Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 80

Văn bản gốc(Tây Tạng)

Trang 1 / 13 (50.000 ký tự/trang)
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ནཱ་མ་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་ཀཱ་རི་ཀཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་
མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་
ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་
སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་རྣམས་
བཤད་པ་གང་། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་

ཞེས། །བྱ་བ་རྩམ་པའི་དགོས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་
རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་
ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །མོག་མོག་པོར་བྱེད་ལ་སོགས་
དང་། །སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་
པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །

ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་
ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །དེ་ཡི་རྟགས་དང་རྣམ་འཕེལ་དང་། །
བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་མཐར་གྱིས་
པ། །རྣམ་གསུམ་རྣམ་བཅུ་སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །
སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་
བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །
ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །བསྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །དབང་པོ་རྟུལ་དང་རྣོན་པོ་དང་། །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་

སྐྱེས་ནས་དང་། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །དམིགས་པ་དང་ནི་རྣམ་པ་དང་། །སྒྱུ་དང་ཡོངས་སུ་
འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །དམིགས་པ་མི་རྟག་ལ་སོགས་པ། །
བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །གཟུགས་སོགས་འདུ་འགོད་གནས་བྲལ་དང་། །གནས་དང་བརྟགས་དང་བརྗོད་དུ་མེད། །གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོ་རང་བཞིན་མེད། །དེ་དག་
གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང་། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང་། །དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་
མེད་པར་རོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་བརྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་
རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་
སོ་སོར་རྣམ་པ་དགུ། །རྫས་དང་བརྟགས་པའི་རྟེན་ཅན་གྱིས། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང་། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་

ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །རྟོགས་པ་ཡི་ནི་ཆོས་དྲུག་དང་། །གཉེན་པོ་དང་ནི་སྤོང་བ་དང་། །དེ་དག་ཡོངས་སུ་གཏུགས་པ་དང་། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །སློབ་མ་ཐུན་མོང་མིན་ཉིད་དང་། །གཞན་གྱི་དོན་གྱི་གོ་རིམས་དང་། །
ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དག་ལ་
སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །སེམས་ཅན་ཀུན་
མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་
བཤད། །བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། །དམིགས་པ་མེད་དང་ལྡན་པ་དང་། །འཁོར་གསུམ་རྣམ་པར་དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་
པ་ཐེག་ཆེན་ལ། །འཛེགས་པ་ཡིན་པར་ཤེས་པར་བྱ། །བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་གཟུངས་
དང་ས་བཅུ་དང་། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་

བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་སྐུར་འདོད་དགའ་བ་དང་། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་
བར་ཤེས་པར་བྱ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །
འཁོར་བས་ཡོངས་སུ་མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །བསླབ་པ་ཡོངས་སུ་མི་གཏོང་དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་
དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང་། །མི་དགེའི་ལས་ཀྱི་ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །བློ་ངན་དང་ནི་ཉོན་མོངས་
བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །བསླངས་ན་མི་ཞུམ་བདོག་པ་ཀུན། །
བཏང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་རྒྱུ་དང་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པོ་ལ་
གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང་། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །རྣམ་ཐར་སྒོ་

གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་དག་ཉིད་དང་། །སྙིང་རྗེ་དང་ནི་རློམ་མེད་དང་། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང་། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་
སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ལ་ནི་མཁས་པ་དང་། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་
དང་ཉི་ཤུའོ། །སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་བརྩེ་བ་དང་། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བརྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །བསམས་བཞིན་སྲིད་པ་
ལེན་པ་དང་། །ལས་ནི་རྣམ་པ་འདི་བརྒྱད་བཤད། །སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་དང་། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་
འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །མཐོང་དང་སྒོམ་པའི་ལམ་དག་ལ། །གཟུང་
དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་དང་འབད་མེད་དང་། །མཐའ་ལས་འདས་པར་ངེས་འབྱུང་དང་། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། །རྣམ་པ་
ཐམས་ཅད་མཁྱེན་ཉིད་དང་། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་དང་

