Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 64

Văn bản gốc(Tây Tạng)

Trang 3 / 18 (50.000 ký tự/trang)
བྱིངས་ཀྱི་ཡེ་ཤེས་ནི་བདག་ཏུ་འཛིན་པའི་དངོས་པོ་དང་བྲལ་བའོ། །དེ་ནི་དོན་དམ་པའི་ཡེ་ཤེས་ཏེ། ཀུན་རྫོབ་ཀྱི་ཡེ་ཤེས་བཞི་བྱུང་བའི་ཕྱིར་ཡེ་ཤེས་འབའ་ཞིག་ལས་འབྱུང་
བའོ། །དེ་ནི་ཤེས་རབ་ལས་བྱུང་བས་ཤེས་རབ་མཚོན་ཆེན་ནོ། །དམ་ཆོས་ཐུགས་རྗེ་ཆོས་རྒྱལ་ནི་ཤེས་རབ་སྟེ། དེ་དང་ལྡན་པ་གཉིས་སུ་མེད་པའོ། །དེ་ལས་ཐམས་ཅད་ཀྱི་སྣང་བ་བསྐྱེད་པས་ན་གསལ་བར་ལྡན་ཏེ། དེས་ནི་བཅོམ་ལྡན་འདས་མི་བསྐྱོད་པ་ལ་བསྟོད་པའོ། །
ལེགས་པའི་ལམ་ཞེས་པ་ནས་གསང་སྔགས་འཛིན་ཞེས་པའི་མཐར་ནི་དང་པོ་ལམ་ཕྱིན་ཅི་མ་ལོག་པས་དོན་གྲུབ་སྟེ། ཤེས་བྱ་ཇི་ལྟ་བ་ཤེས་པ་དང་། བསམ་པ་ཤེས་ཏེ། ཁམས་དང་བག་ལ་ཉལ་གྱི་ཁྱད་པར་ཤེས་དགོས་ཏེ། རྟོགས་པ་ལ་རྟོག་པ་ཐམས་ཅད་སྤངས་ཤིང་དོན་དམ་
པར་ཀུན་རྫོབ་ཏུ་ལྷའི་སྐུ་སྒྱུ་མར་སྣང་བ་ལས། དབྱིངས་དེ་ལས་ཡོན་ཏན་ཟད་མི་ཤེས་པའི་འབྲས་བུ་འབྱུང་བས་ན་ཆོས་ཏེ། དབྱིངས་དེ་ལས་ཡོན་ཏན་ཟད་མི་ཤེས་པ་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཅིའི་ཕྱིར་ཞེ་ན་ཟད་མི་ཤེས་ཤེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་

ཞིང་དཔག་ཏུ་མེད་པས་ན་བསོད་ནམས་བསགས་པའི་ཕྱིར་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་རོ། །འོ་ན་དེས་གཞན་གྱི་རྒྱུད་ཇི་ལྟར་རིག་ཅེ་ན། ཤེས་རབ་ཀྱིས་གཏན་ལ་ཕབ་པའམ། ཡེ་ཤེས་རང་ལ་ཤར་ཏེ་ཇི་ལྟ་བར་རྟོགས་པས་ཀུན་རྫོབ་སྒྱུ་མ་ལྟར་སྣང་ཞིང་། ཐུགས་རྗེ་ཇི་སྙེད་པ་
རིག་པ་དེ་ཡེ་ཤེས་ལས་བྱུང་བས་ན་ཡེ་ཤེས་ལྡན་པ་ཡོད་མེད་ཤེས་སོ། །དེའི་ཕྱིར་དེའི་རྒྱུར་ཚོགས་གཉིས་བསྟན་པའི་ཕྱིར་ཚོགས་གཉིས་ཚོགས་ནི་བསགས་པ་ལས་འབྱུང་ངོ་། །འོ་ན་ཇི་ལྟར་ཚོགས་དེ་ཉིད་ཇི་ལྟ་བུ་ཞེ་ན། རྟག་ཏུ་སྦྱིན་པ་ལ་དགའ་བ་དང་། ཁྲོ་བ་ལས་རྒྱལ་བའི་བཟོད་
པ་དང་། ཉོན་མོངས་ལས་རྒྱལ་ཞིང་སེམས་རྣལ་དུ་ཞུགས་པའི་ཐབས་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་བསམ་པ་བརྟན་པོའི་བརྩོན་འགྲུས་དང་། དམིགས་བྱ་ལ་རྩེ་གཅིག་པའི་བསམ་གཏན་རྣམ་པར་འབྱེད་ཅིང་བློ་ཕུལ་དུ་ཕྱིན་པའི་ཤེས་རབ་ཚོགས་སོ། །གསང་སྔགས་ཀྱི་དབང་
དུ་བྱས་ནས་དུས་རྟག་ཏུ་ཀུན་རྫོབ་ལ་བརྟེན་པའི་ལྷའི་སྐུ་དང་མི་འབྲལ་བ་དང་། རྫོགས་པའི་རིམ་པ་ལ་བརྟེན་ནས་དོན་དམ་པར་ལྷན་ཅིག་སྐྱེས་པ་བློའི་མཆོག་བསྒོམ་པའོ། །འོ་ན་ཡིད་མི་གཡོ་ཞིང་སོ་སོ་རང་གིས་རིག་པ་ལས་འབྲས་བུ་ཅི་ཞེ་ན། མཆོག་གི་འབྲས་བུ་སྐུ་གསུམ་དང་ངོ་བོ་
ཉིད་ཀྱི་སྐུ་འབྱུང་སྟེ། དེ་ལ་ཆོས་ཀྱི་དབང་ཕྱུག་ནས་ཐམས་ཅད་སྤངས་ཞེས་པའི་མཐར་སྣང་བ་མཐའ་ཡས་ལ་བསྟོད་པའོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནས་བསོད་ནམས་ལྡན་པ་ཞེས་བྱ་བས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད། ཡེ་ཤེས་འབའ་ཞིག་ནས་སྐུ་གསུམ་འཆང་ཞེས་
བྱ་བ་ནི་ཡེ་ཤེས་སེམས་དཔའི་སྒོ་ནས་བསྟོད་པའོ། །དགའ་བར་མཛད་དང་ཆུ་ཡི་ལྷ། །ཡོན་ཏན་ལག་དང་གླང་པོའི་སྤོས། །ཟླ་བ་དང་ནི་ཟླ་བར་གྲགས། །གླང་ཆེན་སྟོབས་དང་ནོར་བུའི་གཙུག །དྲག་པོ་དང་ནི་སེང་གེ་མཆོད། །ངང་པའི་འགྲོས་དང་དོན་རྣམས་རྒྱལ། །ཤེས་རབ་བརྩེགས་
དང་ལེགས་པར་གནས། །བདུད་རྩི་ཤེས་དང་ལུས་བཟང་པོ། །ཡེ་ཤེས་ལྡན་དང་འོད་འཕྲོ་བ། །དཀའ་ཐུབ་གནས་དང་བཀྲ་ཤིས་འབྱུང་། །བདེན་པར་སྨྲ་དང་པདྨ་དང་། །མི་ཡི་ཐེག་དང་བདེ་བའི་ཕྱག །ཡེ་ཤེས་བློ་དང་བློ་དྲི་བྲལ། །ཚངས་སྦྱིན་དང་ནི་རིན་ཆེན་མཛོད། །མེ་ཏོག་ལྷ་དང་

ལེགས་བསམ་དོན། །དབང་ཕྱུག་ཆེ་དང་བློ་གྲོས་གྲགས། །རྣམ་པར་རོལ་དང་ཤེས་པའི་མཆོག །འོད་ཟེར་ཚོགས་དང་རིན་ཆེན་སྙིང་། །གྲོང་ཁྱེར་མཐོང་དང་ཟླ་བ་ཚེས། །ཡིད་ཀྱི་ཡུལ་དང་ཡོན་ཏན་གྲགས། །ཟླ་བའི་བསིལ་དང་གསལ་བ་དང་། །སེང་གེའི་
མདོག་དང་ལུགས་ལས་བཟློག །སྙིང་པོ་དཔལ་དང་དངོས་མཐར་སྟོན། །གློག་གི་འོད་དང་སེང་སྦྱིན་པ། །གཞན་གྱིས་མི་ཐུབ་རྒྱལ་བའི་ཏོག །རབ་གྲུབ་གྲགས་དང་བརྩོན་འགྲུས་བརྟན། །དཔེ་བྲལ་ཤིན་ཏུ་གྲགས་པའོ། །གཟུགས་སྐུ་དང་པོའི་སངས་རྒྱས་དང་། །ངོ་བོ་ཉིད་ཀྱི་སྐུ་ནི་
འོད་ཀྱི་སྒོ་ནས་འཁོར་བར་བཞུགས་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་པདྨ་ལ་དེ་བཞིན་གཤེགས་པའི་འོད་ཀྱིས་རྒྱས་པར་ཕྱེ་སྟེ། སྲིད་པའི་སྐྱེ་གནས་འགགས་ཏེ་སྲ་ཞིང་མཁྲེགས་པ་ཆོས་ཉིད་ཀྱི་སྐུ་དེ་ཡང་ཞལ་ལྔ་སངས་རྒྱས་ལྔའི་བདག་ཉིད་ཤེས་རབ་ཀྱི་སྤྱན་དཔྲལ་བ་ན་
རེ་རེ་ཡོད་པ་ཐབས་ཤེས་རབ་ཀྱི་འོད་ཀྱིས་བསྐྱེད་པས་ན། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པའོ། །ནམ་མཁའ་ལས་ཏེ་སྟོང་པ་ཉིད་དོ། །དེ་ལས་པདྨའི་སྦུབས་ནས་འཐོན་ཏེ་རང་འབྱུང་བའོ། །དེ་བཞིན་གཤེགས་པ་ལྔའི་འོད་
ཆེན་གཞན་གྱི་འོད་ཟིལ་གྱིས་གནོན་པ་ནི་དཔེར་ན་བསྐལ་པའི་མེ་ཡིས་ཐམས་ཅད་སྲེག་ཅིང་འོད་གཞན་ཟིལ་གྱིས་གནོན་པས་མུན་པ་ཐམས་ཅད་སེལ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔའི་འོད་དེ་ཡང་ཐམས་ཅད་ལ་སྣང་ཞིང་ཉན་ཐོས་དང་རང་སངས་རྒྱས་དང་། ལྷའི་འོད་ཟིལ་
གྱིས་གནོན་པ་འགྲོ་བ་རྣམས་སྨིན་པར་བྱེད་པའི་ཡེ་ཤེས་སྒྲོན་མ་ལྟ་བུའི་སྐུ་གཟི་བརྗིད་དང་ལྡན་པའོ། །སངས་རྒྱས་སྐུ་ལྔ་ཞེས་པ་ནས་ཤེས་པ་སྲིད་འབྱུང་ཞེས་བྱ་བའི་མཐར་དང་པོ་སངས་རྒྱས་ལ་བསྟོད་པའོ། །ཆོས་ལས་འབྱུང་སྟེ་སྒྲ་སྙན་མའོ། །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །
ཅེས་གར་མཁན་མའོ། །ནམ་མཁའ་རང་འབྱུང་ཞེས་བྱ་བ་ནི་སྒེག་མོའོ། །གཅིག་པུ་སྲ་མཁྲེགས་ཞེས་བྱ་བ་ནི་ཕྲེང་བ་མའོ། །ནང་གི་ལྷ་མོ་རྣམས་ལ་བསྟོད་པའོ། །ཤེས་རབ་ཡེ་ཤེས་བདུག་པ་མ། །འོད་ཆེན་མཛེས་མའི་མེ་ཏོག་མ། །ཡེ་ཤེས་སྐར་མ་དྲི་ཆབ་མ། །འགྲོ་བའི་མར་མེ་

མར་མེ་མའོ། །ཕྱིའི་ལྷ་མོ་རྣམས་ལ་བསྟོད་པའོ། །མར་མེ་ཆེ་དང་འཇིག་རྟེན་འོད། །དཔའ་བོ་དྲི་དང་ཡོན་ཏན་འཛིན། །མུན་པ་བྲལ་དང་སེང་གེ་སྤྲོ། །རིན་ཆེན་གྲགས་དང་ཞི་བར་སྦྱིན། །ཡིད་སྐྱེས་ཟླ་དང་ལེགས་པར་སྟོན། །རི་བོ་རྩེ་དང་ཆོས་འབྱུང་གནས། །དོན་རྣམས་ངེས་དང་
ཆོས་སྦྱིན་དང་། །རིན་ཆེན་གནས་དང་དབང་པོ་རྒྱལ། །སེང་གེ་མནན་དང་བློ་ཡི་གནས། །སྐལ་བྲལ་གདུགས་དང་ཐམས་ཅད་དཔལ། །སེང་གེའི་སྒྲ་དང་ཐམས་ཅད་འཕགས། །ཀླུ་ཡི་འོད་དང་ཡོན་ཏན་ཕྲེང་། །མེ་ཏོག་རི་དང་དབྱངས་ལྡན་དོན། །དང་པོའི་སངས་རྒྱས་དང་
ཕྱི་ནང་གི་ལྷ་མོ་རྣམས་ཀྱི་མཚན་ནོ། །དེ་ལྟ་བུས་འགྲོ་བའི་དོན་བྱེད་པ་ནི་ཏིང་ངེ་འཛིན་སྒྱུ་འཕྲུལ་དྲ་བ་སྟེ། སྔགས་མཆོག་ཅེས་བྱ་བ་ནས་གསང་སྔགས་རྒྱལ་པོ་ཞེས་བྱ་བས་སྒྱུ་འཕྲུལ་དྲ་བའི་རྣམ་པར་འཕྲུལ་པ་གཙོ་བོ་དང་ཡུམ་དང་འཁོར་བསྟན་ཏོ། །དོན་ཆེན་བྱེད་ནི་གདུལ་བྱ་དག་
པའི་དོན་དུ་བསྟན། གཙུག་ཏོར་ཆེན་པོ་ནི་དང་པོའི་སངས་རྒྱས་ནུབ་པའོ། །དེ་ལ་ལྷ་མོ་གསང་བའི་ཡུམ་བཞིའོ། །ངོ་མཚར་བ་ཡི་བསྟོད་པ་ནི་རྨད་དུ་བྱུང་ངོ་། །དེ་ནས་ནམ་མཁའ་ལ་བཅོམ་ལྡན་འདས་སེང་གེའི་སྟེང་ནས་འོད་ཟེར་སྣ་ཚོགས་བཀྱེ་བའི་སྐུ་སྣ་ཚོགས་པ་བསྟན་པ་
སྐུའི་མཆོག་ཏུ་གྱུར་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འགྲོ་བ་ཀུན་དགའ་བ་དང་བདེ་བ་ལ་དགོད་པ་སྣ་ཚོགས་པའི་སེམས་ཅན་ཐམས་ཅད་དད་པར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་པའོ། །འཁོར་ཁྲོ་བོ་དྲང་སྲོང་ཁྲོས་པ་ལྟ་བུ་གར་གྱི་ཉམས་དགུ་དང་ལྡན་པ། རིགས་
གསུམ་གྱི་བདག་པོ། གསང་བ་གསུམ་གྱི་བདག་པོ། ལྷ་དང་ལྷ་མོ་ཐམས་ཅད་ཀྱི་གསང་བ་འཛིན་པའི་རྟགས་སུ་རྡོ་རྗེ་འཛིན་པ་དེའི་ནང་ནས་གཙོ་བོ་ཕྱག་ན་རྡོ་རྗེའི་ལྟེ་བ་ལ་ཆོས་འབྱུང་དང་། རང་འབྱུང་གི་མཆོད་རྟེན་དང་། གཞལ་ཡས་ཁང་གིས་ནི་ཆོས་མཚོན། ལྷའི་རྣམ་པས་སངས་རྒྱས། མཚན་གྱིས་
དགེ་འདུན་ཏེ། དཀོན་མཆོག་གསུམ་འཛིན་པའོ། །དེས་ཐེག་པ་གསུམ་སྟོན་པ་པོ་ལ་ཞུས་ཏེ། དེས་འབྲས་བུ་གསུམ་བསྟན་ནས་སེམས་ཅན་ཐེག་པ་གསུམ་ལ་དགོད་དེ། འབྲས་བུ་དོན་ཡོད་པར་བྱེད་པའི་ཡེ་ཤེས་པ་ཞགས་པ་ལྟ་བུས་ཉོན་མོངས་པ་ལས་རྒྱལ་བར་བྱེད། ཐུགས་རྗེའི་ཞགས་

