Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 64

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ཅན་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ། །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་ནི་བྱམས་པའི་འབྲས་བུའོ། །འགྲོ་ན་གདུགས་གཅིག་
ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ནི་སྙིང་རྗེ་དང་བྱམས་པའི་བདག་ཉིད་དོ། །དཔལ་ལྡན་ནི་ཟླ་བའི་གཟུགས་ཅན་པདྨ་ནི་འདིར་ཀུ་མུ་ད་སྟེ་སྟེང་ན་གར་མཛད་པའོ། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས་ནི་ཕྱག་མཚན་ཏེ་ཟླ་བའི་རྒྱལ་མཚན་ནོ། །སངས་རྒྱས་ཀུན་གྱི་
གཟི་བརྗིད་ཆེ་ནི་སངས་རྒྱས་ལྔའི་ཅོད་པན་མངའ་བའོ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ་ནི་སྐུའི་སྒོ་ནས་སོ། །རྣལ་འབྱོར་ཆེ་ནི་ཐུགས་ཀྱི་སྒོ་ནས་སོ། །བསྟན་པ་གཅིག་ནི་གསུང་གི་སྒོ་ནས་སོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ། །རིན་ཆེན་ཀུན་བདག་
དབང་ཕྱུག་སྟེ། །རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་སྒོ་ནས་སོ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་ནི་སེམས་ཅན་ཀུན་ལ་དབང་བསྐུར་བའོ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ནི་དེ་བཞིན་གཤེགས་པ་ཀུན་ལ་དབང་བསྐུར་བའི་བདག་པོ་སྟེ་རྡོ་རྗེ་རིན་ཆེན་ནོ། །སྣང་བ་མཐའ་ཡས་པདྨའི་ཏིང་ངེ་

འཛིན་གྱི་དབང་དུ་མཛད་ནས། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ནི་དང་པོའི་སངས་རྒྱས་ཐུགས་ལ་གནས་པའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཐུགས་ཀའི་བཛྲ་ཏཱིཀྵྞའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་རང་ཉིད་ཉི་མའི་འོད་མངའ་བའོ། །རྡོ་རྗེ་ཟླ་བ་དྲི་མེད་
ནི་དང་པོའི་སངས་རྒྱས་ཟླ་བའི་འོད་མངའ་བའོ། །ཆགས་བྲལ་ནི་མྱ་ངན་ལས་འདས་པ་ལས་སོ། །སོགས་པས་བསྡུས་པ་ནི་ཆགས་པ་སྟེ་འཁོར་བའོ། །ཆགས་པ་ནི་གཉིས་ཀ་ལ་མི་གནས་པའོ། །ཁ་དོག་སྣ་ཚོགས་འབར་བ་ནི་སྐུ་མདོག་དམར་པོ་འོད་ཟེར་དམར་བའོ། །རྡོ་རྗེ་
སྐྱིལ་ཀྲུང་ནི་བཞུགས་སྟངས་སོ། །འགྲོ་བའི་ཆོས་འཛིན་པ་ནི་པདྨ་བསྣམས་པ་སྟེ། སེམས་ཅན་ལ་དམིགས་པའི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་ཆོས་བཤད་པ། སངས་རྒྱས་སྐྱེས་ནི་སྣང་བ་མཐའ་ཡས་ལས་སྐྱེས་པའོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ནི་གཡོན་པས་
པདྨའི་ཡུ་བ་བཟུང་ནས་གཡས་པས་འབྱེད་པའོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་ནི་འགྲོ་བ་འདུལ་བ་ཀུན་གཟུགས་སོ། །ཆེ་བ་སངས་རྒྱས་སྣང་བ་མཐའ་ཡས་རིག་སྔགས་ཀྱི་བདག་པོ་དབུ་ལ་འཆང་བ་སྟེ་པདྨའི་སྒྲོལ་མའོ། །རྡོ་རྗེ་རྣོན་པོའི་ཚིག་བཅད་གཅིག་ནི་གོ་སླའོ། །ཁྱབ་
འཇུག་གི་གཟུགས་ཅན་རྡོ་རྗེ་ཟབ་མོ་ཛི་ན་ཛིཀ་སྟེ་བླ་ན་མེད་པའི་རྒྱལ་བས་རྒྱལ་བའོ། །རྡོ་རྗེ་བློ་གྲོས་དོན་བཞིན་རིག་ནི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་མཁྱེན་པའོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ནི་ཕ་རོལ་ཕྱིན་པ་བཅུ་རྫོགས་པའི་ས་བཅུ་རྫོགས་པས་ན་རྒྱན་དང་ལྡན་པ་སྟེ་རྡོ་རྗེ་འཁོར་ལོའོ། །
རྣམ་པར་དག་པ་བདག་མེད་ཆོས་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །ཡང་དག་ཡེ་ཤེས་ཟླ་འོད་བཟང་ནི་སྤོབས་པའོ། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་ནི་ངེས་པའི་ཚིག་གོ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ནི་དོན་སོ་སོ་ཡང་དག་པར་རིག་པ་སྟེ། ཚངས་པའི་གཟུགས་ཅན་
གྱིས་གསུངས་བའོ། །དོན་ཡོད་གྲུབ་པའི་པདྨའི་ངེས་པའི་དབང་ཕྱུག་གི་དབང་དུ་མཛད་ནས། རྡོ་རྗེ་གདན་ནི་མ་ལུས་ལྡན་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ནི་ཛྙཱ་ན་ཀཱ་ཡའོ། །ཀུན་དུ་བཟང་པོ་བློ་གྲོས་བཟང་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་པོའི་

སངས་རྒྱས་སོ། །ས་ཡི་སྙིང་པོ་འགྲོ་བ་འཛིན་ནི་བྱ་བ་ནན་ཏན་གྱིས་འགྲོ་བ་རྣམས་མི་གཏོང་བ་སྟེ་དོན་ཡོད་གྲུབ་པའོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་སྟེ་སྦྱོར་བའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་པས་ན། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་སྟེ་ཞི་བ་དང་རྒྱས་པ་
དང་དབང་དང་མངོན་སྤྱོད་ཀྱི་འཁོར་ལོ་སྣ་ཚོགས་འཆང་བ་རྡོ་རྗེ་ལས་སོ། །དངོས་པོ་ཀུན་གྱི་རང་བཞིན་འཆང་ནི་སྒྲུབ་པའི་བརྩོན་འགྲུས་ཏེ་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན་འཛིན་པའི་བསྲུང་བའོ། །སོ་སོར་རྟོག་པ་སྐྱེ་བ་མེད་པའི་ཆོས་མཁྱེན་ནས་འགྲོ་བ་སྣ་ཚོགས་དོན་དུ་གཉེར་
བའི་ཆོས་ཀུན་གྱི་ངོ་བོ་ཉིད་འཆང་བའི་གནོད་སྦྱིན་ནོ། །ནན་ཏན་བྱེད་པའི་ཤེས་རབ་ཆེན་པོ་སྐད་ཅིག་ལ་ཆོས་ཀུན་གྱི་འོད་གསལ་བ་ཐུགས་སུ་ཆུད་པའི་ཁུ་ཚུར་རོ། །དད་པའི་དབང་པོས་ཆོས་ཀུན་ཁོང་དུ་ཆུད་པས་ཐུབ་པའི་བློ་མཆོག་སྟེ་ལྕགས་ཀྱུའོ། །བརྩོན་འགྲུས་ཀྱི་དབང་པོས་མི་
གཡོ་བས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འཇུག་ཅིང་འཆང་བས་ན་ཞགས་པའོ། །དྲན་པའི་དབང་པོས་སངས་རྒྱས་ཀུན་གྱི་མངོན་སུམ་དུ་བྱེད་པས་ན་ལྕགས་སྒྲོག་གོ། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །འབེབས་པས་ནི་དྲིལ་བུའོ། །དེ་ལྟར་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་
ཀྱིས་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བཛྲ་ཏཱིཀྵྞ་དང་ལྡན་པའི་འཁོར་ལོས་སྒྱུར་བའོ།། །།དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་འདོད་པའི་དོན་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་
མཆོག་ཏུ་གྱུར་པས་དམ་པ་སྟེ་རྣམ་པར་སྣང་མཛད་དོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ་ནི་རབ་ཏུ་བྱུང་བའི་ཆ་བྱད་ཅན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་མངའ་བའོ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག་ནི་ཐུགས་ཀའི་དང་པོའི་སངས་རྒྱས་སོ། །སེམས་ཅན་ཐམས་ཅད་རབ་
སྒྲོལ་བྱེད་ནི་འཁོར་ལོ་གཉིས་ཀྱི་སྟེང་དུ་པྲཛྙཱ་ཛྙཱ་ན་མཱུརྟིའོ། །དོན་གྲུབ་ཀྱི་མི་བསྐྱོད་པའི་དབང་དུ་བྱས་ནས། ཉོན་མོངས་གཡུལ་དུ་གཅིག་དཔའ་བ་སྟེ། ཉོན་མོངས་པས་ཀུན་ནས་བསླང་བའི་གཡུལ་གྱི་ནང་ན་རྡོ་རྗེ་བསྣམས་ནས་གཅིག་པུ་དཔའ་བ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་

པའི་ང་རྒྱལ་དང་བཅས་པ་དྲེགས་པས་ས་གནོན་གྱི་ཕྱག་རྒྱས་འཇོམས་པའོ། །དཔལ་ལྡན་ནི་ཟུང་དུ་འཇུག་པའོ། །བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་སྒེག་པར་ལྡན་པ་ནི་ཞལ་ཁྲོ་འཛུམ་དང་ལྡན་པའོ། །ཅུང་ཟད་མཆེ་བ་གཙིགས་ཤིང་བདུད་ཀྱིས་མི་བསྐྱོད་པ་
བརྟན་པོའི་ཁྲོ་བོ་མི་སྡུག་པའི་གཟུགས་འཆང་བའོ། །རིན་ཆེན་གཙུག་ཕུད་ཀྱི་དབང་དུ་མཛད་ནས་འོད་ཟེར་གྱིས་སྤྲུལ་པའི་ལག་པ་བརྒྱ་པོ་ཀུན་དུ་བསྐྱོད་ནི་གཡས་བརྐྱང་དང་གཡོན་བརྐྱང་གི་གོམ་པའི་སྟོབས་ཀྱིས་གར་བྱེད་པའོ། །དཔལ་ལྡན་ནི་བཅོམ་ལྡན་འདས་རིན་ཆེན་
གཙུག་ཏོར་གྱི་ངོ་བོ་ལག་པ་བརྒྱས་སྤྲུལ་པའི་ཕྱག་གིས་ལོངས་སྤྱོད་པ་ནི་ནམ་མཁའ་ཁྱབ་པར་སེམས་ཅན་ལ་དབང་བསྐུར་ནས་གར་བྱེད་པ་ནི་ཅི་དགའ་བར་རོལ་པའོ། །རིན་ཆེན་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས་ཡི་གེ་ལཾ་ཡོངས་སུ་གྱུར་པའི་སའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་
ལྟེ་བར་རྐང་པ་གཡས་པའི་མཐིལ་གྱིས་གནོན་ཅིང་ཞབས་གཡོན་པའི་རྐང་པའི་མཐེབ་སེན་མོའི་ཁྱོན་གྱིས་བསམ་གཏན་དང་པོའི་ཚངས་པའི་ཡུལ་ས་རྩེ་ནས་གནོན་པ་སྟེ་ཕྱག་གཉིས་ཀྱིས་པདྨ་བསྣམས་པའོ། །རིན་ཆེན་ཆར་འབེབས་ཀྱི་དབང་དུ་མཛད་ནས། དོན་གཅིག་ཅེས་བྱ་བ་
ལ་སོགས་པ་གསུངས་ཏེ། དོན་གཅིག་ནི་སྟོང་པ་ཉིད་དོ། །གཉིས་མེད་ནི་མཚན་མ་མེད་པའོ། །ཆོས་ཀྱི་དོན་ནི་སྨོན་པ་མེད་པའོ། །དམ་པའི་དོན་ནི་འོད་གསལ་བའོ། །འཇིགས་མེད་ནི་ཆོས་ཀྱི་དབྱིངས་སོ། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནི་མེ་ལོང་ལྟ་བུའོ། །
སེམས་ནི་ཀུན་གཞི་གནས་འགྱུར་བའོ། །རྣམ་ཤེས་རྒྱུད་དང་ལྡན་ནི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དངོས་དོན་མ་ལུས་ནི་སྟོང་པ་ཉིད་དོ། །དགའ་བ་ནི་རྡོ་རྗེ་སེམས་མའོ། །སྟོང་པ་ཉིད་དགའ་ནི་མཚན་མ་མེད་པའོ། །འདོད་ཆགས་
བློ་ནི་རིན་ཆེན་མའོ། །སྲིད་པའི་འདོད་ཆགས་སོགས་སྤངས་པ་ནི་སྨོན་པ་མེད་པ་སྟེ་ཆོས་མའོ། །སྲིད་གསུམ་དགའ་བ་ཆེན་པོ་ནི་འོད་གསལ་བ་སྟེ་ལས་མའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར་ནི་ཚུལ་ཁྲིམས་རྣམ་པར་དག་པས་དཀར་མོའོ། །སྐུ་མདོག་སེར་མོ་ཡིན་ཡང་

འོད་ཟེར་སྟོན་ཀའི་ཟླ་བའི་འོད་མངའ་བའི་རིན་ཆེན་སེམས་མའོ། །རྒྱལ་པོ་བཤད་པ་ཉི་མའི་འོད་མངའ་བས་ན། ཉི་མ་ཤར་ཀའི་དཀྱིལ་ལྟར་མཛེས་པའོ། །སེན་མོའི་འོད་ནི་ཤས་ཆེར་དམར་བས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་མཚོན་པའོ། །རིན་
ཆེན་ཆགས་པ་གསུངས་པ། སངས་རྒྱས་ལྔའི་ཅོད་པན་བཟང་པོ་ཨིནྡྲ་ནཱི་ལའི་མདོག་ཅན་གྱི་ཟུར་ཕུད་ཀྱི་རྩེ་མོ་ཅན་ནོ། །དེས་ན། སྐྲ་མཆོག་མཐོན་ཀའི་རྩེ་མོ་ཅན། །ཞེས་བྱའོ། །ནོར་བུ་ལེགས་པར་བཤད་པ། ནོར་བུ་ཆེན་པོ་འོད་ཆགས་དཔལ་ཏེ་འོད་ཟེར་ཁ་དོག་ལྔ་
པ་ཅན་དང་། སྤྲུལ་པའི་སངས་རྒྱས་ལྔའི་དབུ་རྒྱན་ཅན་ནོ། །རིན་ཆེན་ཁྲོ་གཉེར་བཤད་པ་ཞབས་གཡོན་བརྐྱང་ནས་འཇིག་རྟེན་གྱི་ཁམས་ཀུན་དུ་བསྐྱོད་ཅིང་། ཞབས་གཡས་པས་རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཀྱིས་གཟུགས་ཀྱི་ཁམས་གནོན་པའོ། །རིན་ཆེན་འོད་
བཤད་པ། དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་བྱ་སྟེ་ལུས་དང་ཚོར་བ་དང་སེམས་དང་ཆོས་ཀྱི་དྲན་པ་འཆང་བས་དྲན་པ་ཆེན་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོའོ། །རིན་ཆེན་དཔལ་གསུངས་པ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་བྱ་སྟེ་དྲན་པ་དང་ཆོས་རྣམ་པར་འབྱེད་
པ་དང་བརྩོན་འགྲུས་དང་དགའ་བ་དང་ཏིང་ངེ་འཛིན་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་རྣམས་མངའ་བའི་སྤོས་ཀྱི་དྲིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཁྱབ་པའི་བྱམས་པའོ། །རིན་ཆེན་བཤད་པ། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་སྟེ་
ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་དང་འཚོ་བ་དང་རྩོལ་བ་དང་ཏིང་ངེ་འཛིན་དང་དྲན་པ་དང་བྱང་ཆུབ་ཀྱི་ཡན་ལག་སྟེ་ཡང་དག་པའི་སངས་རྒྱས་ཀྱི་ལམ་གྱི་ཆོས་ཀྱི་སྦྱིན་པའོ། །རིན་ཆེན་ཆོས་ཀྱི་དབང་དུ་མཛད་ནས། སེམས་ཅན་ཀུན་ལ་ཤས་ཆེར་ཆགས་ཏེ་བྱམས་པའི་ཏིང་
ངེ་འཛིན་གྱི་བདེ་བར་མཛད་པས་ན་ཆགས་པའོ། །ནམ་མཁའ་ལྟ་བུའི་སྟོང་པ་ཉིད་མཁྱེན་པའི་ཤེས་རབ་ཀྱིས་ནི་ཆགས་པའོ། །རིན་ཆེན་རྣོན་པོ་བཤད་པ། སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་བྱ་སྟེ་ཐུགས་རྗེས་སེམས་ཅན་ལ་འཇུག་ཅིང་ཤེས་རབ་ཀྱིས་སེམས་ཅན་གྱི་ཉོན་མོངས་