པོའོ།། །།ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། །ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་
དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་
གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །རང་བྱུང་བདག་ཉིད་རྟོགས་
པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །
འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་
ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །བདེན་དང་བདེན་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་
པ་འདི་བཤད་དོ། །དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང་། །ཆེན་པོ་ཚད་མ་མེད་བཅས་དང་། །ཚད་མེད་པ་དང་མཐའ་མེད་དང་། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །

བླང་མེད་དོར་བ་མེད་སོགས་དང་། །བྱམས་ལ་སོགས་པ་སྟོང་ཉིད་དང་། །སངས་རྒྱས་ཉིད་ནི་འཐོབ་པ་དང་། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང་། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །སྲོག་མི་
གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཀུན་ནས་ཞི་དང་ཐམས་ཅད་ལ། །བདུད་དང་ཉོན་མོངས་ལས་རྒྱལ་དང་། །
གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང་། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་
ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། །ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་
ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང་། །སངས་རྒྱས་རྗེས་སུ་ཡི་རང་དང་། །ཁམས་གསུམ་རྟོགས་པ་མ་ཡིན་
དང་། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །དེ་ཡི་ངོ་བོ་ཉིད་
མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་

དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། །ཟབ་མོའི་ཆོས་ལ་མ་མོས་དང་། །ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་
དད་མ་ཡིན་ཞིང་། །བཅད་དུ་མེད་པས་དག་པར་བརྗོད། །ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་
ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་
རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་གཉིས་པའོ།། །།ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་
མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་རྟོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །སྦྱིན་ལ་
སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་འཛུད་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །
མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་

ཤེས་བྱ། །གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པའི་སྦྱོར་བ་དང་། །མི་འགྱུར་བྱེད་པོ་མེད་ཉིད་དང་། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང་། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་
འདོད་པ་དེ་དང་ནི། །གཞན་ལ་རག་ལས་མེད་གང་དང་། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །
ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགགས་ལ་སོགས་དང་། །མཁའ་འདྲ་ཆགས་པ་སྤངས་པ་དང་། །ཡོངས་སུ་འཛིན་ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། །
གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པར་བྱེད་པ་དང་། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང་། །དངོས་དང་མིང་དང་གཉིས་པོ་
ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །དེ་ལྟར་འདི་དང་ཡང་འདི་དང་། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདི་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་
བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་གསུམ་པའོ།། །།གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །མེད་པའི་རྣམ་པ་
ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང་། །ལམ་ལ་དེ་ནི་བཅོ་ལྔར་བཤད། །རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །

དྲན་པ་ཉེར་གཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་དུ། །སུམ་ཅུ་
བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟན་དང་ཀུན་འདྲི་དང་། །སྦྱིན་དང་ཚུལ་
ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམས་བཞེད་དོ། །གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་
མེད་ཕྱིར་དང་། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་། །ངེས་འབྱུང་བར་ཆད་མེད་བཅས་དང་། །བྱང་ཆུབ་ཉེ་དང་མྱུར་བ་དང་། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང་། །གཟུགས་
སོགས་བསམ་མི་ཁྱབ་མི་མཐོང་། །གཟུགས་སོགས་དེ་ཡི་མཚན་མ་དང་། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། །དེ་ནི་དག་པ་མཚམས་དང་བཅས། །བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །སྐྱོན་ནི་བཅུ་
ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །གང་གི་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང་། །དེ་བཞིན་གཤེགས་པ་འབྱུང་བ་དང་། །འཇིག་རྟེན་འཇིག་མེད་བདག་
ཉིད་དང་། །སེམས་ཅན་སེམས་ཀྱི་སྤྱོད་པ་དང་། །དེ་བསྡུས་པ་དང་ཕྱིར་ལྟས་དང་། །མི་བཟད་པ་ཡི་རྣམ་པ་དང་། །ཆགས་བཅས་སོགས་དང་རྒྱ་ཆེན་དང་། །ཆེན་པོར་གྱུར་དང་ཚད་མེད་དང་། །རྣམ་ཤེས་བསྟན་དུ་མེད་པ་དང་། །སེམས་བལྟར་མེད་དང་ཤེས་པ་དེ། །