པས་ཉོན་མོངས་པའི་སེམས་ཅན་སྡུད་པ་དང་། ལོག་པར་ལྟུང་བ་འཛིན་པ་དང་། དེ་ཡང་རྡོ་རྗེ་ལྟར་དབྱེར་མེད་པའི་ཐུགས་རྗེས་འཛིན་ཅིང་ཤེས་རབ་ཀྱི་སྡུད་པར་མཛད་པའོ། །དེ་ལྟར་རང་འབྱུང་གི་སྐུ་དེས་དཀྱིལ་འཁོར་བསྟན་ནས། ནང་གི་བསྟན་པ་ནི་ཟླ་བ་
དང་སྒྲོན་མེ་བས་མཆོག་དང་འདྲ་བ་ནི། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་བྱ་བས་ཐབས་ཀྱི་རྒྱུ་བསྟན་ཏེ། གཙུག་ཏོར་ཆེན་པོ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་ཟུང་དུ་འཇུག་པའི་སྐུའོ། །དེ་ནི་དྲང་སྲོང་ཆེན་པོ་རྣམས་ལ་སྐུ་གསུང་ཐུགས་ཀྱི་ས་བོན་
དང་བཅས་ནས་བསྟན་པའོ། །ཡང་ཤེས་རབ་ཀྱི་དོན་ནི་སྔགས་མཆོག་གསང་བའི་སྔགས་སྟོན་ཏེ། རྨད་དུ་བྱུང་བའི་ཁྱད་པར་རོ། །དེ་ཡང་ལྷན་ཅིག་སྐྱེས་པས་སྟོན་ཅིང་འབྲས་བུ་མཆོག་སྟེ། བོ་དྷི་དང་སྣ་ཚོགས་གཟུགས་ཅན་མ་ལ་སྟོན་ཏོ། །ཨ་ཧཾ་མཉམ་པ་ཉིད་དུ་སྟོན་པ་དེའི་ཕྱིར།
འཆད་པ་པོ་ང་ཆོས་ཀྱང་ང་། །དེ་བཞིན་ཉན་པའི་ཚོགས་ལྡན་ངའོ། །འོ་ན་ཐེག་པ་ཡང་གཅིག་པུ་ཞེ་ན། དོན་ཡོད་ཞགས་པ་ཞེས་བྱ་བའི་ཁྲོ་བོ་གསུམ་རྟོགས་པ་ཐ་དད་པ་མིན་རྟོགས་པ་གཅིག་པའོ། །གཟི་བརྗིད་ཅེས་བྱས་ཉི་མའི་དཔལ། །སྔགས་མཆོག་ཅེས་བྱ་ཏོག་གི་
དཔལ། །རིག་སྔགས་རྒྱལ་དེ་བཞད་པའི་དཔལ། །གསང་སྔགས་རྒྱལ་ཏེ་རིན་ཆེན་དཔལ། །ཞེའོ། གཙུག་ཏོར་ཞེས་བྱས་མ་ཆགས་ཆོས། །རྨད་བྱུང་ཞེས་བྱས་སེམས་དཔའ་གཅོད། །ཚིག་རྐང་གཉིས་ལ་གོ་རིམས་བཞིན་དུའོ། །འགྲོ་ཀུན་ཞེས་པ་ནས་གསང་སྔགས་ཞེས་
བྱ་བས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ལ་ལེགས་པར་སྦྱར་རོ། །གཙོ་བོ་དཀོན་མཆོག་ནས་སྟོན་པ་པོ་ཞེས་བྱ་བས་ནི། སེམས་དཔའ་གཉིས་ནི་གོ་རིམས་བཞིན། །དམ་ཚིག་ཅེས་བྱས་གནོད་སྦྱིན་དང་། །གསང་སྔགས་ཞེས་བྱས་ཁུ་ཚུར་རོ། །དོན་ཡོད་ཞགས་པ་དྲིལ་བུ་མ། །
འཛིན་པ་ཞེས་བྱ་ལྕགས་ཀྱུ་མ། །རྡོ་རྗེ་ལྕགས་ཀྱུ་ལྕགས་སྒྲོག་སྟེ། །ཞགས་པ་ཞགས་པ་ཆེ་ཞེས་བརྗོད། །དབང་ཕྱུག་དྲི་དང་ཤིན་ཏུ་དགའ། །སྟོབས་ཀྱི་ལྷ་དང་བདེན་པར་སྨྲ། །ཀླུ་ཡི་ཕྱག་དང་རྒྱལ་མཚན་གཟུགས། །རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ། །བདུད་རྩི་བྲོ་དང་ཉི་མ་འཆར། །

བློ་རབ་ཞི་དང་གཟུགས་མཐའ་ཡས། །རྒྱལ་བའི་བློ་དང་སྣང་བར་མཛད། །རིན་ཆེན་ཏོག་དང་དོན་གྲུབ་དང་། །ཡིད་འདོད་པ་དང་ཉོན་མོངས་བྲལ། །ལེགས་པར་ཞི་དང་རྟོག་པ་འཆང་། །མེ་ཏོག་དང་ནི་དབང་པོ་རྒྱལ། །གཟི་བརྗིད་ཅན་དང་དོན་སྟོན་མཛད། །དོན་གནས་ཅན་དང་མི་
ཤིགས་གྲགས། །ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་མ་ཚང་། རྒྱལ་བ་ལྔ་ལ་སུམ་ཅུ་རྩ་ལྔ་ལྔས་ཐབས་ཤེས་རབ་ཀྱི་ཚུལ་གྱིས་གཉིས་གཉིས་སྤྲོས། བསྡུས་པས་བརྒྱ་དྲུག་ཅུས་བསྟོད། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྟན་ཏོ། །རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་
བསྟན་པ་ནི་དབུས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་ཕྱག་ས་གནོན་ནོ། །གཞན་གོང་དང་མཐུན་ནོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་ནི་ལོག་པར་ལྟ་བའི་མཚན་ནོ། །ཧ་ལ་ཧ་ལ་ནི་མདོག་གོ། །གདོང་བརྒྱ་པ་ནི་ཐོད་པའི་ཕྲེང་བའོ། །ཁྲོ་བོའི་
རྒྱལ་པོ་ནི་སྐུའི་རྣམ་པའོ། །ཀེང་རུས་མཆེ་བ་ནི་ཕྱག་མཚན་ནོ། །གདུལ་བྱ་ཞེ་སྡང་ཅན་ནོ། །སྐུའི་ཁྲོ་བོ་ནི་གཤིན་རྗེ་གཤེད་དོ། །རྡོ་རྗེ་ཤུགས་ཅན་ནི་ཕྱག་མཚན་ནོ། །རྡོ་རྗེ་གྲགས་པ་ནི་རྡོ་རྗེ་རྩེ་གསུམ་པའི་རྒྱན་ནོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ནི་སྐུའི་རྣམ་པའོ། །སྙིང་པོ་མཁའ་འདྲ་
བ་ནི་སྐུ་མདོག་གོ། །གདུལ་བྱ་ནི་གཏི་མུག་ལས་གྱུར་པའི་ཞེ་སྡང་ངོ་། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་བས་གཙོ་བོ་ལ་བསྟོད། ཀེང་རུས་མཆེ་བ་ཞེས་བྱ་བས་ནི་རྣམ་པར་སྣང་མཛད་ལ་བསྟོད། གཤིན་རྗེ་གཤེད་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་ལ་བསྟོད། སྒྱུ་འཕྲུལ་ཞེས་བྱ་བས་
ནི་སྣང་བ་མཐའ་ཡས་ལའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བས་ནི་དོན་ཡོད་གྲུབ་པ་ལའོ། །རྡོ་རྗེ་འཇིགས་བྱེད་ལས་འཇིགས་བྱེད་དང་དུར་ཁྲོད་བདག་གོ། །འཇོམས་མཛད་རྒྱལ་དང་ཁམས་གསུམ་རྒྱལ། །སྒྱུ་འཕྲུལ་དྲ་བས་རྡོ་རྗེ་རྣམ་པར་འཕྲུལ། །ཕྱག་ན་རྡོ་རྗེ་དབང་བསྐུར་བས། །རྣམ་པར་
འཇོམས་དང་མེ་ལྟར་འབར། །རྡོ་རྗེ་རྒྱན་ལས་བི་ལོ་ཀི། །རིག་པ་མཆོག་ལས་གཞན་གྱིས་མི་ཐུབ་པ། བདེ་མཆོག་ལས་རྟ་མཆོག་གོ། །རྡོ་རྗེ་འདུས་ལས་ཁུ་ཚུར། དོན་ཡོད་ཞགས་པ་ལས་འདོད་པའི་རྒྱལ་པོ། རྡོ་རྗེ་ཐོད་པ་ལས་ཟླ་བའི་གཙོ། གསང་བ་འདུས་པ་ལས་གནོད་མཛེས།

རྣམ་སྣང་དྲ་བ་ལས་ཧཱུཾ་མཛད། དམ་ཚིག་ཆེན་པོ་ལས་རྡོ་རྗེ་གནོད་སྦྱིན། ཟླ་གསང་ཐིག་ལེ་ལས་རྡོ་རྗེ་ལྕགས་ཀྱུ། གཉིས་མེད་མཉམ་སྦྱོར་ལས་བདུད་ཀྱི་སྡེ་པ། ཟླ་གསང་ཐིག་ལེ་ལས་པདྨ་འཁྱིལ་པའོ། །ཁྲི་དྲུག་སྟོང་པ་ལས་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཁྲག་
འཐུང་། འབྱུང་པོའི་ཕྱིས་ཞགས་ནས་རྡོ་རྗེ་ལྕགས་སྒྲོག །རྡོ་རྗེ་ས་འོག་ནས་སྟོབས་པོ་ཆེ། རྡོ་རྗེ་རྒྱན་ནས་རྡོ་རྗེ་ཞགས་པ། གསང་བའི་མཛོད་ནས་མི་གཡོ་བ། སྒྱུ་འཕྲུལ་དྲ་བ་ནས་དྲག་པོ་ཆེན་པོ། ཅོད་པན་ནས་དྲག་པོ་ཆེན་པོ་དང་རྡོ་རྗེ་འཁོར་ལོའོ། །གསུང་གི་ཁྲོ་བོ་ནི་མི་གཡོ་བའོ། །
རལ་པ་གཅིག་ནི་སྐུའི་རྣམ་པའོ། །གླང་ཆེན་ཀོ་རློན་ནི་རྒྱན་ནོ། །མཁའ་འདྲ་བ་ནི་སྐུ་མདོག་གོ། །གདུལ་བྱ་ནི་འདོད་ཆགས་ལས་གྱུར་པ་ཞེ་སྡང་ངོ་། །དྲག་ཆེན་སེམས་མ་རྡོ་རྗེ་མ། །ཧི་ཧི་རིན་ཆེན་རྡོ་རྗེ་མ། །གད་མོ་ལས་ཀྱི་རྡོ་རྗེ་མ། །རྡོ་རྗེ་པདྨའི་རྡོ་རྗེ་མའོ། །འཇིགས་བྱེད་ཆེ་དང་ནམ་
མཁའི་མདོག །དྲག་ཤུལ་འཇོམས་དང་རྡོ་རྗེའི་བདག །བདུད་སྡེ་འཇོམས་དང་ཞགས་པ་ཆེ། །ནག་པོ་ཆེ་དང་ཞེ་སྡང་འཇོམས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །དང་པོ་སེམས་དཔའ་ལེགས་པ་སྟེ། །གཉིས་པ་རྒྱལ་པོ་ཆགས་པའོ། །རྡོ་རྗེ་དྲག་པོ་རིན་ཆེན་དཔལ། །དགའ་བ་ཆེ་ནི་
ཉི་མའི་དཔལ། །རྡོ་རྗེ་ཧཱུཾ་དང་མདའ་ཐོགས་ལ། །སེམས་དཔའ་གཉིས་ནི་རིམ་བཞིན་ནོ། །རྡོ་རྗེ་རལ་གྲི་མ་ལུས་ནས། །རྡོ་རྗེ་ཅན་ཞེས་བྱ་བས་ནི། །སེམས་དཔའ་གཉིས་ནི་རིམ་བཞིན་དུའོ། །རྡོ་རྗེ་གཅིག་པུ་སེམས་ཀྱི་རྒྱུད། །གཡུལ་སེལ་བས་ནི་གསལ་བར་སྨྲའོ། །རྡོ་རྗེ་འབར་བས་
བསྲུང་བ་སྟེ། །མིག་མི་བཟང་ནི་ཁུ་ཚུར་རོ། །སྐྲ་ཡང་རྡོ་རྗེ་འབེབས་པ་ཆེས། །དེས་ནི་སེམས་དཔའ་གཉིས་ལ་བསྟོད། །འོད་ཟེར་འཕྲོ་དང་བདུད་སྡེ་འཇོམས། །དྲག་ཤུལ་འཇོམས་དང་ཤུགས་ཆེན་ནོ། །ཤིན་ཏུ་ཁྲོས་དང་ཁྲག་འཛག་དང་། །ཐོད་པ་འཆང་དང་ཨུཏྤལ་མདོག །རྡོ་རྗེ་
འདུས་དང་ཕྲིན་ལས་མཛད། །གཏུམ་ཁྲོ་འབར་དང་གྲགས་ཆེན་པོ། །ཁམས་གསུམ་འཇོམས་དང་དྲག་པོའི་སྟོབས། །ཐལ་བའི་མདོག་དང་མ་ཧེའི་ཞལ་ལོ། །རྡོ་རྗེ་སེམས་དཔའ་ནས་དགའ་བ་ཆེ་ཞེས་བྱ་བས་མཚན་ནོ། །མཚོན་དུ་ནས་གཡུལ་སེལ་བས་ནི་ཕྱག་མཚན་འདི་དང་འདི་འཛིན་

པའོ། །རྡོ་རྗེ་འབར་བ་ནས་བརྒྱན་པ་སྟེ་ནི་སྐུ་འདི་ལྟ་བུ་ལ་རྒྱན་གྱི་རྣམ་པ་འདི་ཞེས་པའོ། །ཡི་གེ་དྲུག་པ་ནས་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ནི། དེ་ལ་གསུང་འདི་དང་འདི་སྒྲོགས་ཞེས་བྱ་བའོ། །རྡོ་རྗེ་ལྕགས་ཀྱུ་འབེབས་པ་ཞགས་པའོ། །མིག་བརྒྱ་ལྕགས་སྒྲོགས་རྡོ་རྗེ་དྲིལ་བུའོ། །
ལུས་ནི་ནས་པགས་པ་མཁྲེགས་ཞེས་བྱ་བས་ནི་ཕྱིའི་ལྷ་མོ་བཞི་ལ་གོ་རིམས་བཞིན་དུའོ། །རྡོ་རྗེ་ཕྲེང་ཐོགས་ཕྲེང་བ་མ། །དཔལ་དང་ལྡན་ནི་སྒེག་མོ་མའོ། །རྡོ་རྗེ་རྒྱན་ནས་ངེས་པར་ཞེས་བྱ་བས་གོ་རིམས་བཞིན་དུ་གཉིས་ལ་བསྟོད་དོ། །ཡི་གེ་དྲུག་པ་བྱམས་པ་སྟེ། །རྡོ་རྗེ་སྒྲ་ནི་སྤོས་
གླང་པོ། །འཇམ་པའི་དབྱངས་ཏེ་སྒྲ་ཆེན་ནི། །ཡེ་ཤེས་ཏོག་ཅེས་བྱ་བའོ། །འཇིག་རྟེན་ཞེས་བྱ་བཟང་སྐྱོང་སྟེ། །གསུམ་ནི་བློ་གྲོས་རྒྱ་མཚོ་སྟེ། །སྒྲ་གཅིག་བློ་གྲོས་མི་ཟད་པའོ། །ནམ་མཁའི་ཞེས་པ་སྤོབས་བརྩེགས་སོ། །མཐའ་ཀླས་ཞེས་པ་མཐུ་ཆེན་ཐོབ། །སྒྲ་སྒྲོགས་ཞེས་པ་
ངན་སོང་འདྲེན། །སྒྲ་དང་ལྡན་པ་མྱ་ངན་འཇོམས། །རྣམས་ཀྱིས་དྲ་བ་ཅན་ལ་བསྟོད། །མཆོག་ཅེས་ཟླ་འོད་གཞོན་ནུ་ལ། །བརྒྱན་པས་འོད་དཔག་མེད་ལ་བསྟོད། །གད་རྒྱངས་ནམ་མཁའི་མཛོད་ལའོ། །བདུད་རྩི་ཕྱག་དང་ནམ་མཁའི་མདོག །དྲ་བའི་འོད་འཕྲོ་མི་ཤིགས་རྣམས། །
ཐུགས་རྗེ་ཞགས་དང་རིན་ཆེན་ཞགས། །པདྨ་ཁྲོས་དང་རྡོ་རྗེ་ཁྲོས། །ལས་ཀྱི་ཁྲོས་དང་རིན་ཆེན་ཁྲོས། །འབར་བའི་འོད་དང་དབྱུག་པ་ཅན། །འཇམ་དཔལ་ཁྲོས་དང་དཔའ་བོ་ཆེ། །གཤིན་རྗེ་གཤེད་དང་བརྟུལ་ཞུགས་ཆེ། །ཐབས་ཆེན་རྫོགས་དང་སྟོབས་པོ་ཆེ། །རྒྱུད་སྡེ་ལྔ་བཅུ་རྩ་
གསུམ་ལས་མཚན་ནི་བདུན་ཅུ་རྩ་ལྔ། རྒྱལ་བ་ལྔ་ལ་བཅུ་བཞི་བཅུ་བཞི་ཐབས་དང་ཤེས་རབ་ཚུལ་དུ་སྤྲོའོ། །ཚིགས་སུ་བཅད་པ་རྐང་པ་གཅིག་མ་ཚང་སྟེ་བཅུའོ།། །།ད་ནི་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ནི་དབུས་སྣང་བ་མཐའ་ཡས་དང་། དང་པོའི་སངས་རྒྱས་རྩ་བའི་ཞལ་
དམར་པོ། འཁོར་ལོ་དམར་པོ་གཞན་གོང་དང་མཐུན། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བས་ཟབ་པ་བསྟན་ཏོ། །དེ་ཡང་སྨྲ་བ་དང་བརྗོད་པ་ཐམས་ཅད་དང་བྲལ་ཏེ་ཡི་གེ་མེད་ཅེའོ། །འོ་ན་བརྗོད་པ་དང་བྲལ་ན་རྟོགས་པར་ནུས་སམ་ཞེ་ན། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་གིས་