པ་བཅད་ནས་ཡིད་ལྟར་མགྱོགས་པས་ན་རྣོན་པོའོ། །རིན་ཆེན་འཁོར་ལོ་བཤད་པ། སེམས་ཅན་ཀུན་གྱི་དབང་དོན་ཤེས་ཏེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་ཀུན་གྱི་དོན་མཁྱེན་པའོ། །དགའ་བའི་སྟོབས་ཀྱིས་སེམས་ཅན་ཀུན་གྱི་ཡིད་འཕྲོག་པས་འཁོར་ལོའོ། །རིན་ཆེན་གསུང་བ་
བཤད་པ། ཕུང་པོ་ལྔ་དོན་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །དེ་ཉིད་ཤེས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཕུང་པོ་ལྔ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །རྣམ་དག་འཆང་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། བཏང་སྙོམས་ཆེན་པོའི་ལྗགས་
བསྣམས་པའོ། །རིན་ཆེན་ལས་བཤད་པ་འབྲས་བུའི་དབང་དུ་མཛད་ནས། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་སྨོས་སོ། །ངེས་པར་འབྱུང་བ་ཀུན་ལ་མཁས་ནི་ཐེག་པ་གསུམ་གྱི་རྒྱུ་ལ་མཁས་པ་སྟེ་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །རིན་ཆེན་སྲུང་བ་བཤད་པ། ངེས་
འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་བྱ་སྟེ་ངེས་པར་འབྱུང་བ་ཐེག་པ་གསུམ་གྱི་མི་མཐུན་པའི་ཕྱོགས་ལས་བསྲུང་ཞིང་གནས་པའི་རྒྱུ་སེམས་ཅན་ལ་ངེས་པར་འབྱུང་བ་ཀུན་སྟོན་པ་ནི་འབྲས་བུ་སྟེ་གོ་ཆ་བསྣམས་པའོ། །རིན་ཆེན་གནོད་སྦྱིན་བཤད་པ། ཡན་ལག་བཅུ་གཉིས་
སྲིད་རྩ་བཏོན། །ཞེས་བྱ་བ་སྨོས་ཏེ། ལུགས་སུ་འབྱུང་བའི་རྟེན་འབྲེལ་བཅུ་གཉིས་བག་ཆགས་དང་བཅས་པ་སྤངས་པའོ། །ལུགས་ལས་བཟློག་པའི་རྣམ་པར་དག་པ་བཅུ་གཉིས་འཆང་བས་ན་མཆེ་བ་འཛིན་པའོ། །རིན་ཆེན་ཁུ་ཚུར་བཤད་པ། བདེན་བཞིའི་ཚུལ་གྱི་རྣམ་
པ་ཅན་ཏེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་རྣམ་པ་ཉིད་ཀྱི་རྣམ་པ་ཅན་གྱི་ཤེས་པ་བཞི་དང་རྗེས་སུ་ཤེས་པ་བཞི་སྟེ། བརྒྱད་ཀྱི་རྟོག་པ་གཅིག་ཏུ་སྡུག་ཅིང་ཁུ་ཚུར་འཆང་བའོ། །བསྐལ་པ་བཟང་པོའི་དབང་དུ་མཛད་ནས། བདེན་དོན་རྣམ་པ་བཅུ་
གཉིས་ལྡན། །ཞེས་བྱ་སྟེ་སྡུག་བསྔལ་ཤེས། ཀུན་འབྱུང་སྤངས་པ། འགོག་པ་མངོན་དུ་བྱས་པ། ལམ་བསྒོམས་པ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། སྡུག་བསྔལ་ཤེས་པར་བྱར་མེད། ཀུན་འབྱུང་

སྤང་དུ་མེད། འགོག་པ་མངོན་དུ་བྱར་མེད། ལམ་བསྒོམ་དུ་མེད་པར་ཡུལ་དུ་བྱས་པར་འཆང་བ་ནི་བྱམས་པའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི་བདེན་པ་བཞི་ལ་ཤེས་བཟོད་བཅུ་དྲུག་རིག་པའི་འཇམ་དཔལ་ལོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་བཟོད་པ་
བརྒྱད་དང་ཤེས་པ་བརྒྱད་དང་ཡེ་ཤེས་བཞི་སྟེ་ཉི་ཤུས་བྱང་ཆུབ་པ་ནི་སྤོས་ཀྱི་གླང་པོའོ། །རྣམ་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ལྔ་རིག་ནས་མཆོག་ཏུ་གྱུར་པས་ན་ཏོག་སྟེ་ཡེ་ཤེས་ཏོག་གོ། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་མཐའ་ཡས་པ་བཟང་པོ་དཔག་ཏུ་མེད་པ་འགྱེད་ཅིང་
སྐྱོང་བས་ན་བཟང་སྐྱོང་ངོ་། །སྐད་ཅིག་མ་ཐམས་ཅད་ཀྱི་བློས་མངོན་པར་རྟོགས་པས་ན་བློ་གྲོས་རྒྱ་མཚོའོ། །སེམས་འོད་གསལ་བའི་སྐད་ཅིག་མའི་དོན་མི་ཟད་པ་ཀུན་རིག་པས་ན་བློ་གྲོས་མི་ཟད་པའོ། །ཐེག་པ་སྣ་ཚོགས་ཀྱི་ཐབས་ཀྱི་ཚུལ་གྱིས་སྤོབས་པ་མངའ་ཞིང་འགྲོ་
བའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ལ་རྟོག་པས་ན་བརྩེགས་པ་སྟེ་སྤོབས་པ་བརྩེགས་པའོ། །ཁམས་གསུམ་ལས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་མཐུ་ཆེན་པོ་མངའ་ཞིང་ཐེག་པ་གཅིག་གི་འབྲས་བུར་གནས་པའི་མཐུ་ཆེན་པོ་བརྙེས་པས་ན་མཐུ་ཆེན་པོ་
ཐོབ་པའོ། །ཉོན་མོངས་ཁམས་རྣམས་དག་པའི་བདག་ནི་ངན་སོང་ཀུན་འདྲེན་ནོ། །ལས་ཀྱི་ཁམས་ཀྱི་མྱ་ངན་དང་བྲལ་བའི་སྡུག་བསྔལ་ཟད་པར་བྱེད་པས་ན་མྱ་ངན་མུན་པ་ངེས་པར་འཇོམས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆུའི་རྒྱ་མཚོ་ཀུན་ལས་བརྒལ་བའི་
ཡེ་ཤེས་ཀྱི་དྲ་བ་མངའ་བས་དྲ་བ་ཅན་གྱི་འོད་དོ། །སྦྱོར་བའི་དགོན་པ་ལས་བྱུང་བ་ནི་གཉེན་པོའི་རྣལ་འབྱོར་ཟླ་བ་ཚེས་པ་ལྟ་བུ་འགྲོ་བ་ཀུན་འཁོར་བའི་དགོན་པ་ལས་དབྱུང་ནས་ཡེ་ཤེས་ཀྱི་ལང་ཚོ་བསྐྱོད་པས་ན་ཟླ་འོད་གཞོན་ནུའོ། །འོད་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཉོན་མོངས་
པ་དང་། ཉེ་བའི་ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པས་ན་འོད་དཔག་ཏུ་མེད་དོ། །སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཐབས་ནམ་མཁའ་ལྟ་བུ་སྐྱེ་གནས་ལས་དངོས་གྲུབ་གསུམ་དོན་ཡོད་པར་མཛད་པས་ན་ནམ་མཁའི་སྙིང་པོའོ། །བདག་དང་བདག་གིར་ལྟ་བའི་སྒྲིབ་པའི་འདུ་

ཤེས་ཀྱི་དོན་སྤངས་ཤིང་རྣམ་པར་ཤིས་པའི་དོན་གྱི་གཟུགས་འཛིན་སེལ་ཅིང་འགོག་པར་བྱེད་པས་ན་སྒྲིབ་པ་རྣམ་པར་སེལ་བའོ། །ལྷ་མོ་བརྒྱད་ཀྱི་དབང་དུ་མཛད་ནས། ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པས་ན། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ཏེ་
རིན་ཆེན་སྒེག་མོའོ། །ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་བསྣམས་པས་སངས་རྒྱས་ཀྱི་ཐུགས་རིག་ཅིང་དགྱེས་པ་སྟེ་ཕྲེང་མའོ། །རིན་པོ་ཆེའི་པི་ཝང་བརྡུང་བའི་གཞུ་བསྣམས་པས་ན་སེམས་ཅན་ཀུན་གྱི་ཡིད་ལ་གནས་ཏེ་གླུ་མའོ། །རིན་པོ་ཆེ་རྩེ་གཅིག་པ་བསྣམས་ནས་
གར་བསྐོར་བས་སེམས་ཅན་དེ་དག་གི་སེམས་དང་མཐུན་པར་འཇུག་པ་སྟེ་གར་མའོ། །རིན་པོ་ཆེའི་བདུག་པས་སེམས་ཅན་ཀུན་ཚིམ་པར་བྱེད་པས་ན་རིན་ཆེན་བདུག་པ་མའོ། །རིན་པོ་ཆེའི་མེ་ཏོག་གི་ཟ་མ་ཏོག་བསྣམས་པས་ན་སེམས་ཅན་ཀུན་གྱི་ཡིད་དགའ་བ་སྟེ་མེ་ཏོག་མའོ། །
མར་མེའི་མཆོད་སྡོང་བསྣམས་ནས་འཁྲུལ་པའི་མུན་པ་སེལ་བས་ན་མར་མེ་མའོ། །དྲིའི་དུང་ཆོས་བསྣམས་ནས་གཟུགས་འཛིན་གྱི་ནོར་བ་ཐམས་ཅད་སྤོང་བས་ན་དྲི་ཆབ་མའོ། །བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་དོན་ལ་ཐེ་ཚོམ་མེད་ཅིང་ཤེས་བྱ་ཀུན་གྱི་དོན་ལ་སྐུ་
གསུང་ཐུགས་ཀྱི་ཡོན་ཏན་གྱི་བདག་ཉིད་བསྙེམས་པས་རིན་ཆེན་ལྕགས་ཀྱུ་མའོ། །ཕུང་པོ་ལྔ་དང་དུས་གསུམ་དུ་ཆོས་ཀྱི་དབྱིངས་སྐད་ཅིག་ཐམས་ཅད་ལ་དོན་དམ་པར་བྱེ་བྲག་ཕྱེད་པ་སྟེ་ཞགས་པ་མའོ། །སྐད་ཅིག་མ་གཅིག་གིས་རྫོགས་པའི་སངས་རྒྱས་དྲན་པའི་ལྕགས་སྒྲོག་
གིས་བཅིངས་ནས་སངས་རྒྱས་ཀུན་གྱི་རང་བཞིན་བདག་གི་ལུས་ལ་འཆང་བས་ན་རིན་ཆེན་ལྕགས་སྒྲོག་མའོ། །ལུས་མེད་ལུས་ཏེ་སངས་རྒྱས་ཀུན་གྱི་ཐུགས་སོ། །ལུས་ཀྱི་མཆོག་སྟེ་གསུང་རྣམས་སོ། །ལུས་ཀྱི་མཐའ་ནི་རྟེན་ཡིན་པས་ན་སྐུ་སྟེ། གཅིག་ཏུ་འབེབས་པ་རྟོག་
པས་ན་རིན་ཆེན་དྲིལ་བུའོ། །ཐམས་ཅད་ཀྱི་སྐུ་མདོག་དང་རྒྱན་དང་ཕྱག་མཚན་ཇི་ལྟ་བུ་ཞེ་ན། གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན་ཏེ་དབྱིབས་དུ་མ་ཅན་ནོ། །ནོར་བུ་ཆེན་པོ་ནི་ཀུན་གྱི་ཁ་དོག་སེར་པོའོ། །རིན་ཆེན་ཏོག་ནི་ཕྱག་མཚན་དང་། ཅོད་པན་ལ་རིན་པོ་ཆེའི་ཏོག་

མངའ་བའོ། །དེ་ལྟར་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བ་དོན་ཐམས་ཅད་གྲུབ་པ་ནི་ཝཱ་གཱི་ཤྭ་ར་དང་བཅས་པའོ།། །།རྟ་མཆོག་གི་དཀྱིལ་འཁོར་ཐོག་མར་ཚིག་རྐང་པ་ལྔས་འབྲས་བུའི་
དབང་དུ་བྱས་ནས་བཤད་པ་ནི། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ་ནི་སངས་རྒྱས་གཞན་གྱིས་ཤེས་པར་བྱའོ། །སངས་རྒྱས་བྱང་ཆུབ་བླ་ན་མེད་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་མཛད་ནས་དོན་དམ་པར་ནི་ཡི་གེ་མེད་པ་ཡིན་ལ། ཀུན་རྫོབ་ཏུ་བྱ་བ་དང་སྤྱོད་
པ་གཉིས་ཀ་དང་རྣལ་འབྱོར་དང་རྣལ་འབྱོར་མའི་སྐུ་གསང་སྔགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་གསང་སྔགས་ཆེན་པོ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་འཆང་བའི་སྤྲུལ་པའི་སྐུའི་དབང་དུ་མཛད་ནས་གསང་སྔགས་དོན་གྱི་དཀྱིལ་འཁོར་གྱི་ལྷ་ཀུན་སྤྲུལ་
ཅིང་བསྐྱེད་པའོ། །དེ་སྒྲུབ་པའི་ཐབས་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐིག་ལེ་ཆེན་པོ་ནི་སྲོག་གི་རླུང་ངོ་། །ཡི་གེ་མེད་པའི་དོན་རང་གི་མཚན་ཉིད་ཡིན་པས་རྟོག་པ་དང་བྲལ་བའོ། །སྟོང་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་སོ། །དེའི་ཡི་གེ་ནི་མི་འགྱུར་བས་ན་
ཡེ་ཤེས་ལྔའོ། །ཐིག་ལེ་སྟོང་པ་ནི་རླུང་བསྟེན་པའི་སྟོང་པ་ཉིད་རྟོགས་པས་ཡི་གེ་བརྒྱ་སྟེ་མི་འགྱུར་བའི་ཡི་གེ་བརྒྱའོ། །འདི་ལྟ་སྟེ། འབྱུང་བ་ལྔ་དང་། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། ཡུལ་ལྔ་དག་ལ་རེ་རེ་ཞིང་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རིགས་བརྒྱའོ། །
དེ་ལྟར་ཕྱི་རོལ་གྱི་སྤྲོས་པ་དང་བྲལ་བ་ཞི་གནས་ཀྱི་རང་བཞིན་རྣམ་པ་ཀུན་དང་ལྡན་ཞིང་ལྷག་མཐོང་གི་ཆོས་དོན་དམ་པར་དངོས་པོ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཏེ། ཀུན་རྫོབ་ཏུ་འབྱུང་བ་ཆེན་པོ་བཞི་ལ་རེ་རེ་ཞིང་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་
དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའོ། །དེའི་དབྱེ་བ་བཅུ་དྲུག་ཡིན་ལ། དེ་ཡང་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། འོད་གསལ་བའི་བསམ་གཏན་བཞི་ལ། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། རྣམ་པ་ཐམས་