གཡོ་བ་ལ་སོགས་ཤེས་བྱ་དང་། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །སྟོང་ཉིད་མཚན་མེད་
བཅས་པ་དང་། །སྨོན་པ་རྣམ་པར་སྤངས་པ་དང་། །སྐྱེ་མེད་འགག་པ་མེད་སོགས་དང་། །ཆོས་ཉིད་རྣམ་པར་འཁྲུག་མེད་དང་། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །
དེ་ནི་ཉིད་ཀྱི་ཆོས་བསྟེན་ནས། །གནས་དང་གུས་པར་བྱ་བ་དང་། །བླ་མ་ཉིད་དང་མཉེས་པ་དང་། །དེ་ལ་མཆོད་དང་བྱེད་མེད་དང་། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང་། །མ་མཐོང་སྟོན་པར་མཛད་པ་དང་། །འཇིག་རྟེན་སྟོང་ཉིད་རྣམ་པ་དང་། །བརྗོད་དང་ཤེས་མཛད་མངོན་སུམ་
མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་
གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །བསམ་མི་ཁྱབ་དང་མི་མཉམ་དང་། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་བསྡུས་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང་། །སྒྲུབ་དང་ཡང་དག་
འགྲུབ་པ་དང་། །དམིགས་པ་བརྟན་དང་བཅས་པ་དང་། །མཐའ་དག་པ་དང་ཡོངས་འཛིན་དང་། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ། །གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཕན་དང་བདེ་དང་སྐྱོབ་པ་
དང་། །མི་རྣམས་ཀྱི་ནི་སྐྱབས་དག་དང་། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང་། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱིས། །འབྲས་བུ་མངོན་སུམ་མི་བྱེད་དག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཉོན་

མོངས་རྟགས་དང་མཚན་མ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང་། །ཆེད་དུ་བྱ་དང་མི་དམིགས་དང་། །མངོན་པར་ཞེན་པ་བཀག་པ་དང་། །དམིགས་པ་ཞེས་བྱ་གང་ཡིན་དང་། །མི་མཐུན་ཐོགས་པ་མེད་དང་དེ། །
གཞི་མེད་འགྲོ་མེད་སྐྱེ་མེད་དང་། །དེ་བཞིན་ཉིད་ནི་མི་དམིགས་དང་། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་
རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་
རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །བདག་ཉིད་སྡིག་
པ་ལས་ལྡོག་ཅིང་། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་
ཀྱིས་ཤེས་པར་བྱ། །ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་མི་ལྡོག་པ་ཡི་ཚོགས། །གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་
འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་ལྡོག་པ་དང་། །ཐེ་ཚོམ་མི་ངལ་ཟད་པ་དང་། །བདག་ཉིད་དགེ་བ་ལ་གནས་ཤིང་། །གཞན་དག་དེ་ལ་འགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་

དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་པ་དང་ནི་ཤེས་བཞིན་དང་། །གོས་ལ་སོགས་པ་གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་
སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང་། །སེམས་ཅན་དོན་དུ་དམྱལ་ཚོལ་དང་། །གཞན་གྱིས་བཀྲི་བར་མི་བཏུབ་དང་། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །སངས་རྒྱས་
དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་
ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །སེམས་བརྟེན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་
ཐབས་མཁས་དང་། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །འཚོ་བ་རྣམ་པར་དག་ཉིད་དང་། །ཕུང་སོགས་བར་ཆད་བྱེད་རྣམས་དང་། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་
བཀག་པ་དང་། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །
སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་

ངེས་རྟོག་སྒོམ་པའི་ལམ། །དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །
ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བས། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང་། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་
བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་ནི་མིན། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །སྐྱེ་བ་དང་ནི་འགག་པ་དང་། །དེ་བཞིན་
ཉིད་དང་ཤེས་བྱ་དང་། །ཤེས་དང་སྤྱོད་དང་གཉིས་མེད་དང་། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །སེམས་ཅན་འཇིག་རྟེན་དེ་
བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་ནི་འདས་པ་དང་། །མི་ཤེས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང་། །མ་ཆགས་
པ་དང་མི་དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་བཞི་པའོ།། །།
རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པར་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །འཛམ་བུའི་གླིང་གི་སྐྱེ་བོ་རྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་