ནུས་ཤེའོ། །ཇི་ལྟ་བས་ཤེ་ན། རྒྱ་ཆེ་བས་ཟབ་མོ་སྟོན་ཏོ། །ཟབ་ཅིང་རྒྱ་ཆེ་ཞེས་པའོ། །དཔེར་ན་བྱིན་རླབས་ལས་སྒྲ་བྱུང་བ་བཞིན་དུ་རང་ལས་སོ། །དུང་ཆེན་ནི་ཟབ་པའི་དཔེའོ། །གཎྜཱི་ནི་མེ་ལོང་ལྟ་བུའི་དཔེའོ། །རྔ་ནི་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་མཉམ་
པ་ཉིད་ཀྱི་དཔེའོ། །དེ་ལྟར་གོང་མ་ནི་ཟབ་པའི་དཔེའོ། །འོག་མས་རྒྱ་ཆེ་བའི་དཔེའོ། །འོ་ན་རྒྱ་ཆེ་བའི་དོན་ཇི་ལྟར་སྟོན་ཞེ་ན། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་ཏེ་གཟུགས་མེད་པ་དང་། གཟུགས་དང་འདོད་པ་ལ་སོགས་
པའི་སྣ་ཚོགས་པའི་གཟུགས་ཀྱིས་སོ། །འོ་ན་གཅིག་དུ་མར་སྣང་བ་ཅང་འཐད་དམ་ཞེ་ན། ཡིད་ལས་སྐྱེས་པ་དང་སྣང་བ་དུ་མར་སྣང་བའི་ཕྱིར་རོ། །ཐམས་ཅད་དུ་ཁྱབ་པའི་གཟུགས་ཁྱད་མེད་ཅེ་ན། གཟུགས་བརྙན་མ་ལུས་འཆང་བའི་མཚུངས་པ་མེད་ཅིང་སྟེ། འདྲ་བ་མེད་
པའི་བཅོམ་ལྡན་འདས་ནི་ཆེ་བའི་བདག་ཉིད་ཀྱི་སྐུ་དུ་མས་སོ། །ཆེ་བའི་བདག་ཉིད་ཀྱི་སྐུ་དུ་མར་གཞན་གྱིས་ཀྱང་ནུས་སོ་ཞེ་ན། ཁམས་གསུམ་དབང་ཕྱུག་དང་ཆེན་པོའི་བདག་ཉིད་ཡིན་པས་སོ། །དེའི་རྒྱུ་མཚན་ཅི་ཞེ་ན། འཕགས་པའི་ལམ་ཤིན་ཏུ་མཐོ་ལ་གནས་པའི་ཕྱིར་རོ། །དེ་
བས་ན་ཐམས་ཅད་འཇམ་དཔལ་ཡིན་ཞིང་གཟུགས་མེད་ཀྱི་ཁམས་དང་། གཟུགས་ཁམས་དང་འདོད་ཁམས་ཀྱི་བདག་པོར་གྱུར་པའོ། །དེ་ཡང་ཐམས་ཅད་ལ་སྟེ། ཟབ་མོ་མཚོན་ཏེ། འཇིག་རྟེན་གྱི་དེ་ཉིད་ཤེས་ཤིང་ལེགས་པའི་ལམ་སྟོན་པས་ནི་སློབ་དཔོན་ནོ། །སློབ་དཔོན་
དེས་བསྟན་པའི་ཡོན་ཏན་ནི་འཇིགས་པ་སེལ་ཞིང་མགོན་སྐྱབས་ཡིད་བདེ་བ་སྐྱེད་པས་ན་དེ་ལ་ཕྱག་དང་བཀུར་སྟི་བྱ་བར་འོས་པའི་ཕྱིར་རོ། །རྒྱ་ཆེན་པོས་དོན་བྱེད་དེ་ནམ་མཁའི་མཐའ་ཞེས་བྱ་བའོ། །དེ་ཡང་ཟད་མི་ཤེས་པས་ལྡན་པས་མཚོ་ཞེས་བྱའོ། །ཡང་དག་བདག་མེད་ནས་ཁྱུ་
མཆོག་ཅེས་བྱ་བའི་མཐར་པདྨ་རྡོ་རྗེ་མ། ཟབ་ཅིང་ནས་དགྲ་ཆེའི་མཐར་རིན་ཆེན་རྡོ་རྗེ་མའོ། །མི་གནས་ནས་དམ་པའི་མཐར་སེམས་མ་རྡོ་རྗེ་མའོ། །སྣ་ཚོགས་ནས་ཆེ་བར་གྲགས་ཀྱི་མཐར་ལས་ཀྱི་རྡོ་རྗེ་མའོ། །ཁམས་གསུམ་ནས་ཡེ་ཤེས་རྒྱ་མཚོའི་མཐར་སྣང་བ་མཐའ་ཡས་དབུས་

ཀྱི་གཙོ་བོ་ལ་བསྟོད་པའོ། །ཡོན་ཏན་འོད་དང་ཁྱད་པར་ཆེ། །རྣམ་ཤེས་གྲགས་དང་ཀུན་དུ་གྲགས། །ཟླ་བ་གང་དང་པདྨའི་འོད། །དཀའ་ཐུབ་རྒྱལ་དང་མར་མེ་རྒྱལ། །གློག་གི་ཏོག་དང་རྒྱལ་བའི་འོད། །གསང་བ་ལྡན་དང་དཔེ་བྲལ་གྲགས། །པདྨ་གྲགས་དང་མེ་ཏོག་མཚན། །
སྤྱན་མཆོག་བཟང་དང་གྲགས་མེད་དོན། །དྲག་པོ་སྡེ་དང་བསོད་ནམས་འོད། །ཁྱད་པར་ཅན་དང་ཐོགས་མེད་བློ། །སྒྲ་གཅན་འཛིན་དང་ཡེ་ཤེས་འོད། །གྲགས་ལྡན་དང་ནི་ཡེ་ཤེས་དབང་། །སྐར་མའི་ཏོག་དང་རཱ་ཧུ་ལ། །སྨན་ཆེན་པོ་དང་སྨན་རྒྱལ་པོ། །བསོད་ནམས་གླང་པོ་རྒྱུ་ཡི་
སྟོབས། །སྐར་མ་རྒྱལ་དང་རྒྱལ་བའི་སྐུ། །ཉི་འོད་འཇོམས་དང་ཆོས་ཀྱི་མཛོད། །ལེགས་པའི་བློ་གྲོས་དང་རྒྱལ་པོ། །རྡོ་རྗེ་སྡེ་དང་ཤེས་རབ་བརྩེགས། །ལེགས་པར་བཞུགས་དང་རྒྱལ་བའི་བློ། །ཚངས་པའི་དབྱངས་དང་ཀླུ་ཡི་དབང་། །ཡོན་ཏན་གསལ་དང་ཡེ་ཤེས་དག །ཏོག་
གི་འོད་དང་ཚངས་པ་དགེ །འོ་ན་སྐྱོབ་པ་ཇི་ལྟར་ནུས་ཤེ་ན། ཡེ་ཤེས་དབང་བསྐུར་ཅོད་པན་ཞེས་པ་ནས། ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་བྱ་བས་རང་དོན་སྤངས་པ་བསྟན་ཏོ། །ས་བཅུ་ལ་དབང་བསྐུར་བས་སྡུག་བསྔལ་ཞི་ནས་འབྲས་བུ་ཐོབ་པ་དང་། ཤེས་བྱ་དང་ཉོན་
མོངས་པ་སྤངས་པའོ། །གཞན་དོན་ཇི་ལྟར་འགྲོ་ཞེ་ན། ནམ་མཁའི་མཐའ་ཀླས་ནས། ནམ་མཁའི་ལམ་ལ་རབ་ཏུ་གནས། །ཞེས་བྱ་བས་བསྟན་ཏེ། གོང་འོག་ཏུ་འབྲེལ་པ་དེས་ནི་ཤེས་བྱའི་སྒྲིབ་པའི་སྦུབས་ནས་གྲོལ་བ་དང་འཁོར་བ་ལས་སྒྲོལ་བ་དུས་ཐམས་ཅད་ལ་སྒྲིབ་པ་མེད་པ་
ཤེས་བྱ་ལ་ཐོགས་པ་མེད་པའོ། །དེས་སེམས་ཅན་ཀུན་གྱི་གཙོ་བོའོ། །དེ་ལ་ནི་རང་དང་གཞན་གྱི་ཡོན་ཏན་མཐར་ཕྱིན་པ་ལུས་མེད་པའི་ཆོས་སྐུའོ། །དེ་ལ་བརྟེན་པ་ནི་ལུས་ཀྱི་མཆོག་གོ། །དེ་མི་འགལ་ལམ་ཞེ་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཞེས་པ་སྟེ་རྟོག་པ་དང་བྲལ་ཀྱང་སྟོན་
པ་དང་འདྲའོ། །ཡང་ན་ཡོན་ཏན་གྱི་ཆེ་བའི་ཁྱད་པར་ཆོས་སྐུ་དང་གཟུགས་སྐུ་གཉིས་གོ་རིམས་བཞིན་དུ་བསྟན་ཏོ། །དབྱིངས་ནམ་མཁའ་ལྟ་བུ་དང་ཡེ་ཤེས་ཟད་མི་ཤེས་པ་ལས་སྐྱེ་བ་མེད་ཀྱང་སྐྱེ་བའི་ཚུལ་སྟོན་ཏོ། །དང་པོ་ཡེ་ཤེས་ཆེན་པོས་མ་རིག་པ་སེལ་བ་དང་། སྲིད་པའི་དྲ་བ་འཇོམས་

པའི་ཤེས་རབ་ཀྱི་མེས་བསྲེགས་ནས་གཞན་གྱི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་དེས་སྲིད་པའི་རྒྱུན་བཅོམ་ནས་རང་དོན་གྲུབ་སྟེ། འཁོར་བ་རྒྱ་མཚོའི་འདམ་ནས་ཕ་རོལ་ཏུ་ཕྱིན་ཏེ། གཞན་དོན་ཐུགས་རྗེ་དང་ལྡན་ཏེ། མི་ནུབ་པའི་དབང་བསྐུར་ནས་རང་གི་སྡུག་བསྔལ་
ཞི་ཞིང་། སེམས་ཅན་མང་པོའི་སྡུག་བསྔལ་སེལ་ཅིང་འབྲས་བུ་སྐུ་གསུམ་ལ་སྦྱོར་བར་བྱེད་དོ། །འོ་ན་ནུས་པ་ཅིས་ཤེ་ན། སྒྲིབ་པ་ཀུན་ལས་གྲོལ་ཞིང་ནམ་མཁའ་འདྲ་བའི་ལམ་ལ་རབ་ཏུ་གནས་པས་ན་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོ་ན་རྟོག་པ་མེད་པར་གཞན་དོན་
ནུས་སམ་ཞེ་ན། ཐུགས་རྗེའི་ནུས་པ་སྟེ། དཔག་བསམ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཡང་བསམ་པ་དང་བག་ལ་ཉལ་ཤེས་ཏེ། དུས་ཤེས་ཤིང་དབང་པོ་ཤེས་པའོ། །ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང་སེམས་ཅན་སྡུག་བསྔལ་ཅན་དབུགས་འབྱིན་པར་བྱེད་
ཅིང་བདེ་བ་ལ་འགོད་པ་དེ་ལ་ནི་བཀུར་སྟི་དང་མཆོད་པས་སྐྱབས་སུ་འོས་པའི་ཕྱིར་རོ། །འོ་ན་སྐྱབས་སུ་ཕྱིན་པའི་ཡོན་ཏན་ཅི་ཞེ་ན། འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་བྱའོ། །བརྟུལ་ཞུགས་ནི་གཙུག་ཕུད་དང་། རལ་པ་ཞེས་བྱ་བའི་ཕྱི་རོལ་
པའི་སྤྱོད་པ། གདོང་ལྔ་ནི་འཇིག་རྟེན་པ་ཚངས་པའི་སྤྱོད་པ། མགོ་ཟླུམ་ནི་ཉན་ཐོས་སོ། །དེ་རྣམས་ཀྱང་མཐར་གྱིས་ཐེག་པ་ཆེན་པོའི་སྤྱོད་པ་ལ་འགོད་དེ། དཀའ་ཐུབ་མཐར་ཕྱིན་ཅིང་། དཀའ་ཐུབ་ཆེན་པོ་ནི་ཚངས་པར་སྤྱོད་པ་མཆོག་འདི་ཡིན་པས་འདི་ལ་དགོད་པར་བྱེད་དོ། །
དེ་ཡང་ཚུལ་ཁྲིམས་གཙང་ཞིང་དམ་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་འབྲས་བུ་ལ་རིམ་གྱིས་བྲོད་པ་བསྐྱེད་ནས་མཐར་ལེགས་པར་མྱ་ངན་ལས་འདས་པ་ཐོབ་པ་དང་། ཉོན་མོངས་པ་ཐམས་ཅད་སེལ་བ་ནི་འདི་ཁོ་ན་སྟེ། གཞན་གྱིས་ཐུབ་པ་མེད་པ་འདིའི་བསོད་ནམས་དཔེས་
བརྗོད་པར་མི་ནུས་པ། འབྲས་བུ་རང་དོན་གཞན་དོན་དང་ལྡན་པ་འདི་མུ་སྟེགས་པ་དང་ཉན་ཐོས་ཀྱིས་མི་རྟོགས་པས་ཐོབ་བྱེད་ཀྱི་ནུས་པ་མ་ཡིན་ནོ། །འོ་ན་འབྲས་བུ་ཅི་ཞེ་ན། མི་འགྱུར་བ་ཆོས་སྐུ་དང་། ཀུན་ལ་ཁྱབ་པ་གཟུགས་སྐུའོ། །འོ་ན་མི་འགྱུར་བ་ཅི་ཞེ་ན། ཤེས་རབ་ཤིན་

ཏུ་ཕྲ་བས་མ་རིག་པ་ཟག་པའི་རྟེན་སྤངས་ཏེ། གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བ་ནི་དྲི་མེད་དོ། །དེའི་ཕྱིར་ཉེས་པའི་སྐྱོན་མེད་པ་ནི་མི་འགྱུར་བའོ། །འོ་ན་ཀུན་ལ་ཁྱབ་པ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཟད་པ་སངས་རྒྱས་དང་། སད་པའི་བདག་བྱང་ཆུབ་སེམས་དཔའ་དང་།
ཡང་ན་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པས་ཐམས་ཅད་ལ་ཡོད་པར་མཁྱེན་ནས་ཐམས་ཅད་ལ་སྟོན་ཏོ། །དེས་ཁྱབ་པའོ། །མ་རིག་ནས་གྲོལ་གསུམ་ཐོབ་ཅེས་བྱ་བས་རྡོ་རྗེ་སེམས་དཔའ་ལ་བསྟོད། སྒྲིབ་པ་ཀུན་ནས་རབ་ཏུ་གནས། །ཞེས་པའི་མཐར་རིན་ཆེན་འབྱུང་ལྡན་ལ་
བསྟོད། ཡིད་བཞིན་ནས་ཡོན་ཏན་ཤེས་ཞེས་པའི་མཐར་དོན་ཡོད་གྲུབ་པ་ལ་བསྟོད་པའོ། །ཆོས་ཤེས་ནས་སྐྱབས་ཀྱི་འོས་ཞེས་པའི་མཐར་རྣམ་པར་སྣང་མཛད་ལ་བསྟོད་པའོ། །འཇིག་རྟེན་དགྲ་སྟེ་ཞེས་པ་ནས་དེ་བཞིན་གཤེགས་པ་ཞེས་པའི་མཐར་དང་པོའི་སངས་རྒྱས་ལ་
བསྟོད་པའོ། །སྒྲ་མི་སྙན་དང་རོལ་པའི་གར། །གླུ་ཡིས་སྦྱིན་དང་བདེ་བའི་ཏོག །མཁས་པས་སྦྱང་དང་གཞན་ཐུབ་མིན། །རི་འོད་སྦྱིན་དང་གསུང་དབྱངས་ཅན། །སེང་གེ་དང་ནི་སྣ་ཚོགས་ཉིད། །དཔལ་གྱི་ཡེ་ཤེས་པདྨ་ཆུང་། །མེ་ཏོག་དང་ནི་རྣམ་གྲོལ་ལུས། །བསོད་ནམས་སྤུངས་
དང་མཚན་འགྱུར་བློ། །གསལ་བ་དང་ནི་མར་མེ་ཟླ། །མི་ཟད་པ་དང་བློ་བཟང་སྤྱན། །ཡན་ལག་མཆོག་དང་ཤེས་རབ་ཡུལ། །མཆོག་ཏུ་གྱུར་དང་རབ་འཇོམས་ཟེར། །ཤེས་རབ་སྦྱིན་དང་འཇམ་པའི་དབྱངས། །ཐོགས་མེད་མཛད་དང་མཐུ་ཡིས་སྦྱིན། །དག་པ་དང་ནི་ཡེ་ཤེས་གནས། །
བདེ་གཤེགས་འོད་དང་དབང་པོ་འོད། །ཐུབ་པ་ཆེ་དང་ལྷ་ཆེན་དང་། །འོད་ཟེར་བཟང་དང་གཟུགས་མཛེས་དང་། །རྒྱལ་བའི་སྐུ་དང་དོན་ཡོད་སྟོན། །སིང་ང་ལ་དང་དྲན་སྟོབས་དང་། །གྲགས་པའི་མཚན་དང་བཀྲ་ཤིས་དང་། །སྙིང་པོ་མཆོག་དང་བསོད་ནམས་དགེ །ཉན་པ་ཆགས་དང་
ཉན་འདོད་པ། །མི་ཐུབ་པ་དང་རྒྱལ་མར་མེ། །རིན་ཆེན་བརྩེགས་དང་ཚོགས་མེད་ལྷ། །ས་ཡི་བདག་དང་གྲོལ་བར་འགྲོ། །གཙུག་ཕུད་གསེར་དང་སྒྲ་གཅན་བཟང་། །མི་ཐུབ་སྡེ་དང་རང་བཞིན་ཐུབ། །ཟླ་འོད་ཅན་དང་གསེར་མདོག་བཟང་། །དགེ་བའི་འོད་དང་ཡོན་ཏན་ལྷ། །ཆོས་ཀྱི་