ཅད་པའི་སྟོང་པ་བརྒྱད་ཡིན་ལ། དེའི་ཕྱེད་ཀུན་རྫོབ་ཀྱི་རྣམ་པ་བཞི་སྤངས་པའི་སྟོང་པ་ཉིད་བཞི་བསྒོམས་ནས་དེ་དག་ལ་རང་གི་ངང་གིས་ཟུང་དུ་འཇུག་པའི་ཐིག་ལེ་ཅན་ནོ། །དེའི་སྐུ་གསུང་ཐུགས་ཀྱི་ཡན་ལག་མེད་པ་བགྲང་བའི་རྩིས་ལས་འདས་པ་དེ་སྣང་བ་དང་། སྣང་བ་
མཆེད་པ་དང་། སྣང་བ་ཐོབ་པ་དང་། འོད་གསལ་བའི་བསམ་གཏན་བཞིའི་རྩེ་མོ་ཅན་དང་། དེ་ཉིད་ཀྱིས་ན་བསམ་གཏན་ཞི་གནས་དང་། ཡན་ལག་ལྷག་མཐོང་ཀུན་ཤེས་ཤིང་། ཏིང་ངེ་འཛིན་གྱི་རིགས་ཐམས་ཅད་མཁྱེན་ཅིང་ས་བཅུའི་རྒྱུད་ཐམས་ཅད་རིག་པས། ཏིང་
འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་བྱ་སྟེ་ཆོས་ཀྱི་སྐུ་ཐོབ་པར་གྱུར་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ཡང་ཐོབ་པར་འགྱུར་བའོ། །སྐུ་གསུམ་པོ་དེ་ལས་སངས་རྒྱས་སྤྲུལ་པའི་རྒྱུད་ཉིད་ཀྱིས་ཕྱོགས་བཅུར་ཇི་ལྟར་མོས་པའི་འགྲོ་བའི་དོན་བྱེད་པར་འགྱུར་
རོ། །རྟ་མཆོག་གི་དཔའ་བོ་གཅིག་པུའི་དབང་དུ་མཛད་ནས། ལྷའི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ནོ། །ལྷའི་ལྷ་ནི་ཚངས་པའོ། །ལྷའི་བདག་པོ་ནི་འདོད་པའི་ལྷའོ། །ལྷ་མིན་བདག་ནི་ཁྱབ་འཇུག་གོ། །འཆི་མེད་ནི་ཉི་མའོ། །ལྷའི་
ལྷ་ནི་པ་བ་སངས་སོ། །འཇོམས་བྱེད་ནི་གཞོན་ནུ་གདོང་དྲུག་གོ། །འཇོམས་བྱེད་དབང་ཕྱུག་ནི་ལྷ་ཆེན་པོའོ། །སྲིད་པའི་དགོན་པ་ལས་བརྒལ་བ་ནི་བདེ་སོགས་མ་ལ་སོགས་པའི་ལྷ་མོ་བརྒྱད་འཕྲོགས་ནས་ལྷ་བརྒྱད་གདན་དུ་བཏིང་བའོ། །དེ་ཉིད་ཀྱིས་ན། སྟོན་པ་གཅིག་པུ་འགྲོ་
བའི་བླ། །ཞེས་བྱའོ། །དེ་བཞིན་གཤེགས་པ་ལྔའི་རྟ་མཆོག་གི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། འཇིག་རྟེན་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུར་གྲགས་པའི་མི་བསྐྱོད་པ་བདུད་བཞི་ལས་རྒྱལ་བའི་ཆོས་ཀྱི་སྦྱིན་བདག་ཆེ་བ་སྟེ་སྐུ་མདོག་
དཀར་པོ་རྡོ་རྗེ་བསྣམས་པའོ། །མཆོག་སྦྱིན་པའི་ཕྱག་རྒྱས་བྱམས་པའི་གོ་ཆས་བཅིངས་ཤིང་སྙིང་རྗེའི་ཡ་ལད་བགོས་པས་སྐུ་མདོག་སེར་པོ་རིན་པོ་ཆེ་བསྣམས་པའོ། །ཕྱག་བཞིས་ཤེས་རབ་ཀྱི་པོ་ཏི་དང་རལ་གྲི་དང་མདའ་གཞུ་བསྣམས་པ། ཉོན་མོངས་པ་མི་ཤེས་པའི་

གཡུལ་ངོ་སེལ་བ་སྐུ་མདོག་དམར་པོ་འོད་དཔག་མེད་དོ། །གདོན་མི་ཟ་བར་གྲུབ་པ་ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་། ལྷའི་བུའི་བདུད་བཞིའི་དགྲ་བདག་ཉིད་ཀྱིས་བཏུལ་ཞིང་གཞན་གྱི་བདུད་བཞིའི་འཇིགས་པ་སེལ་བར་མཛད་པའི་སྣ་ཚོགས་
རྡོ་རྗེ་བསྣམས་པ་སྐྱབས་སྦྱིན་མཛད་པ་ལྗང་གུའོ། །སྲོད་ལ་བདུད་བཞི་བཏུལ་ནས་ཐོ་རངས་ཁ་མངོན་པར་རྫོགས་པར་སངས་རྒྱས་པ་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་འཇིག་རྟེན་འདྲེན་པའོ། །དེ་དག་ལ་མཆོད་པའི་ལྷ་མོ་དང་། བསྟོད་པའི་ལྷ་མོ་དང་། ཕྱག་
འཚལ་བའི་ལྷ་མོ་དང་། རིམ་གྲོ་བྱེད་པའི་ལྷ་མོ་དང་། བསྙེན་བཀུར་བྱེད་པའི་ལྷ་མོ་དང་། རྗེད་པར་བྱེད་པའི་ལྷ་མོ་དང་། གུས་པས་ཕྱག་བྱ་བའི་ལྷ་མོ་དང་། བླ་མར་བྱེད་པའི་ལྷ་མོ་སྟེ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་བསྐོར་བའོ། །རིགས་གསུམ་གྱི་རྟ་མཆོག་གི་དབང་
དུ་མཛད་ནས། འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གསུམ་གྱི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཤར་ཕྱོགས་སུ་གོམ་པ་གཅིག་བཞག་ནས་ནུབ་ཕྱོགས་སུ་གོམ་པ་གཅིག་གིས་བགྲོད་ཅིང་། དཔེར་ནམ་མཁའ་ལྟར་མཐའ་མེད་རྣམ་པར་གནོན་
པའོ། །གསུམ་རིག་པ་ནི་བདག་ཉིད་དང་ཡུམ་གཉིས་མཁྱེན་པ་སྟེ་ལྷ་མོ་གཙང་མ་དཀར་བ་དང་པདྨ་སྔོན་མོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དག་པ་ནི་དམར་མོ་པདྨ་དཀར་པོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །མངོན་ཤེས་དྲུག་ལྡན་ནི་ལྷའི་མིག་དང་། རྣ་བ་དང་། རྫུ་
འཕྲུལ་གྱི་ཡུལ་དང་། འཆི་བ་དང་། སྐྱེ་བ་དང་། གཞན་གྱི་སེམས་དང་། ཟག་པ་ཟད་པ་མཁྱེན་པས་དབང་པོ་དྲུག་སེམས་དཔའ་དྲུག་གིས་བྱིན་གྱིས་བརླབས་ཤིང་། རྗེས་དྲན་དྲུག་ནི་ཡུལ་དྲུག་ལྷ་མོ་དྲུག་གིས་བྱིན་གྱིས་བརླབས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །
རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས་ནི་སྐུ་མདོག་ལྗང་གུ་རལ་གྲི་དང་པདྨ་དང་མདའ་གཞུ་བསྣམས་པའོ། །མགོས་བསམ་གཏན་བཞི་པར་ཕྱིན་པའོ། །གྲུབ་པའི་མཐའི་དབང་དུ་བྱས་ནས་བཤད་པ། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་བྱ་བ་སྨོས་ཏེ། མཐར་ནི་ཕུང་པོ་ལྷག་

བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའོ། །ཤེས་རབ་ཀྱི་དེ་ཁོ་ན་ཉིད་རྣམ་པར་ཤེས་པའི་ཆོས་ཐོབ་པ་ནི་མདོ་སྡེ་པའོ། །བདག་ཉིད་ཀྱང་རིག་པ་གཞན་ལ་རིག་པ་ཡིན་པ་ལ། ཁམས་གསུམ་པོ་ཤེས་པ་ཡིན་པས་ན་སེམས་ཙམ་མོ། །སེམས་ཅན་
ཀུན་ལ་སྙིང་རྗེས་ཕན་པའི་མཆོག་ཏུ་གྱུར་པས་ན། དཔེར་བྱ་ཐམས་ཅད་ཀྱི་མཐའ་གཉིས་ལས་འདས་པས་ན་དབུ་མའོ། །ཤེས་པ་ནི་བྱ་བ་གཙོ་བོར་གྱུར་པ་ན་བྱ་བའི་རྒྱུད་དོ། །ལུས་དང་ངག་གི་སྤྱོད་པ་ནི་བདག་པོའམ་མཆོག་ཏུ་བྱེད་པས་ན་སྤྱོད་པའི་རྒྱུད་དོ། །གཉིས་ཀའི་རྒྱུད་གཙོ་
བོར་བྱས་ནས་ཆོས་ཀྱི་སྦྱིན་བདག་མཛད་པས་ན་གཉིས་ཀའི་རྒྱུད་བསྟན་པའོ། །ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་ཆོས་དང་ལས་ཀྱི་དོན་སྟོན་པའི་འགྲོ་བ་རྣམས་ཀྱིས་འདོད་པའི་ཡོན་ཏན་གྱི་བསྙེན་བཀུར་གྱི་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་འཐོབ་པའི་རྣལ་འབྱོར་གྱི་རྒྱུད་དོ། །ཐེག་པ་
གསུམ་གྱི་ངེས་པར་འབྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་བགྲོད་པ་ལ་ཟབ་མོ་མཐར་ཐུག་རྫོགས་པའི་རིམ་པ་ནི་བདེ་བ་དམ་པ་ཟུང་འཇུག་སྟེ། དོན་གྱི་དམ་པ་རྣམ་དག་དཔལ་ཡིན་ལ་དེ་འཇིག་རྟེན་གྱི་ནང་ན་སྐལ་བ་བཟང་ཞིང་ཆེ་བ་རྣམས་ཀྱི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་
གྲུབ་ཀྱི། དཔལ་ལྡན་འབྱོར་པ་ཀུན་བྱེད་པའོ། །དེ་སུ་ཞིག་ཡིན་ཞེ་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གོ། །།དེ་ལྟར་ཚིགས་སུ་བཅད་པ་བཅོ་ལྔས་ཛྙཱ་ན་ཀཱ་ཡ་དང་བཅས་པའི་འཁོར་ལོས་སྒྱུར་བ་དོན་ཡོད་གྲུབ་པའོ། །དེ་ལྟར་འཁོར་ལོ་རྣམ་པ་དྲུག་
བསྒོམས་ནས་དཀྱིལ་འཁོར་དྲུག་ལ་ཡེ་ཤེས་སེམས་དཔའ་བཅུག་ནས། དབང་བསྐུར་བ་མཛད་ནས་དེ་ཁོ་ན་ཉིད་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་བདག་ཉིད་ཐམས་ཅད་ཀྱི་མཆོད་པ་བྱའོ། །དེ་ལ་གང་ཟག་བཞི་པ་སྒྲུབ་པར་བྱེད་པ་སྟེ། དང་པོར་དེ་
བཞིན་གཤེགས་པའི་རིགས་ཅན་བསྒོམ་པར་མོས་པས་དཀྱིལ་འཁོར་དྲུག་བྱས་ལ་སློབ་མ་དབང་བསྐུར་བར་འདོད་པ་ན་ཡང་དབང་བསྐུར་བར་བྱའོ། །རང་རྒྱལ་བའི་རིགས་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་བསྒོམས་ལ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ལས་

དང་རྗེས་སུ་མཐུན་པའི་སྦྱིན་སྲེག་བྱའོ། །ཉན་ཐོས་དང་རྗེས་སུ་མཐུན་པའི་གང་ཟག་གིས་དཀྱིལ་འཁོར་དྲུག་བསྒོམས་ལ་རང་རང་གི་དཀྱིལ་འཁོར་དུ་གང་དང་གང་ལ་མོས་པའི་ལྷའི་ཐུགས་ཀར་འཁོར་ལོའི་དབུས་སུ་ཡི་གེ་བཀོད་ལ་སྡིག་པ་ཟད་པར་བྱའོ། །
བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འཁོར་ལོ་དྲུག་བསྒོམས་ལ་སེམས་ཅན་གྱི་དོན་བྱ་བའི་ཕྱིར། དཀྱིལ་འཁོར་དང་བཅས་པ་དང་། དཔའ་བོ་གཅིག་པུའི་ཆོ་ག་བཞིན་དུ་བསྙེན་པ་དང་སྟ་གོན་དང་དཀྱིལ་འཁོར་ལ་རབ་ཏུ་གནས་པ་བྱས་ལ་ཕྱག་རྒྱ་བཞིའི་སྒོ་ནས་དངོས་གྲུབ་
དོན་དུ་གཉེར་ནས་ཕན་ཡོན་དང་རྗེས་སུ་མཐུན་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །རྗེས་ཀྱི་དོན་རྣམ་པ་བཞིའི་དབང་དུ་མཛད་ནས་བཤད་པ། བསྒོམ་པ་དང་བཟླས་པ་ཟིན་པའི་རྗེས་ལ་མཆོད་པ་དང་བསྟོད་པ་བྱའོ། །དེ་ལ་བསྟོད་པ་ནི་འདི་ཡིན་ཏེ། མཆོག་སྦྱིན་རྡོ་རྗེ་མཆོག་
ཅེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པ་དང་། སྟོང་ཉིད་ལས་བྱུང་ཞེས་བྱ་བའི་ཚིགས་བཅད་ཕྱེད་ཀྱིས་རྣམ་སྣང་ལ་བསྟོད་པའོ། །སངས་རྒྱས་ཆགས་པ་ཞེས་བྱ་བའི་ཚིགས་བཅད་གཅིག་གིས་མི་བསྐྱོད་པ་ལ་བསྟོད་པའོ། །སངས་རྒྱས་
འཛུམ་པ་ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་བསྟོད་པའོ། །མེད་པ་ལས་བྱུང་ཞེས་བྱ་བའི་ཚིགས་བཅད་གཅིག་གིས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། །སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་
གིས་རྟ་མཆོག་གི་དཀྱིལ་འཁོར་ལ་བསྟོད་པའོ། །ཡང་ན་ཚིགས་སུ་བཅད་པ་འདི་ལྔ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་ཅེས་བྱ་བ་སྣང་བ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ལ་དེ་བཞིན་གཤེགས་པ་བཞི་དང་། སེམས་དཔའ་བཅུ་དྲུག་གིས་བསྐོར་བ་བསྒོམས་ལ་བསྟོད་པ་བྱའོ་ཞེས་
སློབ་དཔོན་ཡེ་ཤེས་གྲགས་པ་བཞེད་དོ། །ཕན་ཡོན་གྱི་དབང་དུ་མཛད་ནས། ཀྱེའི་ལག་ན་རྡོ་རྗེ་འཆང་ཞེས་སྡུད་པ་པོ་ལ་བོས་ནས། འདི་ནི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབང་དུ་མཛད་པའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི་བཞི་པའི་སངས་རྒྱས་སོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ནི་དང་པོའི་དཔའ་བོའི་སངས་རྒྱས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཨ་ར་པ་ཙ་ནའོ། །དེ་གསུམ་གྱི་མཚན་བསྒོམས་པའི་རྗེས་ལ་ཡང་དག་པར་བརྗོད་ན། འབྲས་བུ་དགའ་བ་དང་། དང་བ་དང་མགུ་བ་
འཇིག་རྟེན་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྐྱེད་པའོ། །ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ནས་ཡོངས་སུ་བྱང་བ་ཞེས་བྱ་བའི་བར་དུ་མི་བསྐྱོད་པའི་སྤོང་བ་དང་ཡེ་ཤེས་ཀྱི་ཕན་ཡོན་བཤད་པའོ། །བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་གྱི་ཕན་ཡོན་
བསྟན་ཏོ། །མ་ཐོབ་པ་ཐོབ་པ་ནི་སྣང་བ་མཐའ་ཡས་ཀྱི་ཕན་ཡོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་ཕན་ཡོན་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་ཡོན་ཏན་དག་བཤད་ཅིང་མི་བསྐྱོད་པའི་ཡང་དག་པར་བསྟན་ལ། རིན་ཆེན་
འབྱུང་ལྡན་གྱི་བཀྲོལ་ཏེ་སྣང་བ་མཐའ་ཡས་ཀྱི་རྣམ་པར་ཕྱེ་ནས་དོན་ཡོད་གྲུབ་པའི་ཡོན་ཏན་གསལ་བར་བྱེད་ལ། དྲན་ཅིང་འདོན་པའི་སེམས་ཅན་དེ་ལ་ངས་བྱིན་གྱིས་བརླབ་པར་བྱའོ། །ཐམས་ཅད་ཀྱི་ཆོས་ཉིད་བྱིན་གྱིས་བརླབས་ཞེས་བྱ་བ་ནི་སྡུད་པ་པོ་ནས་མ་འོངས་
པའི་སེམས་ཅན་གྱི་བར་དུ་ཡེ་ཤེས་སེམས་དཔའ་བཅུག་ནས་བྱིན་གྱིས་བརླབས་པའོ། །དཀྱིལ་འཁོར་གཉིས་པའི་དབང་དུ་མཛད་ནས། ལག་ན་རྡོ་རྗེ་འཆང་ཞེས་བོས་ནས་གཞན་ཡང་དཀྱིལ་འཁོར་གཉིས་པ་བསྒོམ་ཞིང་མིང་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བ་
གསུངས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གཞིའི་སངས་རྒྱས་སོ། །དག་ཅིང་ཞེས་བྱ་བ་ནི་དང་པོའི་སངས་རྒྱས་སོ། །སངས་རྒྱས་དང་བྱང་ཆུབ་ནི་པྲཛྙཱ་ཛྙཱ་ན་མཱུརྟིའོ། །མངོན་པར་རྟོགས་པ་ནི་མི་བསྐྱོད་པའོ། །བླ་ན་མེད་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཐུགས་
སུ་ཆུད་པ་ནི་སྣང་བ་མཐའ་ཡས་སོ། །ཕན་པར་མཛད་པ་ནི་དོན་ཡོད་གྲུབ་པའོ། །སྟོབས་བཅུའི་སྟོབས་ནི་རྡོ་རྗེ་སེམས་མའོ། །ཐམས་ཅད་མཁྱེན་པ་ནི་རིན་ཆེན་མའོ། །ལུང་ནི་ཆོས་མའོ། །བསྒྲུབ་པ་ནི་ལས་མའོ། །ཤིན་ཏུ་དག་པ་ནི་རྡོ་རྗེ་སེམས་མའོ། །སྐྱེ་གནས་ནི་རྒྱལ་