དྲུག་བདག་ཉིད་དོ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བསྟན་པ་ཞེས་ནི་མངོན་པར་བརྗོད། །གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་
མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་
ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་
པ་དང་། །ཤེས་པའི་དམིགས་པ་མ་འཁྲུལ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དང་། །རང་གིས་རྟོགས་དང་བྱེད་པ་དང་། །དེ་ཡི་ལས་བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །སྲིད་དང་ཞི་བར་ལྟུང་བའི་ཕྱིར། །
རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང་། །ལམ་གྱི་རྣམ་པ་མ་ཚང་དང་། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། །ཆེད་དུ་བྱ་བ་ལོག་པ་དང་། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །
རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལ་འབྱུང་། །འཛིན་པ་དང་ནི་འདོར་བ་དང་། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པོ་དག་དང་ཉེ་འབྲེལ་དང་། །གནས་དང་མངོན་པར་ཞེན་པ་དང་། །ཆོས་ཀྱི་
དངོས་པོ་བརྟགས་པ་དང་། །ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་ལ་ལམ་མིན་ངེས་འཛིན་དང་། །འགག་དང་བཅས་པའི་སྐྱེ་བ་དང་། །དངོས་

པོ་ལྡན་དང་མི་ལྡན་དང་། །གནས་དང་རིགས་ནི་འཛིན་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང་། །དེ་
ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །
རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལས་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་
ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །དེ་ནས་སེང་གེ་རྣམ་བསྒྱིངས་པའི། །
ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་
མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟང་བས་ཡོངས་སུ་མ་
བཟུང་དང་། །དུས་གསུམ་ཡོན་ཏན་མེད་པ་དང་། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །བཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་

མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཐེག་པ་དམན་པ་ཡིད་བྱེད་དང་། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །སྒོམ་དང་སྒོམ་པ་མེད་པ་དང་། །དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་
བྱ། །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང་། །དངོས་པོར་བྱེད་དང་ཐེག་གསུམ་དང་། །ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །འཛིན་པར་བྱེད་པ་དང་
པོར་ཏེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །སེམས་ཅན་བཏགས་དང་དེའི་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་
སྒྲིབ་པ་རྣམ་གསུམ་དང་། །ཞི་ལམ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་མེད་དང་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །
ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡིས། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་
པ་ཀུན་དུ་རྟེན་པར་བྱེད། །སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་བ་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་
ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་པར་རྒོལ། །དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་བཟུང་བ་

དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །མཚན་
ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱིས་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་ལྔ་པའོ།། །།
སྦྱིན་པ་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་
དྲུག་པའོ།། །།སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡིས། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་
ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །
ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་བདུན་པའོ།། །།ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་

རང་བཞིན་མཚན་ཉིད་ཅན། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་<སྐྱ་‚སྐྱེ་>མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །
ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་
དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །
ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཉན་ཐོས་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་པ་མེད་
དང་རྟག་གནས་དང་། །དྲི་བ་ཀུན་ལན་འདེབས་པར་བཞེད། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་
འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །
མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་

བས་འབྲེལ་པ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་
ཡའི་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་
གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚེད་མཉམ་ཐགས་བཟང་དང་། །གྲངས་
ནི་བཞི་བཅུ་ཐམ་པར་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །འདི་ལ་མཚན་ནི་གང་གང་གིས། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་
འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་པ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་བར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་
དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་
གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །

སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །
དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །
ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་
པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་
དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་
ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་
པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་

རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་
དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་ཟློག་པ་དང་། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་རྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་
རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་འགོད་པ་
སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་བརྒྱད་པའོ།། །།མཚན་ཉིད་དེ་ཡི་སྦྱོར་བ་དང་། །
དེ་རབ་དེ་ཡི་གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་དེ་རྣམ་པ་དྲུག །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ་རྫོགས་སོ།། །།པཎྜི་ཏ་གོ་མི་འཆི་མེད་དང་། ལོ་ཙཱ་བ་
བློ་ལྡན་ཤེས་རབ་ཀྱི་འགྱུར།། །།

༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་བཞུགས། །

༄༅༅། །རྒྱ་གར་སྐད་དུ། པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་
འགྲེལ་པ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་
དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་
འཚལ། །དོན་གང་ཞིག་ཡིན་ཞེ་ན། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་ནི་
དེའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་བཤད་སྦྱར་དུ་བྱའོ་སྙམ་པས་རྣམ་པར་དགྲོལ་བར་བྱའོ། །ཞེས་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་འདི་སྦྱར་བར་དམ་བཅའ་བ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་རྣམས་བཤད་
པ་གང་། །གཞན་གྱིས་མྱོང་བ་མ་ཡིན་དེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་གཞག་ནས། །བློ་དང་ལྡན་པས་མཐོང་གྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་བརྩམ་པའི་དགོས་པ་ཡིན། །ཞེས་དེ་ལྟར་ཕྱག་འཚལ་བ་ཉེ་བར་བཀོད་པའི་
ཚིགས་སུ་བཅད་པས་ཡང་དག་པར་མཚོན་པའི་དོན་འདི་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཅི་མངོན་པར་རྟོགས་པའི་རྒྱན་འདི་གཞི་བསྡུས་པས་སམ། འོན་ཏེ་གཉེན་པོ་བསྡུས་པས་སམ། དེ་སྟེ་རྣམ་པ་བསྡུས་པས་རྒྱན་དུ་བྱེད་པ་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱ་

བ་ཡིན་ནོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། ཕྱོགས་དང་པོ་ལྟར་ན་ནི་འབད་པ་དོན་མེད་པ་ཡིན་ཏེ། མདོ་སྡེ་འདི་ལས་མཚན་ཉིད་ཀྱི་བསྟན་བཅོས་དག་ལས་མི་སྨོས་པའི་གཞི་གང་ཡིན་པ་དེ་བཤད་པ་ནི་མེད་དོ། །གཉིས་པ་ལྟར་ན་རྣམ་པར་བྱང་
བའི་དངོས་པོ་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་བསྡུས་པས་འདི་གང་གི་གཉེན་པོ་ཡིན་པ་རྟོགས་པར་མི་འགྱུར་རོ། །གསུམ་པ་ལྟར་ན་ཡང་རྣམ་པ་གཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར། དོན་རྟོགས་པ་མེད་པས་ཅུང་ཟད་ཀྱང་མ་བཤད་པ་ཡིན་ནོ་ཞེ་ན།
ཕྱོགས་གསུམ་ཅར་གྱིས་ཀྱང་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་ཐམས་ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་
དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་
ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་དུའང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་
ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་

གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱ་ལ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་སྟེ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་།
སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམ་པར་རབ་ཏུ་མཚོན་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་
གཤེགས་པས་ཐུགས་སུ་ཆུད་དེ་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ལ་འབད་པའི་རྟེན་ཅན། འབྲས་
བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན། སེམས་ཅན་མ་བསྡུས་པ་སྡུད་པ་དང་། སེམས་ཅན་ཡོངས་སུ་མ་སྨིན་པ་ཡོངས་སུ་སྨིན་པར་བྱེད་པ་
དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་གྲོལ་བར་བྱེད་པའི་འབྲས་བུ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་དང་། ཡང་དག་པའི་མཐའ་རྟོགས་པ་དང་། བག་ཆགས་ཀྱིས་
མཚམས་སྦྱོར་བ་སྤངས་པའི་འབྲས་བུ་ཅན་ཡིན་ནོ། །དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་རྣམས་བསྡུས་པས་མངོན་པར་རྟོགས་པ་ཡོངས་སུ་རྫོགས་པ་མཐའ་དག་བསྟན་པ་ཡིན་ནོ། །ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན། བཤད་པ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་
མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །
ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །
འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་
པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་
ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་
པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་

པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ་སྐད་ཅིག་མ། །གཅིག་
གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་ཡིན་ནོ། །ཚིག་ལེའུར་བྱས་པ་
བཅོ་ལྔས་མདོར་བསྡུས་པ་དང་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པར་རིག་པར་བྱའོ། །ཇི་ལྟར་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་བྱ་བ་ནས། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་བྱ་བའི་བར་
གྱི་ཚིག་ལེའུར་བྱས་པ་གཉིས་པོ་འདི་དག་གིས་ནི་མདོར་བསྡུས་པ་ཡིན་ནོ། །དེ་ལ་དངོས་པོ་བརྒྱད་ནི་འདི་ཡིན་ནོ། །འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་
པར་རྟོགས་པ་དང་། རྩེ་མོའི་མངོན་པར་རྟོགས་པ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་དང་། སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། ཆོས་ཀྱི་སྐུའོ། །སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་འབྱེད་ཡན་ལག་རྣམ་
བཞི་དང་། །ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བའི་བར་གྱི་ཚིག་ལེའུར་བྱས་པ་བཅུ་གསུམ་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དོན་བརྒྱད་པོ་དེ་རྣམས་ཀྱི་དངོས་པོ་བསྡུས་ཏེ་བསྟན་
པས་རྒྱས་པར་བཤད་པ་ཡིན་ཏེ། དེ་ལྟར་ན་མདོར་བསྡུས་པ་དང་རྒྱས་པར་བཤད་པའི་ཕྱིར་ལེགས་པར་བཤད་པ་ཡིན་ནོ། །དོན་གྱི་ལུས་རྣམ་པར་བཞག་པ་བརྗོད་ཟིན་ཏོ། །འདི་ཕན་ཆད་ནི་དོན་གང་ལ་ཁྱད་པར་ཅན་གྱི་རྣམ་པ་གང་གི་རབ་ཏུ་དབྱེ་བའི་ཆོས་གང་དག་བསྟན་པ་དེ་

དག་གི་གོ་རིམས་བསྡུ་བ་འབའ་ཞིག་བརྗོད་པར་བྱའོ། །དེ་ལ་རེ་ཞིག །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །འོན་ཏེ་འདོད་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། འདི་འདོད་པ་དང་དེ་འདོད་པས། །བྱང་ཆུབ་
སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་མདོ་ནས་བཤད་པ་གང་དག་ཡིན་པ་འདི་ཡིན་ནོ། །འདི་མཚན་ཉིད་ཅི་ཡིན་ཞེས་བྱ་བ་དེ་ཉིད་མི་ཤེས་ཏེ་དོན་དེ་གང་ཡིན་ཞེ་ན། འདི་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་འདི་ཉིད་ལས་དོན་དུ་གཉེར་བ་ཡིན་ནོ་ཞེས་
གསུངས་ཏེ་འདི་ལྟར་སེམས་བསྐྱེད་པའི་དུས་ན་བྱང་ཆུབ་སེམས་དཔའ་ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་དེ་ལྟར་དོན་དུ་གཉེར་བར་བྱེད་པ་ཡིན་ནོ། །འོ་ན་ནི་དེ་སེམས་
བསྐྱེད་པར་མི་འགྱུར་ཏེ། སེམས་ནི་ཡུལ་སོ་སོར་རིག་པའི་མཚན་ཉིད་ཅན་ཡིན་ལ། དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲེད་པ་ཡིན་པས་སོ་ཞེ་ན་དེ་ནི་དེ་ལྟར་བདེན་མོད་ཀྱི་འོན་ཀྱང་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་སངས་རྒྱས་ཉིད་ཀྱི་དོན་དུ་
སེམས་སྐྱེད་པར་བྱེད་པས་ན་འདིར་རྒྱུ་འབྲས་བུས་བསྟན་པ་ཡིན་ཏེ། དེ་ལྟར་ན་འདུན་ཅིང་དོན་དུ་གཉེར་བའི་དགེ་བའི་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་རྗེས་སུ་མཐུན་པར་འཕེལ་བར་འགྱུར་རོ། །ཡང་ན་དོན་དུ་གཉེར་བ་ཞེས་བྱ་བ་ནི་སྨོན་ལམ་ཡིན་ནོ། །སེམས་བསྐྱེད་
པའི་གནས་སྐབས་ནི་དོན་དུ་གཉེར་བ་གཙོར་གྱུར་པ་ཡིན་པས་ན་དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ལ་དོན་དུ་གཉེར་བ་བསྟན་པ་ཡིན་ཏེ། དེ་ལྟ་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་དང་ལྡན་པའི་སེམས་བསྐྱེད་པར་འགྱུར་བ་ཞེས་བྱ་བ་འཐད་པར་འགྱུར་
བ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་དེ་ཡང་གང་ཡིན་ཞེ་ན། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་བྱ་བ་གསུངས་ཏེ། དེ་དང་ཞེས་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་དེ་ནི་ཞེས་བྱ་བ་གཞན་གྱི་དོན་ཏོ། །