གདུགས་དང་ཡོན་ཏན་ལག །འདྲ་བའི་མཚན་དང་ཡི་གེ་རྫོགས། །བློ་གྲོས་འཕྲོ་དང་འདོད་རྣམས་འབར། །སྨན་གྱི་སྐྱབས་དང་རྣམ་གྲོལ་ཏོག །ཤེས་རབ་མཆོག་དང་ཡེ་ཤེས་རྒྱལ། །གཟུགས་འཇིགས་པ་དང་གློ་བུར་འཇོམས། །ཐོགས་མེད་གྲགས་དང་བདེ་
བར་ལྡན། །ངག་སྙན་རིགས་དང་གྲགས་དབང་པོ། །ཆོས་ཀྱི་བརྩེགས་དང་འགྲོ་བའི་འོད། །ལེགས་པའི་རྒྱན་དང་རང་བཞིན་ལུས། །ཡེ་ཤེས་གསུང་དང་རྟ་མཆོག་དང་། །ཉོན་མོངས་སེལ་དང་འགྲོ་བའི་མཆོག །སེང་གེ་རེག་དང་ཆོས་ཀྱི་མཚན། །སྐལ་བ་བཟང་དང་མི་བསྐྱོད་འདོར། །
འབར་བའི་རྒྱལ་དང་རྟོག་པའི་གསུང་། །བཟང་པོ་ཅན་དང་རིག་དོན་བློ། །འཇིགས་པ་བྲལ་དང་དྲི་ཡོད་འོད། །དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག །གཟུངས་མཆོག་དང་ནི་བརྟན་པའོ། །རྟོག་པར་བྱེད་དང་ཤེས་རབ་སྤྱན། །དོན་རིག་བློ་དང་གྲགས་པའི་བཞིན། །ལྷ་ཡི་ཉི་དང་ཤེས་རབ་
གསལ། །ཤིན་འཇོམས་ཕྱག་དང་ཤིང་རྟ་འགྲོས། །གསེར་བཙོ་མ་དང་སྐལ་ལྡན་གཙུག །དབང་ཕྱུག་དང་ནི་དགའ་བས་བསྟན། །མྱོས་པས་འཇོམས་དང་ཡེ་ཤེས་མཛོད། །ཚངས་པར་གཤེགས་དང་ཙནྡན་དང་། །མྱ་ངན་འཇོམས་དང་སེང་གེ་འོད། །ཡུལ་གྱི་ཏོག་དང་པདྨོའི་སྙིང་། །མཐའ་ཡས་འོད་
དང་སྙིང་པོ་ལྷ། །མེ་ཏོག་མཛེས་དང་རེག་པའི་ཧཾ། །ཡེ་ཤེས་དབང་དང་ཚངས་དབང་པོ། །རིན་ཆེན་ཕྱག་དང་དབང་པོ་ལྡན། །དཔེ་མེད་དྲི་དང་ཐེ་ཚོམ་བྲལ། །མཆོད་པར་འོས་དང་འབར་བའོ། །པདྨའི་གདུགས་དང་འདུམ་གྱི་མཆོག །ཡེ་ཤེས་འོད་དང་བྱ་རྩལ་བྲལ། །གསལ་བའི་མདོག་དང་ཆོས་
ལྡན་དང་། །ཕན་ལྡན་གཟུགས་དང་ཡེ་ཤེས་དང་། །གྲགས་པ་དང་ནི་འོད་ཟེར་འབར། །སྙིང་པོ་བཻ་ཌཱུར་འབར་བ་དང་། །སྐར་མའི་ཚོགས་དང་ལྷ་ཉིད་དོ། །འོ་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཐུགས་རྗེས་ཇི་ལྟར་ཁྱབ་ཅེ་ན། རྣམ་པར་ཤེས་པ་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཅེས་
བྱ་བས་ཆོས་སྐུ་ལས་ཐབས་ཤེས་རབ་ཀྱི་ལོངས་སྐུས་ཁྱབ་སྟེ། རྟོག་པ་སྤངས་པ་མི་འགྱུར་བ་ལས། དུས་གསུམ་སངས་རྒྱས་དེ་ལས་ལྷུན་གྱིས་གྲུབ་ཅིང་གཞན་གྱི་དོན་བྱེད་པའི་ཕྱིར་རང་བྱུང་གི་སྐུ་འབྱུང་བའི་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཡེ་ཤེས་ཀྱི་ལུས་དེ་བཞིན་གཤེགས་པའི་སྲས་གསུང་ཐམས་

ཅད་ལ་དབང་ཐོབ་ཅིང་ཆོས་སྟོན་པ་ནི་ཞལ་ལྔ་དང་ལྡན་ཏེ། ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེ་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་མཚུངས་པ་མེད། །ཅེས་བྱ་བ་སྟེ། རྡོ་རྗེ་དང་། དེ་བཞིན་གཤེགས་པ་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་
རིགས་ཏེ་ཞལ་ལྔའོ། །དེ་སྐུ་ཤིན་ཏུ་མཛེས་ཤིང་འོད་ཟེར་འཕྲོ་བ། ལག་ན་འོད་འབར་བའི་རལ་གྲི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དཔལ་བེའུའི་ཚུལ་དུ་ཐུགས་ཀར་འཛིན་པའི་གཙོ་བོ་དེ་སྨན་པ་དང་། སྨན་གྱི་ཤིང་ལྗོན་པ་དང་འདྲ་བས་སྐྱོབ་པ་དེ་ཆགས་པ་དང་བྲལ་ཞིང་གདུལ་
བྱ་ཆགས་ཤིང་ཕྱིར་པདྨའི་སྦུབས་ན་གནས་པ་ལ་བདེ་བར་གཤེགས་པ་ཡབ་ཡུམ་གྱི་འོད་ཉི་མ་དང་ཟླ་བ་ལྟ་བུར་ཕོག་སྟེ། ཁ་དོག་སྣ་ཚོགས་དང་ལྡན་པ། སྐྱིལ་ཀྲུང་དང་བཅས་པ། དར་སྣ་ཚོགས་དང་། རྒྱན་སྣ་ཚོགས་འཛིན་པ་པདྨ་ལས་འཐོན་ཏེ། རྡོ་རྗེ་རིན་ཆེན་ནས། སངས་
རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་བྱ་བས་ནི་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པ་སྟེ། རིགས་ལྔ་ཡུམ་དང་བཅས་པས་སྐུའི་ཆེ་བ་གསུང་གི་ཆེ་བ་ཐབས་དང་ཤེས་རབ་ཉི་མ་དང་ཟླ་བའི་ཚུལ་དུ་དབང་བསྐུར། ཐུགས་ཀ་ན་རིགས་དྲུག་པའི་
ཡེ་ཤེས་སེམས་དཔའ་བཞུགས་པ་ནི་སངས་རྒྱས་ནས་ཐུགས་ལ་གནས་ཞེས་བྱ་བ་དང་། རྡོ་རྗེ་རྣོན་པོ་ནས་དོན་བཞིན་རིག་ཅེས་བྱ་བས་བསྟན་ནས། རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ཞེས་བྱ་བས་ཆོས་སྐུ་དང་གཟུགས་སྐུ་བསྟན་ཏེ། རྣམ་པར་དག་པ་
ནས། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ལམ་མ་ལུས་པ་ཐོབ་སྟེ། འབྲས་བུ་མཐའ་དག་ཐོབ་ནས་གཞན་དོན་སྟོན་པ་ནི་ཀུན་མཁྱེན་པའི་བཅོམ་ལྡན་འདས་དེ་རྒྱལ་པོའམ་གཙོ་བོའོ། །རང་བཞིན་གསང་སྔགས་ཏེ། སངས་རྒྱས་དང་རིག་སྔགས་ཀྱི་ཕྱག་ན་རྡོ་རྗེའི་ལྟེ་བ་ལ་
རྣམ་པར་འཕྲུལ་པ་འདི་ཕ་རོལ་ཏུ་ཕྱིན་པ་དང་། ས་བཅུ་རྫོགས་པའི་རྟགས་རྣམ་པར་དག་པའི་ཁྲི་འཕང་ལྔ་པ་དང་། བུམ་པ་འཁོར་ལོ་བཅུ་གསུམ་དང་། ཆོས་ཀྱི་ཏོག་དང་། བདག་གཉིས་དང་བྲལ་བའི་བྱ་རུ་ཅོད་པན་དང་། ཟླ་བ་དང་རིན་པོ་ཆེ་ཡིས་ཡང་དག་པའི་ཡེ་ཤེས་

མཚོན་པ། ལོག་པར་ལྟ་བ་ཟིལ་གྱིས་གནོན་ཅིང་སྐྱོབ་པ། ཀུན་གྱིས་མཆོད་པར་འོས་པའི་སྐུ་གདུང་དེའི་བུམ་པར་བརྩོན་འགྲུས་ཆེན་པོས་རྣམ་པར་འཕྲུལ་ཏེ། གདན་ནི་མ་ལུས་ཏེ་གཞལ་ཡས་ཁང་གི་འཕྲུལ་པ། ཡེ་ཤེས་སྐུ་རྣམས་ཏེ་ལྷའི་འཕྲུལ་པའོ། །དེ་
ལྟ་བུ་དེ་རྡོ་རྗེ་འཆང་གི་བུམ་པར་རོ། །དེ་ནས་གཙོ་བོས་བསྟོད་པ་དེ་ལས་འོད་ཟེར་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་འགྲོ་བ་དང་། །འདུག་པ་དང་། ཉལ་བ་ལ་སོགས་པ་བསྟན་པ་ནི་རྣམ་པར་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ།
ལོག་པ་དད་སེལ། གསེར་ཐུབ། འཁོར་བ་འཇིག་རྣམས་སོ། །དེའི་ཕྱིར་དཔལ་ལྡན་རྒྱུ་སྐར་ནས་བསྟན་པ་གཅིག་ཅེས་པའི་མཐར་རོ། །དེ་ནས་ལྷ་མོ་འདུད་ཀྱིས་བསྟོད་ནས་དཀྱིལ་འཁོར་མི་སྣང་བར་གྱུར་ཏོ། །དེ་ལས་གཙོ་བོས་རྒྱུད་འཁོར་ལ་བསྟན་པས་ན། རྒྱུད་ཀུན་གྱི་ནི་བདག་
པོ་མཆོག །ཅེས་བྱ་བས་ནི་ཀུན་དུ་བཟང་པོ་དང་། འཇམ་དཔལ་དང་། སའི་སྙིང་པོ་དང་། སྤྱན་རས་གཟིགས་ལ་སོགས་པས་ལུས་སྙིང་པོའམ་ལེན་པ་ལྷའི་རང་བཞིན་དུ་མཐོང་ངོ་། །རྩ་རྣམས་མཚན་དུ་གྱུར་པར་མཐོང་ངོ་། །དེ་ཉིད་ཐིག་ལེར་གྱུར་པ་ན་འདུད་ཀྱིས་བསྟོད་པས་ཟབ་པར་མཐོང་
བ་ནི། སངས་རྒྱས་ཀུན་གྱི་སྙིང་པོ་ནས་ངོ་བོ་ཉིད་འཆང་བ་ཞེས་བྱ་བས་བསྟན། དེ་ཡང་སྐད་ཅིག་ལ་ཁོང་དུ་ཆུད་ཅིང་རྟོགས་ཏེ། དེ་ཡང་སྒྲིབ་གཡོགས་མེད་པར་རྟོགས་སོ། །ཚིག་གི་བདག་པོ་ནས་མཚུངས་པ་མེད་ཅེས་པའི་མཐར་གསལ་བར་སྨྲ་བ་ལའོ། །ཀུན་དུ་ལྟ་ནས་དཔལ་
གྱི་བེའུ་ཞེས་བྱ་བས་སེམས་དཔའ་གསུམ་ལ་གོ་རིམས་བཞིན། ལག་ན་འོད་འབར་ནས་གཙོ་བོ་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་ལའོ། །ཟུག་རྔུ་འབྱིན་པ་ནས་དགྲ་ཆེའི་མཐར་སེམས་དཔའ་གསུམ་ལ་གོ་རིམས་བཞིན་ནོ། །སྡུ་གུ་ནས་རིན་ཆེན་གདུགས་ཞེས་བྱ་བས། སེམས་དཔའ་ལ་སོགས་
གཉིས་གཉིས་བསྟན། །སངས་རྒྱས་ཞེས་བྱས་ཉི་མའི་དཔལ། །སྐུ་འཆང་ཞེས་བྱས་རིན་ཆེན་དཔལ། །རྣལ་འབྱོར་ཞེས་བྱས་ཏོག་གི་དཔལ། །བསྟན་པ་གཅིག་ནི་བཞད་པའོ། །ཟླ་བའི་འོད་དང་དྲི་ཡི་འོད། །དགེ་བའི་འོད་དང་ཡོན་ཏན་ཅན། །དམ་ཆོས་བརྗོད་དང་ཚིག་ལས་རྒྱལ། །

སྨྲ་བའི་སྟོབས་དང་སྨྲ་བའི་ཚིག་ལ་དབང་སྒྱུར་བའོ། །ལེགས་པའི་ཡིད་དང་རིགས་ཀྱི་འོད། །སྤྱོད་ལམ་ཞི་དང་ཡེ་ཤེས་མཚོ། །ཆོས་དབང་ཕྱུག་དང་རིགས་སྐུ་ལྷ། །ཡོན་ཏན་ལས་དང་འཁོར་ལོ་སྟོབས། །ལེགས་པར་སྦྱངས་དང་ལེགས་པར་རེག །དོན་གྲུབ་དཔལ་དང་གཟི་
བརྗིད་དཔལ། །ཐམས་ཅད་སྙོམས་དང་བདུད་རྩི་དབྱངས། །སྣང་བ་བདེ་དང་ལེགས་པའི་བློ། །རྣམ་གྲོལ་དོན་དང་དབང་ཕྱུག་འཕགས། །རོལ་པའི་མཆོག་དང་ལྷག་པར་མཐོང་། །ཉེས་པ་སྤངས་དང་ཉི་མའི་འོད། །བཀྲ་རྒྱལ་བློ་དང་པདྨའི་མཆོག །ཉི་མའི་འོད་དང་སོ་སོར་
གསུང་། །ལེགས་པའི་མུ་དང་ཚོགས་དབང་པོ། །འཇིགས་པ་བྲལ་དང་ཡེ་ཤེས་སྲེད། །རྡོ་རྗེ་རིན་ཆེན་ནས་སྡུག་བསྔལ་གཅོད་ཅེས་བྱ་བས་ཡེ་ཤེས་སེམས་དཔའ་ལ་བསྟོད། མཚོན་ཆ་ཆེན་པོ་ནས་མཆོད་པ་ཞེས་བྱ་བ་ནི་ལྷ་མོ་བཞིའོ། །ས་རྣམས་ནས་དྲ་བ་སྟེ་ཞེས་བྱ་བའི་
མཐར་མཆོད་པའི་ལྷ་མོ་ལ་བསྟོད། རྒྱུད་ཀུན་ནས་བློ་གྲོས་བཟང་གི་མཐར་མཐུ་ཆེན་ཐོབ་ལ་སོགས་པ་ལ་བསྟོད། སའི་སྙིང་པོ་ནས་དངོས་པོ་ཀུན་གྱི་རང་བཞིན་ཞེས་པའི་མཐར་ཟླ་འོད་གཞོན་ནུ་ལ་སོགས་པ་བཞི་ལ་བསྟོད་དོ། །དངོས་པོ་ཀུན་གྱི་ནས་སྐད་ཅིག་གཅིག་ལ་ཞེས་པའི་
མཐར་བློ་གྲོས་རྒྱ་མཚོ་ལ་སོགས་པ་ལ་བསྟོད། ཆོས་ཀུན་ནས་དང་བའི་བདག་གི་མཐར་གོ་རིམས་བཞིན་དུ་རྡོ་རྗེ་རིགས་ཀྱི་བཞི་ལ་བསྟོད། སྤོབས་པའི་མཚན་དང་བློ་འཆང་བ། །ཙནྡྲ་དང་ནི་རིན་ཆེན་ཟླ། །མི་འཇིགས་པ་དང་མེ་འོད་ཆེ། །ཚངས་པའི་སྒྲ་དང་སྙན་པའི་གསུང་། །
ཤེས་རབ་མ་དང་ཀུན་མཉམ་བློ། །རྡོ་རྗེ་ཚིག་དང་བློ་སྤོབས་ལྡན། །ནམ་མཁའི་དབང་དང་ངག་དབང་ཕྱུག །ཡོན་ཏན་མཆོག་དང་གནས་ཀྱི་མཆོག །འཕགས་པའི་འོད་དང་གསལ་བའི་རི། །རྔ་ཡི་སྒྲ་དང་འདོད་སྤྱོད་སྦྱིན། །ཡེ་ཤེས་ལེགས་དང་ཞི་བས་བཞུགས། །ཡེ་ཤེས་གསུང་
དང་ཤིན་ཏུ་གདུགས། །རྒྱལ་མཚན་གདུགས་དང་དྲི་མ་བྲལ། །ཡེ་ཤེས་དབང་དང་སྐལ་བྲལ་བརྗོད། །གཟི་བརྗིད་འོད་དང་དྲང་སྲོང་ཆེ། །ཤེས་རབ་འཕགས་དང་འཁོར་ལོ་སྤོར། །ཟླ་བའི་ཞལ་དང་ཉི་ཟླའི་འོད། །ཡོན་ཏན་མཚོ་དང་ཡོན་ཏན་སྡུད། །བློ་མེད་ཏོག་དང་བསོད་ནམས་