པོའོ། །ཞིང་ནི་ཆགས་པའོ། །གཞི་ནི་ལེགས་པའོ། །འབྱུང་གནས་ནི་རིན་ཆེན་ནོ། །མཐའ་ནི་ཉི་མའོ། །བརྟག་པ་ནི་རྒྱལ་མཚན་ནོ། །སྐྱེ་གནས་ནི་བཞད་པའོ། །གདུང་བའི་འཆད་པ་ནི་ཆོས་སོ། །རྒྱུད་རབ་ཏུ་འཕེལ་བ་ནི་རྣོན་པོའོ། །ཚར་གཅོད་པ་
ནི་འཁོར་ལོའོ། །འཇོམས་པ་ནི་གསུང་བའོ། །ཕམ་པར་བྱེད་པ་ནི་ལས་སོ། །སྡུད་པ་ནི་གསུང་བའོ། །ཡོངས་སུ་སྨིན་པ་ནི་གནོད་སྦྱིན་ནོ། །ཏིང་ངེ་འཛིན་ནི་ཁུ་ཚུར་རོ། །བསམ་གཏན་ནི་སྒེག་མོའོ། །རྣལ་འབྱོར་ནི་ཕྲེང་བ་མའོ། །བྲལ་བ་ནི་གླུ་མའོ། །སྤང་བ་ནི་གར་
མའོ། །ཉེ་བར་ཞི་བ་ནི་བདུག་པ་མའོ། །རྣམ་པར་གྲོལ་བ་ནི་མེ་ཏོག་མའོ། །ཐར་པ་ནི་མར་མེ་མའོ། །ཞི་བ་ནི་དྲི་ཆབ་མའོ། །འབྱུང་གནས་ནི་ལྕགས་ཀྱུ་མའོ། །སེལ་བ་ནི་ཞགས་པའོ། །གཅོད་པ་ནི་ལྕགས་སྒྲོག་གོ། །ལམ་བཟང་པོ་ནི་དྲིལ་བུའོ། །མི་འཇིགས་པ་ནི་
རྡོ་རྗེ་འཁོར་ལོས་སྒྱུར་བའོ། །བ་དན་བསྒྲེང་བ་ནི་པདྨའི་འཁོར་ལོས་སྒྱུར་བའོ། །ཆོས་སྟོན་པ་ནི་ལས་ཀྱི་འཁོར་ལོས་སྒྱུར་བའོ། །མྱུར་དུ་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་འཁོར་ལོས་སྒྱུར་བའོ། །རྟོག་པ་ནི་དམ་ཚིག་གོ། །སོ་སོར་རྟོག་པ་ནི་ཆོས་ཀྱི་འཁོར་ལོས་སྒྱུར་བའོ། །
རྫོགས་པ་ནི་ལས་ཀྱི་ཕྱག་རྒྱའི་འཁོར་ལོས་སྒྱུར་བའོ། །ཡོངས་སུ་དག་པ་ནི་ཤར་ཕྱོགས་པ་བཞིའི་ཕན་ཡོན་ནོ། །ཡོངས་སུ་རྫོགས་པ་ནི་ལྷོ་ཕྱོགས་པ་རྣམས་ཀྱི་ཕན་ཡོན་ནོ། །སོ་སོར་རྟོག་པ་ནི་ནུབ་ཕྱོགས་པ་རྣམས་ཀྱི་ཕན་ཡོན་ནོ། །གཅིག་གིས་རྟོགས་པ་ནི་བྱང་ཕྱོགས་པ་
རྣམས་ཀྱི་ཕན་ཡོན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་དྲན་ནས་ཁ་དོན་བྱེད་པ་ལ་བྱིན་གྱིས་རློབ་པའོ། །དཀྱིལ་འཁོར་གསུམ་པའི་ཕན་ཡོན་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་པ་ནས། གཞན་ཡང་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ཇི་སྐད་
བཤད་པའི་དོན་དྲན་ཞིང་མིང་ཡང་དག་པར་བརྗོད་པ་འདི་ནི་ཞི་བར་བྱེད་དོ་ཞེས་བྱ་བ་པདྨའི་རྣམ་པར་སྣང་མཛད་ཀྱི་ཕན་ཡོན་ནོ། །རྣམ་པར་སྦྱོང་བ་ནི་པདྨའི་མི་བསྐྱོད་པའི་ཕན་ཡོན་ནོ། །བཟློག་པ་ནི་པདྨའི་གཙུག་ཕུད་ཀྱིའོ། །ཡང་དག་པར་གཅོད་པ་ནི་པདྨའི་ཏིང་ངེ་འཛིན་

གྱིའོ། །མི་སྐྱེ་བར་བྱེད་པ་ནི་པདྨ་ངེས་པའི་དབང་ཕྱུག་གིའོ། །ཞི་བར་བྱེད་པ་ནི་པདྨའི་སེམས་མའིའོ། །འཇིགས་པར་བྱེད་པ་ནི་པདྨའི་རིན་ཆེན་མའོ། །སེལ་བར་བྱེད་པ་ནི་པདྨའི་ཆོས་མའིའོ། །ཞི་བར་བྱེད་པ་ནི་པདྨའི་ལས་མའོ། །སྤོང་བར་བྱེད་པ་ནི་པདྨའི་སེམས་དཔའོ། །
འཕེལ་བར་བྱེད་པ་ནི་པདྨའི་རྒྱལ་པོའོ། །སྐྱེ་བར་བྱེད་པ་ནི་པདྨའི་ཆགས་པའོ། །འཇིགས་པར་བྱེད་པ་ནི་པདྨའི་ལེགས་པའོ། །མི་སྐྱེ་བར་བྱེད་པ་ནི་པདྨའི་ཁྲོ་གཉེར་གྱིའོ། །སྙིང་པོར་གྱུར་པ་ནི་པདྨའི་ཉི་མའིའོ། །གསང་བར་གྱུར་པ་ནི་ཟླ་བ་རྒྱལ་མཚན་གྱིའོ། །གསང་ཆེན་
དུ་གྱུར་པ་ནི་ཞལ་བཅུ་གཅིག་པའོ། །ཐམས་ཅད་དུ་གྱུར་པ་ནི་པདྨ་སྒྲོལ་མའིའོ། །ཤེས་བཞིན་ཡང་དག་པར་བསྐྱེད་པ་ནི་པདྨའི་རྣོན་པོའོ། །ཡིད་གཞུངས་པར་བྱེད་པ་ནི་པདྨའི་འཁོར་ལོའི་ཁྱབ་འཇུག་གི་གཟུགས་ཅན་གྱིའོ། །ཕུན་སུམ་ཚོགས་པར་བྱེད་པ་ནི་པདྨའི་
གསུང་བ་ཚངས་པའི་གཟུགས་ཅན་གྱིའོ། །རབ་ཏུ་འཕེལ་བར་བྱེད་པ་ནི་པདྨའི་ལས་ཀྱིའོ། །གྲགས་པར་བྱེད་པ་ནི་པདྨའི་སྲུང་བའིའོ། །ཞི་བར་བྱེད་པ་ནི་པདྨའི་གནོད་སྦྱིན་གྱིའོ། །ཤིན་ཏུ་སད་པ་ནི་པདྨའི་ཁུ་ཚུར་གྱིའོ། །དག་པར་བྱེད་པ་ནི་པདྨའི་སྒེག་མོའོ། །འབྱོར་ལྡན་ནི་
ཕྲེང་བ་མའིའོ། །བཀྲ་ཤིས་པ་ནི་གླུ་མའིའོ། །སྐྱབས་ནི་གར་མའིའོ། །གནས་ནི་པདྨའི་བདུག་པ་མའིའོ། །སྐྱོབ་པ་ནི་པདྨའི་མེ་ཏོག་མའིའོ། །དཔུང་གཉེན་ནི་པདྨའི་མར་མེ་མའིའོ། །གླིང་ནི་པདྨའི་དྲི་ཆབ་མའིའོ། །འཁྲས་ནི་པདྨའི་ལྕགས་ཀྱུ་རྟ་མགྲིན་གྱིའོ། །
གྲུ་ནི་པདྨའི་ཞགས་པའིའོ། །རྒྱལ་པོ་ཆེན་པོ་ནི་པདྨའི་ལྕགས་སྒྲོག་གིའོ། །ཤེས་རབ་ཉིད་ནི་པདྨའི་དྲིལ་བུ་མའིའོ། །ཕྱིའི་སྒོ་བ་བཞི་བཤད་པས་ཡེ་ཤེས་ཀྱི་སྣང་བ་ནི་ལྕགས་ཀྱུའོ། །ནོར་བུ་ལྟ་བུ་ནི་ཞགས་པའོ། །མཁྱེན་པའི་ཡེ་ཤེས་ནི་ལྕགས་སྒྲོག་གོ། །ཡོངས་སུ་
དག་པ་ནི་དྲིལ་བུའོ། །ཤར་ཕྱོགས་ཀྱི་སྐལ་བཟང་རྣམས་ཀྱི་ནི་ཡོངས་སུ་རྫོགས་པའི་བར་གྱིའོ། །ལྷོ་ཕྱོགས་པ་རྣམས་ཀྱི་ནི་ས་བཅུ་ཐོབ་པའི་བར་རོ། །ནུབ་ཕྱོགས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བའི་བར་རོ། །བྱང་ཕྱོགས་པ་རྣམས་ཀྱི་གཞན་མ་ཡིན་པའི་ཆོས་ཉིད་ཀྱི་

བར་རོ། །ཐུན་མོང་གི་ཕྲིན་ལས་དེ་བཞིན་གཤེགས་པའི་ཟློས་པ་པོའི་དབང་དུ་མཛད་ནས་ཡང་དག་པའི་མཐའི་རང་བཞིན་ནོ་ཞེས་བྱ་བའི་བར་དུའོ། །སེམས་པའི་ཟློས་པའི་དབང་དུ་མཛད་ནས། སྟོང་པ་རང་བཞིན་ཉིད་དོ་ཞེས་བྱ་བའི་བར་རོ། །མིང་
ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བའི་དྲན་པ་དང་། ཁ་ཏོན་འདོན་པ་ལ་ཡེ་ཤེས་སེམས་དཔའ་ཞུགས་ནས་བྱིན་གྱིས་བརླབས་པ་ལ་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་
རྗེ་འཆང་ཞེས་བོས་ནས་རྟེན་གྱི་གང་ཟག་ལ་ལས་དྲན་པ་དང་འདོན་པ་དེའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་པ་ནི་གཞིའི་སངས་རྒྱས་སོ། །ཡེ་ཤེས་ཀྱི་སྐུ་ནི་དང་པོའི་སངས་རྒྱས་སོ། །གཉིས་སུ་མེད་པ་ནི་དོན་དམ་པའི་དུཿཁཙྪེ་དའོ། །གཙུག་གི་ནོར་བུ་འདི་ནི་ཁམས་
རྣམ་པར་རྒྱལ་བའི་མཚན་ཡང་དག་པར་བརྗོད་པའོ། །དེའི་སྐུ་ཡང་སྟོན་ཏོ་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པའི་ཧཱུཾ་མཛད་ཀྱིའོ། །བྱིན་གྱིས་བརླབས་པའི་བར་གྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕན་ཡོན་བསྟན་ཏོ། །ཕན་འདོགས་པའི་བར་གྱིས་རིན་ཆེན་ཧཱུཾ་མཛད་ཀྱིའོ། །སྒྲུབ་
པར་མཛད་དོ་ཞེས་བྱ་བའི་བར་གྱིས་ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། །ཉེ་བར་སྟོན་པར་མཛད་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱིའོ། །མ་རུངས་པ་འདུལ་བ་ནས་སྒྲུབ་པར་བྱེད་པའི་བར་གྱིས་ནི་ཤར་ཕྱོགས་ཀྱི་ཁྲོ་བོའི་སེམས་དཔའ་བཞིའིའོ། །སྦེད་པར་བྱེད་པའི་བར་གྱིས་ནི་ལྷོ་ཕྱོགས་པའི་
ཁྲོ་བོའི་སེམས་དཔའ་བཞིའིའོ། །ཚངས་པ་ལ་ནི་བྱང་ཕྱོགས་པ་ཕྱོགས་སྐྱོང་ཉི་ཤུ་རྩ་བཞིས་སྲུང་བ་དང་། སྐྱོབ་པ་དང་སྦེད་པར་འགྱུར་བ་ནི་ནུབ་ཕྱོགས་པའི་ཁྲོ་བོའི་སེམས་དཔའ་བཞིའོ། །གནས་ཉི་ཤུ་རྩ་ལྔར་སྲུང་བ་དང་སྐྱོབ་པ་དང་སྦེད་པར་བྱེད་པ་ནི་བྱང་ཕྱོགས་པའི་ལུས་ཀྱི་
ཁྲོ་བོའི་སེམས་དཔའ་བཞིའོ། །བདེ་ལེགས་སུ་འགྱུར་རོ་ཞེས་བྱ་བའི་རྐང་པ་གཅིག་གིས་ནི་རྡོ་རྗེ་སེམས་མ་དང་སྒེག་མོ་དང་བདུག་པ་དང་ཤར་ཕྱོགས་ཀྱི་ལྕགས་ཀྱུའི་ཡོན་ཏན་བསྟན་ཏོ། །ལྷ་ལ་སོགས་པ་བཅོ་བརྒྱད་ཀྱིས་སྲུང་བ་དང་སྐྱབ་པ་དང་སྦེད་པར་བྱེད་པ་ནི་རིན་ཆེན་སེམས་མ་

