་ཡང་བསྟན་ཞེས་བྱ་བ་དང་། གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དོ་ཞེས་བྱ་བས་གང་ གསུངས་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་ལས་བཟློག་པ་དང་། མྱ་ངན་ལས་འདས་པ་ཡང་དག་པར་སྟོན་པས་གཟུགས་ལ་སོགས་པ་རྣམས་ཀྱི་གནས་ཟབ་མོ་ཉིད་བསྟན་པ་ཡིན་ནོ། །ཡང་སྒོམ་པའི་ལམ་གང་ཞིག་ཡིན་ཞེ་ན། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་ དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས་གསུངས་པ་ཡིན་ཏེ། གང་གི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་འདི་དག་ལ་ཉེ་བར་མཁོ་བ་བཟློག་པའི་དོན་དུ་བསྟན་པས་གང་གསུངས་ པ་ཡིན་ནོ། །སེམས་པར་བྱེད་ཅིང་བྱ་བ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་<གྱིས་‚ཀྱིས་>སོ། །འཇལ་བར་བྱེད་ཅེས་བྱ་བ་ནི་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་སོ། །ངེས་པར་རྟོག་པར་བྱེད་ཅེས་བྱ་བ་ནི་སྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་སོ། །ཡང་སྒོམ་པའི་ལམ་ཡུལ་ གང་ལ་ཡིན་ཞེ་ན། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཞེས་བྱ་བ་གསུངས་ཏེ། བདག་གིས་འདི་ལྟར་གནས་པར་བྱའོ་ཞེས་གང་གསུངས་པ་ནི་ངེས་པར་འབྱེད་པའི་ཡན་ལག་གི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ ཇི་སྐད་དུ་བསྟན་པ་བཞིན་དུའོ། །བདག་གིས་འདི་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བརྗོད་པ་བཞིན་དུའོ། །བདག་གིས་འདི་ལྟར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྒོམ་པའི་ལམ་གྱི་དབང་དུ་མཛད་ནས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ་བརྗོད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ངེས་པར་འབྱེད་པའི་ཡན་ལག་བཞི་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་གྱི་དབང་དུ་མཛད་ནས་དེ་བཞིན་དུ་སྒྲུབ་པ་དང་། དེ་བཞིན་དུ་ངེས་པར་རྟོགས་པ་དང་། དེ་བཞིན་དུ་ཉེ་བར་རྟོགས་པ་དང་། དེ་ བཞིན་དུ་རྩོལ་བ་དང་། དེ་བཞིན་དུ་སྦྱོར་བ་དང་། དེ་བཞིན་དུ་འབད་པ་ཞེས་བྱ་བའི་ཚིག་དྲུག་གསུངས་པ་ཡིན་ནོ། །སྒོམ་པའི་ལམ་ལ་གནས་པ་དེ་ཉིད་ཇི་ལྟར་ཡུལ་ཡིན་ཞེ་ན། རྒྱུན་ཆགས་པ་ཡིན་པའི་ཕྱིར་ཕྱི་མ་ཕྱི་མའི་ཡུལ་སྔ་མའི་ཡིན་པས་ཉེས་པ་མེད་དོ། །སྒོམ་ པའི་ལམ་གྱི་ཕན་ཡོན་རྣམ་པ་གསུམ་ནི་ཚད་མེད་པའི་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས་ནི་གཞན་གྱི་བུད་མེད་དང་བཏུས་པའི་བརྡར་བྱས་པའི་སྐྱེས་བུའི་རྟོག་པ་མང་པོའི་དཔེས་བསོད་ནམས་ཚད་མེད་པ་སྐྱེ་བས་བསྐལ་པ་དཔག་ཏུ་མེད་པར་འཁོར་བ་སྤོང་བ་དང་། རྒྱབ་ཀྱིས་བལྟས་ པ་དང་། མཐར་བྱེད་པར་འགྱུར་བ་ཞེས་བྱ་བས་ཟད་པ་དང་རྣམ་པར་གནོན་པ་དང་སྔར་མ་སྐྱེས་པ་མི་བསྐྱེད་པར་བརྗོད་པ་རྣམས་ཀྱིས་སྒོམ་པའི་ལམ་གྱི་བྱེད་པ་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་རྣམ་པ་དུ་ཞིག་ཡིན་ཞེ་ན། དེ་ནི་རྒྱུན་ཆགས་ ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་འདོད་དོ། །ཞེས་གསུངས་སོ། །མི་མཐུན་པ་དང་གཉེན་པོའི་ཕྱོགས་ལ་ཞེས་བྱ་བར་སྦྱར་རོ། །ཆུང་དང་འབྲིང་དང་ཆེན་པོ་གསུམ་ནི་རྩ་བའི་རྣམ་པ་ཡིན་ལ། ཡང་དེ་རྣམས་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བར་བྱས་ན་རྣམ་པ་དགུར་འགྱུར་ཏེ། འདི་ལྟ་སྟེ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་ འབྲིང་དང་། ཆེན་པོའི་ཆེན་པོའོ། །གཉེན་པོའི་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ཡང་ཤེས་པར་བྱའོ། །དེ་ལ་ལམ་ཆུང་ངུའི་ཆུང་ངུས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤོང་བ་ནས། ཆེན་པོའི་ཆེན་པོས་ཆུང་ངུའི་ཆུང་ངུ་སྤོང་བའི་བར་དུ་ ཡིན་ཏེ། ཐོག་མ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའམ། ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོ་ཡོད་མི་སྲིད་པའི་ཕྱིར་ཏེ། གོས་ཀྱི་དྲི་མ་ཆེན་པོ་དང་པོར་བསལ་ནས་ཕྱིས་ནི་ཕྲ་མོ་དག་པར་བྱེད་པ་དང་། མུན་པ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ་ཆུང་ངུ་ནི་ཆེན་པོས་སེལ་བ་ ཞེས་བྱ་བའི་དཔེས་འདི་འདིར་འབྱོར་པ་ཡིན་ནོ། །དཀར་པོའི་ཆོས་ནི་སྟོབས་དང་ལྡན་པ་ཡིན་ལ་ནག་པོ་ནི་ཉམ་ཆུང་བ་ཡིན་པས་འཕགས་པའི་ལམ་གྱི་སྐད་ཅིག་མ་ཆུང་ངུས་ཀྱང་འཁོར་བ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བརྟན་པའི་ཉོན་མོངས་པ་ཆེན་པོ་རྩ་བ་ནས་འབྱིན་པ་ཡིན་ པའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་དུས་མང་པོར་བསགས་པའི་ནད་རྣམས་དུར་བྱིད་ཀྱིས་ཁྲུས་བྱས་པ་དང་འདྲ་བར་སེལ་བ་དང་སྐད་ཅིག་མའི་སྒྲོན་མ་ཆུང་ངུས་མུན་པ་ཆེན་པོ་འཇོམས་པ་དང་འདྲའོ་ཞེས་བཤད་དོ། །དེ་ལ་རྣམ་པར་རྟོག་པའི་རྣམ་པ་ཆེན་པོའི་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དཀོན་མཆོག་གསུམ་ལ་ཟང་ཟིང་གི་སྦྱིན་པ་བྱིན་པ་བས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་གྱི་རྣམ་པ་ཆུང་ངུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་སོགས་པ་ལ་བརྩོན་པར་ བྱེད་པ་དེ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་འདི་ཡིན་པས་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། ། རྣམ་པར་རྟོག་པ་ཆེན་པོའི་འབྲིང་ནི་དེ་ཉིད་ཀྱིས་བསྐལ་པ་དེ་ཉིད་དུ་རྒྱུན་ཏུ་ཞུགས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་རྣམས་ལ་ཟང་ཟིང་གི་ཡོན་ཕུལ་བ་བས་ཞེས་གང་གསུངས་པ་ཡིན་ཏེ། དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ཏེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །འདི་སྤོང་བས་ལམ་ཆུང་ངུའི་འབྲིང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ན་དེ་ཆེས་བསོད་ནམས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པའི་ས་ ལས་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་ཆེན་པོའི་ཆུང་ངུ་ནི་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་གནས་ཤིང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་ པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྒོམ་པ་བས་ཞེས་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་ཆུང་ངུའི་ཆེན་པོ་ནི་ཅིག་ཤོས་ཉིན་གཅིག་ཅིག་སྦྱིན་པ་ལ་སོགས་པ་དང་ལྡན་པ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལ་གནས་ན་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྐྱེད་པའོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །ཅིག་ཤོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་དང་ལྡན་ པ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །རྣམ་པར་རྟོག་པ་འབྲིང་གི་ཆེན་པོ་ནི། ཡང་དེ་ཉིད་བསྐལ་པ་དེ་ཉིད་དུ་སེམས་ཅན་རྣམས་ལས་ཆོས་སྦྱིན་པ་བས་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་འབྲིང་གི་ཆུང་ངུ་ནི་ཅིག་ཤོས་ཀྱི་ཉིན་གཅིག་གིས་ ཆོས་ཀྱི་སྦྱིན་པ་དེ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དང་བྲལ་བ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་དང་བྲལ་བ་ཉིད་ཀྱི་འཐད་པས་གང་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་འབྲིང་ ནི་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་བསམ་གཏན་བཞི་དང་དྲན་པ་ཉེ་བར་གཞག་པ་རྣམས་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བརྩོན་པར་བྱས་པ་བས་ཞེས་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་འབྲིང་གི་འབྲིང་ནི་ཅིག་ཤོས་དེ་རྣམས་ལ་ཉིན་ཞག་ གཅིག་མངོན་པར་བརྩོན་པར་བྱས་ན་དེ་བསོད་ནམས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དང་བྲལ་བ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པ་དང་། ལྡོག་པའི་གནས་མེད་པ་དང་ཡོད་ པ་ཉིད་ཀྱིས་མཐའ་གཅིག་ཏུ་ངེས་པར་འབྱུང་བའི་འཐད་པས་གང་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་འབྲིང་གི་ཆུང་ངུ་ནི་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་ཟང་ཟིང་གི་སྦྱིན་པ་དང་ནང་དུ་ཡང་དག་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་ལྡན་པ་དེ་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བས་ཞེས་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་འབྲིང་གི་ཆེན་པོ་ནི་ཅིག་ཤོས་ཉི་མ་གཅིག་ཟང་ཟིང་སྦྱིན་པ་དེ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་ བསྔོ་བ་ནི་དམ་པ་ཉིད་དུ་བརྗོད་པས་གང་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་ཆེན་པོ་ནི་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་ གང་ཅི་ཡོད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བས་ཞེས་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་ཆེན་པོའི་ཆུང་ངུ་ནི་ཅིག་ཤོས་ཀྱིས་ཉི་མ་གཅིག་ཅིག་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དེ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ཡི་རང་བའི་བསྔོ་བ་ནི་དམ་པ་ཉིད་ཡིན་པའི་འཐད་པས་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་འབྲིང་ ནི་མངོན་པར་འདུས་བྱས་པ་ནི་བརྟགས་པ་ཉིད་ཀྱིས་བསོད་ནམས་མང་དུ་བསྐྱེད་པ་ཉིད་དང་མངོན་པར་འདུས་བྱས་པས་ཡང་དག་པའི་ལྟ་བ་ལ་བསྐྱེད་པའི་སྐྱོན་མེད་པར་འདུག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པས་ མི་འདོད་པར་ཐལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །འདི་སྤོང་བས་ལམ་ཆེན་པོ་འབྲིང་ནི། རབ་འབྱོར་མངོན་པར་བྱས་པ་དེའང་སྟོང་པ་ཉིད་དུ་སྣང་ངོ་། །གསོག་ཉིད་དང་། གསོབ་ཉིད་དང་། སྙིང་པོ་མེད་པ་ཉིད་དུ་སྣང་ངོ་ཞེས་བྱ་བས་སྔ་མ་ནི་སྒོམ་པའི་ལམ་རྣམ་པ་བརྒྱད་ པའི་སྐབས་ཀྱི་མ་ཡིན་ནོ་ཞེས་བསམས་པའི་དོན་གྱིས་ལན་བརྗོད་པས་གང་གསུངས་པ་ཡིན་ནོ། །དེ་ལ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ནི། མངོན་པར་འདུས་བྱས་པ་སྟོང་པ་ཉིད་དུ་སྣང་བར་བཤད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་མངོན་པར་འདུས་བྱས་པ་གསོག་ཉིད་དུ་སྣང་བར་བཤད་དོ། །འདུས་བྱས་དང་འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱིས་ནི་དེ་གསོབ་ཉིད་དུ་ སྣང་བར་བཤད་དོ། །རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ནི་དེ་སྙིང་པོ་མེད་པ་ཉིད་དུ་སྣང་བར་བཤད་པ་ཡིན་ནོ། །དེ་ཉིད་ ཀྱི་ཕྱིར་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཤིན་ཏུ་བསླབས་པའོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །ཡང་མངོན་པར་འདུས་བྱས་པ་ནི་གོ་རིམས་བཞིན་དུ་གོ་ཆ་དང་འཇུག་ པ་དང་ཚོགས་དང་ངེས་པར་འབྱུང་བའི་བསྒྲུབ་པའི་དབང་དུ་མཛད་ནས་སྟོང་པ་ཉིད་དུ་སྣང་བ་ལ་སོགས་པ་རྣམ་པ་བཞིར་བརྗོད་པ་ཡིན་ནོ། །འདི་ལྟར་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ དག་གོ་ཆ་ཆེན་པོ་བགོས་པ་ལགས་པར་རིག་པར་བགྱི་སྟེ། གང་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྒྱུ་མའི་ཆོས་ཉིད་ལགས་པའི་སླད་དུའོ་ཞེས་བཤད་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་ནི་གྲངས་ཡོད་པ་དང་། གཞལ་དུ་ཡོད་པ་དང་། ཚད་ཡོད་པ་ རྟོགས་པས་བསྡུས་པས་སྒོམ་པའི་ལམ་གྱི་དབང་དུ་བྱས་ནས་ས་དགུ་པ་ལ་དེའི་གཉེན་པོ་ལམ་གྱི་རྣམ་པ་ཆེན་པོའི་ཆེན་པོར་ཇི་ལྟར་འགྱུར་བ་གང་གསུངས་པ་ནི་ཇི་སྐད་དུ། སྟོང་པ་ཉིད་ལ་གནས་པ་ཞེས་བྱ་བ། སྒོམ་པའི་ལམ་རྣམ་པ་དགུས་བསྡུས་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལ། བསོད་ནམས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཚད་མེད་པས་བསྡུས་པས། དཔེ་རྣམ་པ་གསུམ་མཐར་ཕྱིན་པར་བྱེད་པའི་དོན་གྱིས་ཡིན་ནོ། །གྲངས་མེད་པ་ལ་སོགས་པ་ལ་ཁྱད་པར་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་ བ་ནི་ཅི་ཞིག་མཆིས་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཉེ་བར་མཚོན་པའི་དོན་དུ་ཡོངས་སུ་དྲིས་པ་ཡིན་ནོ། །གྲངས་ཡོད་པ་དང་། གྲངས་མེད་པའི་ཁམས་འཁོར་བ་དང་། མྱ་ངན་ལས་འདས་པའི་མཚན་ཉིད་དག་ལ་གྲངས་ཡོད་པ་མ་ཡིན་པ་ཉིད་དང་གྲངས་མེད་པ་ཉིད་ཀྱིས་ དེ་མཉམ་པ་ཉིད་དུ་རྟོགས་པར་ཤེས་པར་བྱེད་པའི་དོན་གྱིས་ན་རྣམ་གྲངས་མེད་པ་ཡིན་ནོ། །དུས་རྣམས་ལ་ནི་ཚད་མི་དམིགས་པའི་ཕྱིར་ཚད་མེད་པ་ཉིད་ཀྱིས་དེ་རྟོགས་ན་འདུས་མ་བྱས་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་ཚད་མེད་པ་ཡིན་ནོ། །གཞལ་བར་མི་ནུས་པའི་ཕྱིར་ ཚད་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ལ་དབང་ཐོབ་པར་ཤེས་པར་བྱེད་པའི་དོན་གྱིས་ཚད་མེད་པ་ཡིན་ནོ། །གྲངས་མེད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་འདིའི་དབང་དུ་བྱས་ནས། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཀྱིས་ན་གྲངས་མེད་ པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་ཉིད་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །སྟོང་པ་ཉིད་ཀྱི་མཚན་ཉིད་དོན་དམ་པ་ནི་མངོན་པར་བརྗོད་པ་ཐ་དད་པས་ཀྱང་ཐ་མི་དད་ པ་ཡིན་ནོ་ཞེས་བྱ་བ་ནི་འདིའི་བསམ་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཇི་སྐད་དུ། ཡི་གེ་དང་དོན་དག་ལ་ཐ་དད་དུ་བྱ་བ་མི་དམིགས་པའི་ཕྱིར་ན་མངོན་པར་བརྗོད་པར་བྱ་བ་མ་ཡིན་ཞིང་བགྲང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནས། མྱ་ངན་ ལས་འདས་པ་ཞེས་བྱ་བའི་བར་འདི་ནི་དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པ་བསྟན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་འདི་དག་དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པ་བསྟན་པ་ཡིན་ན་ནི། འདི་དག་ཐམས་ཅད་ཀྱི་ཡུལ་ཅན་དུ་འགྱུར་དགོས་སོ་ ཞེ་ན། གསོལ་བ་ནི། ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདི་དག་དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པ་བསྟན་པ་ཡིན་པའི་དོན་འཚལ་བ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ སངས་རྒྱས་པའི་དབང་དུ་བྱས་ནས། ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པ་ལགས་སོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ་ཞེས་གསུངས་སོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང་། །སྒོམ་ ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཇི་སྐད་བརྗོད་པའི་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུ་ནི་ཅི་ཞིག་ཉམས་ཤིང་ཇི་སྐད་བརྗོད་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ལམ་གྱི་རྣམ་པ་དགུ་ནི། ཅི་ཞིག་འཐོབ་ཅེས་བྱ་བ་བརྩོན་པ་ཡིན་ ཏེ། ཇི་སྐད་དུ་བརྗོད་དུ་མེད་པའི་དོན་ལ་ཉམས་པ་དང་འཕེལ་བ་བཀག་པའི་ཕྱིར་ན། ཕ་རོལ་ཏུ་ཕྱིན་པ་རྣམས་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་ཉམས་པ་དང་འཕེལ་བ་བཀག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་འཚང་རྒྱ་བའི་སྐལ་ བ་དང་མི་ལྡན་པར་འགྱུར་བར་གསུངས་པ་ཡིན་ནོ། །འདིའི་ལན་བརྗོད་པ་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་བྱ་བ་སྟེ། སྒོམ་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་རྟོགས་པའི་ཆོས་ཐམས་ཅད་ལ་ངར་འཛིན་པ་རྣམ་པར་འཕེལ་བ་ བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡིད་ལ་བྱེད་པ་ལ་སོགས་པ་ཡོངས་སུ་བསྔོ་བ་དང་ལྡན་པ་དེ་སྐལ་བ་དང་ལྡན་པ་ཉིད་དུ་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ ཡི་མཚན་ཉིད་བཞེད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཉམས་པ་དང་འཕེལ་བ་བཀག་པས་རྗེས་སུ་གནང་བ་ཉིད་ཀྱིས་གང་གསུངས་པ་ཡིན་ཏེ། དེ་ལྟར་ན་རྒྱུ་དང་འབྲས་བུ་དག་གམ་འབྲས་བུ་དང་རྒྱུ་དག་ཕན་ཚུན་རང་བཞིན་རྗེས་སུ་བྱེད་པའི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་པ་ཕྱིན་ཅི་མ་ལོག་པར་བརྗོད་པ་ཡིན་ནོ། །དེ་ལྟར་བྱས་ན་ ཡང་། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཇི་སྐད་དུ་སེམས་བསྐྱེད་པ་དང་པོ་དང་ཕྱི་མ་དག་ཕན་ཚུན་ཕྲད་པ་མེད་པའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསྒྲུབས་པའི་དགེ་བའི་རྩ་བ་བསགས་པ་མེད་པས་ན་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་བའི་སེམས་བསྐྱེད་པ་གང་ཞིག་ལགས་ཞེས་ཞུས་པས་གསུངས་པ་ཡིན་ནོ། །ད་ནི་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། འཇིག་རྟེན་ན་གྲགས་པ། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཞེས་བྱ་བ་སྟེ། ཇི་སྐད་དུ་མར་མེའི་སྙིང་པོ་ཚིག་ པའི་དཔེས་སེམས་བསྐྱེད་པ་གཉིས་ཀ་འབྲས་བུ་བཅས་པར་ཤེས་པར་བྱེད་པས་སེམས་བསྐྱེད་པ་དེའི་ཡུལ་དུ་གྱུར་པས་ས་བཅུ་ལ་སློབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཤེས་པར་བྱེད་པ་ཉིད་ཀྱིས་སེམས་བསྐྱེད་པ་དང་པོ་དང་ཕྱི་མ་དག་གིས་ཀྱང་མ་ ཡིན་ལ། དེ་དག་ལ་མ་བརྟེན་པར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདི་ཇི་ལྟར་རྣམ་པར་ཤེས་པར་བྱ་བ་ཡིན་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱ་བ་གསུངས་ཏེ། སྐབས་འདིའི་རྗེས་སུ་འབྲང་བར་བྱའོ་ཞེས་བྱ་ བར་སྦྱར་རོ། །ཇི་ལྟར་རྣམ་པ་བརྒྱད་ཡིན་ཞེ་ན། ཟབ་མོ་རྣམ་པ་བརྒྱད་དོ། །གང་ཞེ་ན། སྐྱེ་བ་དང་ནི་འགག་པ་དང་། །དེ་བཞིན་ཉིད་དང་ཤེས་བྱ་དང་། །ཤེས་དང་སྤྱོད་དང་གཉིས་མེད་དང་། །ཐབས་ལ་མཁས་པ་ཟབ་པ་ཉིད། །ཅེས་གསུངས་སོ། །དེ་ལ་སྐྱེ་བ་ ཟབ་པ་ནི་དེ་དག་གིས་ཀྱང་མ་ཡིན་དེ་དག་ལ་མ་བརྟེན་པར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པ་ཉིད་དང་། འགག་པའི་སེམས་སྐྱེ་བ་བཀག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ཏེ། ཇི་སྐད་དུ་རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ གང་འགག་པ་དེ་ཕྱིར་སྐྱེ་བར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གང་གསུངས་པ་ཡིན་ནོ། །འགག་པ་ཟབ་པ་ནི་སེམས་སྐྱེས་པ་ནི་འགག་པའི་ཆོས་ཉིད་ཀྱིས་ན་དེའི་ཆོས་ཅན་ལ་འགག་པ་བཀག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཇི་སྐད་དུ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་གང་སྐྱེས་པ་དེ་འགག་པའི་ཆོས་ཅན་ཡིན་སྙམ་མམ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་ལགས་སོ། །འདི་ཇི་སྙམ་དུ་སེམས། འགག་པའི་ཆོས་ཅན་དེ་འགག་པར་འགྱུར་སྙམ་མམ། བཅོམ་ལྡན་འདས་དེ་ནི་མ་ལགས་ སོ་ཞེས་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། སྐྱེས་པ་ཙམ་ཉིད་ན་དེ་འགག་པ་ལ་མངོན་པར་ཕྱོགས་པ་ཡིན་པའི་ཕྱིར་ན་འགག་པས་ཟིན་པ་ནི་དེའི་རང་བཞིན་ཡིན་པས་ཡང་ཅི་ཞིག་འགོག་ཏུ་ཡོད་ཅེས་བྱ་བ་ཡིན་ནོ། །དེ་བཞིན་ཉིད་ཟབ་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་ བཞིན་དུ་དེ་དག་གནས་པས་རྣམ་པར་མི་རྟོག་པའི་ཡུལ་ཡིན་པར་དགོངས་ནས་ཡང་དག་པའི་མཐའི་ངོ་བོ་ཉིད་དུ་འགྱུར་བར་གང་གསུངས་པ་ཡིན་ནོ། །ཤེས་བྱ་ཟབ་པ་ནི་དེ་བཞིན་ཉིད་ལས་སེམས་གཞན་མ་ཡིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཤེས་པ་ཟབ་པ་ནི། དེ་ བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་མཐོང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཇི་སྐད་དུ། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །སྤྱོད་པ་ཟབ་པ་ནི་དེ་ལྟར་སྤྱོད་པ་དེ་ནི་གང་ལ་ཡང་མི་སྤྱོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པ་རྗེས་ སུ་གནང་བ་ཉིད་དང་། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་ཉིད་ལ་གནས་པ་ལ་ནི་ལུང་བསྟན་པ་ལ་སོགས་པ་ཀུན་ཏུ་སྤྱོད་པ་མེད་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །གཉིས་སུ་མེད་པ་ཟབ་པ་ནི་དོན་དམ་པའི་སྤྱོད་པ་ལ་ནི་གཉིས་སུ་ཀུན་ཏུ་སྤྱོད་པ་མེད་པ་དང་། བྱང་ཆུབ་སེམས་དཔའ་ ལ་མཚན་མ་དང་མཚན་མ་མེད་པའི་འདུ་ཤེས་ཀྱི་སྦྱོར་བ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པ་ཟབ་པ་ནི་སྟོབས་བཅུ་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་བཀག་པའི་ཐབས་མཁས་པ་ཉིད་ཀྱིས་ཆོས་གང་ཡང་དངོས་པོ་དང་དངོས་པོ་མེད་པར་བྱ་བ་བཀག་པ་ཉིད་དང་། དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཤེས་པ་ ལ་གནས་པ་ནི་མི་མཐུན་པའི་ཕྱོགས་དེ་དང་དེ་ལ་སྤྱོད་པའི་སེམས་ཅན་རྣམས་དེ་དང་དེའི་གཉེན་པོ་ལ་འགོད་པས་སེམས་ཅན་ཡོངས་སུ་སྨིན་པ་ལ་མཁས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མཐོང་བ་དང་སྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ ལྡོག་པའི་དགེ་འདུན་བཤད་ཟིན་ཏོ།། །།ད་ནི་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བརྗོད་པར་བྱའོ། །བསླབ་པར་བྱ་བ་ནི་འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་ པའི་རྣམ་པར་རྟོག་པ་སྤང་བར་བྱ་བ་དང་། རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་ཕྱིར་རོ། །དེ་གཉི་ག་མཉམ་པ་ཉིད་དུ་རྟོགས་པས་ནི་མི་སློབ་པར་འགྱུར་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་ བར་མི་རྟོག་པ། །ཞེས་བྱ་བ་གསུངས་སོ། །འདི་ཕན་ཆད་མི་མཐུན་པ་དང་གཉེན་པོའི་རྣམ་པར་རྟོག་པའི་གནས་སྐབས་ཡོངས་སུ་གཏུགས་པའི་དབང་དུ་མཛད་ནས་གཉི་ག་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་འཁོར་བ་རྨི་ལམ་དང་འདྲ་བར་དགོངས་པས་རྣམ་པར་མི་རྟོག་པའི་ཡེ་ ཤེས་ཉིན་མོ་སྒོམ་པ་རྣམ་པར་འཕེལ་བ་བཀག་པས་ནི་རྨི་ལམ་དུ་རྟོག་པ་སྒོམ་པ་རྣམ་པར་འཕེལ་བ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་རྟོག་པ་ཡིན་ པའི་འཐད་པས་གང་གསུངས་པ་ཡིན་ནོ། །ལས་མེད་ལ་སོགས་གླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །དེ་ལ་ལས་མེད་པར་བརྩད་པ་ནི་འདི་ཡིན་ཏེ། རྨི་ལམ་དང་འདྲ་བའི་ཆོས་ཅན་ཡིན་ན་རྨི་ལམ་དང་འདྲ་བར་དངོས་གཞི་དང་མཇུག་གིས་བསྡུས་པའི་ཉམས་པ་དང་འཕེལ་ བ་མེད་པར་ཐལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །འདིའི་ལན་ནི། འོན་ཏེ་སད་ནས་ཡོངས་སུ་ཤེས་པ་ཕྱི་མས་རྣམ་པར་རྟོག་པར་བྱེད་ཀྱི། རྣམ་པར་རྟོག་པར་མི་བྱེད་པ་ནི་མ་ཡིན་ན་ཞེས་བྱ་བས་ལས་དང་འབྲས་བུ་འབྲེལ་པ་བརྡ་ལས་བྱུང་བ་ཉིད་དུ་ཉེ་བར་བཀོད་པས་གང་གསུངས་ པ་ཡིན་ནོ། །ཉིན་པར་སྲོག་གཅོད་པ་བྱས་པ་གང་ཡིན་པ་དང་རྨི་ལམ་གྱི་ནང་དུ་སྲོག་གཅོད་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའི་མཚན་མོ་དང་ཉིན་མོ་ཉིད་མངོན་པར་བརྗོད་པར་རོ། །ནང་ན་སྨོས་པས་ནི་འཁོར་བའི་རྨི་ལམ་ཁྱད་པར་དུ་བྱ་བའི་དོན་དུའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་ དེ་ལ་ཁྱོད་ཇི་སྐད་སྨྲ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་རང་བཞིན་ཡོངས་སུ་དྲིས་པས་གཉེན་པོ་འགལ་བ་ཡིན་ཡང་རྣམ་པར་རྟོག་པ་རྗེས་སུ་འཇུག་པར་ཐལ་བས་དེ་དོན་དམ་པ་ཉིད་དུ་ཡང་དག་པར་སྟོན་པའི་དོན་གྱིས་དེ་ལྟར་བརྩད་པ་ཡིན་ནོ། །འདིའི་ལན་ནི། དམིགས་ པ་དང་བཅས་པ་ལས་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་དང་། དམིགས་པ་མེད་པའི་ལས་སྐྱེ་བ་བཀག་པའི་ཕྱིར་ན་སླར་དེ་བརྡ་ལས་བྱུང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །སེམས་དཔའ་ཐམས་ཅད་དབེན་པ་ཡིན་པའི་ཕྱིར་ན་དེའི་དམིགས་པའི་དངོས་པོ་མེད་པ་ཉིད་ ཀྱིས་སོ་ཞེས་བྱ་བ་ནི་བརྩད་པ་ཡིན་ནོ། །འདིའི་ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་ཞེས་གང་གསུངས་པ་ཡིན་ནོ། །ཡོངས་སུ་བརྟགས་པའི་དམིགས་པའི་དངོས་པོར་ཁས་བླངས་པ་ན་རྨི་ལམ་གྱི་ནང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་ཡང་དག་པའམ་ཡང་དག་པ་མ་ཡིན་པར་བསྔོས་པ་ཡིན་ཞེས་དྲིས་པ་ནི་བརྩད་པ་ཡིན་ནོ། །འདིའི་ལན་ནི། འཕགས་པ་བྱམས་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མངོན་པར་རྟོགས་པ་མངོན་དུ་བྱས་པ་ཡིན་པའི་ཕྱིར་ སྐྱེ་བ་གཅིག་གིས་ཐོགས་པ་འདི་ཉིད་ཀྱིས་དྲི་བ་འདིའི་ལན་ལྡོན་པ་དབང་དུ་གྱུར་པ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །དོན་ཅི་ཡིན་ཞེ་ན། དྲི་བ་འདིའི་དབང་དུ་བྱས་པ་ཉིད་ཀྱིས་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་དེས་ན་དྲི་བ་འདི་ནི་ཡོངས་སུ་ མ་རྫོགས་པར་བསྟན་པ་ཡིན་ཏེ། དེ་ཡོངས་སུ་རྫོགས་པ་ཡིན་ན་ནི་མ་འོངས་པའི་སངས་རྒྱས་འབྱུང་བ་དོན་མེད་པར་ཐལ་ལོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ན་ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་ཞེ་ན། མིང་ནས་བརྩམས་ཏེ་ཆོས་ཐམས་ཅད་ལན་ལྡོན་པར་བྱེད་པའི་དངོས་ པོར་དམིགས་སུ་མེད་པས་སོ། །དེ་ལྟ་ན་ཡང་འདི་དག་རང་ཉིད་ཀྱིས་མངོན་དུ་མ་བྱས་པར་གནས་པ་ཡིན་ནོ། །དེ་མངོན་སུམ་དུ་མ་བྱས་པར་དམ་བཅས་པ་ནི་མངོན་དུ་བྱས་པའི་དོན་ལ་དྲི་བ་དེའི་ལན་བཏབ་པ་ཡོངས་སུ་རྫོགས་པའི་ཉེས་པ་ཡང་སྤང་བའི་དོན་དུ་ཡིན་ཏེ། མ་ འོངས་པའི་སངས་རྒྱས་ཀྱི་ཚུལ་ཡང་དག་པར་ཆད་པ་མེད་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་དམིགས་པར་སྤྱོད་པའི་འཕགས་པ་བྱམས་པ་ནི་ཤེས་རབ་ཟབ་པ་ཉིད་ཀྱིས་མ་འོངས་པ་ན་འཁོར་བ་དང་མྱ་ངན་ལས་འདས་པའི་རབ་ཏུ་དབྱེ་བ་སྟོན་པའི་མཚན་མ་ རྟོགས་པ་དང་ལྡན་པ་ཉིད་དུ་བསྟན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་པ་དེའི་ཚེ་དགོངས་པའི་དབང་དུ་མཛད་ནས། མི་དམིགས་པའི་སྤྱོད་པ་ལ་མི་སྐྲག་པ་ལ་སོགས་པ་དེ་དག་གིས་རྫོགས་པར་བྱང་ཆུབ་པར་ངེས་པ་ཉིད་ ཀྱིས་གང་གསུངས་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བཤད་ཟིན་ཏོ།། །།ད་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམ་པ་གཉིས་བརྗོད་པར་བྱ་བ་ཡིན་པ་དེས་ན། སེམས་ ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་འཇིག་རྟེན་གྱི་མ་དག་པ་བཀྲེས་པ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་དེ་ལ་ལྷ་རྫས་ཀྱི་ཉེ་བར་སྤྱད་ པ་ལ་སོགས་པ་སྒྲུབ་པ་དང་། སྣོད་ཀྱི་འཇིག་རྟེན་གྱི་མ་དག་པ། སྡོང་དུམ་དང་། ཚེར་མ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་དེ་ལག་མཐིལ་ལྟར་མཉམ་པ་ལ་སོགས་པ་བསྒྲུབས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡིན་ཏེ། འདི་ནི་མདོར་བསྡུས་པ་ཡིན་ནོ། ། རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་ཏེ། སེམས་ཅན་བཀྲེས་པ་ལ་སོགས་པ་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་ལྷ་རིས་དྲུག་གི་ཉེ་བར་སྤྱད་པ་དང་ཡོངས་སུ་སྤྱོད་པ་བསྒྲུབས་པས་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་དང་དེའི་འབྲས་བུ་ ལས་བཟློག་པ་སྒྲུབ་པ་དང་། གནོད་སེམས་ལ་སོགས་པ་ལས་བཟློག་པ་དང་། ལེ་ལོ་ལ་སོགས་པ་ལས་བཟློག་པ་དང་། སྒྲིབ་པ་ལྔ་དང་། བསམ་གཏན་དང་པོ་ལ་སོགས་པ་མ་ཐོབ་པ་ལས་བཟློག་པ་དང་། ཤེས་རབ་འཆལ་པ་ལས་བཟློག་པ་ཉེ་བར་བསྒྲུབ་ པའི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པས་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་དང་། ཡང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་ པ་སྟེ། ཕུང་པོ་གསུམ་ལ་གནས་པ་དང་། ངན་སོང་རྣམས་དང་། སྡོང་དུམ་དང་། ཚེར་མ་ལ་སོགས་པ་ཡོད་པ་དང་། ས་འཇིམ་ལས་གྲུབ་པའི་ས་ཆེན་པོ་དང་། ངའི་བར་བྱེད་པའི་སེམས་ཅན་ཡོངས་སུ་འཛིན་པ་དང་། རིགས་བཞི་པོ་རྣམས་ལས་བཟློག་པ་ ཉེ་བར་བསྒྲུབས་པས་སོ། །དེ་ལ་དེ་ལས་བཟློག་པ་ནི་འདི་ཡིན་ཏེ། ཅི་ནས་ཀྱང་བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་རིགས་བཞིའི་སྒྲ་ཡང་མི་སྲིད་པ་ཞེས་གང་གསུངས་པ་ཡིན་ཏེ། འདིས་ནི་རིགས་ཀྱི་དོན་བཀག་པའི་ཕྱིར་ན་བྲམ་ཟེ་ཞེས་བྱ་བ་འདི་ནི་སྒྲ་ཙམ་དུ་ ཟད་དོ་ཞེས་བྱ་བ་ལ་སོགས་པར་བསྟན་པ་དང་། སེམས་ཅན་རབ་དང་། འབྲིང་དང་། ཐ་མ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། ཆོས་ཀྱི་རྒྱལ་པོའི་བདག་པོ་ལས་མ་གཏོགས་པའི་བདག་པོ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལས་གཅིག་པ་ཉིད་ ཀྱིས་འགྲོ་བ་ཐ་དད་པ་དང་། རྫུས་ཏེ་སྐྱེ་བ་མ་གཏོགས་པའི་སྐྱེ་གནས་གསུམ་པོ་དང་། མངོན་པར་ཤེས་པ་དང་བྲལ་བ་དང་། བཤང་གཅི་ལ་སོགས་པ་འཛག་པ་དང་། འོད་དང་མི་ལྡན་པ་དང་། ཉིན་མོ་དང་། མཚན་མོ་དང་། ཟླ་བ་ལ་སོགས་པ་དང་། ཚེ་ཐུང་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་བྲལ་བ་དང་། སངས་རྒྱས་ལ་བསྙེན་བཀུར་བྱེད་པར་ནུས་པའི་དགེ་བའི་རྩ་བ་དང་མི་ལྡན་པ་དང་། ཁམས་མི་མཉམ་པས་ཀུན་ནས་བསླང་བའི་ནད་རྣམས་ལས་བཟློག་པ་ཉེ་བར་བསྒྲུབས་པས་སོ། །དེ་ལས་བཟློག་པ་ནི་ འདི་ཡིན་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་འདུས་པས་ཀུན་ནས་བསླང་བའི་ནད་སྐྱེས་པ་དང་མ་སྐྱེས་པ་དག་ལ་གོ་རིམས་བཞིན་དུ་བསལ་བ་དང་། མི་སྐྱེ་བ་དང་རྗེས་སུ་མཐུན་པའི་རྐྱེན་ཉེ་བར་སྒྲུབ་པ་གང་ཡིན་པ་དང་། འདོད་ཆགས་ལ་སོགས་པ་དང་། ཉན་ཐོས་ ལ་སོགས་པའི་ཐེག་པ་ལ་མོས་པ་དང་། མངོན་པའི་ང་རྒྱལ་ཅན་ལས་བཟློག་ནས་ཇི་ལྟར་སྲིད་པར་རང་གི་སངས་རྒྱས་ཀྱི་ཞིང་དུ་ཕུན་སུམ་ཚོགས་པའི་རྣམ་པ་དེ་དང་དེ་དག་བསྒྲུབས་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་ བ་དང་། ཚེ་དང་། འོད་དང་། དགེ་སློང་གི་དགེ་འདུན་ཚད་ཡོད་པ་ལས་བཟློག་པས། དེ་དག་ཚད་མེད་པར་གྱུར་པས་ན་བདག་ཉིད་མངོན་པར་འཚང་རྒྱ་བར་སེམས་བསྐྱེད་པ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་བཟུང་བ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཞིང་གཅིག་ཏུ་གྱུར་པ་ནི་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཐོབ་པར་བྱེད་པ་ཉིད་དང་། ནམ་མཁའ་ལྟར་མུ་མེད་པའི་སེམས་ཅན་གྱི་ཁམས་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་མེད་པར་ཡོངས་སུ་རྟོགས་ པའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཉིད་དང་། སྲིང་མོ་གངྒཱའི་ལྷ་མོས་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པར་ཁས་བླངས་པའི་དགེ་བའི་རྩ་བའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ལུང་བསྟན་པ་དང་། འཁོར་རྣམས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ཐོབ་པར་ཡིད་ཆེས་པས་དབང་དུ་གྱུར་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བཤད་ཟིན་ཏོ།། །།ཐབས་ལ་མཁས་པ་ བརྗོད་པར་བྱའོ། །དེ་ལ་རེ་ཞིག །ཡུལ་དང་སྦྱོར་བ་ཅན་དེ་ནི། །ཅི་ཞིག་ཡིན་པར་བརྗོད་པར་བྱ། །ཞེས་འབྲེལ་ཏོ། །དེ་ལ་ཐབས་མཁས་པའི་ཡུལ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པ་དང་། དེ་ལ་སྙོམས་པར་འཇུག་པའི་སྒོམ་པ་ཞུགས་པས་ཐབས་ལ་མཁས་པའི་ཡུལ་ཉེ་བར་བཀོད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཐབས་ ལ་མཁས་པའི་སྦྱོར་བ་ནི། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་པ་ཞེས་བྱ་བ་ནས་བརྩམས་ཏེ། ཡོངས་སུ་འདྲིས་པར་བསྒོམ་པ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་ཤེས་པ་ཉིད་ཀྱི་བར་གྱིས་གང་ གསུངས་པ་ཡིན་ནོ། །ཡང་ཐབས་ནི་རྣམ་པ་བཅུར་འགྱུར་བས་དེའི་ཕྱིར། དགྲ་རྣམས་ལས་ནི་འདས་པ་དང་། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང་། །མ་ཆགས་པ་དང་མི་དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་ རྟགས་དང་ཚད་མེད་དང་། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་སོ། །དེ་ལ་བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདའ་བའི་ཐབས་ལ་མཁས་པ་འདི་ཡིན་ཏེ། སྐྱེས་བུ་སྒྱུ་རྩལ་མ་ལུས་པ་ལ་བྱང་བ་ཞིག་འབྲོག་དགོན་པར་ཆས་པའི་དཔེས་ཡོངས་སུ་ བཟུང་བའི་སེམས་ཅན་གྱི་ཁམས་ཕྱིར་རྒོལ་བའི་ཆོས་ལས་ཡང་དག་པར་འདའ་བའི་ཐབས་མཁས་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མི་གནས་པ་གནས་པའི་ཐབས་ལ་མཁས་པ་ནི་འདབ་ཆགས་བྱ་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་བའི་དཔེས་མི་གནས་ པར་གནས་པའི་ཐབས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པའི་ཐབས་ལ་མཁས་པ་ནི་ཡང་སྐྱེས་བུ་འཕོང་ལ་ཤིན་ཏུ་མཁས་ཤིང་སྟོབས་དང་ལྡན་པས་མདའ་བརྒྱུད་མར་འཕངས་པའི་དཔེས་སྨོན་ལམ་ གྱི་ཤུགས་ཀྱིས་ཐབས་ལ་རྗེས་སུ་འཇུག་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་བསམ་པས་འདི་ལྟར་དཀའ་བའི་གནས་ལ་སྦྱོར་བ་ན་ཐུན་མོང་མ་ཡིན་པའི་ཐབས་ཤེས་པར་བྱེད་ པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི་ཡང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་མ་ཐོབ་པར་བསམ་གཏན་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་མ་ཉམས་ཤིང་མངོན་པར་འཕེལ་བར་བརྗོད་པས་རོ་མྱང་བ་མེད་པའི་ཐབས་ ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མི་དམིགས་པའི་ཐབས་ལ་མཁས་པ་ནི་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་གྱུར་པས་མི་དམིགས་པའི་ཐབས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མཚན་ མ་མེད་པའི་ཐབས་ལ་མཁས་པ་ནི་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་གྱུར་པས་མཚན་མ་མེད་པའི་ཐབས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྨོན་པ་མེད་པའི་ཐབས་ལ་མཁས་པ་ནི་ཡང་སྨོན་པ་མེད་པའི་ཏིང་ངེ་ འཛིན་གྱི་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བས་སྨོན་པ་མེད་པའི་ཐབས་ལ་མཁས་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་བ་ཡིན་དུ་ཟིན་ཀྱང་དེ་ལ་ཐབས་ཀྱི་ཁྱད་པར་ཡོད་པའི་ དོན་ནོ། །དེ་ལྟར་སྤྱོད་པ་ནི་མངོན་པར་འདུ་བྱ་བ་མེད་པར་ལྟུང་བ་དང་ཁམས་གསུམ་པ་དང་ལྷན་ཅིག་གནས་པ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ནི་གཞན་གྱིས་དྲིས་པ་ན་ཕྱིར་མི་ལྡོག་པའི་རྟོགས་པ་དང་རྗེས་སུ་མཐུན་པར་ལུང་ སྟོན་པ་དང་ལུང་མི་སྟོན་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་བཟུང་བས་ཐབས་ནི་དེའི་རྟགས་སུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡུལ་ཚད་མེད་པའི་ཐབས་ལ་མཁས་པ་ནི་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་ནི་མི་འཕྲོགས་པ་ཉིད་ཀྱིས་ཐབས་ཀྱི་ཚད་མེད་པ་ ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་དེ་ལྟར་བྱས་ན་རྣམ་པ་དང་། བཅས་པ་དང་། སྦྱོར་བ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་དང་། བར་ཆད་དང་བཅས་པ་དང་། ཡུལ་དང་བཅས་པ་དང་། ཁྱད་པར་དང་བཅས་པ་དང་། བྱེད་པ་དང་ བཅས་པ་དང་། ངོ་བོ་ཉིད་དང་བཅས་པ་དང་། འཇུག་པ་དང་བཅས་པ་དང་། ཡོངས་སུ་སྨིན་པ་དང་བཅས་པ་དང་། རྟེན་དང་བཅས་པ་དང་། ཡན་ལག་དང་བཅས་པ་དང་། ཉེ་བའི་ཡན་ལག་དང་བཅས་པ་དང་། ཡོངས་སུ་འཛིན་པ་དང་བཅས་པ་ནི་རྣམ་པ་ཐམས་ཅད་ མངོན་པར་རྫོགས་པར་རྟོགས་པར་བསྟན་པ་ཡིན་ནོ། །དེ་ལ་ཡུལ་ནི་ཤེས་པའི་མཚན་ཉིད་ཀྱི་ཡུལ་གང་ཡིན་པ་དེ་ཡིན་པར་ཤེས་པར་བྱའོ། །འཇུག་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་ཡིན་ཏེ། དེ་རྣམས་ཀྱིས་བསྟན་པ་ལ་འཇུག་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་ནི་ངེས་པར་ འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ་དེ་རྣམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །རྟེན་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཡན་ལག་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ། །ཉེ་བའི་ཡན་ལག་ནི་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པའོ། །ལྷག་མ་ནི་གོ་བར་སླ་བས་རྣམ་པར་མི་ཕྱེའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རྣམ་པ་སོ་སོར་ངེས་པའི་ཡུལ་ཅན་ཡིན་ཏེ། རྣམ་པ་སོ་སོར་ངེས་པར་ཇི་སྐད་བཤད་པས་སོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ། །ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཡང་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་རྣམ་པར་གཞག་པ་ནི་མཚན་ཉིད་པ་ཡིན་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་ཡིན་ནོ། །ཡང་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པ་དང་གཉེན་པོས་རྣམ་པར་གནས་པས་རབ་ཏུ་ཕྱེ་བ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ལྟ་མ་ཡིན་ཏེ། རང་ བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཁྱད་པར་གཞན་ཡིན་ནོ། །དེ་དེ་ལྟར་བྱས་ན། རྣམ་པར་སྦྱོར་བ་དང་བཅས་པ། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་ དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་གང་བརྗོད་པ་དེ་ནི་འདིར་བཤད་ཟིན་པའི་འབྲེལ་བས་ཡིན་པར་བལྟ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་ རྟོགས་པའི་རྒྱན་ལས། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཞི་པའོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་བཤད་ཟིན་ཏོ།། །།ད་ནི་རྩེ་མོའི་མངོན་པར་རྟོགས་པ་བཤད་པར་བྱའོ། །དེ་ལ་རེ་ཞིག་ གང་གིས་འདི་མཚོན་པར་འགྱུར་བ་འདིའི་རྟགས་བརྗོད་པར་བྱ་བ་ཡིན་ལ་དེའང་རྣམ་པ་བཅུ་གཉིས་སུ་འགྱུར་བས་དེའི་ཕྱིར། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་འདོད། །ཅེས་ གསུངས་པ་ཡིན་ནོ། །དེ་ལ་རྟགས་དང་པོ་ནི་འདི་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ནའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་བ་དང་། དེ་བཞིན་དུ་སྒྲ་བརྙན་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཉིད་དུ་ཆོས་ཐམས་ཅད་ལ་ལྟ་ཞིང་མངོན་དུ་མི་བྱེད་ན་འདི་ནི་ཕྱིར་མི་ལྡོག་པའི་རྩེ་མོ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དོན་ཅི་ཡིན་ཞེ་ན། དེ་ལྟར་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་ དཔས་རྣལ་འབྱོར་གྱི་ཆོས་སྒོམ་པའི་རྩེ་མོ་ཐོབ་པ་གང་ཡིན་པ་ནི་རྨི་ལམ་གྱི་ནང་ན་ཡང་འདིའི་རྣལ་འབྱོར་དང་ལྷག་མཐོང་ཡིད་ལ་བྱེད་པས་སེམས་ཅན་གྱི་ཁམས་ལ་ལྟོས་པ་དང་བཅས་པ་ཉིད་དུ་གནས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི་དེ་ཉིད་ཉན་ཐོས་ལ་སོགས་པའི་ས་དང་ ཁམས་གསུམ་པ་དག་ལ་འདོད་པ་དང་ཕན་ཡོན་གྱི་སེམས་མི་བསྐྱེད་པར་གང་གསུངས་པ་ཡིན་ནོ། །གསུམ་པ་ནི་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་འཁོར་ཆེན་པོས་བསྐོར་བ་མཐོང་ཞིང་། དེ་དམ་པའི་ཆོས་སྟོན་པ་དང་རྗེས་སུ་མཐུན་པའི་ཆོས་ཐོབ་པ་ཞེས་བྱ་བར་གང་གསུངས་ པ་ཡིན་ནོ། །བཞི་པ་ནི་ཡང་དེ་ཉིད་ཀྱིས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་མཐོང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ལྔ་པ་ནི་ཡང་དེ་ཉིད་འཇིག་པའི་གནས་ཐམས་ཅད་ལ་ཁམས་གསུམ་པ་རྨི་ལམ་དང་འདྲ་བར་ཆོས་སྟོན་པ་ཉེ་བར་བསྒྲུབ་པའི་སེམས་བསྐྱེད་པ་ཉིད་ ཀྱིས་གང་གསུངས་པ་ཡིན་ནོ། །དྲུག་པ་ནི་ཡང་དེ་ཉིད་སེམས་ཅན་དམྱལ་བ་ལ་སོགས་པ་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤང་བ་རྗེས་སུ་དྲན་པ་ཐོབ་པ་དང་། དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་མངོན་པར་རྟོགས་པ་ལ་འཁོར་བའི་རྨི་ལམ་དང་རྨི་ལམ་གྱི་མཐའ་གང་ ཡིན་པ་དེ་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་ཉིད་དོ། །ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །དེ་ལ་གཉིས་སུ་མེད་པ་ནི་དོན་ཏོ། །གཉིས་སུ་བྱར་མེད་པ་ནི་ལྡེམ་པོར་དགོངས་པས་གཉིས་སུ་བྱར་མི་ནུས་པ་ཉིད་ཀྱིས་སོ། །བདུན་པ་ནི་རྨི་ལམ་དང་སད་པའི་གནས་ སྐབས་དག་ཏུ་གྲོང་ཁྱེར་ལ་སོགས་པ་ཚིག་པ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱི་བརླབས་གྲུབ་པས་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དང་། དེའི་ཕྱོགས་གཅིག་གྲུབ་པས་ནི་སེམས་ཅན་རྣམས་ཀྱི་ཆོས་སྤང་བར་འགྱུར་བའི་ལས་བསགས་པ་ཉིད་དང་། བར་དང་བཅས་པ་དང་བར་ མེད་པར་གྲུབ་པས་ནི་སེམས་ཅན་རྣམས་ཀྱི་མཐོང་བའི་ཆོས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་ཡང་མི་མ་ཡིན་པས་བྱིན་གྱིས་བརླབས་པ་རྣམས་ལ་ཕྱིར་མི་ལྡོག་པའི་བདེན་པའི་བྱིན་གྱི་བརླབས་གྲུབ་པས་དེ་འགྲོ་བ་དང་། བདུད་ཀྱི་ བྱིན་གྱི་བརླབས་ཀྱིས་སོང་བ་ན་རང་ཉིད་མངོན་པའི་ང་རྒྱལ་སྐྱེས་པས་བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པར་བྱེད་པ་དེའི་མཚན་ཉིད་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པས་ཡོངས་སུ་མ་བཟུང་བ་ཉིད་ཀྱི་ཕྱིར་དང་། ཡང་བདུད་ཀྱིས་དེའི་མིང་དང་ རིགས་ལ་སོགས་པ་འབྲེལ་པ་རྣམ་པ་མང་པོ་བསྟན་པ་ལ་སླུ་བར་བྱེད་པ་ཉིད་དུ་མ་རྟོགས་པ་དང་། ཡང་བདུད་ཀྱིས་རང་གིས་བཏགས་པའི་མིང་ལ་སོགས་པས་སླུ་བ་ཉེ་བར་བསྟན་པ་ལ་བདག་གིར་བྱེད་པ་དང་། རྩ་བའི་ལྟུང་བ་བཞི་དང་མཚམས་མེད་པ་ལྔ་པས་ཀྱང་མིང་ཉེ་བར་བསྟན་པས་མངོན་ པར་རློམ་པ་ཆེས་ལྕི་བ་ཉིད་དང་། ཡང་བདུད་ཀྱིས་དབེན་པའི་ཡོན་ཏན་ཉེ་བར་སྟོན་པ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལ་སོགས་པའི་སེམས་ཀྱིས་དབེན་པ་རྗེས་སུ་གནང་བ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །དགུ་པ་ནི་ལྷག་པའི་ང་རྒྱལ་ཅན་གྱི་གང་ཟག་སྤང་བ་དང་། རང་གི་དོན་ལ་སོགས་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པ་ནི་རང་ཉིད་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཉིད་དང་། དེ་རྣམས་དགེ་བའི་ཆོས་ཐམས་ཅད་ཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པར་བྱ་བ་ཉིད་དང་། དེ་རྣམས་དགེ་ བའི་ཆོས་ཐོབ་པར་བྱེད་པའི་ལམ་དུ་ཤེས་པར་འདོད་པའི་དོན་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བའི་བཤེས་གཉེན་ཡིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཅུ་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ་སྟེ། འདི་ལས་བསླབ་པར་བྱ་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །བཅུ་གཅིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟར་ཆགས་པ་མེད་པའི་དོན་གྱི་མཚན་ཉིད་ཡིན་པས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ཆགས་པ་མེད་པར་ཤེས་པར་བྱེད་པའི་དོན་དང་། གོ་རིམས་བཞིན་དུ་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་དག་དབེན་པ་དང་སྟོང་པའི་མཚན་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ དུ་ཡོད་པ་ཉིད་དང་། དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་ཐལ་བར་འགྱུར་བ་དང་། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ་ཞེས་བྱ་བས་དེ་གྲུབ་པ་ཡིན་ནོ། །ཞེས་ གང་གསུངས་པ་ཡིན་ནོ། །བཅུ་གཉིས་པ་ནི་དེ་ལྟར་སྤྱོད་པ་ནི་ཟིལ་གྱིས་མི་ནོན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །རྩེ་མོའི་མངོན་པར་རྟོགས་པ་ནི་གང་གིས་མཚོན་པར་འགྱུར་བའི་རྟགས་བཤད་ཟིན་ཏོ།། །། ད་ནི་དེའི་རྣམ་པར་འཕེལ་བ་གང་ཞིག་ཡིན་ཞེ་ན། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བྱ་བ་གསུངས་སོ། །དེ་ལ་རྣམ་པར་འཕེལ་བ་དང་པོ་ནི་འདི་ཡིན་ ཏེ། འཛམ་བུའི་གླིང་གི་སེམས་ཅན་གྱི་གྲངས་ཀྱི་དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བ་ལ་སོགས་པ་མཆོད་པ་བྱས་ཏེ་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་དག་ལ་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མ་བྲལ་བ་དེ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་པ་ ནས། དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པའི་བར་བས་ཅིག་ཤོས་ཀྱི་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེའི་འོག་ཏུ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་ཉིད་ཡིན་པས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གཉིས་པ་ནི། སྐྱེས་བུ་ཞིག་གིས་ནོར་བུ་རིན་པོ་ཆེ་ཆེན་པོ་རྙེད་མ་མྱོང་བ་ཞིག་རྙེད་པ་ལས་ཡང་སྟོར་བར་གྱུར་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་ གཏོད་པའི་ཡིད་ལ་བྱེད་པ་ཉིད་དང་། ཡིད་ལ་བྱེད་པ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་དེ་དག་དང་མ་བྲལ་བ་ཉིད་མེད་པར་ཐལ་བར་འགྱུར་བ་དང་། གལ་ཏེ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་ཅན་དང་མ་བྲལ་བ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་བཀག་པས་མི་འབྲལ་བ་ཉིད་དུ་བསྒྲུབས་པས་གང་གསུངས་པ་ཡིན་ནོ། །གསུམ་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འཕེལ་བའམ་ ཡོངས་སུ་འགྲིབ་པ་མེད་དེ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། རབ་འབྱོར་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ཡེ་ཤེས་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ བར་དུ་དེ་ལ་གཞོལ་བར་འགྱུར་བའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །བཞི་པ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་སྐྱེ་བའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ་ཅི་ལགས། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་ཆོས་ཉེ་བར་མི་དམིགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་ མངོན་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །ལྔ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་བཀག་པས་དེ་ལ་སློབ་པའི་བསོད་ནམས་མང་པོ་ཉེ་བར་ དགོད་པའི་དོན་དང་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་བས་ཆོས་འདི་ལ་མངོན་པར་བརྩོན་པ་དང་ལྡན་པ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་འཇིག་རྟེན་ཐམས་ཅད་ན་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་ངེས་པར་འབྱུང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །དྲུག་པ་ནི་དེ་ལྟར་སྤྱོད་པ་ལ་ལྷའི་ཚོགས་ཐམས་ཅད་ཉེ་བར་འདོད་པར་སེམས་པར་འགྱུར་ བ་དང་། གཞན་གྱི་གནོད་པ་བྱས་པ་རྣམས་དང་ཁམས་མི་མཉམ་པས་ཀུན་ནས་བསླང་བའི་ནད་ལ་སོགས་པ་བཀག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བདུན་པ་ནི་སློབ་པའི་དུས་སུ་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་སར་ལྟུང་བ་དང་། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལས་གང་ཡང་རུང་བ་ཞིག་ཐོབ་པར་འགྱུར་བ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྣམས་ཐེ་ཚོམ་དུ་འགྱུར་བ་དང་། ཡང་དེ་རྣམས་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་བ་དང་། ཡང་ དེ་རྣམས་སྐར་མདའ་ལྟུང་བ་གཏོང་བ་ལ་སོགས་པ་སྟོན་པ་དང་། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་ཐོ་འཚམས་པའི་བསམ་པས་འོང་བ་མ་ཡིན་ཏེ། ཞེས་བྱ་བ་ནས་བརྩམས་ཏེ། སྔོན་གྱི་ཚེ་རབས་སུ་ཆོས་འདི་ལ་ལྷག་པར་མ་མོས་པ་དང་། དེ་ལ་ཐེ་ཚོམ་ཟ་བར་གྱུར་པ་དང་། དགེ་བའི་བཤེས་གཉེན་དང་བྲལ་བ་དང་། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་དམ་པའི་ཆོས་མ་ཡིན་པ་འཛིན་པར་བྱེད་པ་དང་། དེའི་བསྔགས་པ་བརྗོད་པ་དང་། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པས་ཅི་ཞིག་བྱ་ཞེས་ཟེར་ཞིང་རྣམ་ པར་འབྱེད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་རྣམས་དང་ལྷན་ཅིག་འཐབ་ཅིང་མཚང་འབྲུ་བ་ལ་སོགས་པ་དང་། ལུང་མ་བསྟན་པ་ལུང་བསྟན་པ་ལ་གནོད་པར་སེམས་པ་དང་ལྡན་པ་ལ་ ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བས་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ན་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་གནས་པར་གོ་ཆ་བགོ་བར་ཁས་བླང་བ་ཉིད་དང་། སྔར་བསྟན་པའི་ལྟུང་བ་སྡོམ་པ་དང་ལྡན་པ་ནི་ལུས་ཀྱི་སྒྲིབ་པ་དེ་ལས་ལྡང་ བ་ཉིད་དུ་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཐེག་པ་མཚུངས་པ་རྣམས་ལ་གནས་པར་བྱེད་པའི་ཕྱིར་བསླབ་པ་མཉམ་པ་ཉིད་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ ཞེས་བྱ་བ་ནས། བྱང་ཆུབ་ནི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་གྱིས་བསླབ་པ་མཉམ་པ་ཉིད་ཀྱི་ཡུལ་ཉེ་བར་དགོད་པས་གང་གསུངས་པ་ཡིན་ནོ། །དགུ་པ་ནི། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་གི་བསམ་གཏན་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་ལ་དེ་དག་གི་དབང་གིས་སྐྱེ་བར་ཡང་མི་འགྱུར་བའི་ཐབས་མཁས་པ་འདི་ལ་ཡོད་པའི་ཕྱིར་རོ། །ཞེས་བྱ་བས་ ཡོངས་སུ་དག་པའི་བསླབ་པ་བརྗོད་པས་བསླབ་པ་རྣམ་པར་འཕེལ་བའི་ཁྱད་པར་ཤེས་པར་བྱེད་པའི་དོན་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དེ་མི་འཐད་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་ལྟར་མ་ཤེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་སློབ་པ་གང་ཡིན་པ་འཐད་པས་གང་གསུངས་པ་ཡིན་ནོ། །བཅུ་པ་ནི། གསེར་ས་ལེ་སྦྲམ་འབྱུང་བའི་གནས་ཉུང་བའི་དཔེས་སངས་རྒྱས་ཀྱི་རིགས་རྩེ་མོའི་མངོན་པར་རྟོགས་པ་མངོན་པར་འཕེལ་བ་ཐོབ་པར་ཉུང་བ་ཉིད་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་ གང་གསུངས་པ་ཡིན་ནོ། །བཅུ་གཅིག་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་ཉུང་བའི་དཔེས་རྩེ་མོའི་མངོན་པར་རྟོགས་པའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པ་རྙེད་པ་ནི་ཆེས་ཉུང་བ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་ གང་གསུངས་པ་ཡིན་ནོ། །བཅུ་གཉིས་པ་ནི། ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བཅུ་གསུམ་པ་ནི། ཡང་གཟུགས་ལ་སོགས་པ་དང་ལྡན་པའི་སེམས་མི་སྐྱེད་པ་དང་། དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་ མངོན་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་དམིགས་སུ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཅུ་བཞི་པ་ནི། འཇིག་ཚོགས་ལ་ལྟ་བའི་དཔེས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཅོ་ལྔ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་དུ་གང་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེ་ཉན་ཐོས་དང་རང་སངས་རྒྱས་ སུ་ཡང་འགྱུར་རོ་ཞེ་ན། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་ཤེས་པ་དང་། མཐོང་བས་རྣམ་པར་བལྟས་ནས་འདའ་བར་བྱ་སྟེ་ཞེས་གསུངས་ཏེ། རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་ཞེས་སྨོས་པ་ཡིན་ལ། འཁྲུལ་པའི་མཐོང་བ་ བསལ་བའི་དོན་དུ་ཤེས་པ་ཞེས་སྨོས་པ་ཡིན་ཏེ། ཤེས་པ་དང་མཐོང་བའི་ཚིག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལ་ནི་བྱང་ཆུབ་སེམས་དཔའ་སྒོམ་པའི་ལམ་ཡོད་པ་མ་ཡིན་པར་ཤེས་པར་བྱ་བའི་དོན་ཏོ། །ཡང་རྒྱུ་ཅི་ཞིག་གི་ཕྱིར་དེ་ལ་འདིའི་སྒོམ་པའི་ལམ་བཀག་ ཅེ་ན། རྒྱུན་ཏུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཏེ། གཞན་གཙོར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདའ་བར་བྱ་བ་ཡང་རྣམ་པ་ཐམས་ཅད་མངོན་པར་ རྟོགས་པ་ལ་འཇུག་པའོ། །རྣམ་པར་འཕེལ་བ་བཅུ་དྲུག་པ་ནི། གལ་ཏེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་བརྩམས་ཏེ། དེའི་ཡུལ་གྱི་རྣམ་པར་རྟོག་པ་བཀག་པ་ལ་སློབ་པ་རྗེས་སུ་གནང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ ཉེ་བར་གྱུར་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །གང་གིས་དེ་རྣམ་པར་འཕེལ་བར་འགྱུར་བའི་རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་བཤད་ཟིན་ཏོ།། །།ད་ནི་རང་གི་བདག་ཉིད་དུ་གྱུར་པའི་ཕྱིར་ན་ཇི་ལྟར་འདིའི་ངེས་པར་བསྟན་པར་འགྱུར་ བའི་རྣམ་པ་བརྗོད་པར་བྱ་བ་ཡིན་ཏེ། དེས་ན། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བསྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་བྱ་བ་གསུངས་ཏེ། འདི་ལ་རེ་ཞིག་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པས་ཀྱང་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ལྟ་ཅི་སྨོས་ཞེས་ བྱ་བ་ནས། དེ་དག་ནི་འདོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྩེ་མོའི་མངོན་པར་རྟོགས་པའི་ངེས་པར་བསྟན་པའི་གནས་སྐབས་ཐོབ་པ་ནི་རྙེད་དཀའ་བར་ཤེས་པར་བྱེད་པའི་དོན་གྱིས་བསྟན་པ་དང་། མེ་ཏོག་མན་ད་ར་བ་ཉེ་བར་གཏོར་བ་དང་། མངོན་དུ་ཕྱོགས་ཏེ་གཏོར་བ་ དང་། རབ་ཏུ་ཁྱབ་པར་གཏོར་བ་ལས་མཆོད་པའི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ཡོངས་སུ་བསྔོ་བ་བསྟན་པའི་ཚིག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་དང་། རང་བྱུང་གི་ཆོས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་རྫོགས་པར་བསྔོ་བ་དེ་བཤད་པས་གང་གསུངས་པ་ཡིན་ནོ། །ཇི་ལྟར་ན་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ཡིན་ཞེ་ན། དེ་ལྟ་བུའི་རྟོགས་པ་དང་ལྡན་པའི་ གནས་སྐབས་སུ་མྱ་ངན་ལས་འདའ་བར་ལྟུང་བ་སྤང་བའི་ཕྱིར། སྙིང་རྗེ་ཆེན་པོ་ལ་མངོན་དུ་ཕྱོགས་པའི་བསམ་པས་སེམས་ཅན་མ་བརྒལ་བ་བསྒྲལ་བ་ལ་སོགས་པའི་སེམས་བསྐྱེད་པ་དང་། ཇི་ལྟར་སྲིད་པར་རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོར་མཐོང་བ་དང་སྒོམ་ པའི་ལམ་དག་གི་རྟོགས་པ་པོ་རྣམ་པ་བཞི་བསྙད་པའི་ཕྱིར་ན་ཐེག་པ་ལ་གསར་དུ་ཞུགས་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་རྣམ་པ་བཞི་པོ་དེ་བསྟན་པས་གང་གསུངས་པ་ཡིན་ནོ། །ད་ནི་ཏིང་ངེ་འཛིན་རྣམས་ བཤད་པར་བྱ་བ་ཡིན་པས། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྗེས་སུ་ཡི་རང་བའི་བསོད་ནམས་མང་པོ་ལས་ བརྩམས་ཏེ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དང་། དེ་བཞིན་དུ་སྟོང་དང་སྟོང་གཉིས་པ་སྲང་ལ་གཞལ་བས་ཚད་བཟུང་བའི་དཔེ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཇི་སྙེད་ཡོད་པ་དེ་དག་སྐྲའི་ རྩེ་མོ་བརྒྱར་གཤགས་པའི་ཆ་གཅིག་གིས་ཆུའི་ཐིགས་པ་བླངས་པའི་ཚད་བཟུང་བའི་དཔེས། དེ་དག་གིས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་མང་བ་ཉིད་དང་། སེམས་བསྐྱེད་པ་