ཏོག །ཡུལ་སྤངས་པ་དང་རིགས་སྐྱེས་དང་། །རྒྱལ་པོའི་རིགས་དང་རྣམ་གྲོལ་གསུང་། །དབང་ཕྱུག་པོ་དང་མཆོག་ཤེས་དང་། །བདུད་རྩི་འོད་དང་པདྨ་དང་། །ཡེ་ཤེས་སྤྱན་དང་ནམ་མཁའི་ཁམས། །མཆོད་དང་དཔུང་ཚོགས་བཅས་པའོ། །རྫོགས་སངས་
ཞེས་བྱ་ཞགས་པ་མ། །བྱང་ཆུབ་འཆང་ནི་ལྕགས་ཀྱུ་མ། །སངས་རྒྱས་ཞེས་བྱ་དྲིལ་བུ་མ། །ཡེ་ཤེས་མེ་ལྕེ་ལྕགས་སྒྲོག་གོ། །རིན་ཆེན་འཕྲོ་དང་ཟླ་བའི་སྐུ། །སེང་གེ་གདོང་དང་ཡེ་ཤེས་སྐུ། །ཞེའོ། །གཞུང་ཚད་བཞི་བཅུ་རྩ་གཉིས་མཚན་ཉིས་བརྒྱ་བདུན་ཅུ་རྩ་ལྔ། རྒྱལ་བ་ལྔ་ལ་ལྔ་
བཅུ་རྩ་ལྔ་ལའོ།། །།ད་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་སྟོན་པ་ནི། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་པོ་ལྟེ་བར་བསམ། དང་པོའི་སངས་རྒྱས་ཀྱི་རྩ་བའི་ཞལ་སེར་པོ། གཞན་མཐུན། དེ་ལ་སྙིང་རྗེས་དོན་སྒྲུབ་པ་དང་། ཤེས་རབ་བོ། །དམ་པའི་
གང་ཟག་གི་སེམས་ཅན་ཇི་ལྟར་བདེ་བ་ཐོབ་པར་འདོད་པས་དོན་བསྒྲུབ་པར་བྱ། དེ་ནི་ངན་སོང་སྦྱོང་བར་བྱེད་པའི་མགོན་པོ་གྲོལ་བར་བྱེད་པའི་ཐབས་སྟོན་པ་ནི་ཉོན་མོངས་པ་བསལ་བ་དང་། མི་ཤེས་པ་བསལ་བའི་ཕྱིར་ང་རྒྱལ་ཅན་དེ་འདོད་པ་དང་། གཟུགས་དང་གཟུགས་མེད་
བསལ་བར་མི་ནུས་ཤེ་ན། ང་རྒྱལ་ཅན་འདུལ་བ་ནི་རྒྱུ་ཤེས་རབ་དང་སྙིང་རྗེས་སྐུ་ཆེ་བའི་བདག་ཉིད་དུ་སྟོན་པ་ནི་དཔལ་ལྡན་ཞེས་བྱ་བ་ནས་ཚངས་པའི་ཡུལ་ས་ཞེས་བྱ་བས་བསྟན་ཏེ། ཕྱག་རྒྱ་འཁོར་ལོ་དང་ཤཀ་ཏི་འཛིན་པའོ། །དོན་སྟོན་པ་ནི་དོན་གཅིག་ཅེས་བྱ་བས་སོ། །འོ་ན་
འཇིགས་པ་ཆེན་པོ་སྟོན་པ་དེས་རྟོགས་མི་ནུས་སོ་ཞེ་ན། འཇིགས་པ་མེད་པར་རོ། །དེ་ལྟར་ཟིལ་གྱིས་མནན་ནས་སྟོང་པ་ཉིད་སྟོན་ཏེ། མིང་བཞི་ལས་རྟེན་མེད་པ་ལ་ནི་མིང་བཞིའི་ཕུང་པོ་བསྟན་ནས་ཐེག་པ་ལ་དགོད་པ་ནི་རྣམ་པར་རིག་པའི་གཟུགས་སུའོ། །དོན་སྟོན་པ་ནི་དོན་ཞེས་
པའོ། །གདུལ་བྱ་ནི་རྣམ་པ་སྣ་ཚོགས་པའི་གཟུགས་སོ། །འདོད་པའི་ནས་གྲོལ་བར་བྱེད་ཅེས་པའི་མཐར་སེམས་དཔའ་བཞི་ལ་གོ་རིམས་བཞིན། ཉོན་མོངས་ནས་གཟུགས་འཆང་མཐར་རིན་ཆེན་རིགས་ཀྱི་སེམས་དཔའ་བཞིའོ། །ལག་པ་བརྒྱ་པོ་ནས་གར་བྱེད་ཅེས་པའི་

མཐར་པདྨའི་སེམས་དཔའ་བཞིའོ། །ས་ཡི་དཀྱིལ་འཁོར་ནས་གནོན་ཞེས་པའི་མཐར་རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི་ལ་བསྟོད། དོན་གཅིག་གཉིས་མེད་ནས་རྒྱུད་དང་ལྡན་ཞེས་པའི་མཐར་སྒོ་བ་བཞི་ལ་གོ་རིམས་བཞིན་ནོ། །དོན་གྲུབ་དཔལ་དང་ཡེ་ཤེས་ཉི། །དོན་ཡོད་
གྲུབ་དང་རི་རབ་བརྩེགས། །སྒྲ་སྦྱིན་དང་ནི་པདྨ་དཔལ། །དགྲ་བཅོམ་གྲགས་དང་ཡེ་ཤེས་སྟོབས། །ཉོན་མོངས་འཇོམས་དང་ཡེ་ཤེས་དོན། །བདེ་བའི་དྲི་དང་དཔེ་བྲལ་བཞད། །དྲི་ཡི་འོད་དང་མཐའ་ཡས་སྟོན། །སོ་མ་དང་ནི་རཏྣ་སོ། །སེང་གེ་མཆོག་དང་བསམ་གཏན་འོད། །
དཔའ་བར་འགྲོ་དང་རྣམ་པར་རོལ། །རིན་ཆེན་ཡོན་ཏན་དོན་སྟོན་པའོ། །ད་ནི་འདོད་ཆགས་ཀྱི་དོན་དུ་བསྟན་པ་ནི། དངོས་དོན་མ་ལུས་ཏེ་ཆགས་པ་ཅན་ལ། སྟོང་པ་ཉིད་དགའ་འདོད་ཆགས་བློ། །དེས་འདུལ་བའི་སྐུ་སྟོན་པ་ནི་སྲིད་པའི་འདོད་ཆགས་སྤངས་པས་སྟོན་ཏེ། མདོག་དང་
དབྱིབས་དང་རྒྱན་དང་སྤྱོད་པ་ལ་སོགས་པས་ཡིད་ཚིམ་པ་བསྐྱེད་ནས་ལམ་ལ་འགོད་དོ། །དངོས་དོན་གྱིས་ནི་རིན་ཆེན་སེམས་མའོ། །སྟོང་པ་ཉིད་དགའ་ནས་སྤངས་པས་ནི་ཞེས་བྱ་བས་པདྨའི་སེམས་མ་དང་ལས་ཀྱི་སེམས་མ་ལ་བསྟོད། སྲིད་གསུམ་ཞེས་བྱ་བས་སེམས་
མ་རྡོ་རྗེ་མ་ལ་བསྟོད། སྤྲིན་དཀར་དག་པ་ནས་སྤྲུལ་པའི་རྒྱན་དང་ལྡན་ཞེས་པའི་མཐར་ཡེ་ཤེས་སེམས་དཔའ་ལ་བསྟོད། དགྲ་བཅོམ་གྲགས་དང་རིན་ཆེན་འོད། །སྲིད་བཅིངས་གྲོལ་དང་སྤྱོད་ངན་སྤངས། །ནམ་མཁའི་མཛོད་དང་སྤོབས་པ་གྲགས། །རྡོ་རྗེ་ནོར་བུ་ཚེ་དཔག་
མེད། །ནོར་བུ་བཀོད་དང་རིན་ཆེན་དང་། །ཡོན་ཏན་མགོན་དང་རི་བོ་གྲགས། །བཅུ་འོད་ལྡན་དང་གཉིད་དང་བྲལ། །ཀླུ་སྟོབས་ཤིན་ཏུ་གྲགས་པའོ། །གཏི་མུག་ཅན་ལ་དེ་ཉིད་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་ལ་སོགས་པ་དང་། དེ་བཞིན་
གཤེགས་པའི་ཡོན་ཏན་ནི་ཆོས་སྐུ་དང་གཟུགས་སྐུའོ། །ཆགས་པ་ཅན་འདུལ་བ་ནི་ནམ་མཁའ་ལྟར་མ་ཆགས་པ་བསྒོམ་པའོ། །ད་ནི་ཤེས་རབ་བསྟན་པའི་ཕྱིར། རིལ་པོར་འཛིན་པ་དགག་པའི་ཕྱིར་དང་། ཞེན་པ་སྤང་བའི་ཕྱིར་ཕུང་པོ་ལྔ་སྟོང་པ་ཉིད་དུ་བསྟན། དེ་ཡང་ངེས་

པར་འཛིན་པ་སྤངས་པའོ། །དེས་དོན་དམ་མེད་ཀྱང་སྡོམ་པའི་རྟེན་ཀུན་རྫོབ་དུ་བསྟན་པ་འཐད་པའི་ཕྱིར། ཡན་ལག་བཅུ་གཉིས་ཞེས་བྱ་བས་རང་སངས་རྒྱས་ཀྱི་ལམ་བསྟན། བདེན་པ་བཞི་ནི་སྟོན་པ་པོ། །ཞེས་བྱ་བས་ཉན་ཐོས་ཀྱིས་རྟོགས་པའི་ལམ་
མོ། །བདེན་པ་བཞི་ཞེས་བྱ་བ་ནས་རྣམ་པ་ཉི་ཤུས་ཞེས་བྱ་བས་རང་སངས་རྒྱས་དང་ཉན་ཐོས་ལས་ཁྱད་པར་སྟོན་པ་ནི་སྐད་ཅིག་མའམ་སྟོང་པ་ཉི་ཤུས་ཁྱད་པར་དུ་བྱས་པའོ། །འོ་ན་དེའི་འབྲས་བུ་ཅི་ཞེ་ན། བྱང་ཆུབ་པ་ནི་ཆོས་སྐུ་རྣམ་པར་སངས་རྒྱས་པ་ནི་ལོངས་སྐུ་སངས་རྒྱས་
ཀྱི་སྤྲུལ་པ་སྟེ་འབྲས་བུ་དེའོ། །དེའི་ཕྱིར་ཐེག་པ་ནི་འདིའོ། །འོ་ན་འབྲས་བུ་སྐུ་གསུམ་ཐེག་པ་འདིས་གྲུབ་པ་ཅིའི་ཕྱིར་ཞེ་ན། ཉོན་མོངས་ཁམས་རྣམས་དག་པར་བྱེད་པ་དང་། ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པའི་ཕྱིར་ན་འཁོར་བའི་དྲི་མ་སྤངས་ཤིང་འཇིགས་སུ་རུང་བའི་
གནས་ལས་གྲོལ་བར་བྱེད་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བ་ནི་འདི་ཡིན་པས་སོ། །དེའི་ཕྱིར་སྙིང་རྗེ་ཆེན་པོ་ཤེས་རབ་ཐབས་དང་ལྡན་ནས་དོན་ཡོད་ཅིང་འགྲོ་བའི་དོན་བྱེད་པའི་འབྲས་བུ་དང་ལྡན་ནོ། །འོ་ན་རང་ཞེན་པ་དང་ལྡན་པ་ལྟ་བུ་སྙིང་རྗེ་སྐྱེད་པ་བྱེད་དམ་ཞེ་ན། དེ་ལྟ་
མ་ཡིན་ཏེ། རྟོག་པ་ཐམས་ཅད་སྤངས་ཤིང་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་ཡིད་དུ་འོང་བ་དང་མི་འོང་བའི་རྟོག་པ་སྤངས་ཏེ། རྟོག་པ་མེད་པའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་རིག་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རིག་ཅིང་བསམ་པ་ཇི་ལྟ་བ་སྟེ། དེ་ཡང་རིམ་དང་རིམ་
མ་ཡིན་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ལམ་ལ་འགོད་དེ། ཕྱིན་ཅི་ལོག་དང་ནོར་བ་སྤངས་ནས་ཕྱིན་ཅི་མ་ལོག་པའི་འབྲས་བུ་ཆོས་སྐུ་ལོངས་སྐུ་སྟེ། རང་དོན་གཞན་དོན་དང་ལྡན་པ་ཐོབ་པར་བྱེད་དོ། །དེ་ལྟར་ཤེས་པས་འབྲས་བུ་སྐུ་གསུམ་ཐོབ་པར་སྟོན་ཏོ། །འོ་ན་འབྲས་བུ་
དེ་ཐོབ་པའི་འཁྲུལ་པ་དེ་ཅི་ཞེ་ན། གྲངས་ཅན་ལ་སོགས་པ་སྟེ། དངོས་པོ་ཀུན་ཡོན་ཏན་གསུམ་དུ་འདོད་པ་དང་། བདག་ལ་སོགས་པ་འདོད་པ་དང་། གཞན་ཡང་བྱེ་བྲག་པ་ལ་སོགས་པ་ཕུང་པོ་ལྔའི་སྐྱེ་མཆེད་ཀྱི་རྫས་དོན་དམ་པར་འདོད་ཅིང་དུས་གསུམ་རྫས་སུ་འདོད་པ་དེ་

དག་ནི་མི་འཐད་དོ། །གློག་དང་མེ་ལྕེ་བཞིན་དུ་ཐམས་ཅད་སྐད་ཅིག་མར་བྱེ་བྲག་མེད་པའི་ཕྱིར་རོ། །འོ་ན་ཐམས་ཅད་སྐད་ཅིག་མར་སོང་ནས་འབད་པ་དོན་མེད་དོ་ཞེ་ན། ཁྱེད་ཀྱི་རྫས་སུ་འདོད་པ་རྟག་པ་ལ་མི་འཐད་དེ་འགྱུར་བ་མེད་པའི་ཕྱིར་རོ། །སྐད་ཅིག་མ་ནི་རང་བཞིན་དུ་
གྲུབ་པས་སངས་རྒྱས་ཀུན་སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས་པའི་ཕྱིར་འབྲས་བུ་གྲུབ་པའོ། །འོ་ན་འབྲས་བུ་ཇི་ལྟ་བུ་ཞེ་ན། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་ཀུན་དུ་སྟོན། །ཞེས་བྱ་བའོ། །དེ་ལ་ཆོས་སྐུ་དང་གཟུགས་སྐུ་སྟེ་འབྲས་བུ་མཐར་ཐུག་
རྟོགས་པའོ། །དེ་བས་ཆོས་སྐུ་ནི་ལུས་ཀྱི་མཐར་ཐུག་སྟེ། དེ་རྟོགས་པར་བྱེད་པ་ནི་ཤེས་རབ་ཕྱིན་ཅི་མ་ལོག་པ་སྟེ། དེ་ནི་བཅོམ་ལྡན་འདས་སོ། །འོ་ན་སྟོང་པ་ཉིད་སྐད་ཅིག་ཐབས་དང་བྲལ་བས་གཞན་དོན་ཇི་ལྟར་བྱེད་ཅེ་ན། གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །ཞེའོ། །
འོ་ན་དེ་ལ་གཟུགས་སྣ་ཚོགས་མོས་པ་བཞིན་དུ་འཐད་དམ་ཞེ་ན། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱ་བས་སོ། །འཇིག་རྟེན་ཞེས་བྱས་གར་མ་ལ། །རྫུ་འཕྲུལ་ཞེས་བྱས་གླུ་མ་ལ། །དེ་ཉིད་ཅེས་བྱས་ཕྲེང་བ་མ། །དྲན་པ་ཞེས་བྱས་སྒེག་མའོ། །བྱང་ཆུབ་ཅེས་བྱས་སྤོས་མེ་མ། །དེ་
བཞིན་ཞེས་བྱས་དྲི་ཆབ་མ། །ལམ་གྱི་ཞེས་བྱས་མེ་ཏོག་མ། །ཡང་དག་ཅེས་བྱས་མར་མེ་མའོ། །ཡིད་དུ་འོང་དང་རིན་ཆེན་ཟླ། །ཤུགས་ཅན་དང་ནི་གསལ་བར་བྱེད། །དགའ་བའི་དབང་ཕྱུག་གཙུག་ཕུད་འོད། །འཇིགས་པ་བྲལ་དང་ཡོན་ཏན་སྙིང་། །དྲི་མེད་གྲགས་དང་གཟི་
བརྗིད་གཞི། །གདུང་བ་གྲགས་དང་ལྷ་གནས་པ། །ལེགས་པར་མཉམ་དང་རིན་ཆེན་སྐུ། །སངས་རྒྱས་འབྱུང་དང་སངས་རྒྱས་སྟོབས། །རིན་ཆེན་ཁྱབ་དང་གྲོང་ཁྱེར་མཐོང་། །བློ་གྲོས་འོད་དང་འཇིག་རྟེན་འོད། །རིན་ཆེན་ལྷ་དང་ཡང་དག་རྒྱལ། །སྐལ་ལྡན་ཤིང་རྟ་དགའ་བས་
བཀོད། །མུ་ཡི་འོད་དང་དཀའ་ཐུབ་རྒྱལ། །བྱང་སེམས་ཟླ་དང་ཆོས་འཆང་བ། །གཞན་གྱིས་མི་ཐུབ་ཟླ་བའོ། །སེམས་ཅན་ཀུན་ལ་ཞེས་བྱ་བས་དང་པོའི་སངས་རྒྱས་ལ་བསྟོད་པའོ། །ཡན་ལག་བཅུ་གཉིས་ཞེས་བྱ་བ་སྟེ། དཀྱིལ་འཁོར་ལྷ་གྲངས་དག་ཏུ་མི་གཏོགས། །མཚན་གྱི་