དང་ཕྲེང་བ་མ་དང་མེ་ཏོག་མ་དང་ཞགས་པ་བཞིའི་ཡོན་ཏན་བསྟན་ཏོ། །ལུས་ལ་འཇུག་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཀྱི་སེམས་མ་དང་གླུ་མ་དང་མར་མེ་མ་དང་ལྕགས་སྒྲོག་གི་ཡོན་ཏན་བསྟན་ཏོ། །སྒྲུབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ལས་ཀྱི་སེམས་མ་དང་གར་མ་
དང་དྲི་མ་དང་དྲིལ་བུ་མའི་ཡོན་ཏན་བསྟན་ཏོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ནི་བོད་པའོ། །གཞན་ཡང་གཙུག་གི་ནོར་བུ་འདི་ཞེས་བྱ་བ་ནས། དྲན་པ་དང་ཁ་ཏོན་བྱེད་པ་ནི་ཞེས་བྱ་བ་ནོར་བུ་རིགས་ཀྱི་ཡོན་ཏན་
ནོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང་ཞེས་བྱ་བ་ནི་གཞིའི་ལུས་དང་དང་པོའི་སངས་རྒྱས་དང་ཝཱ་གཱི་ཤྭ་ར་གསུམ་གྱི་གཟུགས་མཐོང་བར་འགྱུར་རོ། །ནམ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུར་རོ་ཞེས་བྱ་
བ་ནི་གྲུབ་ཀྱི་མི་བསྐྱོད་པའི་བསྒོམ་པ་དང་ཁ་ཏོན་བྱས་པས་སོ། །ལྟུང་བར་མི་འགྱུར་བ་ནི་རིན་ཆེན་གཙུག་ཕུད་ཀྱིས་སོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་བ་ནི་པདྨའི་ཏིང་ངེ་འཛིན་གྱིས་སོ། །ཡུལ་མཐའ་ཁོབ་ཏུ་སྐྱེ་བར་མི་འགྱུར་བ་ནི་པདྨ་ངེས་པའི་དབང་ཕྱུག་གིས་སོ། །དབང་
པོ་མ་ཚང་བར་སྐྱེ་བར་མི་འགྱུར་ཞེས་པ་ནི་རིན་ཆེན་སེམས་མའིའོ། །ལྟ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་རྒྱལ་པོའིའོ། །སངས་རྒྱས་མི་བཞུགས་པའི་ཡུལ་དུ་སྐྱེ་བར་མི་འགྱུར་བ་ནི་པདྨ་ཆགས་པའི་འོ། །དམྱལ་བར་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་
ལེགས་པའིའོ། །ལྷ་ཚེ་རིང་པོར་མི་འགྱུར་བ་ནི་རིན་ཆེན་ཁྲོ་གཉེར་གྱིའོ། །མུ་གེ་ལ་སོགས་པའི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་ཉི་མའིའོ། །སྙིགས་མ་ལྔའི་དུས་སུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་རྒྱལ་མཚན་གྱིའོ། །ཆོམ་རྐུན་གྱི་འཇིགས་པ་འབྱུང་
བར་མི་འགྱུར་བ་ནི་རིན་ཆེན་བཞད་པའིའོ། །དབུལ་བའི་འཇིགས་པ་མི་འབྱུང་བ་ནི་ཆོས་ཀྱིའོ། །འཇིགས་པ་འབྱུང་བར་མི་འགྱུར་བ་ཞེས་པ་ནི་རྣོན་པོའིའོ། །ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་འཁོར་ལོའིའོ། །ཁ་དོག་དང་ལྡན་པར་འགྱུར་རོའི་བར་གྱིས་ནི་གསུང་བའིའོ། །

དག་པར་འགྱུར་བ་ནི་ལས་ཀྱིའོ། །ཚིག་བཙན་པ་ནི་སྲུང་བའིའོ། །ཚེ་རབས་དྲན་པ་ནི་གནོད་སྦྱིན་གྱིའོ། །འཁོར་མི་ཟད་པ་ནི་ཁུ་ཚུར་གྱིའོ། །ཡོན་ཏན་མཆོག་དང་ལྡན་པ་ནི་རྡོ་རྗེ་སེམས་མའིའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ནི་རིན་ཆེན་མའོ། །
ཚངས་པའི་གནས་བཞི་ནི་ཆོས་མའོ། །དྲན་པ་ལ་སོགས་པ་དྲུག་དང་ལྡན་པ་ནི་ལས་མའིའོ། །སྨྲ་བ་མཁས་པ་ནི་སྒེག་མོ་དང་བདུག་པ་མའིའོ། །སྒྲིན་པོར་གྱུར་པ་ནི་ཕྲེང་བ་དང་མེ་ཏོག་གིའོ། །སྲེད་པ་མེད་པར་འགྱུར་བ་ནི་གླུ་མ་དང་མར་མེ་མའིའོ། །བཀུར་བར་ཡང་འགྱུར་བ་ནི་
གར་མ་དང་དྲི་མའིའོ། །ཤེས་པར་འགྱུར་བ་ནི་རིན་ཆེན་ལྕགས་ཀྱུའིའོ། །རྫོགས་པར་འགྱུར་བ་ནི་རིན་ཆེན་ཞགས་པའིའོ། །མི་བརྗེད་པ་ནི་རིན་ཆེན་ལྕགས་སྒྲོག་གིའོ། །འཇུག་པར་མི་འགྱུར་བ་ནི་རིན་ཆེན་དྲིལ་བུའིའོ། །རྟ་མཆོག་གི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས།
ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་བོས་ནས། དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་གཞིའི་དོན་ཡོད་པར་གྲུབ་པ་དང་། དང་པོ་སངས་རྒྱས་ཛྙཱ་ན་ཀཱ་ཡ་དང་གསུམ་གྱི་ཡོན་ཏན་བསྟན་ཏོ། །གཞན་དག་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་དཔའ་བོ་གཅིག་པུའི་རྟ་
མཆོག་གི་ཡོན་ཏན་བསྟན་ཏོ། །མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བས་ནི་རིགས་ལྔའི་རང་བཞིན་གྱི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ། །ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེས་བྱ་བའི་བར་གྱིས་རིགས་གསུམ་གྱི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ། །ཉེ་བའི་སྙིང་
པོའི་སྔགས་ཀྱི་དབང་དུ་མཛད་ནས། ཨོཾ་སརྦ་དྷརྨྨཱ་ཞེས་བྱ་བ་ནས་ཨ་ཨཱ་ཨཾ་ཨཿཞེས་བྱ་བའི་བར་གྱིས་བཛྲ་ཏཱིཀྵྞའི་ཉེ་བའི་སྙིང་པོ་བསྟན་ཏོ། །པྲ་ཀྲྀ་ཏི་པ་རི་ཤུདྡྷ་ཞེས་བྱ་བ་ནས་མུ་པཱ་དཱ་ཡེ་ཏི་ཨ་ཞེས་བྱ་བའི་བར་གྱིས་དུཿཁཙྪེ་དའི་ཉེ་བའི་སྙིང་པོ་བསྟན་ཏོ། །སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ནས་ཨོཾ་
ཧཱུཾ་ཧྲཱིཿཞེས་བྱ་བའི་བར་གྱིས་པྲཛྙཱ་ཛྙཱ་ནའི་ཉེ་བའི་སྙིང་པོ་བསྟན་ཏོ། །བྷ་ག་བཱན་ཛྙཱ་ན་མཱུརྟི་ཞེས་བྱ་བས་ཛྙཱ་ན་ཀཱ་ཡའི་ཉེ་བའི་སྙིང་པོ་བསྟན་ཏོ། །ཝཱ་གཱི་ཤྭ་ར་མ་ཧཱ་པ་ཙ་ཞེས་བྱ་བས་ཝཱ་གཱི་ཤྭ་རའི་ཉེ་བའི་སྙིང་པོ་བསྟན་ཏོ། །སརྦྦ་དྷརྨྨཱ་ག་ག་ན་ཞེས་བྱ་བ་ནས་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བའི་བར་གྱིས་ཨ་ར་

པ་ཙ་ནའི་ཉེ་བའི་སྙིང་པོ་བསྟན་ཏོ། །སྔགས་འདིས་ནི་དཀྱིལ་འཁོར་དྲུག་གི་ཐུན་མོང་གི་ཉེ་བའི་སྙིང་པོ་བཟླས་པ་བསྟན་ཏོ། །ད་ནི་གཉིས་ཀས་གསལ་གདབ་པ་དང་མཇུག་བསྡུ་བའི་དབང་དུ་མཛད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ལྡན་རྡོ་རྗེ་འཆང་
ནི་ཁམས་གསུམ་རྣམ་པར་རྒྱལ་བའོ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར་ནི་གུས་པས་སོ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཞེས་བྱ་བས་ནི་རྣམ་པར་སྣང་མཛད་ལའོ། །ཕྱག་འཚལ་ནས་ཞེས་བྱ་བས་ནི་ལུས་ངག་ཡིད་གསུམ་
གྱིས་སོ། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེའི་ཁྲོ་བོ་རྒྱལ། །ཞེས་བྱ་བ་ནི་སྡུད་པ་པོ་ལག་ན་རྡོ་རྗེའོ། །སྣ་ཚོགས་གཞན་དང་ཞེས་བྱ་བ་ནི་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཀྱི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཉི་ཤུ་རྩ་གཅིག་དང་ངོ་། །ལྷན་ཅིག་ཏུ་ནི་ཁྲོ་བོའི་རྒྱལ་པོ་དང་
ལྷན་ཅིག་པའོ། །གསང་བསྟོད་ནས་ནི་ཡན་ལག་བརྒྱད་དང་ལྡན་པའི་ཚངས་པའི་དབྱངས་ཀྱིས་སོ། །ཚིག་འདི་གསོལ་བ་ནི་འཆད་པར་འགྱུར་བའི་མགོན་པོ་བདག་ཅག་ཡི་རང་བའོ། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའོ། །
འབྲས་བུ་བཤད་པ། རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །ཞེས་བྱ་བས་ནི་རྣམ་པར་གྲོལ་བའི་འབྲས་བུ་དོན་དུ་གཉེར་བའི་གང་ཟག་དང་། འགྲོ་བའི་མགོན་པོ་འཁོར་བ་རྣམས་དང་བདག་ཅག་ལག་ན་རྡོ་རྗེ་ལ་སོགས་པ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་
ཆེན་མཛད་པ་ནི་རྗེས་སུ་ཡི་རངས་པའོ། །དེའི་དོན་ཅི་འདྲ་ཞེ་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ་སྟེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །འདི་ཞེས་བྱ་བ་ནི་མཚན་ཡང་དག་པར་བརྗོད་པའོ། །རྣམ་དག་ནི་དང་པོར་དགེ་བའོ། །ལེགས་པའི་ལམ་ནི་བར་དུ་དགེ་བའོ། །ཟབ་པ་
ནི་ཐ་མར་དགེ་བའོ། །ཡངས་ལ་རྒྱ་ཆེ་བ་ནི་ཤེས་རབ་དང་སྙིང་རྗེ་སྟེ་ཐབས་སོ། །དོན་ཆེན་པོ་དང་འགྲོ་བའི་དོན་བགྱིད་པ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་བྱ་བ་ནི་སྒྱུ་

འཕྲུལ་དྲ་བའི་གླུ་གསུངས་པའོ། །ད་ནི་མཚན་བསྟན་པའི་དབང་དུ་མཛད་ནས། འཇམ་དཔལ་ནི་རིགས་དྲུག་གི་གཞིའི་སྐུའོ། །ཡེ་ཤེས་སེམས་དཔའ་ནི་དང་པོའི་སངས་རྒྱས་དྲུག་གོ། །དོན་དམ་པ་ནི་ཡེ་ཤེས་ཀྱི་སྐུ་དྲུག་གོ། །མཚན་ཡང་དག་པར་
བརྗོད་པ་ནི་དེའི་དཀྱིལ་འཁོར་དྲུག་གི་མཚན་བསྒོམ་པའི་དོན་བརྗོད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་རྣམ་པར་སྣང་མཛད་དེ་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པར་སྤྲུལ་པས་ན་ཤཱཀྱ་ཐུབ་པའོ། །གསུངས་པ་ནི་བཤད་པའོ། །རྫོགས་པ་ནི་ཏིང་ངེ་འཛིན་དྲ་བའི་ལེའུ་མཐར་ཐུག་
པའོ། །འཇམ་དཔལ་སངས་རྒྱས་ཡེ་ཤེས་དང་། །པདྨ་ཡན་ལག་མེད་པ་དང་། །སྒེག་པ་བཞད་པའི་རྡོ་རྗེ་དང་། །གསུང་གི་མྱུ་གུ་མགྲིན་གསུམ་དང་། །ཨིནྡྲ་པོ་དྷི་ལེགས་གསུངས་དང་། །ཆོས་སྐྱོང་དང་ནི་དཔལ་སྦས་དང་། །ཡེ་ཤེས་བཤེས་གཉེན་ཡེ་ཤེས་གྲགས། །ཏྲི་བི་དྲ་མ་
ཆོས་དབང་པོ། །སྐལ་ལྡན་དབང་ཕྱུག་ཟླ་བཟང་དཔལ། །འདི་སྐད་བརྒྱུད་པའི་རིམ་པ་ལས། །བདག་གིས་འགྲེལ་པ་འདི་བརྩམས་པས། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །སློབ་དཔོན་ཆེན་པོ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཤྲཱི་མ་ཧཱ་ཛ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་བྲྀཏྟི། བོད་སྐད་དུ། འཕགས་པ་འཇམ་
དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། རྗེ་བཙུན་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་རྟོག་བྲལ་དང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་སྐུ། །ཚིག་ལ་སྨྲ་མཁས་བརྗོད་པའི་གསུང་། །ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ། །ཐམས་ཅད་
བསྡུས་པའི་ལམ་གྱི་དོན། །སྒྱུ་འཕྲུལ་གླུ་ཡི་ལེའུ་འདིས། །ཆོས་སྐུ་རྣམ་པར་དག་པ་འབྱུང་། །བླ་མའི་དྲིན་གྱིས་ཐོབ་ནས་བརྩམས། །གླེང་གཞི་སྐབས་དང་འབྲས་བུའི་དོན། །ཉམས་ལེན་ཐབས་སུ་ཤེས་པར་བྱ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །ཤེས་རབ་འདྲ་བའི་སྟོན་པ་སྟེ། །

