Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 56
Văn bản gốc(Tây Tạng)
Trang 19 / 20 (50.000 ký tự/trang)
་པོ་ཆེ་འབྱུང་ བའི་དབང་སྦྱིན་པ་སྟེ། སྐུའི་ཕྱག་རྒྱ་གོང་མ་ཉིད་ལས་གུང་མོ་གཉིས་རྩེ་སྤྲད་པའི་ཚིགས་དང་པོ་ནང་དུ་བཀུག་ལ་ནོར་བུ་ལྟ་བུར་བྱའོ། །ལྟག་པར་གུང་མོའི་རྡོ་རྗེའི་པདྨོ་གཞག་ཅེས་པ་སྣང་བ་མཐའ་ཡས་ཀྱི་དབང་སྦྱིན་པ་སྟེ། སྐུའི་ཕྱག་རྒྱ་དེ་ཉིད་ལས་གུང་མོས་པདྨའི་འདབ་མ་ལྟར་ཟླུམ་པོར་བྱའོ། །དེ་ ལས་སྤྲོས་ཏེ་ཞེས་པ་རྣ་བ་གཡོན་པའི་གོང་དུ་གཞག་ལ་གདོན་མི་ཟ་བར་འགྲུབ་པའི་དབང་སྦྱིན་པ་སྟེ་སྐུའི་ཕྱག་རྒྱ་གོང་མ་ལས་གཞན་སོ་ན་གཞག་སྟེ། གུང་མོ་ཡང་སོ་སོར་ཕྲལ་ཏེ་ཕྱར་བའོ། །ཕྲེང་བ་བཅིང་བ་ལྟག་པར་མདུད་པ་བྱས་ལ་ཞེས་པ་གནས་ལྔར་ཕྱག་རྒྱ་བཞག་པའི་འོག་ཏུ་ལག་པ་གཉིས་ ཀྱིས་དཔྲལ་བ་ནས་གཡས་གཡོན་དུ་དྲངས་ཏེ། ཕྲེང་བ་བཅིངས་པ་ལྟག་པར་མདུད་ལ་དེ་ནས་ལྡན་པ་གཡས་གཡོན་ནས་སོར་མོས་མཐར་གྱིས་བཀྲོལ་ཏེ་ཅོད་པན་དཔྱངས་པའི་ཚུལ་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་སེམས་སྒྲུབ་པར་འདོད་པས་ཞེས་པ་རྡོ་རྗེ་སེམས་དཔའ་ ཉིད་སྒྲུབ་པར་འདོད་པ་སྟེ། ཐོག་མ་དང་ཐ་མ་མེད་པ་སྔར་བཤད་པར་བྱའོ། །ལྷ་མོའི་དཀྱིལ་འཁོར་དུ་ནི་དབུས་ན་རྡོ་རྗེ་སེམས་དཔའ་བཞུགས་པ་ནས་མཐར་གྱིས་མྱུར་དུ་བཀྲོལ་ལ་འགྲམ་པ་གཡས་གཡོན་དང་སྤྱི་བོར་དགྲོལ། བདག་ཆེ་ཀུན་གྱི་མཆོད་པའོ། །ཞེས་པ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཀུན་གྱིའོ། །དངོས་མེད་ཀྱིས་ཀྱང་མྱུར་དུ་འགྲུབ། །ཅེས་གར་གྱི་ཕྱག་རྒྱ་བྱས་པས་མེ་ཏོག་དང་བདུག་པ་མེད་ཀྱང་མཆོད་པ་བྱས་པར་འགྲུབ་པོ། །གོང་དུ་མཆོད་པའི་ལྷ་མོ་གཟུགས་དང་སྒྲ་ལ་སོགས་པ་སྨོས་པ་བསྟན་པ་དེ་ནས་རྡོ་རྗེ་གཟུགས་ལ་སོགས་པའི་ཕྱག་རྒྱ་དག་གོ། །རྡོ་རྗེ་ བཅིངས་པ་ལས་རྟིང་བ་གཉིས་ཕྱིར་དགྱེད་ལ་སོར་མོ་རྣམས་བསྣོལ་ལ་མིག་སྔར་གཞག་པ་ནི་གཟུགས་ཀྱིའོ། །རྡོ་རྗེ་བཅིངས་པ་ལས་གཡོན་པའི་མཛུབ་མོས་ནི་པི་ཝང་གི་ཤིང་འཛིན་པ་འདྲ་བར་བྱ་གཡས་པའི་མཛུབ་མོ་ནི་བཀུག་སྟེ་པི་ཝང་ལེན་པ་འདྲ་བར་སྦྱར་བ་ནི་སྒྲའོ། །རྡོ་རྗེ་བཅིངས་པ་ལས་གོང་ གི་གཟུགས་ཀྱི་ཕྱག་རྒྱ་ལྟ་བུར་བརྐྱང་བའི་ལག་མཐིལ་གྱི་རང་གི་སྙིང་གར་བྱུག་གོ་འདི་ནི་དྲིའོ། །རྡོ་རྗེ་ཐལ་མོ་ལས་རྟིང་པ་བསྐྱེད་དེ་བསྙེམས་པར་བྱས་ལ་ཁར་བཏུང་བའི་ཚུལ་སྟོན་པ་ནི་རོའི་ཕྱག་རྒྱའོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བསྟན་པ་རྡོ་རྗེ་ཁུ་ཚུར་གཉིས་བཅངས་ཞེས་བྱ་བ་དག་གོ། །ཁུ་ཚུར་གཉིས་ རྒྱབ་སྤྲད་ལ་མཐེའུ་ཆུང་གཉིས་ཀྱོ་བ་ཏང་གཅིག་གིས་གཅིག་བཟུང་ལ་མཛུབ་མོ་གཉིས་ལས་གཡས་པ་བཀུག་གཡོན་པ་བསྒྲེང་སྟེ་ཀྱོ་བ་ཏང་དུ་བྱའོ། །ཀྱོ་བ་ཏང་དེས་སོ་སོ་རང་གི་སྔགས་ཀྱི་སྙིང་པོ་ཐམས་ཅད་བཀུག་སྟེ་བྱིན་ཅན་དུ་བྱེད་པ་དང་། འཕགས་པའི་ཡེ་ཤེས་དང་གཞན་ཐམས་ཅད་ཀྱང་ འགུག་གོ། །འདིའི་སྐབས་སུ་དམ་ཚིག་གི་ཡེ་ཤེས་ལ་བྱ་སྟེ་ཐོབ་པར་བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་དང་མཛུབ་མོ་གཉིས་སོ་སོར་རྩེ་སྤྲད་དེ་ཞགས་མིག་ཏུ་བྱས་པ་ནི་ཞགས་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཛུབ་མོ་གཉིས་ནང་སྦྲེལ་བ་ནི་ལྕགས་སྒྲོག་ གིའོ། །དེ་ནས་གོ་ཆའི་ཕྱག་རྒྱ་བསྟན་པ་དེ་ནས་གོ་ཆའི་ཕྱག་རྒྱ་འབྱུང་སྟེ་ཞེས་བྱ་བ་དག་གོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེང་སྟེ་སྙིང་ག་ལ་སོགས་པར་མདུད་པ་དོར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་པོའི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་དེ་ནི་ཕྱག་རྒྱ་པདྨོ་ཟླུམ་པའི་ཐལ་ མོ་མཉམ་པར་སྦྱར་བ་ལས་ཁོང་སྟོང་དུ་བྱས་པའོ། །དེ་ནི་པདྨོ་ཆེན་པོ་ཞེས་བྱ་བའི་ཕྱག་རྒྱའོ། །ཡང་སྡིག་པ་སྦྱང་བའི་ཕྱག་རྒྱ་གཞན་སྨྲས་པ། མཐེའུ་ཆུང་མཐེ་བོ་གཉིས་ཀྱིས་དགྱེད་པ་ཞེས་སོ། །གོང་མ་ལས་མཐེའུ་ཆུང་དང་མཐེ་བོ་གཉིས་སོ་སོར་བསྐྱེད་དེ་ཕྲལ་ལ་བསྒྲེང་ངོ་། །སྡིག་སེལ་ བའི་ཕྱག་རྒྱ་དེ་ཉིད་ལ་མཛུབ་མོ་གཉིས་བསྒྲེང་བ་ལས་ཀྱོ་བ་ཏང་དུ་བཀུག་པ་སྟེ། འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སོགས་པ་ཐམས་ཅད་དགུག་གོ། །དེ་ནས་པདྨོའི་ཁུ་ཚུར་འབྱུང་སྟེ་ཞེས་པ་རྡོ་རྗེ་བཅིང་བ་བྱས་ལ་མཛུབ་མོ་གཉིས་པདྨའི་འདབ་མ་ འདྲ་བར་བཀུག་ལ་མཐེ་བོང་གཉིས་གཤིབས་ཏེ་རྩེ་མོ་སྲིན་ལག་ལ་སྦྱར་བའི་སྟེང་དུ་གུང་མོ་གཉིས་ཀྱིས་སོ་སོར་མནན། དེ་ཉིད་ལས་ཕྲལ་ནས་གཡོན་པ་པདྨ་འཛིན་པ་འདྲ་བར་བྱས་ལ་གཡས་པས་པདྨོ་དེ་ཁ་འབྱེད་པའི་ཚུལ་དུ་བསྟན་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་པདྨོའི་ངག་གི་ཕྱག་རྒྱ་ནི་ཞེས་པ་ ངག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་ནི་རྣམ་གྲངས་ཏེ། སྐབས་ཁ་ཅིག་ཏུ་ཆོས་ཀྱི་ཕྱག་རྒྱ་ཞེས་ཀྱང་འབྱུང་ངོ་། །རང་གི་རྣམ་པར་གྲོལ་བའི་ཚིག་ཏུ་བརྗོད་པ་ནི་ངག་གི་ཕྱག་རྒྱ་སྟེ། དེ་གཉིས་ལས་སུ་ཡང་འདའ་བར་མི་བྱེད་པའི་ཕྱིར་རོ། །ངག་གི་ཕྱག་རྒྱའམ་ཆོས་ཀྱི་ཕྱག་རྒྱ་འོག་ནས་འབྱུང་བ་རྣམས་ཀྱང་དོན་ འདི་བཞིན་དུ་སྦྱར་རོ། །ཧྲཱིཿ་ཞེས་པ་ནི་སྣ་ཚོགས་པ་སྟེ། སེམས་ཅན་གྱི་དོན་སྣ་ཚོགས་མཛད་ཅེས་པའི་དོན་ཏོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་པདྨོ་གྱེས་པས་ཞེས་པ་རང་གི་རྣམ་པར་གྲོལ་བའི་དོན་ལ་སེམས་ཀྱིས་གཏན་ལ་ཕབ་པར་དམིགས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ལ་སུ་ཡང་མི་འདའ་བའི་ཕྱག་རྒྱའོ་ མན་ཆད་ཀྱང་དོན་འདི་བཞིན་སྦྱར་རོ། །པདྨོ་གྱེས་པས་ཞེས་པདྨོ་ཁ་བྱེ་བ་ནི་འདམ་རྫབ་ལ་སོགས་པའི་སྐྱོན་གྱིས་མི་གོས་པ་བཞིན་དུ་སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པ་ལ་སོགས་པའི་དྲི་མས་གོས་པར་མི་འགྱུར་ཏེ། དེ་ཉིད་དྲི་མ་ཡོངས་སུ་སྦྱོང་བའོ་ཞེས་དེའི་དོན་ཡིད་ལ་བྱེད་པའོ། །དེ་ནས་ ནམ་མཁའི་སྙིང་པོའི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་དེ་ནི་ནོར་བུའི་ཁུ་ཚུར་བྱས་ལ་དཔྲལ་བ་ནས་ཁུ་ཚུར་གཡས་གཡོན་ནས་དྲངས་ཏེ་ཕྲེང་བ་བཅིང་བ་འདྲ་བར་ལྟག་པར་མདུད་དོ། །ནོར་བུའི་ཁུ་ཚུར་ནི་རྡོ་རྗེ་ཁུ་ཚུར་གཉིས་ལྟོ་སྦྱར་ལ་མཛུབ་མོ་གཉིས་རྩེ་སྤྲད་ནས་བསྡམས་ཏེ་ནོར་བུ་འདྲ་བར་བྱས་པའོ། །དེ་ནི་ རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ནི་ཞེས་པ་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེས་བྱིན་གྱིས་བརླབས་པའི་རིན་པོ་ཆེའོ། །དེ་ཉིད་ལས་ཀུན་མི་འདའ་བའི་ཕྱིར་ཕྱག་རྒྱའོ། །དེ་ཡང་རྡོ་རྗེ་བཅིང་བ་བྱས་ལ་མཛུབ་མོ་བཀུག་པ་དང་། མཐེ་བོ་གཤིབས་པ་རྣམས་ངོས་སྤྲད་ལ་མཛུབ་མོ་གཉིས་ཀྱི་ཐོར་ཏོ་རྩེ་མོར་བྱས་ལ་དབང་ བསྐུར་བའི་གནས་དཔྲལ་བར་གཏུག་གོ། །ཕྱག་རྒྱ་དེ་ཉིད་སྙིམ་པའི་ཁ་སྙིང་གར་གྱེན་དུ་དྲང་པོར་སྦྱར་བ་ནི་ནོར་བུའི་ཁུ་ཚུར་ཏེ། དེས་ནི་ནོར་བུ་ཐམས་ཅད་གཞན་ལས་དགུག་ཅིང་འཕྲོག་པའོ། །ནོར་བུའི་ཁུ་ཚུར་དེ་ཉིད་ལས་མཐེ་བོ་གཤིབས་པ་རྡོ་རྗེར་གྱུར་པས་མཛུབ་མོ་གཉིས་བསྙམས་ཏེ་རྩེ་ སྤྲད་པ་མནན་ལ་མཐེ་བོ་གཉིས་རྒྱབ་ཏུ་བསྙེན་པ་ནི་རྡོ་རྗེ་ནོར་བུའོ། །ཏྲཾ་ཞེས་པ་ཏ་ནི་སྦྱིན་པའོ། །ར་ནི་རིན་པོ་ཆེའོ། ང་ནི་སྟོང་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྟོང་པར་བསྒོམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བ་ཞེས་པ་དེའི་ དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་མཐེ་བོ་ནང་དུ་བཅུག་པ་སྟེ་གོང་དུ་སྨོས་པའོ། །བྷཾ་ཞེས་པ་ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་བར་སྟོན་པའོ། །མཛའ་བ་བཅིང་བ་འདི་ནི་ཞེས་པ་སེམས་ཅན་ལ་བྱམས་པས་འཆིང་བའི་མཆོག་སྟེ་སེམས་ཅན་མི་གཏོང་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་གྱི་ དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱི་ལུས་དང་ངག་དང་ཡིད་ཀྱི་དཀྱིལ་འཁོར་ཐམས་ཅད་འདུས་པས་ན་འདིའི་སྐབས་སུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གསུངས་པ་མདུན་དུ་རྡོ་རྗེ་ཆེན་པོའི་ཕྱག་རྒྱའོ་ཞེས་པ་དག་གོ། །དབུས་སུ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱར་བཞུགས་པ་དེའི་མདུན་དུ་རྡོ་རྗེ་ རྩེ་ལྔ་པ་ནི་རི་མོར་བྲིས་ལ་དེ་བྱིན་གྱིས་བརླབ་པ་ལག་པའི་ཕྱག་རྒྱ་ནི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་བཅིངས་པ་ལས་བྱུང་བའོ། །གཡས་སུ་རྡོ་རྗེ་རིན་པོ་ཆེ་རི་མོར་བྲིས་ལ་དེའི་ཕྱག་རྒྱ་ལག་པས་བཅིངས་པ་ནི་རྡོ་རྗེ་རིན་པོ་ཆེ་གོང་དུ་སྨོས་པའོ། །རྒྱབ་ཏུ་པདྨོའི་ཕྱག་རྒྱ་རི་མོར་བྲིས་ཏེ་བཞག་ལ་བྱིན་གྱིས་བརླབ་པ་ལག་པའི་ ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་མཐིལ་ཕྱེ་སྟེ་སྙིང་གར་བཀན་ལ་མཐེ་བོ་གཉིས་དང་མཛུབ་མོ་གཉིས་རྩེ་སྤྲད་དེ་པདྨོའི་འདབ་མ་འདྲ་བར་དགུག །རྡོ་རྗེ་སྣ་ཚོགས་ཀྱི་པདྨོའི་ཕྱག་རྒྱ་ཞེས་པ་རྡོ་རྗེས་བྱིན་གྱིས་བརླབས་པའི་སྣ་ཚོགས་ཀྱི་པདྨོའི་ཕྱག་རྒྱ་སྟེ། སེམས་ཅན་གྱི་དོན་སྣ་ཚོགས་མཛད་པའི་རྟགས་ཞེས་ པའི་དོན་ཏོ། །གཡོན་དུ་རྡོ་རྗེ་རྒྱ་གྲམ་གྱི་རི་མོར་བྲིས་ལ་དེ་བྱིན་གྱིས་བརླབ་པའི་ལག་པའི་ཕྱག་རྒྱ་བཅིང་བ་བསྟན་པ། རྡོ་རྗེ་བཅིངས་པའི་མཐེ་བོ་དང་། །ཞེས་པ་དག་སྟེ། རྡོ་རྗེ་བཅིངས་པ་ལས་མཐིལ་ཕྱེ་སྟེ་བརྐྱང་ལ་མཐེ་བོ་དང་མཐེའུ་ཆུང་གཉིས་ཀྱང་སོ་སོར་རྩེ་མོ་སྤྲད་དེ་བརྐྱང་ངོ་། །རྡོ་རྗེ་ཐམས་ཅད་ དོ་ཞེས་པ་ནི་ཕྱོགས་བཞི་ཐམས་ཅད་དུ་རྩེ་མོར་གྱུར་པས་ན་རྡོ་རྗེ་ཐམས་ཅད་ཅེས་བྱ་སྟེ་རྡོ་རྗེ་རྒྱ་གྲམ་ལ་བྱའོ། །རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨོའི་རིགས་དང་། ལས་ཀྱི་རིགས་བཞིའི་ཕྱོགས་བཞིར་རིམ་བཞིན་ དུ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ཡིན་པར་བལྟའོ། །ཕྱག་རྒྱའི་དཀྱིལ་འཁོར་དུ་བྲི་ཞེས་པ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཕྱོགས་བཞིར་ཕྱག་རྒྱར་མཚན་མ་དགོད་པའོ། །དཀྱིལ་འཁོར་འདིར་དབུས་ན་བཞུགས་པའི་གཙོ་བོ་དངོས་སུ་མ་སྨོས་མོད་ཀྱི། མདུན་དང་གཡས་གཡོན་ལ་སོགས་པ་སྨོས་ པས་ན་དོན་གྱིས་དབུས་ཀྱི་གཙོ་བོ་བཞུགས་པར་གོ་བར་བྱ་སྟེ། གལ་ཏེ་དབུས་ན་མི་བཞུགས་ན་སུའི་མདུན་དང་གཡས་གཡོན་ཞེས་བརྟག །དབུས་ན་ཡང་རྒྱུད་ཀྱི་བདག་པོ་ཆེན་པོ་བས་ན་རྣམ་པར་སྣང་མཛད་ཉིད་ཡིན་པར་མངོན་ནོ། །དེ་བས་འཇམ་དཔལ་གྱི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་དེ་ནི་ལག་ པ་གཡས་པ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་བསྒྲེང་བའི་ཚིགས་དང་པོ་བཀུག་ལ་རལ་གྲིའི་ཐབས་སུ་འཛིན་པ་དང་། གཡོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི་ཞེས་པ་གཡོན་པ་གླེགས་བམ་འཛིན་པ་འདྲ་བའི་མཐེའུ་ཆུང་གཡས་པའི་རྡོ་རྗེ་ཁུ་ ཚུར་གྱིས་རལ་གྲི་འཛིན་པའི་ཐབས་སུ་གཟུང་ངོ་། །ཨ་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་པ་ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པའི་དོན་དུ་སྟོང་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཡི་གེ་མེད་ཅེས་བྱ་བ་ནི་ཟག་པ་བཅས་པ་དང་ཟག་པ་མེད་པའི་ཆོས་ཐམས་ཅད་སྒྲ་དང་འབྲེལ་བ་མེད་དེ་བརྗོད་དུ་མེད་པའི་ཕྱིར་ རོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་བསྟན་པ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ཞེས་པ་དག་གོ། །ཁུ་ཚུར་བཅིངས་ལ་མཐེའུ་ཆུང་དང་མཛུབ་མོ་གཉིས་སོ་སོར་སྦྲེལ་ལ་བཀན་ཏེ་སྙིང་གར་གཞག་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་ཞེས་བྱ་སྟེ་འདི་ བཅིངས་པས་ན་རྣལ་འབྱོར་པའི་སྤྱོད་པའི་རྒྱུད་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་འགྱུར་བས་ན་སྒྲུབ་པ་པོ་ཞེས་བྱའོ། །འདི་མཐོང་བས་དཀྱིལ་འཁོར་ཐམས་ཅད་མཐོང་བར་འགྱུར་རོ་ཞེས་པ་རིགས་ཐམས་ཅད་ཀྱི་དམ་ཚིག་སྔགས་དང་བཅས་པའི་ཕྱག་རྒྱ་འདིའི་ནང་དུ་འདུས་ པར་བྱིན་གྱིས་བརླབས་པས་ན་ཕྱག་རྒྱ་མཐོང་བ་ཙམ་གྱིས་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །ཕྱག་རྒྱ་བཅིང་བའི་ཚེ་སྔགས་བརྗོད་པའི་ཐབས་གསུངས་པ། དེ་བཞིན་དབུས་སུ་ཁ་གཞག་སྟེ། །ཞེས་བྱ་བ་དག་གོ། །ཇི་ལྟར་གོང་དུ་སྨོས་པ་དེ་བཞིན་དུ་ཕྱག་རྒྱ་བཅིངས་ལ་ཁུ་ཚུར་ གཉིས་ཀྱི་བར་དུ་ཁ་གཞག་སྟེ་བཟླས་སོ། །ཧཱུཾ་ཆོས་ཀྱི་ཕྱག་རྒྱའོ་ཞེས་པ་ལས་ཐམས་ཅད་ཀྱི་སྒོ་ཞེས་པའི་དོན་ཏོ། །དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་ནོར་བུའི་ཕྱག་རྒྱ་གོང་དུ་སྨོས་པ་ལས་མཐེའུ་ཆུང་དང་སྲིན་ལག་རྣམས་བརྐྱང་སྟེ་ཕྱར་བའོ། །འཕགས་པ་བྱམས་པ་ སེམས་དཔའ་ཆེན་པོའི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་གོ་ཆའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་བསྒྲེང་བ་ལྟེ་བ་དང་སྙིང་ག་ལ་སོགས་པར་མདུད་པ་གོང་དུ་སྨོས་པ་བཞིན་ནོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་ཞེས་པ་འབྱུང་སྟེ་ཞེས་པ་རྒྱུད་འདིའི་མགོ་མཇུག་ཏུ་རྟོག་པ་བཤད་པ་ཐམས་ ཅད་ཀྱི་ལུས་དང་ངག་ལ་སོགས་པའི་ཕྱག་རྒྱ་འབྱུང་སྟེ། དེ་ལ་སྔགས་མ་སྨོས་པ་རྣམས་ནི་སོ་སོ་རང་གི་སྙིང་པོའམ་ལས་ཐམས་ཅད་བྱེད་པའི་སྔགས་དང་སྦྱར་རོ། །སྔགས་སྨོས་པ་རྣམས་ནི་སྔགས་དེ་དང་སྦྱར་ཏེ་རིགས་ཐམས་ཅད་ཀྱི་ཡང་ལས་ཐམས་ཅད་དང་སྦྱར་རོ། །དེ་ལ་ལུས་ཀྱི་ཕྱག་ རྒྱ་བསྟན་པ་འདི་ལྟ་སྟེ། ལངས་པའམ་འདུག་པའམ་ཞེས་པ་དག་གོ། །ཕྱག་ན་རྡོ་རྗེའི་རྣལ་འབྱོར་དང་ལྡན་པ་ལས་སྦྱར་བ་ནི་ལུས་ལངས་པའམ་འདུག་པ་ཐམས་ཅད་ཀྱང་ཕྱག་རྒྱ་ཉིད་དུ་འགྱུར་ཏེ་དེ་དག་ནི་སྤྱིར་བཤད་པའོ། །ལུས་ཀྱི་ཕྱག་རྒྱ་ཁྱད་པར་དུ་གསུངས་པ་ལངས་ལ་གཡོན་པས་རྡོ་རྗེ་ ཁུ་ཚུར་བཅངས་ནས་ཞེས་བྱ་བ་དག་གོ། །གཡོན་པ་ཁུ་ཚུར་བཅངས་ཏེ་བརྐྱང་ལ་ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་བྱས་པའི་མཛུབ་མོ་ཀྱོ་བ་ཏང་དུ་བཀུག་པས་གཡོན་པའི་ཁུ་ཚུར་གྱི་དྲུང་ནས་གཞུ་འདྲེན་པའི་ཐབས་སུ་དྲངས་ཏེ། འདིས་ནི་འཕགས་པ་དང་མ་འཕགས་པའི་སེམས་ཅན་ཐམས་ ཅད་དགུག་གོ། །དཔུང་པ་གཉིས་ཀྱིས་རང་གི་སྙིང་གར་འཁྱུད་པ་ནི་གོ་ཆ་སྟེ་ཞེས་པ་རྡོ་རྗེ་ཁུ་ཚུར་བཅིངས་པའི་དཔུང་པ་གཉིས་ཕན་ཚུན་བསྣོལ་ཏེ་བསྡམས་པ་ནི་གོ་ཆ་སྟེ། རྒོལ་བ་ཀུན་གྱིས་མི་ཕྱེད་མི་ཚུགས་མི་ཤིགས་ཞེས་པའི་དོན་ཏོ། །དེ་ནས་ངག་གི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་ཨ་ནི་དབབ་པའི་ སྙིང་པོའོ། །ཧཾ་ནི་སྲུང་བའོ། །ཧཱུཾ་ནི་གཏན་འཕོ་བའོ། །དེ་ནས་ལྟ་བའི་ཕྱག་རྒྱ་འབྱུང་བ་ནི་ཞེས་པ་དེ་ལ་རྡོ་རྗེའི་ལྟ་བ་ནི་འཕྲལ་ལ་བཅེར་ཞེས་ལྟ་བ་སྟེ། འཕྲལ་ལ་ཞེས་བྱ་བ་ནི་སྒྲ་གློ་བུར་དུ་ལྟ་བ་ལ་ཡང་བྱའོ། །རིག་རིག་པོར་མགྱོགས་པ་ལ་ཡང་བྱའོ། །འབར་ བའི་ལྟ་བ་ནི་གང་ལ་བལྟས་པ། དེ་ནས་བཀུག་སྟེ་འཛུམས་པའོ། །ཁྲོ་བོའི་ལྟ་བ་ནི་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ལ་ཁྲོ་བས་བལྟ་བའོ། །བརྟན་པའི་ལྟ་བ་ནི་གང་ལ་བལྟས་པ་དེ་ལ་ཐ་མལ་པར་མིག་ཚུགས་སུ་བལྟ་བའོ། །དེ་ནས་ལྟ་བ་དེ་བཞིའི་ལས་བསྟན་པ་དེ་ནས་འདི་དག་གི་ ལས་ཞེས་བྱ་བ་དག་གོ། །དེ་ནས་སྙིང་པོ་སྨྲས་པ། བཛྲ་དྲྀཥྚི་ཞེས་བྱ་བ་དག་གོ། །དེ་ལ་རྡོ་རྗེ་ལྟ་བའི་སྙིང་པོ་ནི། བཛྲ་དྲྀཥྚི་མ་ཊ་ཞེས་པ་སྟེ། རྡོ་རྗེའི་ལྟ་བ་མིག་གཡས་ན་ཉི་མའི་ས་བོན་མེ་འབར་བ་གཞག་གོ། །གཡོན་དུ་ཟླ་བའི་ས་བོན་ཊ་འབར་བའོ། །འབར་བའི་ལྟ་བའི་སྙིང་པོ་ནི། དྲྀཥྚི་ ཨྃ་གུ་ཤ་ཛཿཧཱུཾ་ཞེས་པ་སྟེ། འབར་བའི་ལྟ་བ་ཀྱོ་བ་ཏང་གིས་དགུག་ཅིང་ཐག་འཛུད་པ་སྟེ། ཛཿནི་འཇུག་པའོ། །ཧཱུཾ་ནི་མངོན་པར་སྤྱད་པའོ། །ཁྲོ་བོར་བལྟ་བའི་སྙིང་པོ་ནི། ཀྲོ་ཏ་དྲྀཥྚི་ཕཊ་ཅེས་པ་སྟེ། ཁྲོ་བོའི་ལྟ་བས་ཐམས་ཅད་ལ་མངོན་པར་སྤྱད་ཅེས་པའི་དོན་ཏོ། །བརྟན་པར་ལྟ་བའི་སྙིང་ པོ་ནི། དྲྀ་ཌྷ་ཏིཥྛ་ཧཾ་ཞེས་བྱ་བ་སྟེ། བསྟན་པ་ཐམས་ཅད་སྲུང་ངོ་ཞེས་པའི་དོན་ཏོ། །སོ་སོའི་ཕྱག་རྒྱ་འབྱུང་སྟེ་ཞེས་པ་སོ་སོའི་ལྷའི་རྣལ་འབྱོར་བྱས་ལ་སྔགས་ཀྱི་སྙིང་པོ་ཡིད་ལ་ཟློས་ཤིང་སོ་བའི་ལས་ལ་སྦྱར་རོ། །སོ་འཆའ་བ་ནི་སྒྲ་ཀྲིག་ཀྲིག་བྱེད་པའོ། །མུར་བ་ནི་ཐམས་ཅད་བྱེད་པའོ། །མཆུའི་ཕྱག་རྒྱ་ བསྟན་པ། གཡས་ནས་གཅུ་བ་ནི་འགུག་པའོ་ཞེས་པ། གཡས་ནས་གཅུ་བ་ནི་མ་མཆུ་གཡོན་བའི་གྲྭ་སོས་མནན་ཏེ་གཅུ་བའོ། །མ་མཆུ་སོས་མནན་ཞེས་པ་སོ་གཙིགས་པའོ། །མཆུ་གཉིས་བསྡམས་པ་ནི་ཞེས་པ་ཁ་དམ་དུ་བཙུམས་པའོ། །དེ་ལ་གཡས་ནས་གཅུ་ཞིང་འགུགས་པའི་ལས་བྱེད་པའི་ཚེ། སངས་ རྒྱས་ཀྱི་རྣལ་འབྱོར་དུ་བྱའོ་ཞེས་བསྟན་པ། སངས་རྒྱས་རྗེས་སུ་དྲན་པ་དང་། །ཞེས་སོ། །དེ་བཞིན་དུ་ལྷག་མ་ཡང་རིམ་བཞིན་དུ་སྦྱར་རོ། །རྡོ་རྗེ་རྗེས་སུ་དྲན་ཞེས་བྱ་བ་ནི་ལྷ་གང་ཡང་རུང་བའི་རྣལ་འབྱོར་དུ་བྱས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་བསམ་མོ། །མིག་གི་ཕྱག་ རྒྱ་གསུངས་པ་མིག་གཡས་པ་བསྐྱོད་པས་དབང་དུ་བྱེད་དོ་ཞེས་པ་དག་གོ། །རྡོ་རྗེ་ཆགས་པ་ནི་ཐམས་ཅད་བདག་ལ་དགའ་བར་འགྱུར་བའོ། །རྡོ་རྗེ་ལྟ་བ་ལ་སོགས་པ་མིག་གི་ཕྱག་རྒྱ་སྔར་སྨོས་ཟིན་པས་འདི་དང་ཉིས་རིམ་དུ་འགྱུར་བར་དགོས་པ་འབྱུང་བ་རྡོ་རྗེ་ལྟ་བ་ལ་སོགས་པ་ནི་མིག་གི་འབྲས་བུ་ ཡུལ་ལ་དམིགས་པ་གཙོ་བོར་བྱས་པའོ། །འདི་ནི་འབྲས་བུ་བཞི་དང་བཅས་པར་བསྒུལ་བ་ཙམ་དུ་ཟད་དེ། ཡུལ་ལ་དམིགས་པ་གཙོ་བོར་མི་བརྩིའོ། །ཐམས་ཅད་ཀྱི་སྙིང་པོ་བཟླས་ཏེ་གྱེན་དུ་བལྟས་ན་ཞེས་པ་ལྷ་གང་ལ་བརྟེན་པ་དེའི་སྙིང་པོ་བཟླས་ལ་ནམ་མཁའ་ལ་བལྟས་ན་དེར་འགྲོ་བར་ འགྲུབ་བོ། །ས་ལ་བལྟས་ཏེ་བཟླས་ན་སའི་བདག་པོར་འགྱུར་རོ། །གཡས་སྐོར་བས་ནི་ཞེས་པ་དེ་བཞིན་གཤེགས་པ་ལ་མཆོད་པར་བསམས་ཏེ། དེ་བཞིན་གཤེགས་པའི་གཡས་ལོགས་ནས་བསྐོར་ཏེ་བལྟས་ན་མཆོད་པར་འགྱུར་རོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་གཡོན་སྐོར་ན་མཆོད་པར་འགྱུར་ རོ། །ཐམས་ཅད་ཀྱི་སྙིང་པོ་སྟོང་བཟླས་ན་འགྲུབ་པོ་ཞེས་པ་གོང་དུ་ཕྱག་རྒྱའི་ལས་བཤད་པ་ཐམས་ཅད་ཀྱི་སྙིང་པོ་གོང་གི་སྦྱོར་བ་དེ་སྔར་བསྙེན་པ་སྟོང་བྱས་ནས་ལས་ཀྱང་བྱའོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པ་རིག་པའི་རྒྱལ་པོ་མན་ཆད་ས་འོག་ཡན་ཆད་ཀྱི་སྤྱིའི་ཕྱག་རྒྱ་སྨོས་པ་དེ་ལ་འཇིག་རྟེན་ པའི་རྡོ་རྗེ་ཁུ་ཚུར་ལས་སྐྱེས་པའི་ཕྱག་རྒྱ་སྟེ་ཞེས་པ་དག་གོ། །འཇིག་རྟེན་པའི་ལྷ་དེ་དག་ཐམས་ཅད་ཀྱི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་སོ་སོར་བཅངས་པ་ལས་འབྱུང་སྟེ། ཁུ་ཚུར་སོ་སོར་བཅངས་པ་དེ་ཉིད་འཇིག་རྟེན་པའི་རྡོ་རྗེ་བཅིངས་པ་ཡིན་པར་བསྟེན་པ་རྡོ་རྗེ་བཅིངས་པ་ནི་ཞེས་བྱ་བ་དག་གོ། །ལག་ པ་གཉིས་ཁུ་ཚུར་སོ་སོར་བཅངས་ལ་མཐེ་བོང་སྨད་དེ་ནང་དུ་བཅུག་ནས་ཁུ་ཚུར་བཅངས་པ་གཉིས་ཀྱིས་སྲིན་ལག་དང་། མཐེའུ་ཆུང་གི་བར་ཕན་ཚུན་མནན་པ་སྟེ། གཡོན་པའི་མཐེའུ་ཆུང་དང་སྲིན་ལག་གི་མཚམས་སུ་གཡས་པའི་ཁུ་ཚུར་གྱི་སྲིན་ལག་གི་རྒྱབ་ཀྱིས་མནན། གཡས་པའི་ མཚམས་སུ་ཡང་གཡོན་པའི་མཐེའུ་ཆུང་གི་རྒྱབ་ཀྱིས་མནན་པའོ། །དེ་ཉིད་ཕྱག་རྒྱའི་སྙིང་པོ་འདི་འབུམ་བཟླས་ཏེ་སྒྲུབ་པོ་ཞེས་པ་འཇིག་རྟེན་པའི་ཕྱག་རྒྱ་དེ་ཉིད་བཅིངས་ལ་མཆོད་པ་ལ་སོགས་པ་བཟླས་པའི་ཆོ་ག་ཚུལ་བཞིན་དུ་སྔར་བྱས་ནས་སྙིང་པོ་འདི་འབུམ་བཟླས་ན་ཕྱག་རྒྱ་འགྲུབ་པར་ འགྱུར་ཏེ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་སུའང་འདའ་བར་མི་བྱེད་དོ། །དེ་ནས་འཇིག་རྟེན་པའི་ལྷ་སོ་སོའི་ཕྱག་རྒྱ་བསྟན་པ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ཏེ། །ཞེས་པ་དག་གོ། །ཁུ་ཚུར་ཕྱེ་ལ་གཡས་པས་རང་གི་ཕྱག་རྒྱ་གང་ཡིན་པ་འཛིན་པ་སྟེ། ལྷ་ ཆེན་པོ་ཡི་ནི་གསལ་ཕུར་གསུམ་པའོ། །ཚངས་པའི་ནི་གུནྡྷེ་དང་བགྲང་ཕྲེང་ངོ་། །གཏོགས་འདོད་ཀྱི་ནི་འཁོར་ལོའོ། །ས་ནད་གཞོན་ནུའི་ནི་དྲིལ་བུའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་གི་ཕྱག་རྒྱ་འཛིན་པར་བརྟག་གོ། །རིག་པའི་རྒྱལ་པོ་མན་ཆད་ས་འོག་ཡན་ཆད་སྤྱིའི་ཕྱག་རྒྱ་ བསྟན་པ། མ་རྣམས་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་དག་གོ། །གོང་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ལ་གཡོན་པ་མཛུབ་མོ་བསྒྲེང་བའོ། །མ་རྣམས་ཀྱི་ཕྱག་རྒྱ་དེ་དང་ལྡན་པས་སྒྲུབ་པའི་ཆོ་ག་གསུངས་པ། དུར་ཁྲོད་དམ་ཚོགས་ཀྱི་ནང་འཇུག་པ་ན་ཞེས་བྱ་བ་དག་གོ། ། ཚོགས་ཀྱི་ནང་དུ་འཇུག་པ་ནི་འདྲེའི་ཚོང་འདུས་སུ་འདུག་པ་སྟེ། དུར་ཁྲོད་དམ་འདྲེའི་ཚོང་འདུས་སུ་མ་རྣམས་གང་ཡང་རུང་བའི་སྙིང་པོ་ཅིག་ཆོ་ག་བཞིན་དུ་བཟླས་སོ། །བྱད་ཐམས་ཅད་སྡོམ་པ་དང་ཞེས་པ་སརྦ་བུདྡྷ། ས་མ་ཡོ་གི་རྒྱུད་ལས་བྱད་སྡོམ་པའི་ལས་མང་པོ་འབྱུང་བ་དང་། རྟོག་པ་གཞན་ཐམས་ཅད་ཀྱང་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་འབྱུང་བ་ཀུན་འགྲུབ་བོ། །ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ལས་གང་ལ་སྦྱར་བ་འགྲུབ་བོ། །དེ་ནས་ཁྲོ་བོའི་ཁུ་ཚུར་སྒྲུབ་པའི་སྙིང་པོ་ནི་འདི་ཡིན་ནོ་ཞེས་བྱ་བ་ལ་ ལ་སོགས་པ་ཐམས་ཅད་ཀྱི་བདག་པོ་ཁྲོ་བོའི་ཁུ་ཚུར་ཞེས་བྱ་བ་སྒྲུབ་པར་འདོད་ན་ནི་སྙིང་པོ་འདིས་བྱའོ། །དེ་ནས་གསང་བའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་རབ་ཏུ་བྱ་བ་བཤད་དོ་ཞེས་པ་སྔགས་ཀྱི་སྣོད་དུ་མ་གྱུར་པ་རྣམས་ལ་མི་བསྟན་པས་གསང་བའོ། །གསང་བ་དེ་ཉིད་ཀུན་གྱིས་ མཉན་ཞིང་མི་འདའ་བས་ན་ཕྱག་རྒྱའོ། །དེ་སྒྲུབ་པའི་ལེའུ་འམ་རིམ་པ་བསྟན་པ་ནི་རབ་ཏུ་བྱ་བ་བཤད་པའོ། །དཀྱིལ་འཁོར་བྲིས་ཏེ་ཞེས་པ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱིས་སརྦ་བིད་ཀྱི་རྟོག་པ་གོང་དུ་སྨོས་པ་བཞིན་དུ་བྲིས་ལ་འདི་སྐད་བརྗོད་དོ། །བཅོམ་ལྡན་འདས་ཕྱག་རྒྱ་ སྐྱོང་མ་འདི་ཞེས་པ་ཕྱག་རྒྱ་ནི་སྐུའི་གསང་བ་ལ་སོགས་པ་ཕྱག་རྒྱ་བཞི་རྣམས་སོ། །ཕྱག་རྒྱའོ་ཞེས་སྒྲའི་མཚན་ཉིད་བཤད་པ་ལས། བུད་མེད་ཀྱི་ཁམས་སུ་གཏོགས་པས་ཕྱག་རྒྱ་བཙུན་མོ་ཞེས་བྱ་བའི་དོན་ཏེ། སྐྱོང་མ་ནི་བཅོམ་ལྡན་འདས་ཀྱིས་བསྐྱེད་ཅིང་བསྐྱངས་ཏེ་འབྱོར་པར་བྱས་ པས་སྐྱོང་མ་ནི་བཙུན་མོའི་མིང་ངོ་། །དེ་ལྟ་བུའི་ཕྱག་རྒྱ་དེ་གྲུབ་པ་རྟག་ཏུ་དུས་ཐམས་ཅད་དུ་བདག་ལ་སྩལ་བར་གསོལ་བ་ཅི་དགོས་ཤེ་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་གསུངས་སོ། །ཕྱག་རྒྱའི་ཡོན་ཏན་ཅི་ཡོད་ཅེ་ན། གྲུབ་མཆོག་རབ་ཏུ་བསྒྲུབ་པའོ། །ཞེས་སོ། །རིག་ འཛིན་ནམ་མཁའ་ལ་རྒྱུ་བ་ལ་སོགས་པ་ཕྱག་རྒྱ་འདིས་རབ་ཏུ་སྒྲུབ་པོ། །དེ་ནས་ཕྱག་ན་རྡོ་རྗེའི་གསང་བ་སྒྲུབ་པ་གསུངས་པ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ཏེ་ཞེས་བྱ་བ་དག་གོ། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གོང་དུ་སྨོས་པ་ཆོ་ག་བཞིན་དུ་བྲིས་ལ་དེར་ཞུགས་ནས་བསྐུལ་བའི་ སྔགས་འདི་རྣམས་བརྗོད་ཅིག །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་ཞེས་པ་ནི་ལྷའི་རང་བཞིན་བརྗོད་པ་སྟེ། རབ་ཏུ་དགྱེས་པའི་དམ་ཚིག་ཁྱོད། །ཅེས་བརྗོད་དོ། །བཛྲ་ས་ཏྭ་ཞེས་པ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའ་དང་པོ་པ་བདག་གིས་གྲུབ་པར་གྱུར་ཅིག་ཅེས་བསྐུལ་བའོ། །དེ་ནས་བྱང་ཆུབ་ སེམས་དཔའ་གཞན་རྣམས་ཀྱི་ཕྱག་རྒྱ་གསང་བ་སྒྲུབ་པ་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་གསང་བའི་ཕྱག་རྒྱ་སྒྲུབ་པ་ནི་ཞེས་པ་དག་གོ། །དེའི་སྔགས་བོ་དྷི་སཏྭ་མ་ཧཱ་མ་ནཾ་ཞེས་པ་ནི་ལྷའི་རང་བཞིན་སྨོས་པ་སྟེ། བྱང་ཆུབ་སེམས་དཔའ་ཆེ་བ་རྣམས། །ཞེས་ པ་སྨོས་པའོ། །ལྷག་མས་ནི། རྟག་ཏུ་གྲུབ་པ་བདག་སྩོལ་ཅིག །ཅེས་བརྗོད་པའོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་ཕྱག་རྒྱ་གསང་བ་བརྗོད་པ། དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་ཞེས་བྱ་བ་དག་གོ། །དེའི་སྔགས་ནི། ཀྲོ་དྷ་ཏུ་ཞེས་བྱ་བ་དག་སྟེ་ཁྲོ་བོ་ ཐམས་ཅད་ཀྱི་བྱེད་པ་པོ་ཞེས་བྱ་བའི་དོན་ཏེ། འདི་སྐད་བརྗོད་པའི་ཚེ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱས་ལ་བརྗོད་ཅིག་ཅེས་པ་སྟེ། ཕྱག་ན་རྡོ་རྗེས་ཐམས་ཅད་གདུལ་བའི་ཕྱིར་དེ་ནི་དེ་དག་ལ་ལྷག་པར་འཇོམས་སོ། །འཇིག་རྟེན་པའི་ལྷ་མོ་རྣམས་ཀྱི་གསང་བ་སྒྲུབ་པ་གསུངས་པ། མ་རྣམས་ཀྱི་ གསང་བའི་ཕྱག་རྒྱ་ཞེས་པ་དག་གོ། །དེ་ཡང་རང་གི་དཀྱིལ་འཁོར་གོང་དུ་སྨོས་པའི་ནང་དུ་ཞུགས་ལ་བྷྱོ་བྷྱོ་ཞེས་བྱ་བ་སྔགས་བརྗོད་ཅིག །དེ་ནི་རང་བཞིན་བསྟན་པ་སྟེ་མང་པོའི་ཚིག་ཏུ་སྟོན་པའོ། །གོང་དུ་དྲིས་པ་ལ་ནི་ཕྱག་རྒྱ་གསང་བས་སྒྲུབ་པའི་འོག་ཏུ་ཕྱག་རྒྱ་ བཅིང་བ་བཤད་མོད་ཀྱི། ལན་བཏབ་པ་ལ་ནི་ཕྱག་རྒྱ་བཅིངས་པ་རྣམས་གསང་བ་སྒྲུབ་པའི་གོང་དུ་ཕྱག་རྒྱ་བཅིང་བ་བཤད་དོ། །དེ་ནས་ཕྱག་རྒྱའི་དེ་ཁོ་ན་འབྱུང་སྟེ་ཞེས་པ་ཕྱག་རྒྱ་ནི་སོ་སོའི་རྣམ་པར་གྲོལ་བའི་མཚན་མའོ། །དེ་ཁོ་ན་མི་སླུ་བ་སྟེ་ཡང་དག་པ་སྟེ། ཕྱག་རྒྱའི་རང་ བཞིན་མི་སླུ་བ། །ཞེས་བྱ་བའི་དོན་ཏོ། །སེམས་ལས་སངས་རྒྱས་དང་ཆོས་འབྱུང་ངོ་ཞེས་པ་སེམས་ལས་ལོགས་ཤིག་ན་སངས་རྒྱས་དང་ཆོས་མི་དམིགས་ཏེ་ཁམས་གསུམ་སེམས་ཙམ་དུ་ཟད་པའི་ཕྱིར་རོ། །ཡང་དག་པར་ན་ཕྱག་རྒྱ་རྣམ་བཞི་ཡང་དེ་བཞིན་གཤེགས་པའི་ཡེ་ ཤེས་ལ་གནས་སོ་ཞེས་གསུངས་པ་དེ་ཁོ་ན་ཉིད་དུ་ཞེས་བྱ་བ་དག་གོ། །དེ་རྣམས་ཀྱི་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་གོང་དུ་སྨོས་པ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ལྔ་རྣམས་སོ། །སྙིང་ལ་གནས་པ་ནི་སེམས་ལ་གནས་པ་ཞེས་བྱའོ། ། སྐྱོང་མ་ནི་བཙུན་མོའི་རྣམ་གྲངས་ཏེ་ཇི་ལྟར་འཇིག་རྟེན་པའི་བཙུན་མོས་ཀྱང་ནི་གསོ་སྟེ་སྙིང་ལ་འབབ་ཅིང་ཡིད་དུ་འོང་བར་གྱུར་པའི་ཕྱིར་སྐྱོང་མ་ཞེས་བྱ་བ་བཞིན་དུ་ཕྱག་རྒྱ་རྣམ་བཞི་འདི་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་བསྐྱེད་ཅིང་བསྐྱངས་པའི་བཙུན་མོ་ཡེ་ཤེས་ཀྱི་རང་བཞིན་ལ་གནས་ པའོ། །བདག་ཀྱང་དེ་བཞིན་གཤེགས་པ་སྟེ། །ཞེས་བྱ་བ་དག་ཀྱང་སངས་རྒྱས་ཉིད་དུ་མོས་པས་ང་རྒྱལ་བསྐྱེད་དེ། ཕྱག་རྒྱ་འདི་ཡང་བདག་གིས་སྐྱོང་མའོ་ཞེས་བསྒོམས་ལ་ཕྱག་རྒྱ་བཞི་སྒྲུབ་པོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དེ་ཁོ་ན་བསྟན་པ། རབ་དགའ་སེམས་ཅན་ཀུན་གྱི་མཆོག ། ཅེས་པ་དག་གོ། །ཕྱག་ན་རྡོ་རྗེའི་རང་བཞིན་བསྟན་པ་ནི་རབ་དགའ་ཞེས་བྱ་བ་དག་སྟེ། བྱང་ཆུབ་ཀྱི་སེམས་རབ་ཏུ་དགའ་ཞེས་པའི་རང་བཞིན་བྱང་ཆུབ་སེམས་དཔའ་ཀུན་གྱི་ནང་ན་མཆོག་གོ། །དེ་ལ་ཕྱག་རྒྱ་རབ་ཏུ་བརྟགས། །ཞེས་པ་ཕྱག་ན་རྡོ་རྗེའི་རང་བཞིན་ལས་གྲུབ་པ་བརྟན་པ་མྱུར་དུ་ སྩོལ་བའི་ཕྱག་རྒྱ་བཞི་དག་རྡོ་རྗེ་སེམས་དཔའ་འདོད་པའི་རང་བཞིན་གྱིས་རབ་ཏུ་བརྟགས་སོ། །བཅོམ་ལྡན་རྟག་པ་འདོད་པ་སྟེ། །ཞེས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདོད་པ་དེ་ནི་རྟག་པ་སྟེ་དུས་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་ཉིད་དེ་བཞིན་གཤེགས་པའོ། །ཞེས་པ་ འདོད་པའི་རང་བཞིན་དེ་ཉིད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་ལས་ཐམས་ཅད་བདག་ཉིད་སྐུ། །ཞེས་པ་འདོད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་དེ་ལས་བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱི་སྐུ་འབྱུང་ངོ་། །བདག་ཀྱང་དེ་ལས་བྱུང་བས་ན་ཕྱག་རྒྱ་རྣམ་བཞི་གྲུབ་ པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་དེ་ཁོ་ན་ནི་ཞེས་པ་ལྷ་ཆེན་པོ་ལ་སོགས་པ་ནས་ས་འོག་པའི་ལྷའི་བར་དུ་འཇིག་རྟེན་པའི་ལྷ་དེ་དག་གི་དེ་ཁོ་ནའོ། །ཕྱག་ན་རྡོ་རྗེས་ལྷ་ཐམས་ཅད་དབང་དུ་བྱས་ཞེས་པ་ནི་དེས་ལྷ་ཐམས་ཅད་འདུལ་བའི་ཕྱིར་རོ། །རྡོ་རྗེར་ བྱས་ཞེས་པ་དེ་ནི་དེ་དག་ཐམས་ཅད་རྡོ་རྗེའི་རིགས་སུ་དབང་བསྐུར་བའི་ཕྱིར་རོ། །དེ་དག་གི་ཕྱག་རྒྱ་ཡང་རྡོ་རྗེའི་ཕྱག་རྒྱ་ཉིད་དོ་ཞེས་པ་གསལ་ཕུར་གསུམ་པ་ལ་སོགས་པ་རང་རང་གི་ཕྱག་རྒྱ་ཀུན་ཀྱང་ཕྱག་ན་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ནས་མ་རྣམས་ཕྱག་རྒྱའི་དེ་ཁོ་ན་ཉིད་ ནི་ཞེས་པ་སེམས་ཅན་མང་པོ་ལ་གནོད་པ་དང་དཀོན་མཆོག་གསུམ་ལ་འཚེ་བ་ལ་སོགས་པ་མ་རུངས་པའི་སེམས་ཅན་ཐམས་ཅད་མ་རྣམས་ཀྱིས་བཟའ་བར་བྱའོ་ཞེས་ལྷ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་བསྐོས་པ་སྟེ་གང་གིས་བསྐོས་པ་དེ་ནི་ཕྱག་རྒྱས་བཏབ་པ་ཡིན་པས། དེའི་ཕྱིར་དེ་ནས་ མ་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ནི་རབ་ཏུ་སྦྱོར་བས་ཞེས་པ་དེ་ཁོ་ནའི་ཕྱག་རྒྱ་བསྒྲུབ་པའི་ཚེ་གང་སྒྲུབ་ཀྱང་རུང་སྟེ། ཐོག་མར་དེ་བཞིན་གཤེགས་པའི་དེ་ཁོ་ན་སྒོམ་པ་མངོན་དུ་བྱས་ནས་ཕྱིས་གཞན་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་བྱིན་ གྱིས་བརླབ་པ་ལ་སོགས་པའི་ལས་བཤད་དོ་ཞེས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་སོ་སོའི་རྟོག་པ་གོང་དུ་བཤད་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་རྣམས་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉིན་རེ་ཇི་ལྟ་བུའི་དུས་མངོན་དུ་ཞེས་པ་ཉིན་གཅིག་ཅིང་ བཟླས་པའི་དུས་སྔ་དྲོ་དང་། གུང་དང་དགོངས་གསུམ་མམ། ཡང་ན་དུས་གཅིག་ཏུ་ཟློས་ཀྱང་རུང་སྟེ་ཇི་ལྟ་བུའི་དུས་སུ་ཟློས་པ་དེའི་སྔོན་དུ་དང་པོར་རིགས་བཞིའི་ཕྱག་རྒྱ་དང་སྙིང་པོས་བྱིན་གྱིས་བརླབ་པོ་ཞེས་བསྟན་པ་སྟེ་དེ་ལ། རྡོ་རྗེ་མཆོག་གི་ཕྱག་རྒྱ་ ཡིས། །ཞེས་བྱ་བ་ནི་རིགས་བཞི་སོ་སོའི་དམ་ཚིག་གི་ཕྱག་རྒྱས་རང་རང་གི་གནས་སུ་བཞག་སྟེ། སྙིང་གར་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བཅིངས་པ་ལས་གུང་མོ་སྦྱར་ཏེ་བསྒྲེང་ལ་མཐེ་བོ་དང་མཐེའུ་ཆུང་སོ་སོར་བསྐྱེད་དེ་བསྒྲེང་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གོང་དུ་སྨོས་པ་དེ་ཉིད་ བཞག་གོ། །སྨིན་མཚམས་སུ་ནི་རིན་པོ་ཆེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བཅིངས་པ་ལས་མཛུབ་མོ་རྡོ་རྗེ་ནོར་བུར་བྱས་པ་བཞག་གོ། །ལྐོག་མར་ནི་པདྨོའི་རིགས་ཀྱི་ཕྱག་རྒྱ་རྡོ་རྗེ་བཅིངས་པ་ལས་མཛུབ་མོ་པདྨར་བྱས་པ་བཞག་གོ། །སྤྱི་གཙུག་ཏུ་ནི་ལས་ཀྱི་རིགས་ཀྱི་ཕྱག་རྒྱ་རྡོ་རྗེ་ བཅིངས་པ་ལས་མཐིལ་བསྐྱེད་དེ་མཐེའུ་ཆུང་མཐེ་བོ་སོ་སོར་ཕྱག་རྒྱ་བཞག་གོ། །དེ་ལ་རྡོ་རྗེ་ཆེན་པོའི་རང་གི་རྣམ་པར་གྲོལ་བའི་ཡེ་ཤེས་ཏེ་འཇིག་རྟེན་པའི་ཤེས་པ་གཞན་པས་འཕགས་པའི་ཕྱིར་ཆེས་མཆོག་གོ། །དེའི་རྟགས་ནི་ཕྱག་རྒྱ་སྟེ་རིགས་སོ་སོའི་ཡེ་ཤེས་ཀྱི་མཚན་མ། ལག་པའི་ ཕྱག་རྒྱ་བཅིང་བས་བསྟན། །ཞེས་བྱ་བའི་ཐ་ཚིག་གོ། །རང་བྱིན་གྱིས་བརླབས་པར་བསམ་པར་བྱ་ཞེས་པ་སྔགས་པ་སངས་རྒྱས་ལྔས་བྱིན་གྱིས་བརླབས་པར་བསམ་པའོ། །བཛྲ་སཏྭ་ཞེས་པ་ནི་རྡོ་རྗེ་རིགས་ཀྱི་སྙིང་པོའོ། །བཛྲ་རཏྣ་ནི་རྡོ་རྗེ་རིན་པོ་ཆེའི་རིགས་ཀྱིའོ། །བཛྲ་དྷརྨ་ནི་པདྨའི་ རིགས་ཀྱིའོ། །བཛྲ་ཀརྨཱ་ནི་ལས་ཀྱི་རིགས་ཀྱིའོ། །དབང་བསྐུར་བའི་ཆོ་ག་གསུངས་པ་དེ་ལ་འདི་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་སྙིང་པོའོ་ཞེས་པ་དག་གོ། །རིན་པོ་ཆེའི་རིགས་ཐམས་ཅད་ལ་དབང་བསྐུར་བའི་ལས་ཀྱི་སྒོ་ཡིན་པའི་ཕྱིར་རོ། །དེ་ནས་ཏིང་ངེ་འཛིན་གྱི་ཆོ་ག་གསུངས་པ་དེ་ནས་ ཏིང་ངེ་འཛིན་གྱི་ཡེ་ཤེས་བསྐྱེད་པ་ནི་ཞེས་པ་དག་གོ། །ཏིང་ངེ་འཛིན་གྱི་ཡུལ་ལ་ཤེས་པ་བསྐྱེད་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་བསྐྱེད་པའོ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། །དེའི་སྙིང་པོ་ནི། ཨོཾ་བཛྲ་ཨཱཏྨ་ཀ་རྡོ་རྗེའི་བདག་ཉིད་ཅེས་ པའི་དོན་ཏོ། །གོང་མ་བཞིན་དུ་ཏིང་ངེ་འཛིན་བྱས་པ་རྡོ་རྗེའི་བཟླས་པ་སྒྲ་མེད་པས་སྙིང་པོ་འདི་ཉིད་ཅི་འདོད་པ་ཅུང་ཟད་བཟླས་སོ། །དེ་ནས་མཆོད་པའི་ཆོ་ག་གསུངས་པ། རྡོ་རྗེ་མཆོད་པའི་རབ་ཏུ་བྱ་བ་ནི་ཞེས་བྱ་བ་དག་གོ། །རྡོ་རྗེ་ཁུ་ཚུར་བྱས་ལ་མཁལ་ལྟག་གཡས་གཡོན་དུ་བརྟེན་ཏེ་བསྙེམས་པ་ནི་བཛྲ་ ལཱ་སྱེ་མཆོད་པ་སྟེ། དེས་མཆོད་པ་དེ་སྒྲུབས་ཤིག་རྡོ་རྗེ་ཕྲེང་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྲེང་བ་འཛིན་པ་འདྲ་བར་བསྟན་པའོ། །རྡོ་རྗེ་གླུ་ནི་རྡོ་རྗེ་ཁུ་ཚུར་གྱིས་ཁ་ནས་དྲང་ངོ་། །རྡོ་རྗེ་གར་ནི་ཐལ་མོ་བསྐྱེད་པ་བསྐོར་ནས་སྤྱི་བོ་ནས་དགྲོལ་བའོ། །དེས་བསྟོད་པ་བྱའོ་ཞེས་གསུངས་པ། དེ་ལ་ཡི་གེ་མཉམ་པ་ཡི། ། ཞེས་བྱ་བ་དག་གོ། །ཡི་གེ་མཉམ་པ་ནི་ཚིགས་སུ་བརྗོད་པ་ཀློག་པའོ། །རྡོ་རྗེའི་གླུ་ནི་ཤ་རྫ་དང་། དྷེའི་བ་ཏ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་བསྡུས་པའོ། །ཞེས་པ་རྡོ་རྗེའི་རིགས་ལ་བསྟོད་པ་སྟེ། རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་བསྡུས་སོ། །ཇི་ལྟ་ཞེ་ན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པའི་ཕྱིར་རོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །ཅེས་པ་རིན་པོ་ཆེའི་རིགས་ལ་བསྟོད་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་དཀོན་ཞིང་རིན་པོ་ཆེའི་ཕྱིར་རིན་པོ་ཆེ་སྟེ་ དེ་ལྟ་བུ་གཞན་ལ་མེད་པས་ན་བླ་ན་མེད་དོ། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །ཞེས་པ་པདྨོའི་རིགས་ལ་བསྟོད་པ་སྟེ། ཐེག་པ་གསུམ་གྱི་ལམ་སྟོན་ཅིང་སྒྲོགས་པས་ན་གླུ་བླངས་པས་དོན་སྒྲུབ་ཅེས་བྱའོ། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་པ་ལས་ཀྱི་རིགས་ལ་བསྟོད་པ་སྟེ། ཡེ་ཤེས་ཀྱིས་བྱིན་གྱིས་ བརླབ་པའི་ལས་ནི་རྡོ་རྗེ་ལས་ཏེ་གོང་མའི་རྡོ་རྗེ་སྨོས་པ་རྣམས་ཀྱང་དེ་བཞིན་དུ་སྦྱར་རོ། །ལས་ནི་མཆོད་པ་སྣ་ཚོགས་དང་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པར་འགྱུར་བའོ། །འདི་བརྩམས་ཏེ་དགའ་བ་དང་དབང་བསྐུར་བ་དང་ཞེས་བྱ་བ་བསྟོད་པ་འདི་བརྩམས་ཏེ་དགའ་བའི་མཆོད་པ་བྱང་ཆུབ་ཀྱི་སེམས་ཀྱི་ རང་བཞིན་རྡོ་རྗེ་ལཱ་སྱེ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཕྲེང་བའི་རང་བཞིན་གྱིས་དབང་བསྐུར་བ་དང་། དམ་པའི་ཆོས་སྒྲོགས་པའི་གླུའི་མཆོད་པ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་ཡང་འགྲུབ་ན་གཞན་ས་པའི་གྲུབ་པ་རྣམས་ལྟ་ཅི་སྨོས། ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་དཔའི་བདེ་བ་དང་མཚུངས་པ་མེད་ དོ་ཞེས་པ་དེ་ལྟ་བུའི་མཆོད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདེ་ཞིང་དགྱེས་པར་འགྱུར་བའི་རྒྱུ་ཡིན་ཏེ་བདེ་བར་འགྱུར་བ་གཞན་འདི་དང་འདྲ་བ་མེད་དོ། །སེམས་དཔའ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པའི་སྤྱི་བོའི་ ཚོགས་བཤད་ཟིན་ནས་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབ་པ་ལ་སོགས་པ་ཁྱད་པར་དུ་གསུངས་པ། དེ་ནས་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབ་པ་ལ་སོགས་པ་འབྱུང་བ་ནི་ཞེས་བྱ་བ་དག་གོ། །ཉིན་རེ་ཇི་ལྟ་བུའི་དུས་སྔོན་དུ་ཞེས་པ་ནི་གོང་མ་བཤད་པ་བཞིན་ནོ། །རྡོ་རྗེ་བྱིན་བརླབ་ལ་སོགས་སྦྱོར། །ཞེས་བྱ་བ་སྙིང་གར་ རྡོ་རྗེ་བྱིན་གྱིས་བརླབ་པ་ནས་སྤྱི་བོར་ལས་ཀྱི་རྡོ་རྗེས་བྱིན་གྱིས་བརླབ་པའི་བར་དུ་གོང་དུ་རིགས་བཞིར་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ངེས་པར་བྱིན་གྱིས་བརླབས་ལ་བདག་རང་ཕྱག་ན་རྡོ་རྗེ་ཉིད་དུ་རིགས་བཞིས་བྱིན་གྱིས་བརླབས་པར་གྱུར་ཏོ་ཞེས་པའི་རྣལ་འབྱོར་དང་ལྡན་པར་བྱའོ་ཞེས་གསུངས་པ། སེམས་ དཔའི་བྱིན་བརླབས་རྣལ་འབྱོར་ལྡན། །ཞེས་སོ། །དེ་ནས་རྡོ་རྗེ་བཅིངས་པས་རྡོ་རྗེ་རྩེ་ལྔ་པ་ལག་ན་བཟུང་སྟེ་དགུག་པ་དང་གཞུག་པ་དང་འཆིང་བ་དང་དབབ་པར་བྱའོ་ཞེས་གསུངས་པ་རྡོ་རྗེ་དང་བཅས་ཏེ་རྡོ་རྗེ་འབེབས་སོགས་རྣལ་འབྱོར་གྱིས་བྱའོ་ཞེས་པའི་ཚིག་གི་ལྷག་མས་སྡུད་དོ། །དེ་ནས་རྡོ་རྗེ་ཁུ་ཚུར་ གཉིས་སུ་བྱ་སྟེ་རྡོ་རྗེ་གཟུང་བས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཕྱག་རྒྱ་བཅིང་བས་བཅིངས་ཏེ་བྱིན་གྱིས་བརླབ་པོ་ཞེས་གསུངས་པ། རྡོ་རྗེ་ཁུ་ཚུར་རྡོ་རྗེར་བཅས། །ཞེས་བྱ་བ་དག་གོ། །གཉིས་བྱས་ཞེས་བྱ་བ་ནི་ཁུ་ཚུར་གཉིས་སུ་ཕྱེ་བའོ། །ཕྱག་རྒྱའི་ཆོ་ག་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་ཉིད་དེ་རྡོ་རྗེ་ཁུ་ཚུར་མཐེའུ་ཆུང་ སྦྲེལ་ལ་དཔུང་པ་བསྣོལ་ཏེ་མཛུབ་མོ་བསྒྲེང་བའི་གོང་དུ་སྨོས་པའོ། །ཕྱག་རྒྱ་བཅིང་བ་དེ་བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དེ་ཉིད་བདག་ཉིད་ཡིན་ནོ་ཞེས་བསྒོམས་ནས་ཕྱག་རྒྱ་བཅིང་ངོ་ཞེས་གསུངས་པ། འདོད་པ་བདག་ཅེས་བསྒོམས་ནས་སོ། །ཞེས་སོ། །ཕྱག་རྒྱ་དེ་ཉིད་དང་སྦྱར་བའི་སྙིང་པོ་གསུངས་ པ། ཊཀྐི་ཛ་ཧོ་ཞེས་པ་སྟེ་འདོད་པའི་ཁྲོ་བོའི་རང་བཞིན་དོན་གོང་དུ་སྨོས་པ་བཞིན་ནོ། །སྙིང་པོ་སྨོས་པའི་ཞར་ལ་དེའི་སྒྲུབ་པའི་ཆོ་ག་གཞན་ཡང་གསུངས་པ། དེ་ནས་འདི་སྒྲུབ་པ་གཞན་ཡང་ཞེས་བྱ་བ་དག་གོ། །རྡོ་རྗེ་བཅིང་བས་རྟག་གཟུང་སྟེ། །ཞེས་བྱ་བ་ནི་རང་གི་རྣམ་པར་གྲོལ་བའི་མཚན་མ་རྡོ་རྗེ་རྩེ་ལྔ་པ་ རྡོ་རྗེ་བཅིང་བའི་ཆང་པར་གཞུག་འདོད་པ་ཐམས་ཅད་དབང་བ་ཞེས་པ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱ་བ་ལ་དབང་བའམ་འདོད་པ་རྣམ་ལྔ་ཅི་དགར་སྤྱོད་པའི་དབང་ཐོབ་པའོ། །འདོད་པའི་གཟུགས་དང་ཞེས་པ་ཇི་ལྟར་འདོད་པའི་ལུས་སུ་འགྱུར་བའོ། །འདོད་པའི་ཚེ་དང་ཞེས་པ་ཇི་སྲིད་དུ་གསོན་པ་དེ་སྲིད་དུ་ འཚོའོ། །འདོད་པའི་བདག་པོ་ཞེས་པ་སེམས་ཅན་གང་ལ་དབང་བར་འདོད་པ་དེའི་བདག་པོར་འགྱུར་རོ། །ཀུན་དུ་འགྲོ་བ་ནི་ཕྱོགས་བཅུར་དགའ་མགུར་འགྲོ་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རབ་ཏུ་བྱ་བ་འབྱུང་བ་ནི་ཞེས་པ་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་ཕྲེང་བའི་དབུ་རྒྱན་གྱི་དབང་བསྐུར་བ་སྟེ་ གོང་དུ་དེ་བཞིན་གཤེགས་པའི་སྐུའི་དབུ་རྒྱན་གྱི་སྤྱི་བོར་ནི་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྱག་རྒྱ་མཐེ་བོ་སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དཔྲལ་བ་དང་གཡས་དང་ལྟག་པ་དང་གཡོན་དུ་ཡང་གུང་མོ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་འདྲ་བ་དང་། གུང་མོ་དཔྲལ་བ་རྣམས་ རིམ་བཞིན་དུ་མི་བསྐྱོད་པ་དང་། རིན་པོ་ཆེ་འབྱུང་བ་དང་། སྣང་བ་མཐའ་ཡས་དང་། གདོན་མི་ཟ་བར་གྲུབ་པའི་ཕྱག་རྒྱ་རེ་རེ་ཞིང་ཡང་སྙིང་པོ་འདི་ལན་རེ་བརྗོད་ལ་བྱིན་གྱིས་བརླབ་བོ། །ཕྱག་རྒྱ་དེ་ལྔའི་མཚན་ཉིད་ཞིབ་ཏུ་ནི་གོང་དུ་བཤད་པ་ཡིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥེ་ཀ་ཨཿཞེས་པ་དེ་བཞིན་ གཤེགས་པ་ལྔ་རྣམས་ཉིད་རིན་པོ་ཆེ་སྟེ་དེས་དབང་བསྐུར་ཞེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་གྱི་སྦྱོར་བ་གསུངས་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་དག་གོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དག་བསྐྱེད་པའི་རྒྱུ་ཏིང་ངེ་འཛིན་འོག་ནས་འབྱུང་བ་སྔོན་དུ་བྱ་ཞེས་བྱ་ བའི་ཐ་ཚིག་གོ། །ཇི་ལྟར་བཅོམ་ལྡན་འདས་སེམས་དཔའ་ཐམས་ཅད་ཅེས་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པ་དེ་ལྟར་བདག་ཀྱང་རྡོ་རྗེ་སེམས་དཔའ་དང་ཐ་མི་དད་པས་ན་ཐམས་ཅད་ཀྱི་རང་བཞིན་ནོ་ཞེས་ང་རྒྱལ་བསྐྱེད་ལ་ དགུག་པ་དང་གཞུག་པ་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པས་སྙིང་པོ་འདི་བརྗོད་དོ། །དེ་ལ་དགུག་པ་ནི་ཐམས་ཅད་ཀྱི་བདག་ཉིད་བདག་གི་རང་བཞིན་དུ་དབང་དུ་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་སེམས་དཔའི་རང་བཞིན་སྨོས་པའོ། །ཛཿནི་དགུག་པའོ། །ཧཱུཾ་ནི་གཞུག་པའོ། །བཾ་ནི་འཆིང་བའོ། །ཧོཿནི་ དབང་དུ་བྱེད་པའོ། །དེ་ནས་མཆོད་པའི་ཆོ་ག་གསུངས་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་པ་དག་གོ། །ཕྱག་ན་རྡོ་རྗེ་ཉིད་ཀྱི་ཆ་ལུགས་རི་མོའམ་བྱས་པའི་སྤྱན་སྔར་བདག་རང་གིས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་བྱས་ནས་གར་ཐབས་ཀྱི་ཕྱག་ རྒྱས་མེ་ཏོག་དང་དྲི་དང་། བདུག་པ་དང་། མར་མེ་རྣམས་དབུལ་ལོ། །སོགས་པའི་སྒྲས་ནི་བདུག་པ་ནས་མར་མེའི་བར་དུའོ། །གསང་བའི་མཆོད་པའི་ཕྱག་རྒྱས་དབུལ། །ཞེས་པ་མེ་ཏོག་ལ་སོགས་པ་དབུལ་བའི་ཆོ་གར་ཐབས་དང་སྦྱར་བའི་སྙིམ་པས་དབུལ་བ་ཉིད་གསང་བའི་ཕྱག་རྒྱའོ། །གཞུ་ འདྲེན་པའི་ཚུལ་གྱིས་སུ་ཞེས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་མདུན་རྡོ་རྗེ་གཞུ་འགེངས་པའི་ལྷ་མོ་སྟེ་མདའ་འཕེན་པའི་ཚུལ་དུ་བྱའོ། །གཡས་ན་ལྷ་མོ་ཀཱི་ལི་ཀཱི་ལ་སྟེ། ཁུ་ཚུར་གྱི་པད་པས་ཕྱག་ན་རྡོ་རྗེ་ལ་འཁྱུད་པ་ལྟ་བུའི་ཚུལ་སྟོན་པའོ། །རྒྱབ་ཏུ་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་ པའི་ལྷ་མོ་སྟེ་རྡོ་རྗེ་ཁུ་ཚུར་བཅིངས་ལ་གཡོན་པའི་ལག་ངར་བསྒྲེང་བའི་གྲུ་མོར་གཡས་པས་གཟུང་བ་ལྟར་བྱའོ། །གཡོན་ན་རྡོ་རྗེ་བསྙེམས་པའི་ལྷ་མོ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་མཁལ་ལྟག་ཏུ་གཏད་དེ་བསྙེམས་པའི་འཛུམ་པས་གཡོན་དུ་འདུད་དོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་བསྟོད་པའི་ཚིག་འོག་ནས་ འབྱུང་བ་རྡོ་རྗེའི་གླུ་པོར་ལ་དང་། ཤ་རྫ་ལ་སོགས་པ་དང་སྦྱར་ཏེ་བསྟོད་དོ་ཞེས་གསུངས་པ། རྡོ་རྗེ་བསྟོད་པའི་གླུ་བརྗོད་ཅིང་། །ཞེས་པ་དག་གོ། །རྡོ་རྗེའི་བསྟོད་པ་ནི་ཕྱག་ན་རྡོ་རྗེ་ལ་བསྟོད་ཅེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པའི་བདེ་བ་ཞེས་པ་ནི་འདོད་པ་རྣམ་ལྔའི་བདེ་བས་འདོད་པ་ན་སྤྱོད་པའི་ སེམས་ཅན་ཡིད་རབ་ཏུ་བདེ་བར་གྱུར་པ་དེ་དག་ཐམས་ཅད་ནི་རབ་ཏུ་དགྱེས་པ་ཞེས་བྱ་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁྱོད་ལ་འདུས་ཏེ། རྡོ་རྗེ་སེམས་དཔའ་དགའ་ནི་དགའ་ཞིང་བདེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །བདག་ལ་ཡང་གྲུབ་པ་མྱུར་དུ་སྩོལ་ཅིག་ཅེས་བསྐུལ་བ། ཀུན་དགའ་ བདེ་བྱེད་དེ་རིང་བདག་ལ་གྱུར། །ཞེས་བྱ་བ་དག་གོ། །དགའ་བ་ཀུན་ནི་བྱང་ཆུབ་སེམས་སོ། །དེའི་རྒྱུས་བདེ་བར་འགྱུར་བ་ཆོས་ཀྱིས་བདེ་འགྱུར་བ། དེ་རིང་བདག་གིས་ཐོབ་པར་གྱུར་ཅིག་ཅེས་སོ། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་མྱུར་དུ་གྲུབ་ཅིག་ཅེས་སྨྲས་པ། དམ་པ་དང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་སེམས་ཅན་ ཐམས་ཅད་ཀྱི་གདོད་མ་མཆོག་ཡིན་པའི་ཕྱིར་རོ། །དེ་ཁོ་ནའི་ཚིག་ཐམས་ཅད་སྨྲ་ཞེས་པ་མི་སླུ་བ་བདེན་པའི་ཚིག་སྨྲ་ཞེས་པའི་དོན་ཏོ། །དེ་ལྟར་ལན་ཅིག་བྱིན་གྱིས་བརླབས་ལ། དེ་ནས་ཕྱིས་སྒྲུབས་ཤིག་ཅེས་གྲུབ་པ་རབ་འབྲིང་ཞི་བ་དང་རྒྱས་པ་ལ་སོགས་པ་ཅི་སྒྲུབ་ཀྱང་རུང་དང་པོར་བྱིན་གྱིས་བརླབ་པ་ ལ་སོགས་པ་བྱའོ། །དེ་ནས་ཉིན་གཅིག་བཞིན་དུ་བྱིན་གྱིས་བརླབ་པ་ལ་སོགས་པ་ཉིན་རེ་བྱས་ན་ཞེས་པ་ལ་སོགས་པའི་སྒྲས་ནི་དབང་དང་ཏིང་ངེ་འཛིན་དང་མཆོད་པ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའམ་རྡོ་རྗེ་ཚིག་ལ་སོགས་པ་བཟླས་པ་བྱའོ། །ཉིན་རེ་ལན་རེ་ཞེས་བྱ་བ་ནི་ཉེ་བར་གཟུང་བའི་ ཚིག་སྟེ་ཉིན་རེ་དུས་གསུམ་དུ་བྱས་ཀྱང་ཉེས་པ་མེད་དོ། །ཕྲ་མོ་རྣམས་བརྩམས་ཏེ་སྟོན་པ་བྱེད་དོ་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུ་གཟུགས་འོད་མི་གསལ་བར་སྟོན་པ་ནས་བརྩམས་ཏེ། རབ་ཏུ་གསལ་བར་མངོན་དུ་སྟོན་པར་བྱེད་པའི་བར་དུ་འགྱུར་རོ། །དེ་ལ་སྔགས་པ་ལ་ཚིག་ཏུ་ཡང་ སྨྲའོ། །བྱམས་པ་དང་མཆོད་པ་ཡང་བྱེད་དོ། །སྔགས་པ་དེ་ཡང་དེ་དག་ལ་མཆོད་པ་བྱེད་དོ། །འཇིགས་པ་མེད་པ་དང་ཞེས་པ་སྔགས་པ་དེ་རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་འཇིགས་པ་ལྔས་མི་འཇིགས་པའོ། །ཟད་པ་མེད་པ་ནི་ཚེ་དང་མཐུ་ལ་སོགས་པ་གཏན་ཟད་པར་མི་འགྱུར་བའོ། །གོད་པ་ མེད་པ་ནི་དེ་དག་མཐར་གྱིས་ཟད་པར་མི་འགྱུར་བའོ། །འཇིགས་པ་མེད་པ་ནི་ཅིག་ཅར་དུ་མི་འཇིགས་པའོ། །རང་ཡང་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་སུ་འགྱུར་བའོ་ཞེས་པ་བདག་གི་ལུས་ཉིད་སངས་རྒྱས་ལ་སོགས་པའི་གཟུགས་སུ་འགྱུར་བའོ། །གོང་མ་ནི་བདག་གི་ ལུས་ལས་ཀུན་འབྱུང་བར་སྟོན་པའོ། །མིག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཤེས་པ་མཐོང་ཞེས་སྦྱར་ཏེ་ཇི་ལྟར་མཐོང་ཞེ་ན་གཟུགས་ཐམས་ཅད་དང་ཡི་གེ་རྣམས་ཀྱིས་མཐོང་ངོ་ཞེས་པ་སྟེ། འདས་པའི་དུས་ན་ཇི་ལྟར་གྱུར་པ་དེ་ཐམས་ཅད་ད་ལྟར་གཟུགས་སུ་སྣང་ངམ། ཡི་གེའི་འབྲུ་རྣམས་ ཀྱིས་སྟོན་པ་མིག་གིས་མཐོང་ནས་འདས་པའི་ཤེས་པ་མཐོང་བར་གྱུར་ཏོ། །དེ་བཞིན་དུ་མ་འོངས་པ་དང་ད་ལྟར་གྱི་ཡང་སྦྱར་རོ། །ཐམས་ཅད་ཐོས་ཤིང་ཞེས་པ་གྲོག་སྦུར་གྱི་སྐད་ཡན་ཆད་ཐོས་པའོ། །རང་གི་ལྕེ་སྨྲའོ་ཞེས་པ་དུས་གསུམ་གྱི་ལེགས་ཉེས་རང་གི་ལྕེ་ལས་སྒྲ་འབྱུང་ངོ་། །སྟོན་སྐྱོབ་ཐམས་ཅད་དང་ ཞེས་ལྷུན་གྱིས་གྲུབ་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཙུག་ལག་གོ། །སིལ་སྙན་ནི་རྔ་ལ་སོགས་པ་ཤེས་པའོ། །མདའ་གཞུ་ནི་འཕོངས་ཤེས་པའོ། །མཚོན་འདེབས་པ་ནི་ཕུབ་འཇུར་དང་གསོར་མཁས་པའོ། །རྣམ་པར་ཤེས་པ་ནི་རོལ་མོ་དང་ རྒྱལ་པོ་ལ་སོགས་པ་སྣ་ཚོགས་ཤེས་པའོ། །བཟོ་ཤེས་པ་ནི་ལོ་མ་འདྲ་བ་དང་། རི་མོ་ལ་སོགས་པ་ཤེས་པའོ། །མཁན་རྣམས་ཤེས་པ་ནི་རྟའི་ཆོས་དང་གླང་པོ་ཆེའི་ཆོས་དང་མདའ་གཞུ་ལ་སོགས་པ་བྱེད་པའོ། །དེ་དག་མ་བསླབས་པར་ཤེས་པ་ནི་ལྷུན་གྱིས་གྲུབ་པའོ། །ཉིན་གཅིག་ཅིང་གཟུགས་ཆེན་ པོ་དང་ཞེས་པ་ཉིན་གཅིག་བཞིན་དེ་དག་འཕེལ་བར་འགྱུར་བའོ། །ཉིན་གཅིག་བཞིན་ཐམས་ཅད་མངོན་པར་ཤེས་པར་འགྱུར་རོ་ཞེས་པ་དུས་ཐམས་ཅད་དུ་བདག་ལ་དགེ་སྡིག་ཅི་འོང་བ་མངོན་པར་ཤེས་པར་འགྱུར་རོ། །མདོར་ན་དེ་བཞིན་གཤེགས་པ་ཉིད་དང་ཞེས་བྱ་བ་བྱིན་གྱིས་བརླབ་པ་ལ་སོགས་བྱ་བ་སྟེ་བསྒོམ་ པའམ་བཟླས་པ་རབ་ཏུ་གུས་པར་བྱས་ན་སྒྲུབ་པའི་ཆོ་ག་གཞན་མ་བྱས་ཀྱང་འགྲུབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྒྲུབ་པའི་རབ་ཏུ་བྱ་བ་འབྱུང་སྟེ་ཞེས་པ་གྲུབ་པ་རྣམས་སྒྲུབ་པའི་ལེའུ་སྟེ་སྙིང་པོ་ལ་སོགས་པ་ནི་སྔགས་དང་རང་གི་སངས་རྒྱས་ཀྱི་སྐུ་རྗེས་སུ་དྲན་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ བྱས་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱག་རྒྱ་བསྒོམ་ཞིང་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་གང་སྒྲུབ་པ་དེ་མངོན་དུ་བྱ་ཞིང་བཟླས་ཏེ་སྒྲུབ་པོ། །དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བཛྲ་བིད་ཅེས་བརྗོད་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །སྔགས་དང་རིག་པ་ནི་རྒྱུད་འདིར་ གསལ་བར་མ་གསུངས་པས་རྒྱུད་གཞན་ལས་འབྱུང་བར་སྦྱར་རོ། །དེ་ཉིད་བསྡུས་པའི་རྒྱུད་ལས་ནི་སྙིང་པོ་ལ་སོགས་པ་བཞི་ཡང་དཀྱིལ་འཁོར་གྱི་ལས་བྱེ་བྲག་ལས་གྱུར་ཏེ་དཀྱིལ་འཁོར་ཆེན་པོར་གསུངས་པ་ནི་སྙིང་པོའོ། །དམ་ཚིག་གི་དཀྱིལ་འཁོར་དུ་གསུངས་པའི་སྔགས་ནི་ཕྱག་རྒྱའོ། །ཆོས་ཀྱི་ དཀྱིལ་འཁོར་དུ་གསུངས་པ་ནི་སྔགས་སོ། །ལས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ནི་རིག་པའོ་ཞེས་གསུངས་ན། རྒྱུད་འདི་ལས་ནི་དཀྱིལ་འཁོར་བཞི་གསུངས་མོད་ཀྱི། དཀྱིལ་འཁོར་རེ་རེ་ཞིང་སྙིང་པོ་རེ་རེ་ཡང་གསུངས་པས་ན་སྙིང་པོ་གཅིག་པོ་གསལ་བར་གསུངས་ལ། གཞན་འདིར་མི་ གསལ་བ་རྣམས་ནི་རྒྱུད་གཞན་ལས་འབྱུང་བ་དང་སྦྱར་བར་ཤེས་པར་བྱའོ། །ཕྱག་ན་རྡོ་རྗེ་བསྒྲུབ་པ་ནི། །ཞེས་པའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ཤིང་ལྷ་ཆེན་པོ་ལ་སོགས་པ་བཏུལ་བའི་སྙིང་པོ་ནི་ཐོག་མ་ཉིད་ཀྱི་དཀྱིལ་འཁོར་དུ་ གསུངས་པ་དང་སྦྱར་རོ། །དེའི་འོག་ཏུ་འདོད་པའི་ཁྲོ་བོའི་གཟུགས་སྙིང་ག་ནས་འདོད་པའི་ཁྲོ་བོའི་སྙིང་པོ་ནི་ཊཀྐི་ཧཱུཾ་ཛཿཞེས་བྱ་བའོ། །སྔགས་ལ་སོགས་པ་གྲངས་བཞིར་མ་ཚང་བ་ནི་གོང་དུ་སྨོས་པ་བཞིན་དུ་སྦྱར་རོ། །ཕྱག་ན་རྡོ་རྗེ་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞི་བར་བཞུགས་ པའི་སྙིང་པོ་ལ་སོགས་པ་བཞི་འོག་ནས་འབྱུང་བ་དང་སྦྱར་རོ། །སེམས་དཔར་བྱིན་གྱིས་བརླབ་པའི་རྣལ་འབྱོར་དང་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་བཞི་པར་བྱིན་གྱིས་བརླབ་པའོ། །འདོད་པ་སྒོམ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པ་གཟུང་བ་དང་འཛིན་པ་དང་བྲལ་བ་ སྒོམ་པའོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པར་སྒོམ་པ་ནི་རྡོ་རྗེ་སེམས་དཔའ་ཞི་བའི་སྐུའི་རྣལ་འབྱོར་དུ་བདག་རང་བྱས་ལ་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། །གོང་མའི་རྣལ་འབྱོར་གང་བྱེད་ཀྱང་རུང་སྟེ། མདུན་ན་སངས་རྒྱས་ཀྱི་སྐུ་དྲན་པར་བྱའོ་ཞེས་བསྟན་པ་བདག་གི་ མདུན་ན་ཞེས་བྱ་བ་དག་གོ། །རང་གི་མདུན་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ། ཤཱཀྱ་ཐུབ་པ་ཅིག་བསམ་ཞེས་པའི་དོན་ཏོ། །སེམས་དཔའ་ཆེན་པོ་ཐམས་ཅད་ནི། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། སྤྱན་རས་གཟིགས་ལ་སོགས་ པ་གཞན་རྣམས་ཀྱི་སྙིང་པོ་ལ་སོགས་པ་བསྒྲུབ་པ་ནི་གང་སྒྲུབ་པའི་བྱང་ཆུབ་སེམས་དཔའ་རང་རང་གི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ཏེ་སྒྲུབ་བམ། ཡང་ན་རྣལ་འབྱོར་དེ་ལྟར་བྱས་པའི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་ཟླ་བའི་དཀྱིལ་འཁོར་ལ་བཞག་པར་བསྒོམས་པས་སྒྲུབ་པོ། །ཕྱིའི་ རྡོ་རྗེ་རིགས་ཀྱི་སྒྲུབ་པ་ནི་ཞེས་པ་ལྷ་ཆེན་པོ་ལ་སོགས་པ་རིག་པའི་རྒྱལ་པོ་མན་ཆད་ཀྱི་སྙིང་པོ་ལ་སོགས་པ་སྒྲུབ་པ་ནི་གོང་སྒྲུབ་ཀྱང་རུང་སྟེ། སོ་སོའི་ཁྲོ་བོའི་རྣལ་འབྱོར་དུ་བྱས་ནས་ཁྲོ་བའི་སེམས་ཀྱིས་བསྒྲུབ་པོ། །རྡོ་རྗེ་མ་རྣམས་བསྒྲུབ་པ་ནི། །ཞེས་པ་ལྷ་ཆེན་པོའི་བཙུན་མོ་ མན་ཆད་ས་འོག་གི་ལྷ་མོ་ཡན་ཆད་ཀྱི་སྙིང་པོ་ལ་སོགས་པ་སྒྲུབ་པ་ནི་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ཀྱི་རྐུན་པོ་དང་གཅན་གཟན་ལ་སོགས་པ་འཇིགས་པ་ཐམས་ཅད་བདག་གིས་བཟའོ་སྙམ་དུ་ཡིད་ལ་བྱ་བའམ། བདག་རང་རྡོ་རྗེ་འབར་བ་སྲིན་པོའི་ གཟུགས་སུ་བརྩམས་ཏེ། རབ་ཏུ་ཁྲོ་བའི་བསམ་པ་དང་བཅས་པས་བསྒྲུབ་པོ། །དེ་ནས་སྒྲུབ་པའི་ཐབས་ཀྱི་རབ་ཏུ་བྱ་བ་འབྱུང་སྟེ་ཞེས་པ་གྲུབ་པ་འགྲུབ་པར་འགྱུར་བའི་རྒྱུ་བཤད་པའོ། །ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ། །ཞེས་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཚུལ་ ཇི་ལྟ་བུས་སེམས་ཅན་འདུལ་བར་འགྱུར་བ་དེ་ལྟ་བུའི་རང་བཞིན་བསྟན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་ཐོབ་པར་འགྱུར་ཏེ། དེ་བས་ན་གྲུབ་པ་དེ་ལ་ཐབས་ཀྱི་ཕྱག་རྒྱ་རྣམས་ཏེ་ཕྱག་རྒྱ་དེ་ཡང་ཡོན་ཏན་ཇི་ལྟ་བུ་ཞིག་ཅེ་ན། གྲུབ་པ་ཐམས་ཅད་བྱེད་པའི་མཆོག་ ཅེས་པ་སྟེ། གྲུབ་པའི་རྒྱུའི་མཆོག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་རས་ཀྱི་རབ་ཏུ་བྱ་བ་འབྱུང་སྟེ་ཞེས་པ་སྐུ་གཟུགས་བྲི་བའི་རས་ཀྱི་ཆོ་ག་བཤད་དེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྲི་བའི་རས་ནི་དང་པོ་བརྟག་པའི་ཚེ་སྐྲ་ལ་སོགས་ཏེ་སེམས་ཅན་གྱི་སྤུའི་བག་མ་འདྲེས་ པ་འདྲི་བའི་ཚེ་དབུས་ན་ཐིག་གིས་བསྐོར་ནས་གྲྭ་རྣམས་བསྐོར་བའི་ཕྱི་མ་ཟླུམ་པོ་ཉིད་དུ་འགྱུར་བར་བྱའོ། །ཡང་ན་བྲི་བའི་ཚེ་སྔར་དཀྱིལ་འཁོར་ཟླུམ་པོར་ཐིག་བཏབ་པ་དེའི་དབུས་སུ་སྐུ་གཟུགས་བྲིས་ཏེ། དེ་བཞིན་གཤེགས་པས་དུས་ཐམས་ཅད་དུ་ཞི་བའི་ལས་ལ་འཇུག་པས་ནི་དང་པོར་ཟླུམ་ པོར་བརྩམ་མོ། །སྐྲ་ལ་སོགས་པ་མེད་པར་བྱ་བ་ནི་འོག་མ་རྣམས་ཀྱི་རས་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །སེམས་ཅན་ཆེན་པོ་རྣམས་ཀྱི་ནི། །ཞེས་པ་འཇམ་དཔལ་དང་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་རས་ནི་སོ་སོའི་འཁོར་ཇི་སྙེད་ཡོད་པ་ ཤོང་བ་ཙམ་གྱི་ཚད་དུ་སྦྱར་རོ། །ཕྱི་ཡི་རྡོ་རྗེའི་རིགས་རྣམས་ཀྱི། །ཞེས་པ་ལྷ་ཆེན་པོ་ལ་སོགས་པའི་རས་ནི་མ་བཅགས་པ་ལ་བྲི་བའི་ཚེ་ཡང་འཁོར་དང་བཅས་པར་རིམ་བཞིན་དུ་དགོད་དོ། །རྡོ་རྗེ་མ་རྣམས་ཀྱི་ཞེས་པ་འཇིག་རྟེན་པའི་ལྷ་མོ་རྣམས་ཀྱི་རས་ནི་མ་བགོས་མ་སྤྱད་པ་ཁ་ཚར་དང་ བཅས་པའོ། །རི་མོ་བྲི་བ་ཀུན་གྱི་སྤྱིའི་ཆོ་ག་བསྟན་པ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཞེས་བྱ་བ་དག་གོ། །སྐུ་གཟུགས་ཅན་གྱི་ཚད་གསུངས་པ་དེ་ལ་ལུས་ཀྱི་ཚད་ཅེས་བྱ་བ་དག་གོ། །དེ་བཞིན་གཤེགས་པའི་མཐོ་ཚད་ནི་མི་འབྲིང་པོའི་ཁྲུ་ཕྱེད་དང་དོ། །ཕྱག་ན་རྡོ་རྗེ་ནི་མཐའ་མེད་ ཕྱིར་ཞེས་པ་རྒྱུད་འདིའི་སྐབས་སུ་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་ལ་སོགས་པ་ཐམས་ཅད་བཏུལ་བས་བདག་ཉིད་ཆེ་བ་བསྟན་པའི་ཕྱིར་མཐའ་མེད་ཅེས་སྨོས་ཏེ། ཚད་སྔགས་པ་ཅི་དགར་བྱ་ཞེས་པའི་དོན་ཏོ། །དེ་ལ་རྡོ་རྗེའི་ཚད་ནི་ཞེས་པ་མཐེ་བོང་ངོས་ཀྱི་སོར་བཅུ་དྲུག་ཏུ་བྱས་ཏེ། གཟུགས་ཐམས་ཅད་ཀྱང་པདྨོའི་གདན་ལ་བཞུགས་པར་བྱའོ། །དེ་ལ་རྟོག་པ་ཐམས་ཅད་དུ་རྡོ་རྗེའི་ཚིག་གིས་བཟླས་ཏེ་བསྒྲུབ་པོ་ཞེས་རྡོ་རྗེའི་ཚིག་འོག་ནས་འབྱུང་བ་ནི་རྟོག་པ་ཐམས་ཅད་དུ་ཡང་སྦྱར་ཞེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེའི་གླུ་ཚིག་གིས་བཟླས་སོ་ཞེས་པ། རྡོ་རྗེའི་གླུ་ ཤ་ཌ་བ་ལ་སོགས་པ་དང་སྦྱར་ཏེ་བཟླས་སོ། །ཆོས་ཀྱི་ཚིག་གིས་ཁྲོས་པ་ཆེན་པོའི་སྒྲ་གསལ་བར་བྱ་སྟེ་ཞེས་པ། ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་ཡིད་ལ་བྱེད་ཅིང་ཟློས་པའམ། བྱམས་པ་ཆེན་པོའི་ཆོས་ཡིད་ལ་བྱས་ཏེ་ཁྲོས་པ་ཆེན་པོའི་ སྒྲ་ཟུར་ཕྱིན་པར་སྨྲ་བའོ། །རྡོ་རྗེ་མ་རྣམས་རྡོ་རྗེའི་ཚིག་ཕྲ་མོས་བཟླས་སོ་ཞེས་པ་ཁྲོས་པ་ཆེན་པོའི་སྒྲ་ལས་ཕྲ་མོར་བསྐྱུངས་པའོ། །དེ་ལ་ཏིང་ངེ་འཛིན་གྱི་ངག་ནི་ཞེས་པ་མཆུ་དང་ལྕེ་ལ་སོགས་པ་བསྒུལ་བ་མེད་པར་སྔགས་ཀྱི་ཡི་གེའི་འབྲུ་གསལ་བར་ཡིད་ཀྱིས་བརྗོད་པའོ། ། རྡོ་རྗེའི་ངག་ནི་ལྕེའི་ཐོར་ཏོ་རབ་ཏུ་མི་འགུལ་བར་ཅུང་ཟད་བསྒུལ་ཞིང་སོ་དང་མཆུ་སྦྱར་ལ་སྒྲ་མེད་པར་བྱ་བའོ། །རྡོ་རྗེའི་གླུ་བསྟན་པ། ཤ་ཌ་བ་ལ་སོགས་པའི་གླུ། །ཞེས་པ་དག་གོ། །སོགས་པའི་སྒྲས་ནི་དི་བ་ཏ་དང་པོ་ར་ལ་སོགས་པ་དབྱངས་བཅུ་བཞི་རྣམས་བསྡུའོ། །གྲོང་ དགའ་བ་ནི་གླུའི་མིང་སྟེ་གྲོང་དགའ་བར་གཏོགས་པའི་གླུ་ཀེ་ཤི་ལ་སོགས་པ་རྣམ་པ་གསུམ་མོ། །རྡོ་རྗེའི་ཚིག་བཟླས་རྟོག་པ་རུ། །ཞེས་པ་དག་གི་སྐབས་སུ་རྡོ་རྗེའི་ཚིག་གླུ་གོང་དུ་སྨོས་པ་དང་སྦྱར་ཏེ་བཟླས་པའོ། །སྤྲིན་འབྲུག་ཀྱང་ནི་ཧཱུཾ་ཞེས་པ་སྒྲའི་ཐོག་མ་ཧཱུཾ་གིས་ དྲངས་ལ། འབྲུག་གི་སྒྲ་དལ་ལ་རན་པར་འབྱུང་བ་འདྲ་བའི་ཚུལ་ལས་མཐའ་མར་ཇེ་ཕྲ་ཇེ་ཕྲར་འབྱུང་བར་སེམས་ཀྱང་བསྐྱེད་ལ། ལུས་ཀྱི་ཚུལ་ཡང་ཁྲོ་བར་བསྟན་ཏོ། །དེ་ལ་འདི་ནི་འདས་པའི་ཆོ་གའི་རབ་ཏུ་བྱ་བ་ཡིན་ཏེ་ཞེས་པ་བཟླས་པའི་ཚེ་ལྷ་གང་སྒྲུབ་ པ་དེའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་དགུག་པ་དང་གཞུག་པ་ལ་སོགས་པའི་ཆོ་གས་ཇི་ལྟར་བྱིན་གྱིས་བརླབ་པ་དེ་བཞིན་དུ་བདག་རང་སྙིང་པོ་དང་ཕྱག་རྒྱ་དང་། སྔགས་ཀྱི་རིག་པ་ཐམས་ཅད་དང་ལྡན་པར་བྱས་ལ་རྟོག་པ་ཀུན་ལ་དེ་ལྟར་བསྒྲུབ་པོ། །གནས་དང་སྲོག་ཆགས་ཐམས་ཅད་ནི། ། ཞེས་པ་མཐོ་རིས་ལ་སོགས་པ་གནས་ཀྱི་ཁྱད་པར་སྒྲུབ་པ་དང་། འཕྲུལ་གྱི་རྟ་ལ་སོགས་པ་སྲོག་ཆགས་འཕྲུལ་བག་ཅན་ནམ་མི་ཟད་པར་སྒྲུབ་པ་ནི་སོ་སོ་རང་རང་གི་ཆོ་ག་རྒྱུད་སོ་སོ་ལས་འབྱུང་བའི་ཚུལ་གྱིས་གྲུབ་པ་ཐམས་ཅད་བསྒྲུབ་པོ། །སྐབས་འདིར་རྡོ་རྗེའི་ཚིག་གིས་བཟླས་པ་དང་སྦྱར་ ཀྱང་ཉེས་པ་མེད་དོ་ཞེས་སྨྲས་པ་རྡོ་རྗེ་བཟླས་པ་ནི་ཞེས་པ་དག་གོ། །རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་པོ་ཡིན་པས་ན་འདིར་ཡང་དེ་དང་སྦྱར་ན་ཉེས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །བཟླས་པའི་དོན་གྱིས་མགོན་བཟླས་ཏེ། །ཞེས་པ་བཟླས་པའི་ཚིག་གི་དོན་ཡིད་ལ་བྱ་སྟེ་མགོན་པོ་ཕྱག་ན་རྡོ་ རྗེའི་སྔགས་བཟླས་ཏེ་བསྒྲུབ་པོ། །ཁྲོ་བས་མཉམ་པར་འཇོག་པས་སོ། །ཞེས་པ་ཁྲོ་བོའི་སེམས་རྩེ་གཅིག་ཏུ་གཞག་པའོ། །ཡིད་ཀྱིས་སྙིང་པོ་འཛིན་པའོ། །ཞེས་པའི་སྙིང་པོ་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་དམིགས་ཏེ་བཟླས་པའོ། །འདོད་པ་སྒོམ་ཞིང་བཟླས་ པས་སོ། །ཞེས་པ་འདོད་པ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཐམས་ཅད་ཀྱིས་འདོད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་རོ། །ཨོཾ་ཞེས་བྱ་བ་ནི་འདོད་པ་སྟེ་ཞེས་ཕྱག་ན་རྡོ་རྗེའི་སྙིང་པོ་ཨོཾ་ཞེས་བྱ་བ་ཡང་འདོད་པའི་རང་བཞིན་ཉིད་དུ་སྟོན་ཏེ་བདེ་བ་ཆེན་པོའི་བདག་ཉིད་དོ། །འདོད་པ་ནི་རྡོ་རྗེ་སེམས་དཔའ་ སྟེ་དེས་ཐམས་ཅད་དགུག་པ་ལ་སོགས་པའི་ལས་ཀུན་ཀྱང་བྱེད་དོ། །འདོད་པ་ནི་ཤིན་ཏུ་ཆགས་པའོ་ཞེས་པ་འདོད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་དུ་སུ་ར་ཏ་སྟེ་དགའ་བའམ་རབ་ཏུ་ཆགས་པའི་དངོས་པོའོ། །འདོད་པ་ནི་འདས་པའི་དོན་ཏོ་ཞེས་པ་ཕྱག་ན་རྡོ་རྗེའི་སྙིང་པོ་ཟློས་པའི་ཚེ་འདོད་པ་ཞེས་བྱ་བ་ བྱང་ཆུབ་ཀྱི་སེམས་དེ་ལ་དམིགས་ནས་བཟླས་པ་བྱ་སྟེ། དེ་བས་ན་འདོད་པ་ནི་སློབ་པའི་དོན་ཏོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སླུ་བར་མི་ནུས་སོ་ཞེས་པ་དེ་བཞིན་གཤེགས་པ་ལས་མཐུ་ཆེ་བ་གཞན་མེད་པས་ཀྱང་བར་ཆད་བྱེད་པར་མི་ནུས་ན་གཞན་གྱིས་ལྟ་ག་ལ་ཞིག་ བར་ཆད་བྱེད་པར་ནུས། མཆོད་པའི་ཆོ་ག་གསུངས་པ་ཐལ་མོ་ཁོང་སྟོང་དུ་བཅིངས་ལ་མཆོད་པ་བྱས་ཏེ་ཞེས་བྱ་བ་དག་གོ། །གར་ཐབས་དང་སྦྱར་ཏེ་མེ་ཏོག་གསོལ་བ་ནི་གྱེན་དུ་བསྟོད་པའི་ཐབས་སུ་བརྐྱང་ངོ་། །བདུག་པའམ་ཐལ་མོ་དེ་ཉིད་གར་དང་སྦྱར་ཏེ་ས་ལ་སྨད་དོ། །མར་མེ་ཡང་ཐལ་ མོ་དེ་ཉིད་ལས་མཐེ་བོང་བསྙམས་པས་སྙིམ་པའི་ཁ་གཡོགས་ལ་ཐོར་ཏོ་མར་མེའི་སྙིང་པོ་འདྲ་བར་བསྒྲེང་བའོ། །དྲིའི་མཆོད་པ་ནི་ཐལ་མོ་དེ་ཉིད་མཐེ་བོང་སྤྲད་ལ་གཞན་བསྒྲང་དེ་ཉུག་པ་ལྟ་བུའི་ཚུལ་བསྟན་ཏོ། །སྟོང་པས་སམ་གང་བས་སོ་ཞེས་ཕྱག་རྒྱ་དེ་རྣམས་བཅིངས་ན་མཆོད་པའི་དངོས་པོ་མེ་ ཏོག་ལ་སོགས་པ་མེད་ཀྱང་རུང་ཡོད་ཀྱང་རུང་ཞིང་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་ལ་སོགས་པའི་ལྷའི་རང་བཞིན་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པའི་རང་བཞིན་དུ་གྱུར་པ་ཐམས་ཅད་ལ་ཡང་མཆོད་པར་འགྱུར་རོ། །བསོད་ནམས་ཆུང་བ་རྣམས་ཀྱིས་དཀྱིལ་འཁོར་གང་འདོད་པ་ ཆེ་ཆུང་ཇི་ཙམ་དུ་དད་པའི་ཚད་དུ་བྲིས་ཏེ་དེར་སྔགས་ཟློས་ཤིག་ཅེས་གསུངས་པ་དེ་ལ། བསོད་ནམས་མེད་པའི་སེམས་ཅན་གྱིས། །ཞེས་བྱ་བ་དག་གོ། །གྲུབ་པ་མྱུར་དུ་ཐོབ་པར་འགྱུར་བའི་ཐབས་སུ་གསུངས་པ། དེ་ལ་གྲུབ་པ་མྱུར་དུ་འགྲུབ། །ཅེས་བྱ་བ་དག་གོ། །ཏིང་ངེ་འཛིན་ནི་སེམས་རྩེ་ གཅིག་པ་སྟེ་ལས་སུ་རུང་བའོ། །ཆོས་སྦྱིན་པ་ནི་ལྷ་དང་མི་ལ་སོགས་པ་ལ་དམ་པའི་ཆོས་བསྙད་པའོ། །སོགས་པའི་སྒྲས་ནི་ཆོས་བྲི་བ་དང་མཆོད་པ་ལ་སོགས་པ་མོས་པ་སྤྱོད་པའི་ཚེ། ཆོས་བཅུ་སྤྱད་པ་རྣམས་གཟུང་ངོ་། །རྒྱ་ཆེན་ཚུལ་རྣམས་ཞེས་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སོ། །དད་ ལ་གནས་ཏེ་ཞེས་པ་དཀོན་མཆོག་ལ་སེམས་དད་པས་མཆོད་པའོ། །འདོད་ཆགས་འདོད་བྲལ་མ་ཡིན་པར། །ཞེས་པ་སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པ་དེ་ལྟ་བུ་སྤངས་ཏེ་འདོད་པ་དང་བྲལ་བར་མི་བྱ་བའོ། །འདོད་ལ་འདོད་ཆགས་མཆོག་གིས་མཆོད། །ཅེས་བྱང་ཆུབ་ཀྱི་སེམས་ འདོད་ཅེས་བྱ་བ་ལ་ཞེན་ཅིང་ཆགས་པ་བསྒོམ་པའི་སེམས་ཀྱིས་ཕྱག་ན་རྡོ་རྗེ་ལ་མཆོད་པར་བྱའོ། །འདི་ནི་ནན་ཏན་གྱི་མཆོད་པ་སྟེ་འདོད་ཆགས་མཆོག་ཅེས་བྱ་བའང་འདོད་པ་ལྔ་ལ་ཆགས་པ་བས་དམ་པར་གྱུར་པའི་ཕྱིར་མཆོག་གོ། །ཅི་ནུས་འདོད་ལ་ཆགས་ པས་ན། །ཞེས་པ་ལ་བྱང་ཆུབ་ཀྱི་སེམས་འདོད་པ་ལ་ཅི་ནུས་པར་བསྒོམས་ན་གྲུབ་པ་ཆེན་པོ་ཕྱག་ན་རྡོ་རྗེ་མྱུར་དུ་སྩོལ་ཏོ། །དེ་ནས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་མང་དུ་བྱས་པས་མྱུར་དུ་འགྲུབ་ཅེས་གསུངས་པ། དེ་ལ་འདི་ནི་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཞེས་བྱ་བ་དག་གོ། །ལྷ་ཆེན་པོ་ལ་སོགས་པ་མྱུར་དུ་འགྲུབ་པའི་རྒྱུ་གསུངས་པ། ཕྱིའི་རྡོ་རྗེ་རིགས་ཀྱི་ཞེས་བྱ་བ་དག་གོ། །སངས་རྒྱས་ལ་རྟག་ཏུ་མཆོད་ཅིང་དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་ཅིང་མོས་པ་དང་དད་པ་བསྐྱེད་ལ། ཕྱག་ན་རྡོ་རྗེ་ལ་བརྟུལ་ཞུགས་ལག་ན་རྟག་ཏུ་རྡོ་རྗེ་ བཅང་བ་ལ་སོགས་པ་མི་བསྙེམས་པར་བྱས་ལ་དཀོན་མཆོག་གསུམ་ལ་འཚེ་བ་དང་། སེམས་ཅན་མང་པོ་ལ་གནོད་པ་ལ་སོགས་པ་སེམས་ཅན་མི་བགྲུངས་པ་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་ཚར་གཅད་པའོ། །དེ་ནས་ལྷ་ཆེན་པོའི་བཙུན་མོ་ལ་སོགས་པ་གྲུབ་པ་མྱུར་དུ་འགྲུབ་པའི་ཐབས་ གསུངས་པ། སེམས་ཅན་དགེ་ལ་དད་པ་དང་། །ཞེས་བྱ་བ་དག་གོ། །སེམས་ཅན་ཚུལ་ཁྲིམས་དང་བརྟུལ་ཞུགས་ཅན་སེམས་ཅན་མང་པོ་ལ་མི་གནོད་ཅིང་། དགེ་བ་ལ་སེམས་དད་པ་དང་བ་བསྐྱེད་ལ་དེ་མཆོད་ཅིང་སྔགས་ཀྱི་ཚུལ་གྱི་དམ་ཚིག་གཞུང་ལས་འབྱུང་བ་བཞིན་དུ་བསྲུངས་ལ་གར་ ཐབས་དང་བཅས་པའི་ཕྱག་རྒྱས་ལྷ་མོ་རྣམས་མཆོད་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པ་སེམས་ཅན་མ་རུངས་པ་རྣམས་ལ་ཚར་གཅོད་པའོ། །རྒྱུད་འཆད་པ་དང་། དཀྱིལ་འཁོར་བྲི་བ་དང་། སློབ་མ་བསྡུ་བ་ལ་སོགས་ཏེ་སྔགས་ཀྱི་སློབ་དཔོན་དུ་དབང་བསྐུར་ བའི་ཆོ་ག་བཤད་པ། དང་པོར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དབང་བསྐུར་བ་གསུངས་པ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་ཞེས་བྱ་བ་དག་གོ། །དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་སློབ་དཔོན་གྱིས་རྡོ་རྗེ་རིག་པའི་སྙིང་པོ་ ཨོཾ་བཛྲ་བིད་ཅེས་བྱ་བ་སྟོང་རྩ་བརྒྱད་བཟླས་སོ། །དེ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་བདག་མོ་བཅིངས་ལ་འོག་ནས་འབྱུང་བའི་སྙིང་པོ་སྟོང་བཟླས་སོ། །སྙིང་པོ་རྣམ་གཉིས་བཟླས་པས་ནི་སློབ་དཔོན་གྱིས་སྔགས་བསྙེན་པ་བྱས་པས་མཐུ་ཅན་དུ་འགྱུར་ རོ། །སྔགས་ཀྱང་རིགས་བཞི་ཆར་གྱི་སྙིང་པོ་དང་དབང་བསྐུར་བར་གསུངས་སོ། །དེ་ནས་སྙིང་པོ་འདིས་སྙིང་ག་ནས་དཔྲལ་བ་དང་མགུལ་པ་དང་སྤྱི་བོར་དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་པདྨོའི་རིགས་དང་ལས་ཀྱི་རིགས་རྣམས་ཀྱི་རང་གི་དམ་ཚིག་ གི་ཕྱག་རྒྱ་སྙིང་ག་ལ་སོགས་པ་རིམ་བཞིན་དུ་སྔགས་ལན་རེ་བརྗོད་ཅིང་བཞག་ལ། དེ་ནས་སློབ་མའི་སྤྱི་བོར་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཞག་ནས་སྔགས་འོག་ནས་བརྒྱ་ཚང་བར་བཟླས་སོ། །འདིས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་སློབ་དཔོན་དུ་དབང་བསྐུར་ བའོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་གསུངས་པ། ཕྱག་ན་རྡོ་རྗེའི་ཆ་ལུགས་སྤྱི་བོར་བཟུང་ནས་ཞེས་བྱ་བ་དག་གོ། །ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱང་ཏིང་ངེ་འཛིན་གྱི་དབང་གིས་རྣམ་པ་དུ་མར་འགྱུར་མོད་ཀྱི་འདིར་ནི་རྡོ་རྗེ་སེམས་དཔའི་ སྐུ་གཟུགས་བཞག་གོ། །དེ་ནས་སློབ་མའི་ལག་ཏུ་སློབ་དཔོན་གྱིས་རྡོ་རྗེ་ཡང་སྦྱིན་ནོ། །ལས་ཀྱི་རིགས་ཀྱི་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་གསུངས་པ། དེ་ནས་རྡོ་རྗེའི་རིགས་ཀྱི་སྟེ་ལག་པ་གཉིས་སུ་རྡོ་རྗེ་བྱིན་ནས་ཞེས་པ་དག་གོ། །སློབ་མའི་ལག་པར་རྡོ་རྗེ་རྒྱ་གྲམ་མམ། རྩེ་ལྔ་པ་བྱིན་ལ་འོག་ནས་འབྱུང་བའི་སྙིང་པོ་སྟོང་བཟླས་པའི་བུམ་པས་དབང་བསྐུར་རོ། །རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་ཆུའོ། །དེ་ནས་པདྨོའི་རིགས་ཀྱི་སློབ་དཔོན་དུ་དབང་བསྐུར་བ་གསུངས་པ། པདྨོ་ལག་ཏུ་བྱིན་ནས་ཞེས་བྱ་བ་དག་གོ། ། དེ་ནས་རིན་པོ་ཆེའི་རིགས་ཀྱི་དབང་བསྐུར་བ་གསུངས་པ། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་སློབ་མའི་དབང་བསྐུར་བའི་གནས་སུ་བཞག་གོ་ཞེས་བྱ་བ་དག་གོ། །དབང་བསྐུར་བ་ཐམས་ཅད་རང་རང་གི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བར་བྱའོ་ཞེས་གསུངས་པ། སློབ་ དཔོན་གྱིས་དཀྱིལ་འཁོར་ཐམས་ཅད་དུ་བཙུད་དེ་ཞེས་བྱ་བ་དག་གོ། །སློབ་དཔོན་གྱིས་དབང་ཐོབ་ཟིན་པ་དམ་ཚིག་གསོ་བའམ་བགེགས་ཞི་བར་བྱ་བའི་ཕྱིར། བདག་རང་སློབ་དཔོན་དུ་དབང་བསྐུར་བར་འདོད་ན། དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས་ལ་ ཕྱག་ན་རྡོ་རྗེ་རང་གི་སློབ་དཔོན་དུ་བརྟགས་ཏེ། རང་གིས་རང་དབང་བསྐུར་བར་ཡང་རུང་ངོ་ཞེས་གསུངས་པ། ཕྱག་ན་རྡོ་རྗེ་སློབ་དཔོན་དུ་བྱ་སྟེ་ཞེས་བྱ་བ་དག་གོ། །དེ་ལྟར་སློབ་དཔོན་གྱི་དབང་མནོས་ནས་རིགས་སོ་སོའི་སློབ་དཔོན་གྱི་བརྟུལ་ཞུགས་ངེས་པར་སྤྱད་དགོས་ཏེ། དེ་བས་ན་དེ་ བཞིན་གཤེགས་པའི་དཀྱིལ་འཁོར་དུ་སློབ་དཔོན་གྱི་དབང་བསྐུར་བའི་བརྟུལ་ཞུགས་གསུངས་པ། དེ་བཞིན་གཤེགས་པའི་སློབ་དཔོན་ནི་ཟླ་བ་གཅིག་གི་བར་དུ་ཞེས་བྱ་བ་དག་གོ། །དགེ་སློང་དང་དགེ་ཚུལ་ལ་སོགས་པས་ནི་རང་གི་བསླབ་པ་མ་ཉམས་པར་བྱ་བ་དང་། ཉམས་པ་གསོས་ཏེ་སྡོམ་པ་ ལ་གནས་པར་བྱའོ། །ཁྱིམ་པ་ནི་ཟླ་བ་གཅིག་ཏུ་ཁྱིམ་གྱི་ཆོས་སྤངས་ཏེ་ཚངས་པར་སྤྱོད་པའི་སྡོམ་པ་གཟུང་ངོ་། །དུས་གསུམ་དུ་མཆོད་ཅིང་བཟླས་པ་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་སྤྱིའི་སློབ་དཔོན་གྱི་བརྟུལ་ཞུགས་གསུངས་པ། ཟླ་བ་ཕྱེད་ཀྱི་བར་དུ་ཉིན་རེ་ཞིང་ཞེས་བྱ་བ་དག་ གོ། །བྱིན་གྱིས་བརླབ་པ་ལ་སོགས་པ། །ཞེས་པ་ལ་སོགས་པའི་སྒྲས་ནི་དབང་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པ་དག་གཟུང་ངོ་། །ཀྱོ་བ་ཏང་གིས་བཀུག་སྟེ་ཞེས་པ་བྱིན་གྱིས་བརླབ་པའི་ཕྱིར་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ལ་སོགས་པ་བྱས་ནས་དུས་གསུམ་དུ་སྐྱོ་བ་མ་ སྐྱེས་པའི་བར་དུ་བཟླས་སོ། །འདིར་བརྟུལ་ཞུགས་དུས་ཇི་སྲིད་དུ་སྤྱད་པ་དང་བཟླས་པ་དུས་དུ་བྱ་བ་གསལ་བར་མ་གསུངས་མོད་ཀྱི་དེ་བཞིན་ཞེས་བྱ་བའི་སྒྲས་ནི་གོང་དུ་དུས་གསུམ་དུ་སྒྲུབ་ཅིང་ཟླ་བ་གཅིག་ཏུ་སྤྱད་པའི་རིགས་སོ། །ཕྱག་ན་རྡོ་རྗེ་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་ནང་དུ་འདུས་ མོད་ཀྱི། རྒྱུད་འཆད་པའི་གཙོ་བོ་ནི་དེའི་བརྟུལ་ཞུགས་ལོགས་ཤིག་ཏུ་གསུངས་པ། ནང་པར་ལངས་ནས་ཉིན་རེ་ཞིང་། །ཞེས་བྱ་བདག་གོ། །སྔགས་པ་རང་ཁྲུས་བྱས་དྲི་གཙང་མས་བྱུགས་གོས་འཚེར་བ་བགོས། དཔུང་རྒྱན་དང་དབུ་རྒྱན་ལ་སོགས་པས་ཆས་ཏེ་གླུ་ལ་སོགས་པས་མཆོད་དོ། ། གསང་བའི་མཆོད་པ་ནི་བཛྲ་ལཱ་སྱེ་ལ་སོགས་པའོ། །མེ་ཏོག་ལ་སོགས་པའི་མཆོད་པ་ནི་མེ་ཏོག་དང་དྲི་དང་བདུག་པ་དང་མར་མེ་དག་གོ། །འདོད་པའི་དངོས་པོས་བཅོམ་ལྡན་འདས་དང་བདག་ལ་མཆོད་པ་བྱ་སྟེ་ཞེས་པ་བྱང་ཆུབ་སེམས་དཔའ་ལ་བསྒོམ་པའི་ནན་ཏན་གྱིས་མཆོད་པས་མཆོད་ཅེས་བྱ་བའི་ དོན་ཏོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཅི་འདོད་པ་བཟླས་ཞེས་པ་ས་མ་ཡ་ཧོ། །སུ་ར་ཏ་སྟྭཾ་ཞེས་གོང་དུ་སྨོས་པ་ཅི་རིགས་པར་བཟླས་སོ། །འདོད་པའི་ཡོན་ཏན་ཕྱི་དྲོའི་བར་དུ་སྤྱོད་ལ་ཞེས་པ་དད་པ་དང་བརྩོན་འགྲུས་ལ་སོགས་པ་དབང་པོ་ལྔ་ལ་ནན་ཏན་དུ་བྱའོ། །དེ་ནས་ལས་ཀྱི་རིགས་ཀྱི་བརྟུལ་ཞུགས་ གསུངས་པ་ཟླ་བ་ཕྱེད་དུ་སྨྱོན་པར་བསྒྱུར་ནས་ཞེས་བྱ་བ་དག་གོ། །ཆོས་ཐམས་ཅད་ལ་མི་རྟོག་པར་བསྒོམ་པའི་ཕྱིར་རམ། བདག་རང་ང་རྒྱལ་བཅག་པའི་ཕྱིར་སྨྱོན་པར་བསྒྱུར་རོ། །ཡང་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་ཀྱི་རིགས་ཀྱི་སློབ་དཔོན་བརྟུལ་ཞུགས་དེ་འདྲ་བས་འགྲུབ་པར་བཅོམ་ ལྡན་འདས་ཀྱིས་མཁྱེན་ཏེ་བཀའ་སྩལ་པས་རིགས་པའི་གཏན་ཚིགས་སྨོས་མི་དགོས་ཏེ། ཕབས་དང་ནས་བ་སྲེས་པའི་རྒྱུ་ལས་ར་རོ་བ་འབྱུང་བ་རིགས་པས་སྒྲུབ་པ་མེད་མོད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱིས་དེ་ལྟ་བུའོ། །ཕྱག་རྒྱའི་གར་བྱས་ཏེ་ཞེས་བརྐྱང་བསྐུམ་དང་། ཕྱིར་བརྐྱང་བསྐུམ་དང་། ཚམ་ངམ་ དང་། ཐལ་མོ་བསྐོར་བ་ལ་སོགས་པ་གར་ཐབས་བྱེད་པའོ། །ཡིད་ལ་དེ་བཞིན་གཤེགས་པ་བྲིས་ལ་ཞེས་པ་ནམ་མཁའ་ལ་དེ་བཞིན་གཤེགས་པའི་ཆ་ལུགས་ཡིད་ཀྱིས་བསམ་པའོ། །བརྒྱ་རྩ་བརྒྱད་དུ་བཟླས་ཞེས་པ་རང་གི་སྙིང་པོ་བརྒྱ་རྩ་བརྒྱད་ཉིན་གཅིག་བཞིན་བཟླས་སོ། །འདི་ཡང་དུས་ཇི་སྲིད་དུ་བྱ་ བ་ངེས་པར་མ་གསུངས་པ་ནི་གོང་དུ་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་སྨོས་པའི་དུས་དང་སྦྱར་བར་རིགས་ཏེ། སློབ་དཔོན་མཁས་པ་དག་འཆད་པའི་ཚུལ་གྱིས་ན་བཤད་པའི་རིགས་པ་གསལ་བར་མ་བྱུང་བ་ནི་གོང་དུ་སྨོས་མ་ཐག་པའི་ཚུལ་དང་སྦྱར་བའི་ཕྱིར་རོ། །པདྨོའི་རིགས་ཀྱི་བརྟུལ་ཞུགས་གསུངས་ པ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ཞེས་པ་དག་གོ། །རྟོག་པ་ཐམས་ཅད་བསྡུས་པ་ལས་འབྱུང་བའི་གཅིན་ནི་རྡོ་རྗེའི་ཆུའོ་ཞེས་འབྱུང་སྟེ། རྡོ་རྗེས་བྱིན་གྱིས་བརླབས་པའི་ཆུ་བཏུང་ངོ་ཞེས་པའི་དོན་ཏོ། །བའི་ལྕི་བ་ཅུང་ཟད་ཟོས་ནས་ཞེས་པ་པུ་རི་ཤ་ཞེས་བྱ་བའི་སྒྲ་མི་གཙང་བ་སླད་སའི་ མིང་དུ་ཡང་འདྲེན། པདྨོའི་རྩ་བ་ལ་ཡང་པུ་རུ་ཥ་ཞེས་བྱ་སྟེ་རྟོག་པ་ཐམས་ཅད་བསྡུས་པ་ལས་པུ་རི་ཤ་ནི་པདྨོ་ལས་བྱུང་བའོ་ཞེས་བཤད་པས་ན། འདིར་ཡང་། པདྨོའི་རྩ་བ་ཅུང་ཟད་བཟའ། །ཞེས་པའི་དོན་ཏོ། །དེ་ཡང་ཡེ་ཤེས་ཀྱི་དྲི་མ་བཀྲུ་བའི་མཚན་མ་རྡོ་རྗེའི་ཆུ་ བཏུང་ངོ་། །ཅིས་ཀྱང་མི་གོས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒོམ་པའི་མཚན་ལ་པདྨོའི་རྩ་བ་བཟའ་བར་བསྟན་པའོ། །དེ་ལྟར་བྱེད་ཅིང་ཞག་བདུན་གྱི་བར་དུ་སེམས་རྩེ་གཅིག་ཏུ་བྱས་པས་ཉིན་གཅིག་ཀྱང་རང་གི་སྙིང་པོ་གོང་དུ་སྨོས་པ་སྟོང་རྩ་བརྒྱད་བཟླས་སོ། །དེ་ ནས་རིན་པོ་ཆེའི་རིགས་ཀྱི་དབང་བསྐུར་བ་གསུངས་པ། ཉིན་རེ་བཞིན་རང་ལ་དབང་བསྐུར་ནས་ཞེས་པ་དག་གོ། །དབང་བསྐུར་བའི་སྔགས་གོང་དུ་སྨོས་པ་ཉིད་ཀྱིས་ཉི་མ་བརྒྱད་ཀྱི་བར་དུ་ཉིན་རེ་དབང་བསྐུར་བ་ཆོ་ག་གོང་མ་བཞིན་དུ་བྱའོ། །རྒྱལ་པོ་ལྟ་བུར་སྒོམ་ཞེས་པ་ནི་བདག་ཀྱང་ཆོས་ཀྱི་རྒྱལ་ པོ་ཞེས་ང་རྒྱལ་བསྐྱེད་པའོ། །ཆོ་ག་དེ་ལྟར་བྱས་པས་སློབ་དཔོན་དུ་གྲུབ་པའི་ཡོན་ཏན་གསུངས་པ། དེ་ལྟར་སློབ་དཔོན་གྱིས་གྲུབ་པ་ཐམས་ཅད་དང་ཞེས་པ་དག་གོ། །དེ་ནས་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ལས་སྒྲུབ་པའི་ཆོ་ག་བཤད་དེ་དེ་ལ་རེ་ཞིག་སྙིང་པོ་བཟླས་ཏེ། ལས་བསྒྲུབ་པ་གསུངས་པ། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས། །ཞེས་པ་དག་གོ། །སྔར་བསྙེན་པ་ཚུལ་བཞིན་དུ་བྱས་ལ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་བྱེད་པའི་ཚེ་བརྒྱ་རྩ་བརྒྱད་བཟླས་པས་འགྲུབ་བོ། །ཕྱག་རྒྱ་གྲུབ་པ་གསུངས་པ། རྡོ་རྗེ་ཕྱག་རྒྱ་ཆེན་པོ་ བཅིངས་ནས་ཞེས་བྱ་བ་དག་གོ། །རྡོ་རྗེས་བྱིན་གྱིས་བརླབ་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་སྟེ་ལྷ་རྣམས་ཀྱི་སྐུར་རྣལ་འབྱོར་བྱའོ། །དེ་བྱས་ནས་ཏིང་ངེ་འཛིན་མངོན་དུ་ཁུགས་ནས་སྙིང་པོ་བརྒྱ་སྟོང་བཟླས་ན་དམ་ཚིག་དང་། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བཅིངས་པ་ཙམ་གྱིས་ ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་དང་། འཇིག་རྟེན་གྱི་གྲུབ་པ་གཏེར་ལ་སོགས་པ་དང་། འཇིག་རྟེན་ལས་འདས་པའི་གྲུབ་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དག་ཀྱང་འགྲུབ་ཅིང་། ཕ་རོལ་སྒྲུབ་ཏུ་གཞུག་ན་ཡང་འགྲུབ་པར་འགྱུར་རོ། །སྔགས་ནི་རྡོ་རྗེ་ཚིག་གིས་ཞེས་པ་དག་སྟེ་སྔར་ཆོ་ག་བཞིན་ འབུམ་བཟླས་ན་ཞི་བ་ལ་སོགས་པ་ལས་ཀུན་འགྲུབ་བོ། །རིག་པའི་སྒྲུབ་པ་གསུངས་པ། རིག་པ་སྟོང་ཕྲག་བརྒྱ་བཟླས་ན། །ཞེས་པ་དག་གོ། །དེ་ནས་རྡོ་རྗེ་སེམས་དཔའི་སྙིང་པོ་ལ་སོགས་པ་གསུངས་པ་དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་འབྱུང་སྟེ་ཞེས་པའོ། །དེ་ལ་རྡོ་རྗེ་སེམས་དཔའ་ ནི་ཉེ་བར་སྟོན་པར་ཟད་ཀྱི་ལྷ་རྣམས་ཀྱང་སྙིང་པོ་ལ་སོགས་པ་བཞིར་རིག་པར་བྱ་སྟེ་རྟོག་པ་འདིར་སྙིང་པོ་ལ་སོགས་པ་བཞིར་མ་ཚང་བ་རྣམས་ཀྱང་དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་ཆེན་པོ་གཞན་ལས་འབྱུང་བ་དང་སྦྱར་རོ། །སྙིང་པོ་ལ་སོགས་པ་བཞིས་མྱུར་དུ་འགྲུབ་པ་ན་བསྐུལ་བའི་ཆོ་ག་གསུངས་པ། དེ་ནས་སྙིང་པོ་དག་དང་ཕྱག་རྒྱ་དང་། །ཞེས་བྱ་བ་དག་གོ། །རྡོ་རྗེ་བཟླས་པའི་གླུས་རྡོ་རྗེའི་ཚིག་ཏུ་བཟླས་ན་ཞེས་པ་སྒྲ་མེད་ན་ནི་གླུར་ཡང་མི་རུང་ལ། རྡོ་རྗེའི་ཚིག་ནི་སྒྲ་མེད་པར་བཟླས་སོ་ཞེས་འབྱུང་སྟེ། འགལ་བ་གཉིས་ཅིག་ཅར་དུ་བརྗོད་དུ་མི་རུང་ངོ་ཞེས་ཟེར་བ་ལ་ཇི་ལྟར་སྔགས་ཀྱི་ཚིག་སྒྲ་མེད་པར་བརྗོད་པ་བཞིན་ དུ་རྡོ་རྗེ་གླུ་ཡང་སྒྲ་མེད་པར་ཡིད་ཀྱིས་བླང་བ་དང་སྔགས་སུ་སྦྱར་ཏེ་གླུ་ཡིད་ཀྱིས་བླངས་དུ་མི་རུང་དུ་ཟིན་ན་བསླབ་ཀྱང་ཇི་ལྟར་བསླབ། གོ་རིམས་སུ་ཕབ་སྟེ་ཁར་ཡང་ཇི་ལྟར་བརྗོད་དོ། །དེ་ནས་སྔགས་པ་བཅོམ་ལྡན་འདས་ཀྱིས་བསྐྱབ་ཏུ་གསོལ་ཞེས་ཕྱག་ན་རྡོ་རྗེས་གསོལ་བ་དེ་ནས་བཅོམ་ལྡན་འདས་ལ་ཞེས་ བྱ་བ་དག་གོ། །སེམས་ཅན་གདུལ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བོ་སྔགས་ཀྱི་སྒོར་གཟུད་པའི་ཕྱིར་རོ། །གཞན་གྱི་ཡུལ་དུ་འགྲོ་བ་ཞེས་བྱ་བ་ནི་མ་མཆིས་པ་ཞེས་འོག་མ་དང་སྦྱར་ཏེ་བསྒོམ་པའི་བར་ཆད་དུ་འགྱུར་བའི་ཡུལ་རྒྱུ་བའི་སེམས་མ་མཆིས་པར་བྱིན་གྱིས་བརླབ་པར་གསོལ་ཞེས་པའི་དོན་ཏོ། ། དེ་ནས་དེ་བཞིན་དུ་དབུལ་པོ་ལ་སོགས་པ་ཡང་མ་མཆིས་པར་ཞེས་འོག་ནས་འབྱུང་བ་དང་སོ་སོར་སྦྱོར་ཅིག །འདོད་པ་ཆུང་བ་ཞེས་པ་བྱང་ཆུབ་ཀྱི་སེམས་མེད་ཅེས་པའོ། །འདོད་ཆགས་དང་བྲལ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ཞེན་པའོ། །རབ་ཏུ་འབྱུང་བར་སེམས་པ་ནི་གཅིག་ཏུ་འཁོར་བ་ལས་ རབ་ཏུ་འ