གྲངས་སུ་འདི་བརྗོད་དོ། །རྣམ་པ་སངས་རྒྱས་ཞེས་བྱའི་མཐར་ཤེས་རབ་འཁོར་ལོ་བསྟོད་པའོ། །བྱེ་བ་དཔག་མེད་ནས་སྙིང་རྗེ་ཆེན་པོ་ཞེས་བྱ་བས་བྱང་ཕྱོགས་བསྐལ་བཟང་བཞི་ལ་བསྟོད། འགྲོ་བའི་དོན་ནས་འབྲས་བུར་གནས། །ཞེས་བྱ་བས་ལྷོའི་བསྐལ་
བཟང་སྟེ། མཐའ་མ་ལ་གཉིས་གོ་རིམས་བཞིན། ཉོན་མོངས་ཁམས་རྣམས་ཀུན་ལས་རྒལ། །ཞེས་བྱ་བས་ནུབ་ཀྱི་བསྐལ་བཟང་སྟེ་དང་པོ་གཉིས་ལ་གོ་རིམས་བཞིན་ནོ། །སྦྱོར་བའི་དགོན་པ་ནས་གཏན་དུ་སྤངས་ཞེས་བྱ་བས་ཤར་གྱི་བསྐལ་བཟང་སྟེ་མཐའ་མ་ལ་གཉིས་གོ་
རིམས་སོ། །སྙིང་རྗེ་ཆེ་ནས་འགག་པར་བྱེད་ཅེས་བྱ་བས་དོན་ཡོད་གྲུབ་པ་ལ་བསྟོད་པའོ། །སེམས་ཅན་ཀུན་གྱི་ཡིད་གནས་པས་རྡོ་རྗེ་སེམས་དཔའ་ལ་བསྟོད་པའོ། །དེ་དག་སེམས་དང་ཞེས་པས་ནི་སྣང་བ་མཐའ་ཡས་ལ་བསྟོད་པའོ། །ཕུང་པོ་ལྔ་དོན་ཞེས་བྱ་བས་རིན་
ཆེན་འབྱུང་ལྡན་ལ་བསྟོད་པའོ། །རི་ཡི་འོད་དང་ཚངས་པའི་དབྱངས། །བདེ་བའི་ལྷ་དང་ཡོན་ཏན་བརྩེགས། །ལྷ་ཡི་སྟོབས་དང་ཐུབ་པའི་དོན། །ནོར་བུ་ཅན་དང་སེང་གེའི་བླ། །ཟླ་བའི་མཚན་དང་སྒྲ་གཅན་མཚུངས། །གྲགས་ཆེན་དང་ནི་གཟི་བརྗིད་ཤུགས། །ཆོས་ཀྱི་
གྲགས་དང་དགའ་བར་ལྡན། །དྲི་བཟང་པོ་དང་རི་རྒྱལ་མཚན། །དགའ་བའི་འོད་དང་མཆོད་པར་འོས། །སྤྲིན་མཐའ་དང་ནི་བདེན་པ་གསུང་། །རྣམ་སྣང་མཛད་དང་རྣམ་པར་ངེས། །གྲགས་པའི་མཐའ་དང་གྲོགས་ཚངས་པ། །སེང་འོད་གསེར་དང་སྲོག་དང་ལྡན། །འགྲོ་བའི་
ཐེག་དང་ཐུན་ཚོད་དང་། །གྲགས་པའི་མཆོག་དང་བློ་བཟང་ཆུབ། །ནོར་ལྷ་དཀའ་ཐུབ་དྲག་པོ་དང་། །འོད་གསལ་བྱེད་དང་ནོར་གྱི་འཁོར། །འཇིག་རྟེན་འདས་དང་སེང་བན་གླང་། །ཡོན་ཏན་རྒྱལ་དང་རིན་ཆེན་འོད། །ཅེའོ། །ཚིགས་བཅད་ཉི་ཤུ་རྩ་བཞི་སྟེ། །མཚན་ནི་བརྒྱ་
དང་བཅུ་དག་སྟེ། །སོ་སོར་ཉི་ཤུ་རྩ་གཉིས་སོ། །དེ་ལ་ལྷ་གྲངས་སུ་མ་གཏོགས་པ་ཚིགས་བཅད་གཉིས་ཏེ། ཤེས་རབ་འཁོར་ལོའོ། །དེ་ལ་འཁོར་ལོ་སྟེ། ཤེས་རབ་འཁོར་ལོ་ཇི་ལྟ་བུ་ཞེ་ན། དག་པ་རྣམ་པ་བཅུ་གཉིས་ཏེ། ཨ་ཨཱའོ། །དེས་འབྲེལ་པ་བཞི་ཚུལ་མུ་

ཁྱུད་བཞི་དང་འཁོར་ལོ་རྩིབས་བཞི་པ་གང་གི་ཕྱེད་སྤངས་པའི་དག་པ་དང་བརྒྱད་པ་ནི་བརྒྱད་པོ་དང་དྲུག་པོ་རིག་གོ། །འཆིང་བ་གཅོད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་དག་པར་བྱེད་པ་དང་། བདེན་པ་བཞི་གསུང་བ་དང་། ཐུགས་རིག་པའི་ཡེ་
ཤེས་ལྔར་གསལ་བ། སྐུ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་བྱང་ཆུབ་པའོ། །མཚན་གྱི་གྲངས་སུ་མ་གཏོགས་པ་ནི་རྐང་པ་ཡ་གཅིག་ཅེས་བྱ་བའི་ཚིགས་བཅད་གཅིག་རྐང་པ་གཉིས་སོ། །ལར་གཞུང་ཚད་ཉི་ཤུ་རྩ་བཞིའོ། །ད་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་སྟོན་པ་
ནི་དབུས་སུ་དོན་ཡོད་གྲུབ་པ་ལྗང་གུའོ། །དང་པོའི་སངས་རྒྱས་རྩ་བའི་ཞལ་ལྗང་གུའོ། །སོ་སོའི་ཡུམ་སྦས་པའི་ཡུམ་དུ་སྦྱར་བར་བྱའོ། །དེ་ལ་སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་སྟེ་རྟོགས་པར་བྱ་བ་དེ་རྟོགས་པར་བྱའོ། །གང་གི་ཞེ་ན། བྱང་ཆུབ་སེམས་དཔས་སོ། །
གང་རྟོགས་པར་བྱ་ཞེ་ན། སངས་རྒྱས་ཀུན་གྱིས་རྟོགས་པ་དེའོ། །འོ་ན་ཅིའི་ཕྱིར་རམ་གང་གི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་སྟེ། འབྲས་བུ་བླ་ན་མེད་པ་ཐོབ་པའི་ཕྱིར་རོ། །འོ་ན་དེ་གང་ལ་བརྟེན་ཞེ་ན། གསང་སྔགས་ལ་བརྟེན་ནས་སོ། །གང་ལྟར་ཞེ་ན། བསོད་ནམས་ཀྱི་
ཚོགས་མདོ་ལས་འབྱུང་བ་བཞིན་དུ་བསགས་ནས་ཡི་གེ་མེད་པ་སྟེ། སྟོང་པ་ཉིད་ཡེ་ཤེས་ཀྱི་ཚོགས་བསྟན་ནས། གསང་སྔགས་ཆེན་པོ་སྟེ་ས་བོན་རིགས་གསུམ་པ་ནི་ཐབས་རྣམ་པ་གསུམ་གྱིས་བསྐྱེད་པའོ། །དེ་ཡང་རྟེན་དང་བརྟེན་པ་མ་ལུས་པ་བསྐྱེད་པའི་དོན་ཏོ། །དེ་ལྟར་
བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ནས། སངས་རྒྱས་ཀུན་ནས་དོན་ཀུན་སྐྱེད་པ་པོའི་མཐར་དང་པོའི་སངས་རྒྱས་ལ་བསྟོད་པའོ། །དབང་བྱེད་རྒྱལ་དང་བདུད་རབ་ཞི། །མཉམ་སངས་རྒྱས་དང་རྟོག་དང་བྲལ། །རི་རབ་ཞི་དང་རྨོངས་པ་སེལ། །རོལ་པའི་སྟོབས་བཞི་ཞེས་པའོ། །
དེ་ལ་བཞི་ནི་འཁོར་ལོ་བཞིའོ། །བཅུ་དྲུག་ཕྱེད་ཕྱེད་རྩ་བའི་དབྱེ་བ་སྟེ། ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་སོ། །སྟོང་པ་ནི་སྲེག་པའོ། །རྩེ་མོ་ནི་གཏུམ་མོའོ། །འདབ་མའི་གྲངས་ནི་བྱེ་བ་ཕྱེད་དང་བཅུ། །དེ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་ལས་འཁོར་ལོ་བཞི་སྟེ། དཀྱིལ་འཁོར་

དང་པོ་གཉིས་པ་ཡིས། །བདེ་བ་ཆེན་པོའི་སུམ་ཅུ་མཚོན། །དེ་ནས་དཀྱིལ་འཁོར་གསུམ་པ་ཡི། །གཉིས་པའི་ཚིགས་བཅད་དྲུག་བསྣན་པས། །བཅུ་དྲུག་མགྲིན་པའི་འཁོར་ལོའོ། །དེ་ལས་ཚིག་གཅིག་དང་པོའི་མགོ །ལྷག་པ་བདེ་ཆེན་དཀྱིལ་དུ་བསམ། །
དཀྱིལ་འཁོར་བཞི་པ་ལྔ་པ་གཉིས། །དྲུག་པའི་དང་པོ་ཚིགས་བཅད་གཉིས། །ཚིག་གསུམ་འོག་ཏུ་ཕྱེད་དང་དྲུག །བསྣན་པས་སྤྲུལ་པའི་འཁོར་ལོའོ། །ཚིག་གསུམ་པོ་ནི་ལྟེ་བར་བསམ། །དཀྱིལ་འཁོར་ལྔ་པའི་མཚན་མེད་ཚིག །ཚིག་རྐང་དྲུག་དང་ལྷ་ཡི་ནི། །བསྟོད་པ་མ་
གཏོགས་ཚིགས་བཅད་གཉིས། །རྡོ་རྗེ་ཉི་མ་ནས་དཔལ་ལྡན་སངས་རྒྱས་ཞེས་པའི་ཚིགས་བཅད་དྲུག་གིས་གཙོ་བོ་གསུམ་བསྟེན། དཀྱིལ་འཁོར་དྲུག་པས་ཐུགས་ཀར་ཆོས་ཀྱི་འཁོར་ལོའོ། །བཅུ་དྲུག་ཕྱེད་ཕྱེད་ནི་བཞི་དང་བརྒྱད་དང་བཅུ་དྲུག་གོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་ཏེ།
དབྱུ་གུ་དྲུག་ཅུ་རྩ་བཞིའོ། །རྩོལ་བའི་གྲངས་ཀྱིས་མཚན་བཟུང་ངོ་། །སྲོག་ནི་ལྷའི་རང་བཞིན་ཏེ། །རྩ་ནི་བརྟན་དུ་གསལ་བར་བསྒོམ། །དེ་ལྟར་ལུས་གནས་དཀྱིལ་འཁོར་རོ། །བཅུ་དྲུག་ཕྱེད་ཕྱེད་འགྲིབ་ས་ནས། །འཕེལ་དང་འགྲིབ་པས་མཚོན་པའོ། །ཡང་ན་དབྱངས་ཡིག་གི་
ཕྱེད་ཀྱི་ཐ་མ་ཨཾ་ངོ་། །ཡན་ལག་མེད་པ་ནི་ཧཾ་ངོ་། །རྩེ་མོ་ནི་ཟེ་འབྲུ་ལའོ། །རྣམ་པ་ནི་ཁ་དོག་སོ་སོར་རོ། །ཡི་གེ་དྲུག་ནི་མགྲིན་པ་དང་སྙིང་ག་ལའོ། །ཡི་གེ་བརྒྱ་ནི་ཡོན་ཏན་ནོ། །དེ་དང་ལྡན་པ་འཛག་པའོ། །དེ་འཛག་པར་བྱེད་པའི་ཐབས་གཞན་ཡོད་པས་བསམ་གཏན་ཡན་ལག་
ཀུན་ཤེས་པའོ། །འོ་ན་ཡོན་ཏན་ཅི་ཞེ་ན། ཏིང་ངེ་འཛིན་རིག་དང་རྒྱུད་རིག་པའོ། །ཐིག་ལེ་ནས་རྣམ་པ་ཀུན་ལྡན་ཞེས་པའི་མཐར་གསང་བ་ཡུམ་བཞི་གོ་རིམས་བཞིན། བཅུ་དྲུག་ནས་ཏིང་ངེ་འཛིན་ལུས་དང་ཞེས་པའི་མཐར་ཡེ་ཤེས་སེམས་དཔའ་ལ་བསྟོད་པའོ། །དགེ་བ་བཟང་
དང་ཡེ་ཤེས་ཐུགས། །སྨྲ་བའི་དབང་དང་ལྷ་ཆེན་པོ། །བློ་གྲོས་བཟང་དང་ཚེ་དཔག་མེད། །ཆོས་ཀྱི་སྟོབས་དང་འཇིག་རྟེན་ཆོས། །སྒྲ་གཅན་ཉིད་དང་རྒྱལ་མཚན་གྲགས། །སྨན་པའི་མཆོག་དང་མེ་ཏོག་འོད། །ཏིང་འཛིན་ལུས་དང་ལུས་ཀྱི་མཆོག་སྟེ་ཆོས་སྐུའོ། །ལོངས་སྤྱོད་

རྫོགས་སྐུ་དང་སྤྲུལ་པའི་སྐུ་སྟེ་ཞེས་བྱ་བས་གཟུགས་སྐུ་གཉིས་སོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་དེ་ལྷ་མི་ལ་སོགས་པའོ། །དེ་གང་ལས་ཤེ་ན། མཆོག་གི་སྐུ་དེ་ལས་སོ། །དེ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་བྱེད་པ། དེ་ལྟར་ཡུལ་དེ་ལ་ལས་ཁྱད་པར་ཅན་
སྟོན་པ་དེ་ལ་མཆོད་པར་འོས་བསྟོད་པར་འོས་ཕྱག་ལ་སོགས་པ་འོས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་སྐུ་ནས་རྒྱུད་འཆང་བ་ཞེས་པའི་མཐར་བྱང་ཕྱོགས་ཀྱི་བཞི་ལ་བསྟོད་པ་སྟེ་མཐའ་མ་ལ་གཉིས་སོ། །ཕྱོགས་བཅུ་ནས་ཇི་བཞིན་འགྲོ་བའི་དོན་བྱེད་པ་ཞེས་པའི་མཐར་ལྷོའི་སྟེ་
གཉིས་གཉིས་སོ། །ལྷའི་དབང་པོ་ནས་དབང་ཕྱུག་ཅེས་པའི་མཐར་ནུབ་ཀྱི་བཞི་ལ་གོ་རིམས་བཞིན། སྲིད་པའི་དགོན་པ་ནས་འགྲོ་བའི་བླ་ཞེས་པའི་མཐར་ཤར་གྱི་ཤེས་རབ་སེམས་དཔའ་བཞི་སྟེ་གཉིས་གཉིས་སོ། །འཇིག་རྟེན་ཕྱོགས་བཅུ་ནས་སེལ་བར་བྱེད་ཅེས་བྱ་བས་བསྐལ་
པ་བཟང་པོ་བཅུ་དྲུག་ཤར་ནས་བརྩམས་ནས་གཉིས་གཉིས་སོ། །བདུད་དཔུང་ཞེས་བྱས་དྲིལ་བུ་མ། །ཕམ་པར་བྱེད་པ་ལྕགས་སྒྲོག་གོ། །རྫོགས་སངས་རྒྱས་ཞེས་ཞགས་པ་མ། །འཇིག་རྟེན་འདྲེན་ཞེས་ལྕགས་ཀྱུ་མ། །མཆོད་འོས་བསྟོད་འོས་ནས་རྟག་ཏུ་རི་མོར་བྱ་བའི་མཐར་ནང་
གི་ལྷ་མོ་བཞི་ལ་གོ་རིམས་བཞིན་དུ་བསྟོད། བཀུར་འོས་ནས་བརྗོད་པར་བྱ་བ་ནི་ཕྱིའི་ལྷ་མོ་བཞི་ལ་ནི་ཚིག་རྐང་ཕྱེད་ཕྱེད་ཀྱིས་བསྟོད་པའོ། །དགེ་གཙུག་ཕུད་དང་བདུད་རྩི་འོད། །བྱང་ཆུབ་ཆེ་དང་རྒྱ་མཚོ་བསྟན། །རིན་ཆེན་སྟོབས་དང་རོལ་པའི་སྟོབས། །ཉི་མ་ཅན་དང་དགའ་བའི་འོད། །གཙུག་
ན་ནོར་དང་སྲིད་བྲལ་བདག །འགྲོ་བ་འདུལ་དང་སྡུད་པའོ། །མེ་ཏོག་སྦྱིན་དང་འགྲོ་བའི་འོད། །མཐུན་པར་སྨྲ་དང་པདྨ་དང་། །ཡེ་ཤེས་འདོད་དང་བཀོད་པས་རོལ། །དོན་ཡོད་གནས་དང་གཏན་པའི་འོད། །རྒྱལ་མཚན་འཛིན་དང་བདེ་བའི་གནས། །རྣམ་གྲོལ་བཟང་དང་བསམ་པ་
ཤེས། །སེམས་ཅན་འཛིན་དང་རིན་ཆེན་འཛིན། །རྒྱ་མཚོ་དགའ་དང་མི་ཐུབ་འཇོམས། །དགྲ་ཆེན་པོ་དང་འདུལ་བ་དང་། །མཎྜལ་བསྣམས་དང་ལྷ་རྣམས་མཆོད། །དྲི་མ་སྤངས་དང་མཆོག་གི་མུ། །ལྷ་མོ་གསུང་སྙན་རིན་ཆེན་ལྷ། །པདྨའི་ཕྱག་དང་བདུད་དགྲ་འཇོམས། །རྟོག་སྤངས་