པདྨའི་གདན་བཞུགས་ཐུགས་རྗེའི་གནས། །འཁོར་ནི་ཁྲོ་གཉེར་ཕྲིན་ལས་ལྡན། །དཔལ་ལྡན་རྡོ་རྗེའི་ལུས་འཆང་བས། །དེ་ནས་དུས་དེ་ཡོན་ཏན་བརྒྱན། །ཡོན་ཏན་གཉིས་དང་ལྡན་པས་ཞུས། །ལྷ་རྣམས་སྐྱོ་བ་ཤིན་ཏུ་བསྐྱེད་བྱས་ནས། །དུས་གསུམ་གཤེགས་པ་རྡོ་རྗེའི་གདན་
དུ་གཤེགས། །རྒྱལ་སྲིད་སྤངས་ནས་སྐྱོ་བས་རབ་ཏུ་བྱུང་། །དཀའ་ཐུབ་སྟོབས་ཀྱིས་ཉོན་མོངས་བདུད་ཀྱང་བཅོམ། །ཡེ་ཤེས་མེས་ནི་འཁོར་བའི་ཕུང་པོ་བསྲེགས། །ཁྲོ་བོའི་སྤྲུལ་པས་མ་རུངས་ལོག་ལྟ་བཅོམ། །པདྨ་ཅན་དུ་འདོད་ཆགས་རྡོ་རྗེའི་སྐུ། །གདུལ་བྱ་འདུལ་ཕྱིར་
སྐུ་ནི་སྟོན་པར་མཛད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གླེང་གཞིའོ། །དེ་ལ་འདི་སྲིད་ན་གདུལ་བྱ་ལ་ཕན་པས་ཞུ་བའམ་མི་ཞུ་ཞེ་ན། དེ་མི་འགལ་ཏེ། སྙིང་རྗེ་ཆེ་དང་ཞེས་པའོ། །དེ་ལྟར་སྣང་བ་ཅིས་ཤེ་ན། ཐབས་ཀྱིས་ཞེས་བྱ་བ་སྟེ། སྐུ་གདུལ་དཀའ་བའི་
དོན་དུའོ། །འཁོར་རྣམས་རང་བཞིན་གྱིས་མ་དུལ་བས་ཐེག་པ་ཆེན་པོའི་སྣོད་དུ་མི་འགལ་ལམ་ཞེ་ན། དེ་མི་འགལ་ཏེ། དགའ་མགུ་ཞེས་པའོ། །དེ་དང་ལྡན་པས་དེས་ཞུས་པའོ། །གང་ལ་ཞེ་ན། བཅོམ་ལྡན་འདས་ལ་ཞུ་བའོ། །ཚུལ་ཇི་ལྟ་བུས་ཤེ་ན། ལུས་བཏུད་
ཅེས་བྱ་བ་དང་མཚམས་སྦྱར་བ་སྔོན་དུ་བཏང་ནས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་པ་དང་པོ་སངས་རྒྱས་ཡེ་ཤེས་སེམས་དཔའ་གཉིས་དང་ལྡན་པ་ཞེས་པ་ནས། བྱང་ཆུབ་ཅི་ནས་ཞེས་པ་ནི་གང་ལ་ཞུས། ཚུལ་ལམ་ཐབས་ཇི་ལྟ་བུས་ཞུས། གང་
གིས་ཞུས། གང་གི་དོན་དུ་ཞུས། གང་ཞུས། ཞུས་པའི་དགོས་པ་གང་དུ་སྟེ། བྱེད་ཚིག་སྒྲ་དང་བཅས་པས་གོ་རིམས་བཞིན་ནོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་བྱ་བས་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་
འཛིན་བསྟན་ཏེ། རྡོ་རྗེའི་བུམ་པར་ཆོས་སྐུ་མཚོན་པའི་སྐུ་གདུང་ཟླུམ་ཞིང་འཁྱིལ་པའི་བུམ་པར་དེ་བཞིན་གཤེགས་པ་བསྐྱེད་པའི་གནས་ཨེ་དྷརྨ་དྷཱ་ཏུ་གྲུ་གསུམ་དཀར་པོའི་ནང་དུ་གཞལ་ཡས་ཁང་སྤྲུལ་ཏེ། ཐབས་དང་ཤེས་རབ་གཉིས་དང་ལྡན་པའོ། །དེ་ནས་རྣམ་པར་སྣང་མཛད་

དང་། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ། ཞལ་བཞི་བཞི་ཕྱག་བརྒྱད་བརྒྱད་པར་སྤྲུལ་ཏེ། སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། པདྨ་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ་ཡང་སྤྲུལ་ཏོ། །ཤར་ཕྱོགས་སུ་
རྡོ་རྗེ་སེམས་དཔའ་ལ་སོགས་པ། ལྷོ་ཕྱོགས་སུ་རིན་ཆེན་དཔལ་ལ་སོགས་པ། ནུབ་ཕྱོགས་སུ་མ་ཆགས་ཆོས་ལ་སོགས་པ། བྱང་ཕྱོགས་སུ་རྡོ་རྗེ་ལས་ལ་སོགས་པ་ཐབས་དང་ཤེས་རབ་ཏུ་གྱུར་པ་ཐམས་ཅད་སྤྲུལ་ཏོ། །དེ་ནས་དང་པོའི་སངས་རྒྱས་པདྨའི་སྦུབས་ནས་ཐོན་པ་དེ་
ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དང་པོའི་སངས་རྒྱས་ཡེ་ཤེས་སེམས་དཔའ་དང་བཅས་པ་འོད་ཀྱིས་བསྐུལ་ནས་རྣམ་པ་ལྔར་འགྱུར་ཏེ། རིགས་ལྔའི་གཙུག་ཏོར་དུ་ནུབ་པས་ཐམས་ཅད་འོད་དང་ལྡན་པས་ན་གཙུག་ཏོར་རོ། །དེ་ནས་ཡུམ་བཞིས་འདུད་
ཅིང་བསྟོད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་གྱི་སྔགས་སྟོང་ཚོ་གཉིས་བསྟོད་པས་འོད་ཁ་དོག་ལྔ་དང་ལྡན་པ་ལས་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནམ་མཁའ་ལ་སྟོན་ཏེ། དེའི་འོད་ཀྱིས་ངན་སོང་གསུམ་དང་འགྲོ་དྲུག་སྦྱོང་བའི་བཅོམ་ལྡན་འདས་འཁོར་བ་
འཇིག་དང་། རྣམ་པར་གཟིགས་དང་། གསེར་ཐུབ་དང་། གཙུག་ཏོར་ཅན་དང་། ལོག་པ་དད་སེལ་དང་། ཐམས་ཅད་སྐྱོབ་ལ་སོགས་པ་ཉིས་བརྒྱ་རྩ་གཉིས་འཕྲོས་ཏེ། ཐམས་ཅད་དབུགས་འབྱིན་པའི་འོད་བཀྱེའོ། །དེའི་ཕྱིར་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནི། ཉིས་བརྒྱ་ཉི་ཤུ་རྩ་
གཉིས་སོ། །ཤཱཀྱ་ཐུབ་དང་ཐུབ་པ་དང་། །འོད་དང་རབ་ཏུ་གྲགས་པ་དང་། །སེང་གེ་དང་ནི་གཟི་བརྗིད་དང་། །སྟོབས་དང་ཡེ་ཤེས་ཆེན་པོ་དང་། །རབ་ཏུ་གྲགས་དང་གྲགས་ཆེན་དང་། །སྤྲུལ་པ་དང་ནི་རྫུ་འཕྲུལ་ཆེ། །སྣང་དང་འོད་ཆེན་སྣང་བ་དང་། །དཔའ་བོ་སྡེ་དང་མི་འཇིགས་དང་། །
གཙུག་ནས་བྱུང་དང་གཙུག་ཕུད་མཛེས། །ཁྱབ་པ་པོ་དང་ནམ་མཁའི་བདག །བླ་མེད་བྱུང་དང་མི་ཡི་ཐེག །དབང་ཕྱུག་པོ་དང་རིན་ཆེན་ཕྱག །ཙནྡན་དྲི་དང་དྲི་ཡི་འོད། །འོད་ཟེར་འཕྲོ་དང་འོད་འཕྲོ་བཟང་། །དབང་པོ་ཞི་དང་ཙནྡན་ཕྱག །མཆོག་ཏུ་མཛེས་དང་རབ་མཛེས་དང་། །སྦྱིན་

དགའ་བ་དང་རྟག་ཏུ་གཏོང་། །སངས་རྒྱས་སྡེ་དང་དམ་པ་དང་། །པདྨ་དང་ནི་འཁོར་ལོའི་ཕྱག །སྡེ་དང་རབ་ཏུ་འཇོམས་པ་དང་། །བདུད་སྡེ་འཇོམས་དང་རབ་འཇོམས་དང་། །ཀུན་དུ་འོད་དང་འོད་པོ་ཆེ། །རབ་ཏུ་གྲགས་དང་གྲགས་འཛིན་དང་། །མུ་ཁྱུད་འཛིན་དང་ལྷུན་པོ་རྩེ། །
ལྷ་དང་ལྷ་ཡི་དབང་པོ་དང་། །མར་མེ་འོད་དང་འོད་མཛེས་དང་། །ཐུབ་དང་གཞན་གྱིས་མི་ཐུབ་དང་། །སྟོབས་དང་དཔུང་རབ་ཞི་བ་དང་། །ལེགས་པའི་ལམ་དང་སྤུ་གྲི་དང་། །སྦྲང་རྩི་འབྱུང་དང་དགའ་བའི་དཔལ། །གཙང་མའི་གནས་དང་གཙུག་ན་ནོར། །གླང་པོ་དཔལ་དང་ཀ་ཏའི་
བུ། །གསེར་གྱི་མདོག་དང་འཁོར་ལོ་དང་། །སྨན་དང་ཡོངས་སུ་སྐྱོབ་པ་དང་། །མར་མེ་དང་ནི་ཉི་མའི་འོད། །རིག་སྔགས་གྲུབ་དང་རྒྱལ་བའི་དོན། །ནམ་མཁའི་སྐུ་དང་དགའ་བའི་གཟུགས། །གསང་སྔགས་མཆོག་དང་གཙོ་བོ་ཐེག །རྣམ་པར་རྒྱལ་དང་ཐུགས་རྗེ་ཆེ། །འཇིག་
རྟེན་དབང་དང་དམ་པ་དང་། །ཚད་ལས་འདས་དང་དམ་ཚིག་ལྡན། །འཇིགས་བྱེད་རྒྱལ་དང་སྟོབས་ལྡན་དང་། །ཧ་ལ་མདོག་ཅན་གཤིན་རྗེ་དང་། །མཚོ་སྐྱེས་ནམ་མཁའི་སྙིང་པོ་དང་། །གླང་ཆེན་སྟོབས་དང་སྒྲ་སྒྲོགས་དང་། །སྒྲ་ཆེན་སྒྲོགས་དང་བྱམས་པ་ཆེ། །དགའ་བའི་
འོད་དང་ཤེས་རབ་དང་། །སྣ་ཚོགས་སེལ་དང་འབར་བའི་མིག །ཤེས་རབ་ཅན་དང་ལུས་འཕགས་པ། །པདྨའི་རྩེ་དང་མེ་ཏོག་རྒྱན། །འབྲུག་གི་སྒྲ་དང་འཇམ་པའི་དབྱངས། །སྒྲ་དབྱངས་དང་ནི་ནོར་ལྷ་དང་། །མཚན་དང་བརྟུལ་ཞུགས་མཆོག་དང་ནི། །ཡང་དག་བློ་དང་
ཤེས་རབ་དང་། །ཆོས་ཀྱི་རྒྱུན་དང་འབྲས་བུ་ཆེ། །གདུགས་དམ་པ་དང་གཟུགས་སྣང་བ། །མཚུངས་མེད་གྲགས་དང་འཁོར་ལོས་སྒྱུར། །འཇིག་རྟེན་དག་དང་མཚན་མཆོག་མཛེས། །སྐྱབས་དང་སྐྱབས་ཀྱི་དམ་པ་དང་། །ནམ་མཁའི་བདག་དང་སྲིད་པ་སེལ། །དྲི་མ་དག་དང་
དབང་ཕྱུག་དང་། །ཡོངས་སུ་ཞི་དང་ངེས་པར་གྲོལ། །དྲི་མ་བྲལ་དང་དུས་མེད་རྟོགས། །ཡོན་ཏན་དང་ནི་ཡོན་ཏན་འབྱུང་། །ཡོངས་སུ་སྨན་དང་སེམས་ཅན་དོན། །སྙིང་རྗེ་བཟང་དང་དབང་དོན་ཤེས། །ལམ་སྟོན་པ་དང་རང་འབྱུང་ཐེག །དགའ་བ་ཆེ་དང་དགའ་བའི་དཔལ། །

མཆོག་སྦྱིན་མཛད་དང་བརྩོན་འགྲུས་ལྡན། །གཙུག་ཕུད་མཛེས་དང་གཙུག་ཕུད་དང་། །བརྟུལ་ཞུགས་ཆེ་དང་གཽ་ཏ་མ། །ཚངས་པའི་མཚན་དང་ཞི་བ་དང་། །མཐའ་གཉིས་སྤངས་དང་ཆགས་པ་བྲལ། །མཐའ་ལས་འདས་དང་དྲི་མ་མེད། །ཉེས་ཀུན་དག་དང་
ཆོས་ཉིད་ཐོབ། །རྣམ་རྟོག་སྤངས་དང་ཐོགས་མེད་སྤྱན། །དྲི་མེད་ཅན་དང་ཡེ་ཤེས་ལུས། །ཉེས་སྐྱོན་སྤངས་དང་སེང་གེ་དང་། །དགའ་བའི་འོད་དང་འོད་བཟངས་དང་། །དུག་རྣམས་སེལ་དང་གཉེན་པོ་ཆེ། །འཇིག་རྟེན་དཔལ་དང་འཁོར་ལོ་བསྐོར། །སྤྱོད་ལམ་མཛེས་དང་ཞིང་
དག་དང་། །ཉི་མ་དང་ནི་ཏིང་འཛིན་བརྟན། །རིན་ཆེན་དཔལ་དང་དབང་ཕྱུག་དྲི། །ཏིང་འཛིན་བརྟེན་དང་ཆེ་བའི་གསུང་། །སྣང་གསལ་འོད་དང་འབར་བ་དང་། །ཐུགས་རྗེ་ཆེ་དང་ཡེ་ཤེས་ཆེ། །སྣ་ཚོགས་སྡེ་དང་ཤེས་རབ་དང་། །སྨྲ་བའི་རྒྱལ་དང་ཡེ་ཤེས་བློ། །རྣམ་དག་ཆོས་དང་དྲ་བའི་
འོད། །རྡོ་རྗེའི་སྐུ་དང་བློ་ལྡན་དང་། །སྙིང་རྗེས་ཐུགས་དང་སྤྲུལ་པ་དང་། །རབ་ཏུ་གྲུབ་དང་སྦྱིན་པ་དང་། །བར་ཆད་སེལ་དང་དག་པ་དང་། །མི་གཡོ་བ་དང་མངོན་དུ་གསལ། །གཙུག་ཕུད་ལྔ་དང་ཞི་བ་དང་། །གྲགས་དང་རབ་ཏུ་གྲགས་པ་དང་། །སྤྲུལ་དང་རབ་ཏུ་སྤྲུལ་པ་དང་། །རབ་ཏུ་
གྲགས་དང་རབ་མཆོག་དང་། །དཔལ་དང་དཔལ་གྱི་ཞིང་དང་ནི། །ལྷ་དང་ལྷ་ཡི་དབང་པོ་དང་། །སྟོན་དང་འཇིག་རྟེན་རབ་ཏུ་གྲགས། །བྱམས་པ་ཆེ་དང་སྙིང་བརྩེ་དང་། །ཤེས་རབ་ཆེ་དང་བདུད་སྡེ་འཇོམས། །འཇིག་རྟེན་འདྲེན་དང་མཆོད་འོས་དང་། །བཀུར་བའི་འོས་དང་བླ་མ་དང་། །ས་
རྣམས་ནོན་དང་བྱ་བ་རྫོགས། །ཆོ་འཕྲུལ་ཆེ་དང་འབྲས་བུ་ཆེ། །མཚན་རྣམས་རྫོགས་དང་དོན་བཞི་སྟེ། །མཚན་མཆོག་ཉིས་བརྒྱ་ཉི་ཤུ་རྩ་གཉིས་སོ། །དེ་ལ་ཚིག་གི་བདག་པོ་ཞེས་པ་ནས། མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་པའོ། །མཆོག་ཅེས་པ་ནི་ཕུལ་དུ་བྱུང་བའོ། །
དེའི་དོན་ནི་ལྷ་མོ་འདུད་ཀྱིས་བསྟོད་པས་དཀྱིལ་འཁོར་དེ་རྣམས་སྤྲིན་དང་བྲལ་བའི་ནམ་མཁའ་ལྟ་བུར་གྱུར་པའོ། །དེ་ནི་འབྲས་བུའོ། །འོ་ན་གདུལ་བྱ་བྱང་ཆུབ་སེམས་དཔས་ཇི་ལྟར་རྟོགས་ཤེ་ན། དོན་ཟབ་དོན་ནི་རྒྱ་ཆེ་བ། །ཞེས་པ་ནས། ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཞེས་བྱ་