དེ་ལ་དེའི་བསྡུས་ཏེ་བསྟན་པ་འདི་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་དེའི་རྒྱས་པར་
བསྟན་པ་ནི་འདི་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་
གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་གཞན་གྱི་དོན་གྱིས་བསྡུས་ཏེ་བསྟན་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་
འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དེའི་རྒྱས་
པར་བསྟན་པ་ནི་འདི་ཡིན་ཏེ། སེམས་ཅན་སེར་སྣ་ཅན་རྣམས་ནི་སྦྱིན་པ་ལ། ཚུལ་ཁྲིམས་འཆལ་པ་རྣམས་ནི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་
གསུངས་པའོ། །དེ་ལྟར་སེམས་བསྐྱེད་པའི་མཚན་ཉིད་དམིགས་པ་དང་བཅས་པ་དང་ཆེད་དུ་བྱ་བ་དང་བཅས་པ་བརྗོད་ནས། ད་ནི་དེའི་རབ་ཏུ་དབྱེ་བའི་མཚན་ཉིད་རྣམ་པ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་མཛད་པ་ནི། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་
ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བསྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །

དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་འདུན་པ་དང་ལྡན་པ་ནི་ས་ལྟ་བུའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་བསྐྱེད་པའི་གཞིར་གྱུར་པའི་ཕྱིར་རོ། །གཉིས་པ་
བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་ལྟ་བུའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་གཏོང་བ་དང་ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར། ཡོངས་
སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་སྟེ། ཕ་རོལ་ཏུ་ཕྱིན་
པ་དྲུག་གིས་བསྡུ་བའི་ཕན་པ་དང་བདེ་བའི་བསམ་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་གནས་པས་ན་བསམ་པ་ཡིན་པའི་ཕྱིར་མ་འོངས་པ་དང་འདི་ལ་རྣམ་པར་འགྱུར་བ་མི་བསྟེན་པའི་ཕྱིར་རོ། །གསུམ་པ་ལྷག་པའི་བསམ་པ་དང་ལྡན་པ་ནི་ཡར་ངོའི་ཟླ་བ་ཚེས་
པ་ལྟ་བུའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་བྱའོ་ཞེས་བྱ་བ་ནས། མི་གཙང་བའི་འདུ་ཤེས་དགུ་བསྒོམ་པར་བྱ་བའི་བར་དང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་བསྒོམ་པར་བྱ་བའི་བར་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་སྟེ། དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་བར་བསམ་པ་ལྷག་པ་ཡིན་པའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱ་བས་སོ། །བཞི་པ་སྦྱོར་བ་དང་ལྡན་པ་ནི་མེ་ལྟ་བུའོ། །

ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང་། ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འདོད་པའི་བྱང་ཆུབ་
སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ནི་མཆོག་ཏུ་གྱུར་པའི་སྦྱོར་བ་རབ་ཏུ་སྦྱོར་བ་ཡིན་པས་ན་བུད་ཤིང་གི་ཁྱད་པར་གྱིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་
འགྲོ་བའི་ཕྱིར་རོ། །ལྔ་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་ལྟ་བུའོ། །སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པ་རྣམས་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་
འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཞེས་གང་གསུངས་པ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཚད་མེད་པ་ཚིམ་པར་བྱེད་ཀྱང་ཡོངས་སུ་གཏུགས་པ་མེད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་
བུའོ། །ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་རྣམས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་ཐམས་ཅད་ནི་དེ་ལས་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུའོ། །གནོད་སེམས་དང་ལྡན་པ་རྣམས་
བཟོད་པ་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཟོད་པ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་