དོན་ནི་གྲུབ་པའོ། །འོ་ན་ལོངས་སྐུས་གང་ལ་མཛད་པ་སྟོན་ཞེ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་ཅེས་པ་སྟེ། ས་བརྒྱད་པ་དང་བཅུ་པའི་བར་བགྲོད་པ་གཅིག་པ་མི་འགྱུར་བ་སྟེ། ཕྱིར་མི་ལྡོག་པ་དང་ས་དང་པོ་མཐོང་ལམ་སྤྱོད་པ་ལ་ཞུགས་པ་ནི་གསུམ་རིག་
སྟེ། འདས་པ་དང་ད་ལྟར་དང་མ་འོངས་པ་ལ་མ་ཆགས་མ་ཐོགས་པར་ཤེས་པ་ས་དང་པོ་དང་། ས་གཉིས་པ་ལ་གནས་པ་སྤྱོད་པ་ལ་ཞུགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་ལ་སོགས་པ་ནི་གཙང་མ་དག་པ་སྟེ། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེ། །གང་གིས་སྟོན་པར་བྱེད་ཅེ་ན། རྫུ་འཕྲུལ་ཆེན་པོས་སོ། །གང་སྟོན་ཞེ་ན། འཇིག་རྟེན་འདིས་ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་སྟོན་ཏོ། །གང་གི་ཕྱིར་སྟོན་པར་བྱེད་ཅེ་ན། བདག་རིག་གཞན་རིག་ཐམས་ཅད་ཅེས་པའོ། །འབྲས་བུ་གང་ཞེ་ན། ཤེས་རབ་
ཀྱིས་ནི་དེ་ཉིད་ཐོབ་སྟེ་ཆོས་སྐུའོ། །ཀུན་ལ་ཕན་པའི་གང་ཟག་མཆོག་སྟེ་སྤྲུལ་སྐུ། དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག་སྟེ་ལོངས་སྐུའོ། །དེ་ལྟར་སྟོན་པར་བྱེད་པའི་གང་ཟག་ནི་བཅོམ་ལྡན་འདས་ཏེ། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་
བཞིའི་དོན་སྟོན་པའོ། །དེ་ལྟར་སྟོན་པ་དེས་ན་གང་ལ་ཞུ། གང་གིས་ཞུས། གང་གི་ཕྱིར་ཞུ་གང་ལ་དགོངས་ནས་ཏེ། ཕྱག་རྒྱ་ནི་ས་མ་ཡའམ་མུ་དྲའོ། །དེ་ལྟར་སྟོན་པར་བྱེད་པ་དེ་ལ་ནི་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་དང་རི་མོ་དང་མཆོད་པའི་གནས་སུ་འོས་པའི་ཕྱིར་རོ། །དེ་ལྟར་
བཅོམ་ལྡན་འདས་ཀྱིས་ངེས་པར་འབྲས་བུ་གསུམ་ཐོབ་པའི་ཕྱིར་གང་ཟག་གསུམ་གྱི་དབང་དུ་བྱས་ནས་བགྲོད་པའི་ཐེག་པ་གསུམ་གསུངས་ཏེ། དོན་གྱི་ནང་ནས་འབྲས་བུའི་དམ་པ་འདི་ནི་རྒྱུ་རྣམ་པར་དག་པ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིའོ། །
འོ་ན་གང་ཟག་གསུམ་པོས་ཐུན་མོང་དུ་ནུས་སམ་ཞེ་ན། མི་ནུས་ཏེ། འཇིག་རྟེན་གསུམ་ན་སྐལ་བ་བཟང་བ་ཕྱག་རྒྱ་ཆེན་པོའི་རིགས་མཆོག་ཏུ་གྱུར་པའོ། །དེས་རྟོགས་པ་ཅི་ཞེ་ན། དཔལ་ལྡན་འབྱོར་པ་སྟེ། སྙིང་རྗེ་དང་ཤེས་རབ་གཉིས་དང་ལྡན་ཞིང་སེམས་ཅན་ཀུན་གྱི་དོན་བྱེད་

པ་ལ་མོས་པས་འཇམ་དཔལ་འབྲས་བུ་དཔལ་དང་ལྡན་པའི་མཆོག་འདིས་རྟོགས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །འཇིག་རྟེན་ཞེས་པས་རིན་ཆེན་འབྱུང་ལྡན་ལ་བསྟོད། མངོན་ཤེས་དྲུག་ལྡན་ཞེས་བྱ་བས་དོན་ཡོད་གྲུབ་པ་ལ་བསྟོད་པའོ། །ཤེས་རབ་ཕ་རོལ་ཞེས་བྱ་བས་རྡོ་རྗེ་སེམས་
དཔའ་ལ་བསྟོད་པའོ། །བདག་རིག་གཞན་རིག་ཅེས་བྱ་བས་སྣང་བ་མཐའ་ཡས་ལ་བསྟོད་པའོ། །གཙོ་བོ་ཆོས་ཀྱི་ཞེས་བྱ་བས་རྣམ་པར་སྣང་མཛད་ལ་བསྟོད་པའོ། །མེ་ཏོག་མཛེས་དང་ཡུལ་དོན་གྲུབ། །སྨྲ་བའི་ཟླ་དང་བརྟུལ་ཞུགས་གྲུབ། །མི་གཡོ་བ་དང་བློ་གྲོས་དང་། །མར་མེ་
འབར་དང་སྒྲ་དོན་རྟོགས། །དམ་པའི་སྟོབས་དང་གཟི་བརྗིད་སྟོབས། །བློ་ཡི་སྐུ་དང་ཟླ་བ་དང་། །རིན་ཆེན་འོད་དང་ཡོན་ཏན་རྫོགས། །སྟོན་རབ་མཛད་དང་གཟི་བརྗིད་བཟང་། །ཡེ་ཤེས་སྟོབས་དང་གཟི་བརྗིད་དགེ །རྟེན་པའི་སྟོབས་དང་ལྷ་ཡི་སྐུ། །རབ་ཞི་དང་ནི་ཉི་མའི་ཞལ། །
གྲོལ་བའི་འོད་དང་ཚུལ་ཁྲིམས་འོད། །དཀའ་ཐུབ་རྒྱལ་དང་དྲི་མ་བྲལ། །རྒྱ་མཚོའི་སྒྲ་དང་གཟུགས་བརྙན་སྣང་། །ཀུན་ལས་གྲོལ་དང་རྒྱ་མཚོ་འོད། །དྲི་མ་མེད་དང་དྲན་དབང་འོད། །ཞལ་རབ་རྒྱས་དང་རྒྱལ་བའི་འོད། །མཆོག་དོན་བློ་དང་དཔུང་རབ་ཞི། །དབང་ཕྱུག་ཆོས་
དང་སྣ་ཚོགས་གསལ། །ཞེས་པས་ནི་མཚན་ནི་དགུ་བཅུ་རྩ་ལྔ་སྟེ། བཅུ་དགུ་བཅུ་དགུར་སོ་སོར་སྦྱར། །ཚིགས་སུ་བཅད་པ་བཅོ་ལྔའོ། །དེ་ལྟར་མཚན་ནི་རབ་སྦྱར་རོ། །འཁྲུལ་འཁོར་དཀྱིལ་འཁོར་སོ་སོར་སྦྱར། །སྦྱར་ཐབས་གཞན་དུ་ཤེས་པར་བྱ། །དེ་ལྟར་བསྟོད་པ་དང་
མཚན་བསྟན་ནས། ད་ནི་ཡང་དག་པའི་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པའི་བསྟོད་པ་ནི། དང་པོ་བུམ་པ་དེ་བཞིན་སྦྱིན། །གཉིས་པ་གསང་བ་ཡང་དག་མཐའ། །གསུམ་པ་ཤེས་རབ་སྟོང་པའི་རྒྱུ། །བཞི་པ་སངས་རྒྱས་བྱང་ཆུབ་བོ། །དེ་ཡི་ཡན་
ལག་རྣམ་བཤད་དོན། །ཡན་ལག་སོ་སོར་འོག་ཏུ་སྦྱར། །མཆོག་ནི་སངས་རྒྱས་པར་འདོད་པའི་ཤེས་རབ་སྦྱིན་པ་ནི་སེམས་ཅན་གྱི་དོན་དུ་ཐོབ་པར་འདོད་པའི་སྙིང་རྗེ་དེ་གཉིས་དབྱེར་མེད་པ་ནི་རྡོ་རྗེའོ། །དེ་ལྟར་ན་ཤེས་རབ་དང་སྙིང་རྗེས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ལམ་ཐོབ་

པའོ། །ཡང་དག་མཐར་གྱུར་ནི་སེམས་བསྐྱེད་ལ་བརྟེན་པའི་ལམ་དེ་བླ་མ་ལ་རག་ལས་སོ། །ལམ་ཤེས་བྱེད་དོ། །ལམ་ཐོབ་པ་ནི་སྟོང་པ་ཉིད་ལ་སྟེ། གོམས་པ་ལས་སོ། །ལམ་གྱི་འབྲས་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ། །མཆོག་སྦྱིན་སེམས་མ་
རྡོ་རྗེ་མ། །ཡང་དག་རིན་ཆེན་རྡོ་རྗེ་མ། །སྟོང་ཉིད་པདྨའི་རྡོ་རྗེ་མ། །སངས་རྒྱས་ལས་ཀྱི་རྡོ་རྗེ་མའོ། །དེ་བཞིན་གཤེགས་པའི་ཡུམ་བཞིས་བསྟོད་པའོ། །སངས་རྒྱས་ཆགས་པ་དང་། སངས་རྒྱས་འདོད་པ་དང་། སངས་རྒྱས་དགྱེས་པ་དང་། སངས་རྒྱས་རོལ་པ་དང་བཞིས་ནི་
ལམ་ཐོབ་པར་འདོད་པའི་རྒྱུ་སྙིང་རྗེ་ཡུལ་སེམས་ཅན་བྱང་ཆུབ་ཐོབ་པར་འདོད་པ་དང་། དེ་འབྲས་བུ་ཐོབ་པར་དགའ་བ་དང་། དགའ་བ་དེས་སྣ་ཚོགས་པའི་སྒོ་ནས་གཞན་གྱི་དོན་བྱེད་པའོ། །དེས་ནི་དེ་བཞིན་རིགས་ཀྱི་རྡོ་རྗེ་མ་དང་། པདྨའི་རྡོ་རྗེ་མ་དང་། རིན་ཆེན་རིགས་ཀྱི་རྡོ་རྗེ་
མ་དང་། ལས་ཀྱི་རྡོ་རྗེ་མ་ལ་བསྟོད་པའོ། །དེ་ཡན་ཆད་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པའོ། །སངས་རྒྱས་འཛུམ་པ་དང་། སངས་རྒྱས་བཞད་པ་དང་། སངས་རྒྱས་གསུང་ཉིད་དང་། སངས་རྒྱས་ཐུགས་ལ་ཞེས་བྱ་བས་དཔེར་ན་ཅུང་ཟད་བཞད་པས་ཚེམས་
ཅུང་ཟད་གསལ་བ་དེ་བཞིན་དུ་ལམ་ཅུང་ཟད་གསལ་བ་དང་། ཆེར་བཞད་པས་ཆེར་གསལ་བ་བཞིན་དུ་གོམས་ཤིང་དཔྱད་པ་ལ་ཞུགས་པས་ཆེར་གསལ་བའོ། །དེ་ཡང་གསུང་ལ་བརྟེན་ནས་གསལ་ལོ། །གང་ཞེ་ན། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་དེ་དཔེ་ཡིས་མཚོན་ནས་
སོ། །དེའི་ཕྱིར་ཤེས་པར་བྱ་བའོ། །དེ་བཞིན་གཤེགས་པ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། པདྨའི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་སྟེ་དེ་ཡན་ཆད་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། །མེད་པ་ལས་བྱུང་བ་དང་། སངས་རྒྱས་ལས་བྱུང་བ་དང་། ནམ་མཁའ་
ལས་བྱུང་བ་དང་། ཡེ་ཤེས་ལས་བྱུང་བ་སྟེ། དབྱིངས་སྟོང་པ་ཉིད་དང་ཡེ་ཤེས་ཏེ། རབ་བྱུང་གི་སྐུ་འབྱུང་ངོ་། །འོ་ན་སྟོང་པ་ལས་ཇི་ལྟར་འབྱུང་ཞེ་ན། ནམ་མཁའ་ལས་སྤྲིན་འབྱུང་བ་བཞིན་དུ་ཡེ་ཤེས་ཀྱི་སྐུ་འབྱུང་ངོ་། །དེ་བཞིན་དུ་སྤངས་པ་དང་ཡེ་ཤེས་བསྟན་ཏོ། །དེ་བཞིན་

གཤེགས་པའི་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། སེམས་མ་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མའོ། །སྣང་བ་མཐའ་ཡས་ཀྱི་ཡུམ་བཞིས་བསྟོད་པའོ། །སྒྱུ་འཕྲུལ་དྲ་བ་དང་། སངས་རྒྱས་རོལ་སྟོན་དང་། ཐམས་ཅད་ཐམས་ཅད་དང་ཡེ་ཤེས་སྐུ་ཉིད་ཅེས་པས་སྤངས་པ་དང་། ཡེ་
ཤེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་འབྲས་བུ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དོ། །སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། པདྨ་རྡོ་རྗེ་མ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་མའོ། །ཆོས་སྐུའི་སྒོ་ནས་བསྟོད་པའོ། །ད་ནི་ཕན་ཡོན་བསྟན་པ་ནི། ལག་ན་རྡོ་རྗེ་ཞེས་བྱ་
བ་ནས་འདི་ནི་གསང་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཞེས་བྱ་བས་ནི། བྱིན་གྱིས་བརླབས་པས་ཕན་ཡོན་ཆེ་བས་ཚིག་བཅུ་རྣམ་པར་སྣང་མཛད་ཀྱིས་བསྟན་ཏོ། །ལག་ན་རྡོ་རྗེ་ནས་ཡོངས་སུ་རྫོགས་པ་ཞེས་བྱ་བས་ནི་རྒྱུ་ལ་བརྟེན་པའི་སྟོབས་ཀྱིས་ཐོབ་པར་བྱ་བའི་ཡོན་ཏན་
ཏེ། མེ་ལོང་ལྟ་བུའི་ཡོན་ཏན་བསྟན་ཏོ། །ལག་ན་རྡོ་རྗེ་ནས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ་ཞེས་བྱ་བས་བླ་མ་ལ་བརྟེན་ནས་ཤེས་པའི་ཕན་ཡོན་ཏེ། བླ་མ་ལ་བརྟེན་ནས་ཐོབ་པ་རང་གིས་འབད་པ་སྟེ། མཉམ་པ་ཉིད་དོ། །ལག་ན་རྡོ་རྗེ་ནས་ཚེ་ནུར་བ་
སྒྲུབ་པར་བྱེད་དོ་ཞེས་བྱ་བས་ཉམས་སུ་བླངས་པའི་ཕན་ཡོན་རང་གི་འབད་པ་ལས་འབྱུང་བ་སྟེ། སོ་སོར་རྟོག་པའོ། །ལག་ན་རྡོ་རྗེ་ནས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་འཇུག་པར་མི་འགྱུར་ཞེས་བྱ་བས་འབྲས་བུ་ཐེག་པ་དམན་པ་ལས་གྲོལ་བ་སྟེ། འབྲས་བུ་
ཐེག་པ་ཆེན་པོར་སྡུད་པས་བྱ་བ་སྒྲུབ་པའི་ཕན་ཡོན་ནོ། །ལག་ན་རྡོ་རྗེ་དེ་ལྟར་ན་ཆོས་ཀྱི་རྔ་སྒྲ་ཆེན་པོ་སྒྲོགས་པར་འགྱུར་རོ་ཞེས་བྱ་བས་ནི། ལག་ན་རྡོ་རྗེ་ནི་ཞུ་བ་པོའོ། །དེ་ལྟར་ཞེས་པ་ནི་དེ་ལྟར་རྒྱུ་དང་འབྲས་བུའི་དུས་དེ་ལྟར་བསྟན་ནས། ད་བསྡུས་པའི་ཕན་ཡོན་བསྟན་པ་
ནི་དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཡེ་ཤེས་ལྔའི་དབང་དུ་བྱས་པའི་རྟོག་པ་བསྡུས་པ་འདི་ནི་ཡོན་ཏན་ཤིན་ཏུ་ཆེའོ། །དེ་བས་ན་ལག་ན་རྡོ་རྗེ་མཚན་ཡང་དག་པར་བརྗོད་པ་འདི་དབང་བསྐུར་ཞིང་ཡང་དག་པ་སྟེ། གདམས་ངག་དང་ལྡན་པའི་གང་ཟག་དམ་པ་དག་