བས་ནི་ཟབ་པ་དང་རྒྱ་ཆེ་བར་གོ །ཤེས་བྱའི་སྒྲིབ་པ་མྱུར་དུ་ཞི་བ་དང་དོན་ཆེན་པོ་འབྲས་བུ་ཆོས་སྐུ་ཐོབ་པའོ། །དེ་ལ་ཐོབ་པར་ཅིས་ཤེས་སྙམ་ན། ཕན་ཡོན་ཐོག་མར་ཏེ་ཚོགས་ལམ་དང་མཐོང་ལམ་དང་བསྒོམ་ལམ་པའི་རྒྱུད་ལ་ཐོས་པ་བསམ་པ་བསྒོམས་པས་སོ། །ཡང་ན་
དུས་གསུམ་སངས་རྒྱས་ལམ་འདི་ལ་བརྟེན་པས་སོ། །དེ་ནི་དག་པའོ། །དེ་ལྟར་དཀྱིལ་འཁོར་མི་སྣང་བར་གྱུར་ཏེ། སྟེང་གི་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། མ་དག་པའི་དོན་དུའོ། །གསང་དབང་ཞེས་བྱ་བ་ནས་ལུས་བཏུད་ནས་ནི་ཞེས་བྱ་བས་གང་གིས་གང་ལ་
གང་ལྟར་ཞུས་ཞེས་པའོ། །ཡང་དང་ཡང་དུ་བཤད་དུ་གསོལ། །ཞེས་བྱ་བས་གང་ཞུས་པའོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་བྱ་བ་ནི་ཞུ་བ་པོ་དབང་རྫོགས་ཤིང་སྦྱངས་པས་གཞན་དོན་དུ་ཞུ་བ་ཞེས་
བྱ་བས་སོ། །གང་གི་ཕྱིར་ཞུ་ན། ཉོན་མོངས་པས་ནི་ཞེས་པ་ནས་བླ་མེད་འབྲས་བུ་ཞེས་བྱ་བའོ། །དེ་ནི་གསོལ་བ་གདབ་པའོ། །དེ་ནས་ཞེས་བྱ་བ་ནས་འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་འདི་བཤད་པའི་བྱིན་རླབས་ཀྱིས་སྣོད་བཅུད་སྦྱང་བ་བསྟན་
ནས། ལག་ན་རྡོ་རྗེ་ཞེས་བྱ་བ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་བྱ་བ་ནི་ཞུ་བ་པོ་ལ་སྤྲོ་བ་བསྐྱེད་པའོ། །ལེགས་སོ་ཞེས་གསོལ་ཞེས་བྱ་བས་ནི་རྗེས་སུ་ཡི་རངས་ཤིང་དགའ་བའི་ཚིག་གོ། །དེ་ནས་ཞེས་པ་ནི་དུས་ལ་བབ་པའི་ཚིག་གོ། །གསང་སྔགས་ཞེས་པ་ནས་
འཆང་བའི་རིགས་ཞེས་བྱ་བས་ཐེག་པའི་ཁྱད་པར་གསུམ་སྤྱད་པའི་ཁྱད་པར་རོ། །དེ་ལ་དགོངས་ནས་རིགས་ཀྱང་གསུམ་སྟེ། རིགས་གསུམ་ཞེས་བྱ་བ་ནས་ཆེར་གཟིགས་ནས་ཞེས་བྱ་བ་སྟེ། གཉིས་དོར་བར་བྱ་བའོ། །ཕྱག་རྒྱ་ཆེན་པོའི་རིགས་ལ་གཟིགས་ནས་སྔགས་དང་
མཚན་གྱི་དོན་བསྟན་པ་ནི། ཚིག་གི་བདག་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །ཚིགས་སུ་བཅད་པ་ནི་མཚན་གྱི་དོན་ཏོ། །གསང་སྔགས་རྒྱལ་པོ་དྲུག་ནི་རྩ་སྔགས་དྲུག་གོ། །གཉིས་སུ་མེད་པ་ནི་ཐབས་ཤེས་རབ་སྟེ་ས་བོན་གྱི་རྣམ་པའོ། །མི་སྐྱེ་ཞེས་བྱ་བ་ནི་སྤྱན་དྲང་བ་ལ་

སོགས་པ་ཕྲེང་བའི་སྔགས་སོ། །དེ་དྲིལ་བ་ནི་ཤེས་རབ་འཁོར་ལོའི་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་དང་པོའི་འདབ་མ་དྲུག་པའོ། །བྱང་ཆུབ་སེམས་དཔའ། རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་དང་། ལས་རྣམས་ལ་རྩིབས་བཞི་པའོ། །དེ་བཞིན་
གཤེགས་པ་ལ་རྩིབས་དྲུག་པ་མུ་ཁྱུད་བཞི་དང་ལྡན་པའོ། །གཞན་ལ་མུ་ཁྱུད་དེ་འདྲ་བར་ཤེས་པར་བྱའོ། །ཁ་དོག་ནི་སྣ་ཚོགས་པ་དང་། མཐིང་ག་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། དཀར་པོའོ། །ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྟེ། དབུས་ཀྱི་ལྟེ་བ་ལ་ཉི་མའི་དཀྱིལ་
འཁོར་གྱི་སྟེང་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ། འཁོར་ལོ་གཉིས་པའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་ལའོ། །དེ་གཉིས་ཁ་སྦྱར་བར་དུ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རོ། །ཅིའི་ཕྱིར་འཁོར་ལོ་ཞེ་ན། པྲཛྙཱ་ཤེས་རབ་སྟོང་པའོ། །ཛྙཱ་ན་ཐབས་ཏེ། མཱུརྟི་ནི་དབྱེར་མེད་པ་
སྟེ། མཐའ་གཉིས་ལ་མི་གནས་པའོ། །དེ་ལ་བརྟེན་ནས་དུཿཁཙྪེ་ད་སྟེ། སྡུག་བསྔལ་སེལ་བར་བྱེད་ཅིང་གཅོད་པར་བྱེད་པས་ན་སྙིང་རྗེའོ། །གཅོད་པ་དེ་ཉོན་མོངས་པ་རྩ་བ་ནས་མེད་པ་དེ་ཤེས་རབ་རྩེ་གཅིག་པས་འབིགས་པས་ན་བཛྲ་ཏཱིཀྵྞའོ། །འོ་ན་འབྲས་བུ་ཅི་ཞེ་ན། ཛྙཱ་ན་
ཀཱ་ཡ་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུའོ། །དེའི་ཡོན་ཏན་ཅི་ཞེ་ན། གཞན་དོན་སྒྲུབ་པ་ཕྱིན་ཅི་མ་ལོག་པའི་གསུང་དབྱངས་ཏེ་ཝཱ་གཱི་ཤྭ་རའོ། །འོ་ན་ཐུགས་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ལྔའི་བདག་ཉིད་ཨ་ར་པ་ཙ་ནའོ། །དེའི་རྒྱུ་འབྲས་ཀྱི་འབྲེལ་པ་ཅི་ཞེ་ན། ཨ་ཨཱ་ཨི་
ཨཱི་ཨུ་ཨཱུ་ཨེ་སྟེ། རྒྱུས་ཁྱབ་པའོ། །བཅུ་གཉིས་ནི་འབྲེལ་པའོ། །སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱཾ། ཏྲྱ་དྷཱ་བརྟཱི་ནཱཾ་ཞེས་བྱ་བ་ནི་འབྲས་བུ་ཆོས་སྐུས་ཁྱབ་པའོ། །འོ་ན་གང་གིས་ཁྱབ་ཅེ་ན། ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་བྱ་སྟེ། ཡེ་ཤེས་སེམས་དཔའ་དྲུག་གིས་ཁྱབ་པའོ། །
དེ་ཇི་ལྟར་འཁོར་ཞེ་ན། མ་རིག་པ་འགྲོ་བ་དྲུག་ཏུ་ལོག་ཤེས་འཁོར་བ་དང་། ཐབས་ཤེས་རབ་འབྲེལ་པས་ཤེས་རབ་འཁོར་བ་དང་། ཡེ་ཤེས་ལྔའི་དབང་དུ་བྱས་ནས་འབྲས་བུ་སྐུ་གསུམ་ཆོས་སྐུ་འཁོར་བའོ། །སྔགས་ཀྱི་དོན་ཏོ། །དེ་མཚན་གྱི་དོན་ནི་རྣལ་འབྱོར་དུ་བྱ་བའི་རིམ་

པ་ནི་རང་དང་པོའི་སངས་རྒྱས་སུ་མོས་པས་མདུན་དུ་དཀོན་མཆོག་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་བྱའོ། །ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷཿ། བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿཞེས་པས་སྟོང་པ་ཉིད་དུ་བསམ་མོ། །དེ་ནས་ས་བོན་ཨ་ལས་ཧཱུཾ། དེ་ལས་རྡོ་རྗེ་ནག་པོ་འོད་འཕྲོ་ལ་རྩེ་མོ་གྱེས་
ཤིང་ཁྲོ་ཞལ་དྲུག་པ་རྩེ་ལྔ་པ་འགྲེང་བ་སྟེ། ཆོས་ཉིད་གྲུ་གསུམ་ནང་དུའོ། །བུམ་པ་སྟོང་པར་དྷཱིཿལས་བྱུང་བའི་མཆོད་རྟེན། དེའི་བུམ་པར་ཤེས་རབ་གྲུ་གསུམ་དུ་ཐབས་རྟེན་ཅིང་འབྲེལ་པའི་ཚུལ་དུ་བྷྲཱུཾ་ལས་གཞལ་ཡས་ཁང་ངོ་། །དེ་ཡང་ཐབས་ཤེས་རབ་ཚུལ་དུ་
བརྩེགས་མའོ། །ཚོམ་བུ་ལ་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་རྣམས་དབུས་སུ་རིམ་པ་བཞིན་དུ་འདིར་གཞན་དུ་སོ་སོར་ཤེས་པར་བྱའོ། །གཙོ་བོའི་གདན་ལྔ་འཁོར་རྣམས་ཟླ་བའི་སྟེ། །ཐབས་དང་ཤེས་རབ་ཉི་ཟླའི་སྟེང་དུ་ནི། །དེ་དབུས་
རྣལ་འབྱོར་རྣམ་གསུམ་ཚུལ་དུ་བསྒོམ། །གཞན་ནི་དཀྱིལ་འཁོར་ཆོ་གར་ཤེས་པར་བྱའོ། །སོ་སོའི་ཡེ་ཤེས་སེམས་དཔའ་བསྟན་པ་ནི། །མདོག་དཀར་ཞལ་དྲུག་མཉམ་གཞག་ཨུཏྤལ་པོ་ཏིས་མཚན། །མདོག་དཀར་ཨ་ར་པ་ཙ་རྡོ་རྗེ་དྲིལ་བུའོ། །མདོག་མཐིང་སྡུག་བསྔལ་
གཅོད་ནི་རྡོ་རྗེ་རལ་གྲིའོ། །མདོག་དཀར་ཤེས་རབ་ཡེ་ཤེས་འཁོར་ལོ་ཨུཏྤལ་ལོ། །མདོག་སེར་ངག་གི་དབང་ཕྱུག་རིན་ཆེན་རལ་གྲིའོ། །མདོག་དམར་རྡོ་རྗེ་རྣོན་པོ་རལ་གྲི་པདྨའོ། །མདོག་ལྗང་ཡེ་ཤེས་སྐུ་ནི་རྒྱ་གྲམ་རལ་གྲིའོ། །རབ་ཏུ་རྡོ་རྗེ་འཁོར་ལོ་དང་ནི་པདྨའོ། །རྡོ་རྗེ་
པདྨ་རིན་པོ་ཆེ་དང་རལ་གྲིའོ། །ཆོས་ཀྱི་ཕྱག་རྒྱ་འོད་ལས་དེ་འབྱུང་དྲུག་པོ་ནི། །ཕ་རོལ་དྲུག་ལྡན་སངས་རྒྱས་དྲུག་གི་མཚན་ནི་སྤྲོ། །ད་ནི་མཚན་དོན་བཤད་པ་ནི། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་བའི་ཚིག་བཞི་པས་གསང་བའི་ཡུམ་བསྟན་ཏེ། ཕུང་པོའི་བདུད་བཅོམ་པ་ནི་
ཁོང་ནས་རང་འབྱུང་གི་མེས་བསྲེགས་ཏེ། ཚིག་ཏུ་བརྗོད་པ་སྤངས་ནས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའོ། །དཔའ་བོའི་སྡེ་དང་རབ་ཏུ་འཇོམས། །ཟླ་བའི་འོད་དང་འོད་ཟེར་འཕྲོ། །པདྨའི་འོད་དང་སྐར་མའི་རྒྱལ། །རི་རབ་མཚན་དང་ཞེས་བྱ་བས་ཡུམ་བཞིའི་མཚན་ནོ། །འདི་ལྟར་

སངས་རྒྱས་སྟེ་དང་པོའི་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཡེ་ཤེས་སེམས་དཔའ་ས་བོན་དང་བཅས་པའོ། །འོད་ཟེར་བཟང་དང་ཀུན་དུ་འོད། །མར་མེ་མཛད་དང་སྨན་གྱི་བླ། །དེས་དང་པོའི་སངས་རྒྱས་ཡེ་ཤེས་སེམས་དཔའི་མཚན་ནོ། །
སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་སྟོན་པ་ནི། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཞེས་བྱའོ། །ཆོས་སྐུ་སྤྲོས་མེད་དེ་ལས་གཟུགས་སྐུ་དང་པོའི་སངས་རྒྱས་དུག་
ལྔ་རྣམ་པར་དག་པ་འབྱུང་བ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ་ནས། ཆགས་པ་ཐམས་ཅད་སེལ་བར་བྱེད་པའི་མཐར་ནུབ་ཕྱོགས་བདེ་བ་ཅན་དུ་གདུལ་བྱ་ཆགས་པའི་སྐུ་འཆི་བདག་གི་བདུད་བཅོམ་སྟེ། རིགས་ལྔ་ལ་བསྟོད་པའོ། །ཚངས་པའི་མཚན་དང་རྒྱུན་དུ་གནས། །
བྱམས་པའི་སྟོབས་དང་རི་རབ་བརྩེགས། །རྣམ་པར་གནོན་དང་རིན་ཆེན་སྣང་། །ཡིད་དགེ་བ་དང་འོད་དཔག་མེད། །ནམ་མཁའི་མཛོད་དང་པདྨའི་ཞབས། །དཀོན་མཆོག་བརྩེགས་དང་རབ་ཞི་འོད། །གཙུག་ཏོར་ཅན་དང་དཔེ་བྲལ་ཐུགས། །འོད་ཟེར་ཤར་དང་དཀོན་ནས་དྲི། །
རྒྱལ་བ་ལྔའི་མཚན་ནོ། །དེ་ལ། འདོད་པ་ཆེན་པོ་བདེ་བ་ཆེས་གདུལ་བྱ་ཡུལ་ཞི་བ་ནི་སེམས་དཔའ་བཞི་སྟེ། སྒྲའི་རྣམ་ཤེས་རང་བཞིན་ནོ། །གཟུགས་ཆེ་ལུས་ཀྱང་ནས་སྤངས་པའི་མཐར་སྐུ་རྣམ་པར་དག་པ་སྟེ། དྲིའི་རྣམ་ཤེས་རང་བཞིན་གྱི་སེམས་དཔའ་བཞིའོ། །
ཤེས་རབ་མཚོན་ཆེན་ནས་གསལ་བ་ཆེ་ཞེས་བྱ་བས་ནི་རོའི་རྣམ་ཤེས་རང་བཞིན་གྱི་སེམས་དཔའ་བཞི་སྟེ་གོ་རིམས་བཞིན། མཁས་པ་སྒྱུ་འཕྲུལ་ནས་མིག་འཕྲུལ་ཅན་གྱི་མཐར་རེག་བྱའི་རྣམ་ཤེས་རང་བཞིན་ཏེ། སེམས་དཔའ་བཞིའི་རང་བཞིན་ནོ། །དེ་ཡང་གཟུགས་དང་
ཁ་དོག་དང་མཚན་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་སྒྲ་གྲགས་པས་གཤིན་རྗེ་ལ་སོགས་པ་འབྱེར་བར་བྱེད་པ་དེས་བདེ་བ་ཆེན་པོའི་གནས་པདྨའི་འདབ་མ་འདོད་པ་ཆེན་པོ་དང་པོའི་སངས་རྒྱས་ལ་བསྐོར་ཞིང་དེ་ཡང་དཔག་ཏུ་མེད་པ་དང་ཐབས་ཅིག་སྟེ། ཡངས་པའི་བདག་ཉིད་ཅན་དྲག་