པ་སྟེ། མི་འདོད་པ་ཐོག་ཏུ་བབས་པ་ཐམས་ཅད་ཀྱིས་འཁྲུག་པར་མི་ནུས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་ལྟ་བུའོ། །ལེ་ལོ་ཅན་དག་བརྩོན་འགྲུས་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་
སངས་རྒྱས་ཀྱི་བརྩོན་འགྲུས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། དེ་ནི་ཡིད་བརྟན་པས་མི་ཕྱད་པའི་ཕྱིར་རོ། །
དགུ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིའི་རྒྱལ་པོ་ལྟ་བུའོ། །སེམས་རྣམ་པར་གཡེངས་པ་རྣམས་བསམ་གཏན་ལ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་
གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་སྟེ། དེ་ནི་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར་རོ། །བཅུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་
ལྟ་བུའོ། །སེམས་ཅན་ཤེས་རབ་འཆལ་པ་རྣམས་ཤེས་རབ་ལ་རབ་ཏུ་འཇོག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་རབ་རྣམས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་སྟེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་པའི་ཕྱིར་རོ། །བཅུ་གཅིག་པ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུའོ། །
དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་མི་ཟད་པར་བྱེད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་བཟོད་པར་འདོད་པ་དང་། བསྐལ་

པ་བརྒྱ་སྟོང་དུ་ཡང་དག་པར་བསགས་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་ལ་ལྟོས་ནས་འདོར་བར་འདོད་པ་དང་། སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཞེས་གང་གསུངས་པ་སྟེ། དེ་ནི་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་
དོན་ཡོངས་སུ་མི་གཏོང་བ་ཡིན་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ་བདེན་པ་དང་གཏོང་བ་དང་ཤེས་རབ་ཉེ་བར་ཞི་བ་ལ་བརྟེན་པ་རྣམས་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་མཐོང་བའི་ལམ་གྱིས་བསྡུས་པ་ས་ལ་འཇུག་པའི་སེམས་ཡིན་ཏེ། འདི་
ལྟར་མདོ་ལས་གང་གི་ཚེ་སེམས་བསྐྱེད་པ་དང་ལྷན་ཅིག་སྐྱེས་པ་ན་བྱང་ཆུབ་སེམས་དཔའི་རིགས་སུ་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ནོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ནི་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་དུ་ཕྱོགས་པར་
གནས་པའི་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོ་གཉིས་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་འདོད་དོ། །ལ་ལ་དག་ནི་སངས་རྒྱས་ཀྱིས་བཅས་པའི་བསླབ་པ་ལ་བྱ་བར་འདོད་དོ། །ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱའོ་ཞེས་ཟེར་རོ། །གཞན་ནི་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཡབ་ནི་ཐབས་མཁས་པ་ཡིན་པས། དེ་དག་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་འདོད་དོ། །བཅུ་གཉིས་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །སངས་རྒྱས་ཀྱི་སྐུ་ཡོངས་སུ་
སྒྲུབ་པར་འདོད་པ་དང་། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཆོས་སྟོན་པས་གོ་བར་བྱེད་པར་འདོད་པ་དང་། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་གང་གསུངས་པ་སྟེ། དེ་ནི་ཇི་ལྟར་སྨོན་པའི་འབྲས་བུ་
འགྲུབ་པ་ཡིན་པའི་ཕྱིར་རོ། །བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཉི་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ།

དེ་ནི་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྒྲ་དབྱངས་སྙན་པ་ལྟ་བུའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་ཀྱི་ཚད་ཤེས་པར་འདོད་པ་
དང་། དེ་བཞིན་དུ་སྦྱིན་པ་འདི་ལྟར་བྱིན་པ་ནི་འབྲས་བུ་ཆེན་པོར་འགྱུ