འཛིན་ན་རྒྱུ་བཟང་ཞིང་འབྲས་བུ་མྱུར་དུ་འབྱུང་ཞིང་གཞན་ལ་ཡང་ཆོས་ཀྱི་སྦྱིན་པ་རྒྱུན་མི་འཆད་པ་དང་ལྡན་ནོ། །རྟོག་པ་བསྡུས་པ་སྟེ། ཐམས་ཅད་ཀྱི་ཕན་ཡོན་བསྡུས་ཤིང་འབྲས་བུ་བསྡུས་པའོ།། །།ཨོཾ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙ་ཀྵུ་ཨ་
ཨཱ་ཨཾ་ཨཿདེ་སྟོང་པའི་སྔགས་སོ། །པྲ་གྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ། མུ་པཱ་དཱ་ཡ་ཏི་ཨཿ དེས་ནི་སྤྱན་འདྲེན་པ་དང་གཤེགས་སུ་གསོལ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི།
ཝཱ་གཱི་ཤྭ་ར། མ་ཧཱ་བ་ཙ། སརྦ་དྷརྨཱ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿ དེས་ནི་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་དང་། གཏོར་མ་ལ་སོགས་པའོ། །དེ་ཡང་ཡེ་ཤེས་སེམས་དཔའ་གསུམ་གྱི་བར་དུ་ལས་སོ་སོའི་སྔགས་སྦྱར་རོ། །མ་བྱུང་བ་ལས་
ཤེས་པ་ནི་ཡང་དག་པ་མ་ཡིན་པ་ལ་འཁོར་ཏེ། ཕྱིན་ཅི་ལོག་དང་མ་ལོག་པ་རྟེན་འབྲེལ་ལས་འབྱུང་བ་མ་རིག་པ་ཐོག་མར་གནས་པ་དེ་བཞིན་དུ་ཆོས་སྐུ་ཤེས་རབ་འཁོར་ལོ་ཡང་ཐོག་མ་ཐ་མའི་ཨའོ། །འདིས་ནི་ཤེས་རབ་རྣམ་གསུམ་གྱི་བློས་དག་པ་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་དག་པ་འཇམ་པའི་དཔལ་དྷཱིཿ གསུང་ཡོངས་སུ་དག་པ་སྐུ་གསུང་ཐུགས་དག་པ་ས་བོན་གསུམ་གྱིས་བསྡུས་ལ་དེ་ཨར་སྙིང་པོ་འདུས་སོ། །རྗེས་སུ་ཡི་རང་སྟོན་པ་ནི། །དེ་ནས་ཞེས་བྱ་བས་ནི་འདས་མ་ཐག་པའོ། །ཞུ་བ་པོ་དང་དེ་རྣམས་
ཀྱི་བསམ་པ་ལུས་ཀྱི་བྱ་བ་དང་ལྡན་པ་སྟེ། ཡུལ་ཁྱད་པར་ཅན་ལ་བསྐོར་བ་དང་ཕྱག་ལ་སོགས་པ་སྟེ། གུས་པ་དང་ལྡན་པའི་ཞུ་བ་པོས་འཁོར་ཐམས་ཅད་དང་བཅས་པས་བསྟོད་ནས། བདག་ཅག་རྣམས་ངོ་མཚར་ཏེ། ཁྲོ་བོའི་ཚོགས་ལྔ་བརྒྱ་ཐམ་པ་དང་བཅས་པས་གསང་
བསྟོད་ནས་ནི་ཞེས་པ་དག་གི་ལས་སོ། །མགོན་པོ་ནི་བཅོམ་ལྡན་འདས་སོ། །བདག་ཅག་ནི་དག་པ་དང་མ་དག་པའོ། །ལེགས་ཏེ་དག་པའི་དོན་དུ་སྟེ་བདག་ཅག་གོ། །ལེགས་ཞེས་པ་ནི་རྣམ་པར་དག་པ་སྟེ་རྣམ་གྲོལ་ཞེས་པའོ། །ལེགས་པར་གསུངས་ཏེ། རྣམ་པར་དག་པའི་ལམ་

འདི་ལྟ་བུ་གསུངས་པས་སོ། །དེ་ལེགས་པར་ཅིས་ཤེས་ཤེ་ན། ཟབ་ཅིང་ཡངས་ཏེ། དབྱིངས་དང་ཡེ་ཤེས་གཉིས་དང་ལྡན་པའི་ཕྱིར་དང་། དོན་ཆེན་རང་དོན་དང་གཞན་དོན་གཉིས་དང་ལྡན་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་གསུངས་པའི་ཕྱིར་རོ། །དེ་ལྟ་
བས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་སྤྱོད་པའི་ཡུམ་མོ། །དེ་ལ་བརྟེན་ནས་འབྱུང་ཞིང་མ་འོངས་པ་ལ་བསྟན་པས་ན་བཤད་ཅེས་བྱའོ། །བླ་མའི་དྲིན་གྱིས་ཡང་དག་ཐོབ། །གུས་པས་བྱིན་བརླབས་ཐུགས་རྗེས་ཁྱབ། །འགྲོ་བའི་དོན་དུ་འགྲེལ་འདི་བརྩམས། །རྒྱུད་དང་བླ་མའི་
གསུང་ལས་རྙེད། །བརྟེན་ནས་བདག་གིས་འདི་བྱས་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་འགྲེལ་པ་བསྡུས་པའི་གསལ་བ། ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་ཨ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་
སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་མཛོད་ཀྱི་སྒོམ་པ་ཡེ་ཤེས་གྲགས་པའི་དོན་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་ཐི་ཏ་བཱ་ཏི་ནཱ་མ་ཀ་ར།
བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། མཚན་དོན་གསལ་བར་བྱེད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ངོ་བོ་ཉིད་ལྡན་པའི། །ཐབས་དང་ཤེས་རབ་གཉིས་ལྡན་པའི། །ལོག་རྟོག་དྲ་བ་
གཅོད་མཛད་པ། །ཡིད་བཞིན་ནོར་བུ་འཇམ་དཔལ་བསྟོད། །བླ་མེད་ཐེག་པ་ལམ་གྱི་དོན། །བླ་མའི་དྲིན་གྱིས་ཐོབ་ནས་བརྩམས། །གླེང་གཞི་དཀྱིལ་འཁོར་མཚན་གྱི་དོན། །སྔགས་དང་ཕན་ཡོན་མདོར་བསྡུས་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་བྱ་བའི་དོན་ནི་
བྱང་ཆུབ་ཏུ་སེམས་བསྐྱེད་དེ་དགའ་ལྡན་དུ་སྐྱེ་བ་བཞེས་ནས། དེ་ནས་འཆི་འཕོ་བ་མཛད་དེ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པར་སྤྲུལ་ཏེ་ལྷུམས་སུ་ཞུགས་ནས། དེ་ཉིད་ཡེ་ཤེས་སེམས་དཔའ་མཐིང་ག་ཐལ་བའི་མདོག་གོ། །དེ་ཡང་མི་རྣམས་ཐེག་ཆེན་གྱི་ལམ་

ལ་ཞུགས་པའི་ཕྱིར་གླང་པོ་ཆེའོ། །འགྲོ་བ་དྲུག་གི་སྒོ་གཅོད་པའི་ཕྱིར་མཆེ་བ་དྲུག་ཞུ་ནས་ཞལ་དྲུག་པ་སྟོན་པས་ན་དཔལ་ལྡན་ནོ་ཞེས་བྱ་བའོ། །ཡུམ་གྱི་ཕོ་བྲང་དེ་ཉིད་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྐུའི་སྤྲུལ་པ་ཕྱག་ན་རྡོ་རྗེ་དཔག་ཏུ་མེད་པས་
བསྐོར་བས་ན་རྡོ་རྗེ་འཆང་ཞེས་བྱ་བའོ། །འཇིགས་བྱེད་ཀྱི་དོན་དེ་སྐུ་ལ་རྫོགས་པ་ཡང་ངོ་། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་བྱ་བའི་དོན་ནི། པདྨ་ནི་ཡུམ་གྱི་མཁའ་གཞལ་ཡས་ཁང་གདན་དང་བཅས་པའོ། །དེ་ལྟར་སྣང་བ་ལས་
རྒྱལ་བ་རིགས་ལྔས་འོད་ཀྱིས་བསྐུལ་ཏེ། སྐུ་ཁྲོ་བོ་ཞུ་བ་ལས་ཕུང་པོ་ལྔ་རིགས་ལྔས་བྱིན་གྱིས་བརླབས་པའི་སྐུ་ལྔའོ། །ཡུམ་ལ་བསྟོད་ཅིང་ཉོན་མོངས་པ་དང་ཤེས་བྱ་སྤངས་པའི་རྟགས་སུ་པོ་ཏི་དང་རལ་གྲི་བསྣམས་པ། ཐམས་ཅད་མཉམ་པའི་ས་ལ་བཞུགས་པའི་རྟགས་
སུ་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེའི་ཕྱིར་ཡེ་ཤེས་ཡོངས་སུ་རྫོགས་ཤིང་རྒྱས་པས་ན་པདྨ་རྒྱས་པའི་གདན་ལ་བཞུགས་པའོ། །དེ་ཉིད་ཕྱི་ནང་མེད་པར་རྒྱས་པར་གསལ་བས་ཉོན་མོངས་པའི་དྲི་མ་དག་པས་ན། པདྨ་དཀར་པོ་རྒྱས་འདྲའི་སྤྱན་ནོ། །རིགས་ལྔས་
བྱིན་གྱིས་བརླབས་པའི་སྐུའོ། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་བྱ་བའི་སྒྲའི་དོན་ནི་ལུམ་པའི་ཚལ་བྱང་ཆུབ་ཀྱི་ཤིང་རྩར་ཡུམ་གྱི་རྩིབ་མའི་བར་ན་ཚུར་ལ་སྐུ་གཞལ་ཡས་ཁང་དང་བཅས་པ་བཏོན་ནས་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ནས། གཞོན་ནུའི་རོལ་པ་
མཛད་པས་ནང་གི་བདུད་ཕྱི་རོལ་གྱི་སྟོབས་ཀྱིས་བཏུལ་བས་ན་གདུལ་དཀའ་འདུལ་བ་ཞེས་བྱ་བའོ། །ད་ནི་རོལ་པ་སྟོན་ཏེ། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ནི། དཔའ་བོ་ནི་ཉོན་མོངས་པ་ཅན་འདུལ་བའི་སྟོན་པའོ། །རྡོ་རྗེ་ནི་རྡོ་རྗེའི་གདན་ནོ། །དབང་ཕྱུག་ནི་ཀླུའི་རྒྱལ་པོ་
གཉིས་ཀྱིས་སྐུ་ཁྲུས་གསོལ་བའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཆུའོ། །གསང་བའི་རྒྱལ་ནི་ནང་ལས་ཁྱད་པར་དུ་གྱུར་པའོ། །རྒྱལ་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། རང་བཞིན་གྱི་དོན་ཏོ། །བསྡུ་བ་ཐ་མ་ནི་ཕྱག་ན་རྡོ་རྗེས་བསྡུས་ཏེ། ཡང་དང་ཡང་དུ་ཞེས་བྱ་བ་ནས།

ལུས་བཏུད་རྣམས་དང་ཞེས་བྱ་བས་བསྡུས་སོ། །རྡོ་རྗེ་གསོར་ཞིང་འཇིགས་བྱེད་ཀྱི་སྐུ་བསྟན་ནས་ཕྲིན་ལས་བཞི་ལས་དྲག་པོའི་ཕྲིན་ལས་ཀྱིས་ཞུ་བའོ། །ལུས་བཏུད་རྣམས་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཁོར་དང་ལྷན་ཅིག་ཏུའོ། །
དེ་ནི་དང་པོ་ཐབས་དང་ཤེས་རབ་དང་པོའི་སངས་རྒྱས་ཀྱི་སྐུ་བསྟན་པ་དང་། རང་བཞིན་གྱིས་བྱིན་གྱིས་བརླབས་པའི་སྐུ་བསྟན་པ་དང་། རོལ་པའི་གདུལ་བྱ་སྣ་ཚོགས་པའི་ཡེ་ཤེས་ཀྱི་སྐུ་བསྟན་ཏེ། དང་པོ་ཡུམ་བཞིས་བསྡུས། གཉིས་པ་ཀླུའི་བདག་པོ་གཉིས་ཀྱིས་བསྡུས།
གསུམ་པ་ཚངས་པ་དང་བརྒྱ་བྱིན་གྱིས་བསྡུས། འཇིགས་བྱེད་ཕྱག་ན་རྡོ་རྗེས་བསྡུས་པའོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་བྱ་བ་ནས། མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་བྱ་བས་ནི་བསྡུ་བར་འོས་པ་ཇི་ལྟར་
འོས་པ་བསྟན་པའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་བྱ་བ་ནི་བསྡུ་བར་འོས་པ་ཉིད་དུ་བསྟན་པའོ། །དེ་ལ་ཡང་དང་ཡང་དུ་ཞེས་བྱ་བ་ནི་
ཡུམ་གྱི་ཕོ་བྲང་དུ་ཡེ་ཤེས་སེམས་དཔའ་རང་བཞིན་གྱིས་བྱིན་གྱི་རླབས་ཀྱིས་རིགས་ལྔའི་སྐུ་དང་། དང་པོ་སངས་རྒྱས་ཡུམ་བཞིས་བྱིན་གྱིས་བརླབས་པའི་སྐུ་དང་། འཇིགས་བྱེད་སྲུང་བའི་སྤྲུལ་པའི་འཁོར་ཁྲོ་བོའི་སྐུ་དང་། རྣམ་པར་འཕྲུལ་པའི་སྐུའི་སྒོ་ནས་གསུངས་པ་དེ་
བཤད་དུ་གསོལ་ཞེས་པའོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱིས། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་བྱ་བས་ནི་ཞུ་བ་པོ་བདག་སྣོད་དུ་རུང་བའི་ཕྱིར་དང་། རྩེ་གཅིག་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་དང་། དུས་གསུམ་གྱི་སྡུད་པ་པོ་ཡིན་པའི་ཕྱིར་དང་།
སེམས་ཅན་ཀུན་ལ་ཕན་པའི་ཕྱིར་ཞུ་བའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནི་ཞུ་བ་པོ་མཚན་ཉིད་དང་ལྡན་པ་དེ་ལ་ཟིལ་གྱིས་མནན་པའི་ཕྱིར། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། བདུད་བཞིའི་དགྲ་འདུལ་བ་དང་། འཁོར་སྦྱང་བ་

མཛད་ནས་འཛུམ་པ་མཛད་དེ། གསུང་སྙན་པ་བཏོན་ནས་གསུང་བ་ནི། ཞུ་བ་པོ་སྤྲོ་བ་བསྐྱེད་ནས་གསུངས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནི་སྟོན་པའོ། །གསང་སྔགས་རིག་སྔགས་ཐམས་ཅད་དང་། །ཞེས་བྱ་བ་ནི་དང་པོ་སངས་
རྒྱས་དང་། ཡེ་ཤེས་སེམས་དཔའ་དང་རྡོ་རྗེ་འཇིགས་བྱེད་དོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་བྱ་བ་ནི་དང་པོའི་སངས་རྒྱས་ནི་སྨན་པས་འདས་པའོ། །རྡོ་རྗེ་འཇིགས་བྱེད་ནི་འཇིག་རྟེན་པའོ། །ཡེ་ཤེས་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་རིགས་སོ། །
དེའི་ཆེད་དུ་ཚིགས་སུ་བཅད་ནས། དེ་ཁོ་ན་ཉིད་ཡི་གེ་ཨའི་སྒོ་ནས་སྔགས་བརྗོད་པ་ནི། ཤཱཀྱ་ཐུབ་དང་ཐུབ་པ་དང་། །འོད་དང་རབ་ཏུ་གྲགས་པ་དང་། །སེང་གེ་དང་ནི་གཟི་བརྗིད་དང་། །སྟོབས་དང་ཡེ་ཤེས་ཆེན་པོ་དང་། །རབ་ཏུ་གྲགས་དང་གྲགས་ཆེན་དང་། །སྤྲུལ་པ་དང་
ནི་རྫུ་འཕྲུལ་ཆེ། །སྣང་དང་འོད་ཆེན་སྣང་བ་དང་། །དཔའ་བོ་སྡེ་དང་མི་འཇིགས་དང་། །གཙུག་ནས་བྱུང་དང་གཙུག་ཕུད་