པོས་འདུལ་བའི་སྐུ་སྟེ། དྲག་པོའི་བདུད་འཇོམས་པའོ། །ཕྱག་གི་འོད་དང་ཐུགས་རྗེ་ཅན། །པདྨའི་ཕྱག་དང་པདྨའི་ཞབས། །ཆུ་ཡི་ལྷ་དང་ཙནྡན་ཕྱག །ཡོངས་སུ་དག་དང་དག་པའི་ཞིང་། །འོད་ཀྱི་སྣང་དང་སྣང་བའི་དཔལ། །རིན་ཆེན་ཕྱག་དང་པདྨའི་ཕྱག །འོད་ཟེར་བཟང་
དང་ཉི་ཟེར་འོད། །དྲག་པོའི་བདེ་དང་ཤུགས་ཕྱུང་དང་། །སྤྱན་བཟང་པོ་དང་ཐུགས་ཀྱི་སྤྱན། །བདུད་སྡེ་འཇོམས་དང་ཉོན་མོངས་སེལ། །ནམ་མཁའི་འོད་དང་ཀླུ་དབང་རྒྱལ། །གཞོན་ནུའི་འོད་དང་རྫུ་འཕྲུལ་ཅན། །ཞེས་པའོ། །འོད་ཀྱིས་སྣང་བ་དང་གསལ་བས་སྐྱོ་བ་དང་
ལྡན་ནས་ལམ་ལ་བཀོད་དེ། འཛམ་བུའི་གླིང་དུ་བྱོན་ནས་སྤྱོད་པ་མཛད་པ་ནི། སྦྱིན་བདག་ཅེས་བྱ་བ་སྟེ། འཁོར་ལོས་སྒྱུར་བའི་ལོངས་སྤྱོད་སྤངས་པ་དང་། །ཁབ་དང་འཁོར་དང་ཡབ་ཡུམ་སྤངས་ཏེ་ཚུལ་ཁྲིམས་དང་། ཐམས་ཅད་བཟོད་པས་ཡིད་མི་གཡོ་བ་ལ་ཞུགས་
པས་ནི་ཉོན་མོངས་པ་སྤངས་པ་སྟེ། བརྩོན་འགྲུས་ལ་སོགས་པ་བཞིའི་བདག་ཉིད་དང་། ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་རང་བཞིན་ལྷ་མོ་རྣམ་པ་བཞི་དག་གོ། །བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་ནི། སྒྲ་དང་དྲི་དང་རོ་དང་རེག་གི་རང་བཞིན་ལྷ་མོ་བཞིའོ། །
སྟོབས་ནི་ནམ་མཁའི་ཁམས་དང་མིང་གི་རྣམ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ལྕགས་ཀྱུ་དང་ཞགས་པའོ། །ཡེ་ཤེས་རྒྱ་མཚོ་ནི་གཟུགས་ཀྱི་དབང་པོའི་རང་བཞིན་ལྕགས་སྒྲོག་དང་དྲིལ་བུའོ། །ཉོན་མོངས་ཆགས་པའི་བདུད་འཇོམས་པས་སོ། །རྫུ་འཕྲུལ་མཛོད་དང་ཡོངས་
སུ་དགེ །ཡིད་དགེ་བ་དང་རི་རབ་ལྷ། །བྱམས་པའི་སྟོབས་དང་དགའ་བས་སྦྱིན། །རབ་གྲོལ་མཛད་དང་མི་མཉམ་གཟིགས། །ཕྱོགས་མེད་མཛད་དང་ཀུན་བསྐྱོད་མཛད། །སྣང་བའི་སྟོབས་དང་སྟོང་པའི་རྒྱལ། །ཡེ་ཤེས་སྤྱན་ལྔ་དང་ལྡན་པའོ། །ཡེ་ཤེས་སྟོབས་དང་རྒྱ་མཚོ་སྤྲིན། །ཞེའོ། །
བྱམས་ཆེན་རང་བཞིན་ནས། ཚུལ་གྱི་མཆོག་ཅེས་བྱ་བས་ནི་རང་དོན་གྲུབ་ནས་གཞན་དོན་དུ་ཞུས་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་བློ་ཕུལ་དུ་བྱུང་བས་རང་དོན་ཤེས་པ་ཇི་ལྟ་བ་ལ་མཁས་པ་གཞན་དོན་ཇི་སྙེད་པ་སྟེ། ཐབས་ཆེ་བ་བསམ་པའོ། །ལུས་ཏེ་རྫུ་འཕྲུལ་སྣ་ཚོགས་པ་སྟོན་ཏེ། འགྲོ་བ་

དྲུག་པོ་ཐམས་ཅད་ལ་ཁྱབ་པ་སྟེ། དཔེར་ན་ཡིད་གཅིག་དུ་མར་སྣང་བ་དང་འདྲ་བའི་རྫུ་འཕྲུལ་དེ་ཡང་ཁྱད་པར་ཅན་ཕ་རོལ་ཟིལ་གྱིས་གནོན་པའི་ལུས་དང་གདུལ་དཀའ་བ་འདུལ་བར་བྱེད་པའི་རྡོ་རྗེ་མཁྲེགས་པ་མ་རིག་པའི་བྲག་དང་དབང་ཕྱུག་ཆེན་པོ་ལ་
སོགས་པ་འཇོམས་པ་འཛིན་པས་བཅོམ་ལྡན་འདས་ཐམས་ཅད་ལས་སྐྱོབ་པའི་རིགས་ཀྱི་མཆོག་བླ་མ་དམ་པ་དེ་ལ་གསང་སྔགས་ལ་མོས་ཤིང་ཐེག་པ་ཆེན་པོ་ལ་གནས་པའི་ཆེད་དུ་ཐེག་པའི་མཆོག་ཐོབ་པའི་ཐབས་ཞུས་པ་ལས། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་།
རྣ་བའི་དབང་པོའི་རང་བཞིན་བསྐལ་བཟང་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དང་། སྣའི་དབང་པོའི་རང་བཞིན་བསྐལ་པ་བཟང་པོ་བཞི་སྟེ་གོ་རིམས་བཞིན་ནོ། །སྲིད་པའི་རི་བོ་འཇོམས་པའི་དྲན་པ་ཉེ་བར་གཞག་པ་བཞི་དང་། ལྕེའི་དབང་པོའི་རང་བཞིན་བསྐལ་པ་བཟང་པོ་
བཞིའོ། །མགོན་པོ་རིགས་མཆོག་ནི་ཡང་དག་པར་སྤོང་བ་བཞི་དང་། ལུས་ཀྱི་དབང་པོའི་རང་བཞིན་དང་བསྐལ་བཟང་བཞིའི་བདག་ཉིད་དོ། །རྒྱལ་བའི་བཀའ་དང་སྤྲིན་གྱི་ཤུགས། །སྤྱོད་ལམ་ཞི་དང་ལོག་ལམ་སེལ། །བྱམས་པའི་འོད་དང་སྤོས་ཀྱི་ཞིང་། །མཚན་
མ་ཞི་དང་མཐོན་ཀའི་རྩེ། །ཆོས་ཀྱི་སྤྲིན་དང་ཡོན་ཏན་བདེ། །འཕགས་པའི་ལམ་དང་དྲི་མ་བྲལ། །མཆོག་ཏུ་དགའ་དང་དྲི་མ་མེད། །སྤྱོད་ཡུལ་སྤངས་དང་ཀུན་དུ་འཕྲོ། །རྒྱལ་བའི་འོད་དང་ཕྱག་རྒྱ་ཅན། །ཞེས་བྱ་བས་བསྐལ་བཟང་གི་མཚན་ནོ། །རྟོག་པ་བསྡུས་པ་སྟེ། རྟོག་
པ་གཅིག་ཏུ་ཨ་ར་པ་ཙ་ན་ཞེས་པའོ། །ཚིགས་སུ་བཅད་པ་བཅུ་བཞི། མཚན་བརྒྱད་ཅུ་རྩ་གཉིས་སོ། །འབྲས་བུ་རང་དོན་བསྟན་ཏོ། །རང་དོན་གྲུབ་པ་དེས་གཞན་དོན་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་དབུས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་
གཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ནོ། །གཞན་གོང་དང་འདྲའོ། །ཆོས་སྐུ་ལ་བརྟེན་རྣམ་པར་སྣང་མཛད་སྐུ། ཆོས་ཀྱི་དབྱིངས་ལ་མེ་ལོང་ལྟ་བུའི་རང་བཞིན་ནི། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་བྱའོ། །འོ་ན་རྒྱུ་གང་ལས་འབྱུང་ཞེ་ན། གསང་སྔགས་ཚུལ་

ཆེན་ཏེ་ཐབས་དེ་ལས་བྱུང་བའོ། །གང་འབྱུང་ན་གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་དེའོ། །འོ་ན་དེ་ལས་གཞན་གྱིས་ཐོབ་པར་བྱེད་པ་གཞན་མེད་དམ་ཞེ་ན། ཕ་རོལ་ཕྱིན་བཅུ་ཐོབ་པ་ཞེས་བྱ་བ་ལ་སོགས་པས་ནི་ཐོབ་པ་དང་། དེ་ལ་གནས་པ་དེ་ཡང་ཉེས་པས་མ་གོས་པའི་ཚུལ་དུ་
བསྒྲུབས་པས་ཅི་འབྱུང་ཞེ་ན། མགོན་པོ་ས་བཅུའི་དབང་ཕྱུག་ཐོབ་བོ། །དེ་གདུལ་བྱ་གང་ལ་སྣང་ཞིང་སྟོན་ཞེ་ན། ས་བཅུ་ལ་ནི་གནས་པ་པོ་ལ་སྟེ་གོ་སླའོ། །སེང་གེ་དང་ནི་གསལ་བར་བྱེད། །ཐུབ་པ་དང་ནི་མེ་ཏོག་མཆོག །མེ་ཏོག་མཛེས་དང་སྤྱན་གསལ་དང་། །དེད་དཔོན་ཀུན་དང་
ཆེན་པོའི་མཆོག །སྟོབས་པོ་ཆེ་དང་རྒྱུ་སྐར་རྒྱལ། །བྱང་ཆུབ་སེམས་དཔའ་སྨན་པ་མཆོག །རྒྱན་གྲགས་པ་དང་མཚན་དང་ནི། །འོད་ཟེར་ཆེ་དང་རྣམ་གྲོལ་ལུས། །རྣམ་སྣང་མཛད་དང་སྙིང་པོ་ཉི། །ཟླ་བའི་མཚན་དང་འོད་ཟེར་འབར། །མྱ་ངན་མེད་དང་སྐབས་དེ་བཞིན། །ཕྲེང་
བ་འཆང་དང་ཡོན་ཏན་འོད། །དོན་རྣམས་སྟོན་དང་མར་མེ་མཆོག །རྣམ་པར་སྣང་མཛད་ཀྱི་མཚན་ནོ། །ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་བྱ་བའི་དོན་ཏོ། །བདེན་པར་ཞེས་བྱ་བ་ནི་བརྗོད་བྱ་མ་ཡིན་པར་བསྟན། ཇི་སྐད་སྨྲས་པ་ནས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་
བྱ་བ་ནི་གཉིས་སྣང་མེད་པས་གྲུབ་བོ། །འོ་ན་གཉིས་སུ་འདོད་པ་གང་ཞེ་ན། གང་ཟག་དང་ཆོས་གཟུང་བ་དང་འཛིན་པ་བདག་དང་བདག་གིའོ། །དེ་མེད་པར་བྱེད་པས་ན་བདག་མེད་ཅེས་བྱ་བས་སོ། །འབར་བ་བཟང་དང་སྨན་བཟང་པོ། །མཛོད་བུ་འཛིན་དང་དཔའ་བོ་དང་། །བརྟན་པོར་གནས་
དང་དཔལ་མགོན་དང་། །མཐོང་ན་དགའ་དང་ཡོན་ཏན་ཏོག །སྒྲ་གཅན་བྱང་སེམས་སྒྲ་གཅན་དང་། །ཚངས་པའི་མཚན་དང་བསྟོད་པའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཡུམ་བཞི་ལ་བསྟོད་པ་སྟེ། དང་པོ་དང་ཐ་མ་ལ་གཉིས་གཉིས། བར་མ་གཉིས་ལ་རེ་རེའོ། །དེས་ནི་ཆོས་ཀྱི་སྐུའོ། །
བདག་མེད་ཅེས་པའི་དོན་གྱི་སྟོབས་ཀྱིས་སེམས་དཔའ་བཞི་སྟེ། བར་མ་ལ་ནི་གཉིས་སུ་བརྗོད། །ཀུན་དུ་འགྲོ་ཞེས་བྱ་བ་ནས། ཡིད་ལྟར་མགྱོགས་ཞེས་བྱ་བའི་མཐར་སྤྲུལ་སྐུའི་ཡིད་ཀྱི་སྟོབས་ཀྱིས་འཇུག །དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་སྟོབས་པོ་ཆེ་ཞེས་བྱ་བའི་མཐར་སེམས་དཔའ་

བཞིར་བརྗོད་དེ་དང་པོ་ལ་གཉིས། ཕྱི་མ་ལ་གོ་རིམས་བཞིན་ནོ། །ཚོགས་ཀྱི་སློབ་དཔོན་ཞེས་བྱ་བ་ནས་འཛིན་པ་སྟེ་ཤེས་པའི་མཐར་ལས་ཀྱི་བཞི་སྟེ། དང་པོ་ལ་གཉིས་ཐ་མ་ལ་རེ་རེ་གོ་རིམས་བཞིན་ནོ། །ཚུལ་ཆེན་དྲིང་མི་འཇོག་ནི་མཉམ་པར་རྟོགས་ཤིང་ཚིག་
གི་ཉེས་པས་མ་གོས་པས་ཚིག་ལ་དབང་ཐོབ་པས་སྙན་པའི་གསུང་གོ་རིམས་བཞིན་དུ་པདྨའི་སེམས་དཔའ་བཞི་ལ་བསྟོད་པའོ། །ཚངས་པའི་དབྱངས་དང་ཚིག་བརྟན་པ། །རིག་པ་འཛིན་དང་འོད་མཛད་པ། །ཆེན་པོ་རི་དང་རྡོ་རྗེ་འཛིན། །རྒྱལ་བའི་མཚན་དང་འཇིགས་བྱེད་པ། །
རིན་པོ་ཆེ་དང་པདྨ་དང་། །སྡེ་ཡི་སྟོབས་དང་མེ་ཏོག་འོད། །དོན་ཡོད་མཐོང་དང་དཔའ་བོ་སྦྱིན། །མི་ལྡན་པ་དང་སེང་རྒྱལ་མཚན། །རྒྱལ་པོ་དང་ནི་ཆོས་མོས་དང་། །དགའ་བའི་རྒྱལ་དང་དོན་ཆགས་སོ། །ཐེག་པ་དམན་པ་གྲོལ་བ་འམ། །བདེན་པ་བཞི་དོན་སྟོན་པས་ན། །རིག་པར་ལྡན་
ཞིང་རིག་པའི་མཆོག་གིས་དོན་ཡོད་གྲུབ་པ་ལ་བསྟོད་པའོ། །དེས་ནི་སྤྲུལ་པའི་སྐུ་བསྟན་ཏོ། །ཆོས་ཀྱི་ད